Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་ནག་གི་འཁྱོག་བཤད་འགྲེམས་སྟོན་ཕྱིར་འཐེན་མ་བྱས་པར་བརྟེན་བོད་མིས་མུ་མཐུད་ངོ་རྒོལ་གནང་རྒྱུ།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ Elmhurst ས་ཁུལ་དུ་རྟེན་གཞི་བྱས་པའི་ Queens དཔེ་མཛོད་ཁང་ནས་ཉེ་ལམ་བོད་དང་བོད་མིའི་སྐོར་འཁྱོག་བཤད་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་གཉེར་བཞིན་པར་བོད་མི་རྣམས་ནས་ངོ་རྒོལ་གནང་བཞིན་པ་དང་བསྟུན། ཁ་སང་བོད་མིའི་སྐུ་ཚབ་རྣམ་པ་དང་དཔེ་མཛོད་ཁང་གི་འབྲེལ་ཡོད་ལས་བྱེད་དབར་ཐུག་འཕྲད་ཀྱིས་འགྲེམས་སྟོན་དེ་ཕྱིར་འཐེན་བྱེད་དགོས་པའི་གྲོས་བསྡུར་གནང་ཡོད་ཀྱང་། ད་ཆ་འགྲེམས་སྟོན་ཕྱིར་འཐེན་གནང་རྒྱུར་ངོས་ལེན་བྱས་མེད་པར་བོད་མིས་མུ་མཐུད་ངོ་རྒོལ་གནང་རྒྱུ་རེད་འདུག ཁ་སང་ཉིན་དགུང་ཚོུད་ ༣ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་གཞོན་ནུ་ལྷན་ཚོགས། དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ་རྣམ་པ། ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་བཅས་ཀྱིས་དཔེ་མཛོད་ཁང་གི་ཚོགས་གཞོན་དང་འབྲེལ་ཡོད་ལས་བྱེད་དང་ལྷན་ཐུག་འཕྲད་ཀྱིས་ཆུ་ཚོད་ ༡ ལྷག་ཙམ་རིང་སྤྱི་ཁང་ཕུན་ཚོགས་སྡེ་བཞིར་འགྲེམས་སྟོན་ཕྱིར་འཐེན་སླད་གྲོས་བསྡུར་གནང་ཡོད་ཀྱང་ད་ཆ་འགྲེམས་སྟོན་དེ་མཚམས་འཇོག་གནང་རྒྱུར་ངོས་ལེན་བྱས་མེད་པ་རེད།    གནད་དོན་དེའི་ཐོག་ཁ་སང་དགོང་མོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་མཐར་ཕྱིན་ལགས་རྣམ་གཉིས་ཀྱིས་ངོ་དེབ་བརྒྱུད་ཚོགས་འདུ་དེའི་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པས་དཔེ་མཛོད་ཁང་གི་སྤྱི་ཁྱབ་ཚོགས་གཙོའི་མཚན་ཐོག་ཏུ་སྤེལ་བའི་ཞུ་སྙན་ཐོག་མི་གྲངས་ ༢༥༠༠ ལྷག་ནས་མཚན་རྟགས་བསྐྱོན་པ་དེ་ཕུལ་ཡོད་པ་དང་། བོད་མི་སྐུ་ཚབ་ངོས་ནས་བོད་ནང་གི་གནས་སྟངས་དངོས་ཡོད་འགྲེལ་བརྗོད་དང་། དེ་བཞིན་ད་རེས་རྒྱ་གཞུང་གིས་འཁྱོག་བཤད་འགྲེམས་སྟོན་སྤེལ་བ་དེས་ཁུལ་དེའི་ནང་གནས་བཞུགས་བོད་མི་རྣམས་ཀྱི་སེམས་ཚོར་ལ་ཕོག་ཐུག་བྱུང་ཡོད་པར་མ་ཟད་ལྷག་པར་དུ་ཨ་རི་ལྟ་བུ་རང་དབང་ལུང་པར་རྒྱ་གཞུང་གི་འཁྱོག་བཤད་སྤེལ་བའི་གནད་དོན་བྱུང་བར་བློ་ཕམ་ཡོད་སྐོར་གསུངས་ཏེ་འགྲེམས་སྟོན་དེ་དེ་མ་ཐག་ཕྱིར་འཐེན་དགོས་པའི་ཞུ་གཏུག་གནང་ཡོད་ཀྱང་། དཔེ་མཛོད་ཀྱི་འབྲེལ་ཡོད་ལས་བྱེད་གཉིས་ནས་གནད་དོན་དེ་དཔེ་མཛོད་ཀྱི་ལས་བྱེད་གོང་མ་དང་ལྷན་གྲོས་བསྡུར་གནང་རྒྱུ་དང་དེ་འབྲེལ་ལན་འདེབས་གང་མགྱོགས་གནང་ངེས་ཡིན་པའི་བརྡ་ལན་གནང་བ་ལས་འགྲེམས་སྟོན་དེ་ཕྱིར་འཐེན་གནང་རྒྱུར་ངོས་ལེན་བྱས་མེད་པར་བོད་མི་ཚོས་མུ་མཐུད་ཕྱི་ཚེས་ ༡༥ ཉིན་དགུང་ཚོུད་ ༡ ནས་ ༥ བར་ངོ་རྒོལ་གནང་རྒྱུ་ཡིན་སྐོར་གསུངས་ཡོད། བོད་དོན་འཁྱོག་བཤད་འགྲེམས་སྟོན་དེ་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་གསུངས་པ་མ་ཟད་སླད་མར་ Queens  དཔེ་མཛོད་ཁང་གི་ཡན་ལག་ ༦༥ དེ་དག་ནང་བོད་དོན་གྱི་དངོས་ཡོད་གནས་སྟངས་ཐོག་གཏམ་བཤད་གནང་རྒྱུའི་སྡིངས་ཆ་བསྐྲུན་རྒྱུ་ཡིན་པར་གསུངས་པ་དེ་ལྟར་ཡང་། བོད་མིའི་སྐུ་ཚབ་རྣམ་པས་དཔེ་མཛོད་ཁང་ནས་ད་ལྟ་སྤེལ་བཞིན་པའི་འཁྱོག་བཤད་འགྲེམས་སྟོན་དེ་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་དང་དེ་ལྟར་མ་གནང་ཚེ་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་པ་གསུངས་ཡོད། རྒྱ་ནག་གི་འཁྱོགས་བཤད་དྲིལ་བསྒྲགས་འགྲེམས་སྟོན་དེ་ཟླ་བ་ ༦ པ་བར་ Elmhurst ཀྱི་ Queens དཔེ་མཛོད་ཁང་ཙམ་མིན་པར་དཔེ་མཛོད་ཁང་གཞན་བརྒྱད་ཀྱི་ནང་དེ་ལྟར་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་གཞུང་གིས་འཁྱོག་བཤད་སྤེལ་བར་རྒྱབ་སྐྱོར་གནང་རྒྱུ་དང་དེ་མིན་དྲང་བདེན་ལ་རྒྱབ་སྐྱོར་གནང་རྒྱུའི་གདམ་ཀ་དེ་ Queens དཔེ་མཛོད་ཁང་ལ་ཡོད་ཅེས་གསུངས་འདུག གཞི་རྩའི་ Queens དཔེ་མཛོད་ཁང་དུ་རྒྱ་ནག་གིས་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་པའི་འགྲེམས་སྟོན་དེ་དེང་རབས་ཀྱི་རྒྱ་ནག་ཅེས་པའི་འགྲེམས་སྟོན་གྱི་ཆ་ཤས་ཡིན་པ་དང་། འགྲེམས་སྟོན་གྱི་བརྗོད་གཞི་ནི་བོད་ནང་གི་དུས་རྒྱུན་གྱི་འཚོ་བ་ཞེས་པ་དེ་རེད་འདུག འཁྱོག་བཤད་ཀྱི་པར་རིས་འགྲེམས་སྟོན་ནང་བོད་ནང་གི་དགོན་སྡེ་དང་མཆོད་རྟེན་སོགས་བསྟན་པ་དང་། བོད་ཕྲུག་རྣམས་སློབ་གྲྭར་བསྐྱོད་དེ་བོད་ཡིག་སྦྱོང་བཞིན་ཡོད་པ་བཅས་ཤེས་ཡོན་གྱི་གོ་སྐབས་འདྲ་མཉམ་ཡོད་པའི་རྣམ་པ་སོགས་བསྟན་ཡོད་པར་མ་ཟད་འགྲེམས་སྟོན་གྱི་ངོ་སྤྲོད་ནང་བོད་དེ་དེ་སྔ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་མོལ་གྱི་གནད་དོན་ལས་ཕྱི་ཕྱོགས་ནས་ཐེ་བྱུས་བྱེད་མི་ཆོག་པ། ལྷག་པར་དུ་འདས་པའི་ལོ་ངོ་ ༦༠ ནང་བོད་ནང་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་། ཁོར་ཡུག་སོགས་ཀྱི་སྡེ་ཚན་གང་ས་ཅི་ཐད་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡར་རྒྱས་ཚད་མཐོར་ཕྱིན་ཡོད་པ་དང་། དེང་རབས་བོད་ནང་གི་བོད་མི་ཚོས་ཆོས་ལུགས་མཐུན་སྒྲིལ་དང་དཔལ་འབྱོར་། ཁོར་ཡུག་སོགས་ཡར་རྒྱས་ཕྱིན་པ་དག་ལོངས་སུ་སྤྱོད་བཞིན་ཡོད་པ་མངོན་གསལ་བྱས་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་རིགས་འདྲ་མིན་ཡོད་པ་དེ་དག་གིས་ཀྱང་རྒྱ་གཞུང་དང་ས་གནས་གཞུང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་གི་ཡོད་སྐོར་འཁྱོག་བཤད་སྤེལ་བར་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་གཞུང་གི་བོད་དང་འབྲེལ་བའི་སྲིད་བྱུས་ལའང་རྒྱབ་སྐྱོར་དང་བསམ་ཤེས་བྱེད་ཀྱི་ཡོད་པ་སོགས་རྣམ་ཀུན་ནས་བོད་དོན་དང་འབྲེལ་བའི་རྒྱ་གཞུང་གི་དྲིལ་བསྒྲགས་ཤུགས་ཆེ་སྤེལ་བཞིན་པའི་འཁྱོག་བཤད་རྣམས་ཆེད་འདོན་བྱས་ཡོད་པ་རེད།

གར་སོང་ཆ་མེད་ལས་དོན་ཚོགས་ཆུང་གི་ཚོགས་ཆེན་ཐོག་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཞུ་གཏུག

ཕྱི་ཟླ་ ༢ ཚེས་ ༡༠ ནས་ ༡༤ བར་སུད་སི་གྲོང་ཁྱེར་ཇི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་གྱི་ཚོགས་ཐེངས་ ༡༢༠ ཚོགས་ཡོད་པ་ལྟར་ཚོགས་ཆེན་དེ་དང་བསྟུན་བོད་མའི་སྐུ་ཚབ་ནས་འབྲེལ་ཡོད་ཚོགས་ཆུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་རྒྱ་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པའི་གནད་དོན་སྐོར་ལ་ཞུ་གཏུག་སྙན་སེང་ཞུས་འདུག གཙོ་བོར་དེ་སྔ་ཕྱི་ལོ་ ༡༩༩༥ ལོར་སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ལས་དོན་ཚོགས་ཆུང་ལ་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་འོག་གར་སོང་ཆ་མེད་དུ་གྱུར་བའི་ ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་ཡབ་ཡུབ་གཉིས་ཀྱི་གནད་དོན་གྱོད་གཞི་ཐོ་འཁོད་ངོས་བཞེས་གནང་བ་ནས་བཟུང་ད་བར་རྒྱུན་མི་ཆད་པར་འཇུག་སྣོན་ཞུ་གཏུག་གནང་བཞིན་པའི་ཁྲོད་འདིར་ཉེ་ཆར་སུད་སི་སྐུ་ཚབ་དོན་གཅོད་འཆེ་མེད་རིན་འཛིན་ལགས་ཀྱིས་སྣི་ཁྲིད་འོག་དོན་ཁང་གི་འགྲོ་བ་མིའི་ཐོབ་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་འཕྲིན་ལས་ཆོས་སྐྱིད་ལགས་བཅས་གསུམ་ནས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་གྱི་ཚོགས་ཐེངས་ ༡༢༠ ཚོགས་པ་དང་བསྟུན་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ལས་དོན་ཚོགས་ཆུང་ཚོགས་གཞོན་སྐུ་ཞབས་ Tae Uug Baik ལགས་སུ་མཇལ་མོལ་གྱིས་ད་ལྟའི་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གནས་བབས་དང་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན། ༸པཎ་ཆེན་དགེ་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་མུ་མཐུད་འཇུག་སྐྱོང་ཞུ་གཏུག་གནང་བ་དང་འབྲེལ། རྒྱལ་ཚོགས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་རིན་པོ་ཆེ་མཆོག་གིས་གཙོས་པའི་ད་བར་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ཀྱི་གནད་དོན་རྩད་གཅོད་གནང་ཕྱིར་རྒྱལ་ཚོགས་ཀྱི་རང་དབང་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་ཆེད་བསྐྱོད་གནང་རྒྱུ། དེ་བཞིན་རྒྱ་གཞུང་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་བྱ་སྤྱོད་རྣམས་འཕྲལ་དུ་མཚམས་འཇོག་ཡོང་བར་གནོན་ཤུགས་སྤྲོད་རོགས་ཞེས་འབོད་སྐུལ་སོགས་གནང་ཡོད་པ་རེད། སྔ་ལོའི་ཕྱི་ཟླ་དགུ་པའི་ནང་ཚོགས་པའི་རྒྱལ་ཚོགས་ཀྱི་བཙན་འོག་ཏུ་གར་སོང་ཆ་མེད་དུ་གྱུར་བའི་ཐོག་རྟོག་ཞིབ་གནང་མཁན་གྱི་མཁས་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༡༩ སྟེང་ལས་དོན་ཚོགས་ཆུང་གི་ངོས་ནས་རྒྱ་ནག་གཞུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མཆོག་གི་གནད་དོན་དང་འབྲེལ་ཏེ་འདྲི་རྩད་བྱས་པར་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་མཆོག་རྒྱུན་ལྡན་གྱི་འཚོ་བར་རོལ་བཞིན་ཡོད་སྐོར་བརྗོད་པ་དང་འབྲེལ། ད་ལྟའི་ཆར་གཙུག་ལག་སློབ་གྲྭ་ཆེན་མོ་ཐོན་ནས་ཕྱག་ལས་གནང་གི་ཡོད་ཅེས་བརྗོད་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་གང་ཡང་བཤད་མེད་པ་རེད། སྐབས་དེར་རྒྱ་གཞུང་གིས་ལན་འདེབས་དེ་ཕྱི་ལོ་ ༢༠༡༣ ལོར་༸པཎ་རིན་པོ་ཆེའི་གནད་དོན་སྐོར་ལ་རྒྱལ་ཚོགས་ལན་འདེབས་གནང་བའི་རྗེས་ཀྱི་ལན་འདེབས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་སྐབས་དེར་རྒྱལ་ཚོགས་ཀྱི་བཙན་འོག་ཏུ་གར་སོང་ཆ་མེད་དུ་གྱུར་བའི་མཁས་ལས་ལས་དོན་དོན་ཚོགས་ཆུང་ནས་རྒྱ་ནག་གཞུང་གིས་གསལ་བཤད་ལན་འདེབས་དེ་ནི་འདོད་བློ་ཁེངས་པ་ཞིག་མི་འདུག་ཅེས་དང། རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་ལ་ཞིབ་འཇུག་དང་ཤེས་རྟོགས་ཁ་གསལ་ཡོང་བའི་གནས་ཚུལ་ཆ་ཚང་བ་ཞིག་རྒྱ་གཞུང་ནས་ལན་འདེབས་ནང་མི་འདུག་པས་ལས་དོན་ཚོགས་ཆུང་ནས་དེ་འབྲེལ་ཐོག་དོ་སྣང་གནང་གནད་ཡིན་སྐོར་རྒྱ་ནག་གཞུང་ལ་བསྐྱར་ནན་གནང་ཡོད་པ་རེད། རྩ་བའི་འཛམ་གླིང་ནང་རྒྱལ་ཁབ་ཁག་གི་ཁྲོད་དུ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ཐོག་ལྟ་སྲུང་ རོགས་སྐྱོར་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་དབུ་བརྙེས་ཏེ་འདི་ལོར་ལོ་ངོ་ ༤༠ འཁོར་བ་དང་བསྟུན་ཁ་སང་སྤེལ་བའི་སྤྱི་བསྒྲགས་ནང་འདས་པའི་ལོ་ངོ་དེ་དག་ནང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༡༠༠ ལྷག་གི་ཁྲོད་ནས་གར་སོང་ཆ་མེད་དུ་གྱུར་བའི་གྱོད་གཞི་ཁྱོན་ ༥༨༠༠༠ ལྷག་ཚོགས་ཆུང་ལ་ཐོ་འཁོད་སྙན་སེང་ཞུས་ཡོད་པའི་ཁྲོད་ནས་གྱོད་གཞི་ ༤༦༠༠༠ དུང་ཡང་གསལ་མ་ཐུབ་པར་ལྷག་ཡོད་པར་མངོན་གསལ་གནང་འདུག་པར་མ་ཟད་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་མུ་མཐུད་ནས་འཕྲད་བཞིན་པ་འདིས་འཛམ་གླིང་ནང་ཁྱོན་ཡོངས་ཀྱི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐོང་རྡོག་རོལ་གྱི་གནད་དོན་ཚབས་ཆེས་ཆེར་འགྲོ་བཞིན་ཡོད་པར་བརྗོད་འདུག དེ་བཞིན་ཁ་སང་ལས་དོན་ཚོགས་ཆུང་དེ་དབུ་བརྙེས་ནས་ལོ་ངོ་ ༤༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་ཡུལ་དུ་དམིགས་བསལ་གྱི་འདུ་འཛོམས་ཆེས་ཐོག་མ་དེ་གཉེར་ཡོད་པ་དང། སྐབས་དེར་ཚོགས་ཆུང་གིས་སླད་མར་འབྲེལ་ཡོད་འཛམ་གླིང་ས་ཕྱོགས་གང་ས་ནས་ཚོགས་སྡེ་ཁག་དང་མང་ཚོགས་ངོས་ནས་གར་སོང་ཆ་མེད་ཀྱི་གྱོད་གཞི་གང་འདྲ་ཞིག་ཡིན་རུང་སྟབས་བདེ་ཐོག་ལས་དོན་ཚོགས་ཆུང་ལ་ཞུ་གཏུག་ཐོ་འགོད་དང་སྙན་སེང་ཞུ་ཕྱིར་ཆེད་དམིགས་བསལ་བཀོད་སྤྱོད་མཉེན་ཆས་ཤིག་ཀྱང་དབུ་འབྱེད་གནང་ཡོད་པ་རེད། སུད་སི་གཅོད་ཁང་གི་རྒྱལ་ཚོགས་དང་འབྲེལ་ཡོད་ཀྱི་ལས་བྱེད་རྣམས་བོད་མིའི་སྐུ་ཚབ་ཐོག་ནས་མཛད་སྒོར་མཉམ་ཞུགས་ཀྱང་གནང་ཡོད་པ་རེད།

རྔ་བ་ཁྱུང་མཆུ་རྫོང་གི་ན་གཞོང་ཆེན་མོར་མེ་སྐྱོན་ཚབས་ཆེན་བྱུང་འདུག

རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རི་རྒན་ན་གཞོང་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ་རྩྭ་ས་མུའུ་ཁྲི་ཚོ་བརྒལ་བ་མེར་འཚིགས་ནས་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་ད་དུས་ལྟའང་མེ་འབར་བཞིན་པ་རེད་འདུག ཁ་སང་ཕྱི་ཚེས་ ༡༢ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རི་རྒན་ན་གཞོང་ལ་མེ་སྐྱོན་ཚབས་ཆེན་ཤོར་ཡོད་པ་དང་ཡུལ་མི་རྣམས་ཀྱིས་འཕྲལ་དུ་མེ་གསོད་ཐབས་གནང་ཡོད་ཀྱང་རྩྭ་ས་ཆེ་དྲག་པ་དང་རླུང་གཡུག་དྲག་པར་བརྟེན་མེ་གསོད་ཐུབ་མི་འདུག རྒྱ་ནག་སྲིད་གཞུང་གིས་གནས་ཚུལ་སྤེལ་བར་རྫོང་སྲིད་གཞུང་གི་ཉེན་རྟོག་པ་དང་མེ་གསོད་རུ་ཁག་གི་རོགས་འདེགས་འོག་མེ་བསད་ཡོད་པར་འགྲེལ་བརྗོད་བྱས་ཡོད་ནའང་། ཁྱུང་མཆུ་རྫོང་གི་ཡུལ་མི་རྣམས་ཀྱིས་གནས་ཚུལ་དེ་རྫུན་མ་ཡིན་པ་ཕྱིར་བསྒྲགས་གནང་ཡོད་པའི་ཁྲོད་ཡུལ་མི་ཞིག་གིས་ཁོང་གི་སྐད་འཕྲིན་གྱི་པར་མཛོད་དུ་སྲིད་གཞུང་གིས་མེ་བསད་ཡོད་པའི་གསར་འགྱུར་དང་ད་ལྟ་འབར་བཞིན་པའི་རྩྭ་ཐང་གི་པར་གཉིས་བཞག་སྟེ་སྲིད་གཞུང་གིས་ཀྱང་རྫུན་བཤད་པར་ཟུར་ཟ་གནང་ཡོད་པ་དང་མི་གཞན་ཞིག་གིས་སྲིད་གཞུང་གི་གསར་འགྱུར་ཚང་མ་རྫུན་མ་ཡིན་པས་དེང་སང་གི་རྒྱ་ནག་ནང་གི་ཏོག་དབྱིབས་ནད་རིམས་སྐོར་གྱི་གསར་འགྱུར་རྣམས་ཀྱང་རྫུན་མ་ཡིན་པར་བརྟེན་ཀུན་གྱིས་གཟབ་གཟབ་བྱོས་ཞེས་སྤེལ་འདུག  ཁྱུང་མཆུ་རྫོང་གི་ཡུལ་མི་ཞིག་གིས་འདི་གར་གསར་འགྱུར་མཁོ་སྤྲོད་བྱས་པར་མེ་སྐྱོན་ཤོར་ཚད་ཧ་ཅང་ཚབས་ཆེན་ཡིན་པ་དང་། ལྷག་པར་དུ་ན་གཞོང་ཆེན་པོ་དང་རྩྭ་ཡག་པོ་ཡོད་པས་མེ་གསོད་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་རབས་དང་། དེ་བཞིན་ཁ་སང་ས་ཁྱོན་མུའུ་ ༡༠༠༠༠ ལྷག་འཚིག་ཚར་བར་བརྗོད་བཞིན་པ་དང་དེ་རིང་ད་དུང་མེ་འབར་བཞིན་ཡོད་པས་ས་ཁྱོན་ཁ་སང་ལས་ལྡབ་འགྱུར་འཚིག་འདུག མེ་སྐྱོན་བྱུང་རྗེས་ཁུལ་དང་རྫོང་མེ་གསོད་རུ་ཁག ས་གནས་མི་མང་གིས་ཀྱང་ཧུར་ཐག་གིས་མེ་གསོད་ཐབས་བྱེད་ཀྱི་ཡོད་སྟབས་མི་དང་ཕྱུགས་ཟོག་ལ་གནོད་སྐྱོན་གང་ཡང་བྱུང་མེད་ཀྱང་། མེ་གསོད་རྒྱུ་དཀའ་ལས་ཆེན་པོ་ཆགས་ཡོད་སྐོར་བརྗོད་པ་དང་འབྲེལ་ཏེ་ད་ལྟའི་ཆར་མེ་ཤོར་བའི་རྒྱུ་རྐྱེན་གང་ཡིན་ཤེས་རྟོགས་ཐུབ་མེད་སྐོར་བརྗོད་སོང་། གསར་འགོད་པས་ཕ་ཡུལ་ཁྱུང་མཆུ་ནས་ཡིན་པའི་བྱེས་བཞུགས་བོད་མི་ཞིག་ལ་བཅར་འདྲི་ཞུས་པར་ད་ལྟའི་ཆར་ཤེས་རྟོགས་མེད་ཚུལ་དགསུངས་པ་དང་འབྲེལ་ཏེ་ཐེངས་འདིའི་མེ་སྐྱོན་ཁྲོད་ས་ཁྱོན་ཆེ་པོ་འཚིགས་ཡོད་པར་བརྟེན་དཔྱིད་ངན་འདིར་འབྲོག་པ་མང་ཚོགས་ཀྱི་ཕྱུགས་ཟོག་ལ་གཟན་ཆག་གི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པར་ངོ་སྤྲོད་གནང་ཡོད།

  རྒྱ་ནག་གིས་ཡ་ཆེན་སྒར་ནས་བཙན་ཕུད་བཏང་བའི་བཙུན་མ་ཞིག་གིས་རང་སྲོག་བཅད་འདུག

ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ལྔ་བ་དང་དྲུག་པའི་ནང་རྒྱ་ནག་གིས་ཡ་ཆེན་སྒར་གྱི་གྲྭ་ཤག་མང་པོ་རྩ་གཏོར་བཏང་སྟེ་གྲྭ་བཙུན་མང་པོ་བཙན་ཤེད་ཀྱིས་དགོན་གྲོང་ནས་ཕྱིར་ཕུད་བཏང་ཡོད་པའི་ཁྲོད་ཡ་ཆེན་སྒར་གྱི་ཆོས་ཉིད་རིག་རྩལ་མཁའ་འགྲོ་གླིང་གི་བཙུན་མ་བསོད་ནམས་དབྱངས་བྷ་ལགས་ཀྱིས་རྒྱ་ནག་གིས་ཁོང་མོ་དགོན་གྲོང་ནས་ཕྱིར་ཕུད་བཏང་བར་བརྟེན་རང་སྲོག་བཅད་འདུག བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ལ་བོད་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བཙུན་མ་བསོད་ནམས་དབྱངས་བྷ་ལགས་ནི་དགུང་ལོ་སུམ་ཅུའི་གཡས་གཡོན་ཞིག་ཡིན་པ་དང་། ཁོང་བོད་ལྗོངས་ཆབ་མདོ་ཁུལ་འཇོ་མདའ་རྫོང་མདོ་གཞུང་མ་སྡེ་བ་ནས་ཡིན་པ་དང་། ཁོང་རྒྱ་ནག་གིས་བཙན་གྱིས་ཡ་ཆེན་སྒར་ནས་ཕྱིར་ཕུད་བཏང་སྟེ་བཀག་བསྐྱིལ་ཁང་དུ་བཅུག་པར་བརྟེན་ཁོང་ལ་སྙུང་གཞི་བཞེས་ནས་སྨན་ཁང་དུ་ཅུང་ཙམ་ལྷག་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ཉེན་རྟོག་པས་ཁོང་མགྱོགས་མྱུར་ངང་ཕྱིར་བཀག་བསྐྱིལ་ཁང་དུ་ཡོང་དགོས་པའི་ཉེན་བརྡ་བཏང་བས་རྗེས་སུ་ཁོང་བཀག་བསྐྱིལ་ཁང་དུ་མ་སོང་བར་རང་སྲོག་བཅད་ཡོད་པ་ལས་ཟླ་ཚེས་ནམ་ཞིག་ལ་རང་སྲོག་བཅད་པའི་གནད་དོན་ཁ་གསལ་ཤེས་རྟོགས་ཐུབ་མེད་པར་གསུངས་སོང་། བཙུན་མ་བསོད་ནམས་དབྱངས་བྷ་ལགས་ཀྱིས་ཟླ་བ་བདུན་པ་བརྒྱད་པ་ཞིག་ལ་རང་སྲོག་བཅད་པ་བརྟེན་ནས་ཁུལ་དེར་རྒྱ་ནག་གིས་སྔར་ལས་ལྷག་པའི་དོ་དམ་བྱེད་ཀྱི་ཡོད་པར་བརྟེན། ད་ཆ་བཙུན་མ་ཁོང་གི་ནང་མི་རྣམས་ལ་འབྲེལ་བ་བྱེད་ཐབས་མེད་པར་གསུངས་བ་དང་སྦྲགས། ཉེ་སྔོན་རྒྱ་ནག་གིས་ཡ་ཆེན་སྒར་ནས་བཙན་ཁྲིད་བྱས་པའི་བཙུན་མ་རྣམས་ཕྱིར་དགོན་གྲོང་དུ་འགྲོ་རུ་འཇུག་གི་མེད་པ་མ་ཟད་ཁོང་རྣམས་ཀྱི་ཕ་ཡུལ་གྱི་གྲོང་སྡེའི་དགོན་པའི་ནང་དུ་འཛུལ་ཞུགས་བྱེད་དུ་འཇུག་གི་མེད་པ་དང་། བཙུན་མ་ཚོ་སྐྱ་སར་འབབ་དགོས་པའི་སློབ་གསོ་སྤྲོད་བཞིན་ཡོད་པ་སོགས་ངོ་སྤྲོད་གནང་ཡོད། རྩ་བའི་བཙུན་མ་བསོད་ནམས་དབྱངས་བྷ་ལགས་རྒྱ་ནག་གིས་དགོན་གྲོང་ནས་ཕྱིར་ཕུད་བཏང་ནས་བཀག་སྐྱིལ་ཁང་དུ་མནར་གཅོད་བཏང་བར་བརྟེན་སྙུང་གཞི་བཞེས་ཡོད་པ་དང་། ཁོང་སྨན་ཁང་དུ་བཞུགས་དུས་སུ་ཡང་རྒྱ་ནག་གིས་ཁོང་ངེས་བར་དུ་ཕྱིར་བཀག་སྐྱིལ་ཁང་དུ་ལོག་དགོས་བའི་ཉེན་བརྡ་བཏང་བར་བརྟེན་ཁོང་གིས་རང་སྲོག་བཅད་པ་ཞིག་ཡིན་ཀྱང་ད་ལྟའི་ཆར་རྒྱ་ནག་གིས་ལྟ་རྟོག་ནན་མོ་བྱེད་བཞིན་པར་བརྟེན་ཁོང་གི་གནས་ཚུལ་ཆ་ཚང་བ་ཞིག་ཤེས་རྟོགས་ཞུ་ཐབས་མི་འདུག

འགྱིང་འགྲོས་བརྒྱུད་བོད་རང་བཙན་བསྐྱར་གསོ་གནང་བའི་ཉིན་མོ་སྲུང་བརྩི།

བཞུགས་སྒར་དྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཞུགས་སྒར་ཁྲོམ་ཞུང་དུ་བོད་ཆས་སྤྲས་ནས་འགྱིང་འགྲོས་གནང་སྟེ་༸རྒྱལ་མཆོག་སྐུ་ཕྲེན་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་མཛད་དེ་ལོ་ངོ་ ༡༠༧ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་། དེ་རིང་གི་ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༡༣ ཕྱི་ཟླ་ ༢ ཚེས་ ༡༣ ཉིན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་མཛད་པའི་ཉིན་མོ་ཁེལ་གྱི་ཡོད་པ་ལྟར། དེ་རིང་ཉིན་གུང་ཚོུད་ ༡ ཐོག་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྐང་གོ་སྒྲིག་གནང་སྟེ་བོད་པའི་གཞོན་སྐྱེས་ཕོ་མོ་བརྒྱ་སྐོར་ཞིག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་དང་། ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། དེ་བཞིན་བོད་བོད་ཡུལ་དུ་སྐྱིད། རྒྱ་རྒྱ་ཡུལ་དུ་སྐྱིད་ཅེས་པའི་འབོད་ཚིག ལོ་རྒྱུས་རང་བཞིན་ལྡན་པའི་བོད་དང་རྒྱ་ནག་དབར་གྱི་ཆིངས་ཡིག་གི་དོན་ཚན་སོགས་འཁོད་པའི་འཕྲེད་དར་བསྣམས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཆགས་པའི་དཔའ་བོའི་རྡོ་རིང་མདུན་ནས་མེག་གྷན་སྣུམ་འཁོར་བབས་ཚུགས་བར་འགྱིང་འགྲོས་གནང་སྟེ་ཉིན་མོ་འདི་སྲུང་བརྩི་ཞུས་ཡོད། སྐབས་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་བསྟོན་པ་རིག་འཛིན་ཆོས་སྒྲོན་ལགས་ནས་ཉིན་མོ་འདིའི་གལ་ཆེའི་རང་བཞིན་ཁག་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་ནག་དམར་ཤོག་སྲིད་གཞུང་དང་སྲིད་གཞུང་དེས་རྒྱལ་སྤྱིའི་ཐོག་བོད་ཀྱི་དངོས་ཡོད་རྒྱལ་རབས་ལོ་རྒྱུས་ཁག་འཁྱོག་བཤད་དྲིལ་བསྒྲགས་སྣ་མང་བྱེད་བཞིན་པའི་བྱ་སྤྱོད་དེ་དག་ལ་ངོས་ལེན་རྩ་བ་ནས་མེད་ཅེས་གསུངས་སོང་།  ཁོང་གིས་འགྱིང་འགྲོས་ཀྱི་ལས་འགུལ་འདི་ནི་བོད་ནང་ལ་མཚོན་ན་རྒྱ་གཞུང་གི་དམ་དྲག་རྐྱེན་པས་བོད་ཀྱི་རྒྱལ་དར་འཆར་རྒྱུ་ཁག་པོ་ཡིན་སྟབས། སྨོན་ལམ་ཆེན་མོའི་རྗེས་སུ་ཆོས་དར་བསྣམས་ཏེ་སྤེལ་སྲོལ་ཡོད་པ་སོགས་ངོ་སྤྲོད་དང་ཆབས་ཅིག བཙན་བྱོལ་རང་དབང་ལུང་པའི་ནང་བོད་མི་ཚོས་རང་གི་རིག་གཞུང་དང་ལོ་རྒྱུས་དེ་དག་བདག་གཅེས་གནང་དགོས་གལ་ཡིན་པར་མ་ཟད་གཞོན་སྐྱེས་ཚོར་དེ་དག་དང་འབྲེལ་བའི་འོས་འགན་འཕར་མ་ཞིག་ཡོད་པ་གསུངས་ཡོད། དེ་བཞིན་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཚིགས་དང་བསྟུན་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་དགོང་དྲོ་ཆུ་ཚོད་དྲུག་པ་ནས་ Drum Stick ཟ་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་གཉིས་གདན་ཞུ་ཐོག་སིམ་ལ་ཆིངས་ཡིག་གི་འབྱུང་རྐྱེན་གང་ཡིན་ལ་ལྟ་བ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་གི་ཡོད་པ་རེད། རྩ་བའི་བོད་རང་བཙན་གཙང་མ་ཡིན་པའི་ཡོངས་ཁྱབ་བསྐྱར་ནན་གསལ་བསྒྲགས་མཛད་པའི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ལས་འགུལ་དེ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པོ་ཆེན་པོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཚིགས་ཉིན་ནས་དབུ་འཛུགས་ཀྱིས་ལོ་ལྟར་ཟླ་ ༢ ཚེས་ ༡༣ ཉིན་བོད་མིའི་གནས་ཡུལ་རྒྱལ་སྤྱིའི་ས་གནས་མང་དག་ཅིག་ཏུ་ལས་འགུལ་གྱི་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཨ་རི་ནང་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་ཡུལ་དེའི་གྲོང་ཁྱེར་ New York ནང་སྙན་ངག་དང་འགོག་རྒོལ་ཞེས་པའི་བརྗོད་གཞིའི་འོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རང་དབང་འཐབ་རྩོད་སོགས་ཀྱི་ནང་ཕྱག་ལས་གནང་མྱོང་ཡོད་པའི་མི་སྣ་དང་མང་ཚོགས་འདུ་འཛོམས་ཀྱིས་འཐབ་རྩོད་ལས་འགུལ་སོགས་དང་འབྲེལ་བའི་སྙན་ངག་གྱེར་འདོན་དང་བསམ་ཚུལ་བརྗེ་ལེན་གནང་སྟེ་སྲུང་བརྩི་ཞུས་ཡོད་པ་རེད།

དི་ལླཱི་སྤྱི་ཁྱབ་བློན་ཆེན་ལས་ཐོག་སྐུ་ཞབས་ཀེཇ་རི་ཝལ་མཆོག་སླར་རྒྱལ་ཁ་ཐོབ་པར་འཚམས་འདྲི་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་དི་ལླཱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Arvind Kejriwal མཆོག་སླར་ཡང་མངའ་སྡེའི་འོས་བསྡུའི་ཁྲོད་ཚད་མཐོའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་བསྩལ་བ་དང་སྦྲགས། རྒྱ་གར་མང་ཚོགས་ནས་མང་གཙོ་ཡང་དག་ལོངས་སུ་སྤྱོད་བཞིན་པར་བསྔགས་བརྗོད་མཛད་འདུག ཁ་སང་༸གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་དི་ལླཱི་མང་ཚོགས་ནས་མུ་མཐུད་ཁྱེད་ཀྱི་འགོ་ཁྲིད་ལམ་སྟོན་འོག་ཁེ་ཕན་བྱུང་ངེས་ཡིན་པ་དང་སྒོས་དེ་སྔ་མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ལོ་ ༢༠༡༨ ལོར་དི་ལླཱི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གཞུང་གི་སློབ་གྲྭའི་དགེ་སློབ་བཅས་ལྷན་ཞུགས་ཐོག་བདེ་སྐྱིད་སྐྲུན་ཐབས་ Happiness Curriculum ཞེས་པའི་བསླབ་གཞི་གསར་པ་དབུ་འབྱེད་མཛད་པར་སྐུ་ཞབས་ཁོང་དང་དི་ལླཱིའི་གཞུང་འཛིན་ཚོགས་པར་བསྔགས་བརྗོད་མཛད་པ་ལུང་འདྲེན་དང་འབྲེལ། བསླབ་གཞི་དེས་སློབ་ཕྲུག་ཚོའི་སློབ་སྦྱོང་སྤྱི་ཡོངས་ལ་གྲུབ་འབྲས་བཟང་པོ་ཐོན་ངེས་དང་ལྷག་པར་དུ་སློབ་ཕྲུག་ཞན་ཚོར་རང་ཉིད་ཀྱི་མི་ཚེ་གོང་འཕེལ་གཏང་རྒྱུའི་རོགས་འདེགས་ཐུབ་རྒྱུ་ཡིན་པར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་དང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གནང་ཕྱིར་༸མགོན་པོ་མཆོག་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོའི་སླད་ཞལ་བཞེས་མཛད་པ་དང་དི་ལླཱི་གཞུང་ནས་སློབ་གྲྭ་ཁག་ཏུ་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གཏན་འབེབས་གནང་བར་ཡི་རངས་བསྔགས་བརྗོད་མཛད་པ་མ་ཟད། དི་ལླཱི་གཞུང་ནས་དེ་ལྟར་གནང་བ་དེས་རྒྱ་གར་གྱི་མངའ་སྡེ་གཞན་ཁག་ལའང་མིག་དཔེ་ཞིག་བསྟན་ཐུབ་ཡོད་པར་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་ལྟ་བུར་ཆ་མཚོན་ན་གནའ་དེང་གཉིས་ཀྱི་ཤེས་ཡོན་ཟུང་འབྲེལ་གནང་ཐུབ་པའི་རྒྱལ་ཁབ་གཅིག་པོ་དེ་ཡིན་པར་ཡིད་ཆེས་མཛད་ཀྱི་ཡོད་པ་དང་ཆབས་ཅིག་ཏུ་རྒྱ་གར་གྱི་སློབ་ཕྲུག་ཚོའི་ངོས་ནས་བསླབ་གཞི་དེར་དོ་སྣང་དང་དགའ་མོས་བྱེད་པ་དེ་ནི་རེ་བ་དང་སེམས་འགུལ་གྱི་རྣམ་པ་མངོན་པ་ཞིག་ཡིན་པར་བཀའ་བསྩལ་ཡོད་པ་དང་། ལྷག་དོན་༸གོང་ས་མཆོག་གིས་སྐུ་ཞབས་ཀེཇ་རི་ཝལ་མཆོག་ལ་རྒྱལ་ས་དི་ལླཱིའི་མི་མང་གི་བསམ་དོན་འགྲུབ་པའི་ཐུགས་སྨོན་མཛད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་ཏེ་སྐུ་ཞབས་ཀེཇ་རི་ཝལ་མཆོག་སླར་ཡང་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་མང་ཚོགས་ནས་ཁོང་གི་འགོ་ཁྲིད་དང་ཁོང་གི་ཆབ་སྲིད་ཚོགས་པར་ཡིད་ཆེས་བློ་སྐྱེལ་གནང་གི་ཡོད་པ་ཞིག་མཚོན་པ་མ་ཟད།  ཁོང་གི་གཞུང་འཛིན་ཚོགས་པ་ནས་དི་ལླཱིར་གནས་བཞུགས་བོད་མི་ཡོད་དོ་ཅོག་ལ་རྒྱབ་སྐྱོར་གནང་བ་དེ་དག་རྣམ་ཀུན་ནས་ཚོར་བཞིན་ཡོད་པ་དང་། ལྷག་དོན་དི་ལླཱི་གཞུང་ནས་སློབ་གྲྭ་ཁག་ཏུ་ ༸གོང་ས་མཆོག་གི་དགོངས་གཞི་ལས་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གཏན་འབེབས་གནང་བར་ཡི་རངས་བསྔགས་བརྗོད་གནང་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་འབྲེལ། སྐུ་ཞབས་ཀེཇ་རི་ཝལ་མཆོག་དང་ཁོང་གི་ཆབ་སྲིད་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་པར་གནང་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག དི་ལླཱི་གཞུང་གི་སློབ་གྲྭ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལས་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གཏན་འབེབས་གནང་བར་བསྔགས་བརྗོད་ཞུས་ཏེ་བསླབ་གཞི་དེས་སླད་མར་མི་རབས་གཞོན་པ་ཚོར་ཕན་ངེས་ཡིན་པ་གསུངས་འདུག ཚོགས་གཞོན་མཆོག་གིས་ད་དུང་དི་ལླཱི་གཞུང་འཛིན་ནས་ཁུལ་དེར་གནས་བཞུགས་བོད་མི་དང་བོད་སྒར་བསམ་ཡས་གླིང་གི་བོད་མིར་རྒྱབ་སྐྱོར་དང་། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་ལཱལ་ཀི་ལར་སུད་ཚོང་གཉེར་མཁན་རྣམས་ཀྱི་ཁྲོམ་རར་མེ་སྐྱོན་ཤོར་སྐབས་རོགས་རམས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག ལྷག་དོན་ཁོང་གི་ཆབ་སྲིད་ཚོགས་པ་ Aam Aadmi Party ནས་སླད་མར་བོད་མིར་དེ་འབྲེལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་ཡོད་པ་རེད། གཞི་རྩའི་སྐུ་ཞབས་ Kejriwal མཆོག་ད་རེས་རྒྱལ་ས་དི་ལླཱི་ནས་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། དི་ལླཱི་མངའ་སྡེ་གྲོས་ཚོགས་ནང་ཞབས་སྟེགས་ ༧༠ ཡོད་པའི་ཁྲོད་ད་རེས་ Aam Aadmi ཆབ་སྲིད་ཚོགས་པར་ཞབས་སྟེགས་ ༦༢ ཐོབ་ཏེ་ཚད་མཐོའི་རྒྱལ་ཁ་ཐོབ་ཡོད་པ་རེད། དྲྭ་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན་ཀེཇ་རི་ཝལ་མཆོག་གི་ཆབ་སྲིད་ཚོགས་པར་བསྐྱར་དུ་རྒྱལ་ཁ་ཐོབ་པ་ནི་འདས་པའི་ལོ་ལྔའི་ནང་ཁོང་གི་ཆབ་སྲིད་ཚོགས་པས་ལས་དོན་ཡག་པོ་གནང་བར་ངོས་འཛིན་གྱིས་མང་ཚོགས་ནས་འོས་འཕེན་ཡོད་སྐོར་གསུང་བཞིན་འདུག

རྒྱ་ནག་ལ་དོགས་ཟོན་གནང་དགོས་པའི་ནན་སྐུལ་གནང་བ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་ནས་ཡུལ་དེའི་མངའ་སྡེའི་སྲིད་སྐྱོང་རྣམས་ནས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གཙོས་པའི་རིག་གཞུང་བརྗེ་ལེན་སོགས་ཀྱི་ལས་གཞི་སྤེལ་སྐབས་རྒྱ་ནག་གཞུང་ནས་ཨ་རིའི་གཞི་རྩའི་རང་དབང་ལ་ཐེ་བྱུས་བྱེད་བཞིན་པའི་གནས་སྟངས་ལ་ཞིབ་འཇུག་གནང་སྟེ་རྒྱ་ནག་གི་བྱ་སྤྱོད་ལ་དོགས་ཟོན་གནང་དགོས་པའི་ནན་སྐུལ་གནང་འདུག ཉེ་ཆར་ཕྱི་ཚེས་ ༧ ཉིན་ཨ་རི་རྒྱལ་ས་ Washington DC ནང་ཡུལ་དེའི་མངའ་སྡེ་ ༥༥ འི་སྲིད་སྐྱོང་རྣམ་པ་ལྷན་ཞུགས་ཐོག་རྒྱལ་ཡོངས་མངའ་སྡེའི་སྲིད་སྐྱོང་གི་དགུན་དུས་ལྷན་ཚོགས་དབུས་འཛུགས་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་གྲས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་ཀྱིས་ལྷན་ཚོགས་དབུ་འབྱེད་ཀྱི་སྔོན་འགྲོའི་གསུང་བཤད་གནང་བའི་ཁྲོད་སྔ་ལོར་རྒྱ་ནག་གཞུང་འབྲེལ་གྱི་བསམ་བློ་བ་ཁག་ཅིག་ནས་རྒྱ་ནག་དང་ཨ་རི་མངའ་སྡེ་ཁག་གྱི་འབྲེལ་བའི་སྐོར་འདོན་སྤེལ་གནང་བའི་སྙན་ཐོའི་ནང་ཨ་རིའི་མངའ་སྡེའི་སྲིད་སྐྱོང་རྣམས་རྒྱ་ནག་དང་འབྲེལ་བ་བཟང་པོ་ཡོད་པ་མ་ཟད། རྒྱ་ནག་དང་ཚོང་འབྲེལ་བྱེད་རྒྱུར་འདོད་པ་ཆེན་པོ་ཡོད་སྐོར་སོགས་བཀོད་ཡོད་པ་དང་། མངའ་སྡེའི་སྲིད་སྐྱོང་ཁག་ཅིག་གི་མཚན་འབོད་དེ་རྒྱ་ནག་དང་སྒེར་གྱི་འབྲེལ་བ་ཇི་ཡོད་སོགས་ཀྱང་ཁ་གསལ་བཀོད་ཡོད་པ་ལུང་འདྲེན་གྱིས་རྒྱ་ནག་ཕྱོགས་ནས་ཨ་རིའི་མངའ་སྡེའི་སྲིད་སྐྱོང་གཙོས་པའི་གཞུང་འབྲེལ་མི་སྣ་ཐོག་ཏུ་དུས་ནས་དུས་སུ་ལྟ་སྲུང་བྱེད་བཞིན་པའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་གསུངས་ཡོད། ལྷག་པར་དུ་སྐུ་ཞབས་ Pompeo ལགས་ནས་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་ཡོད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་དང་ཚོང་ལས་སྡེ་ཚན་ཁག་ལ་དམ་དྲག་ཆེན་པོ་བྱས་པ་མ་ཟད་ཨ་རི་རང་དབང་ལུང་པའི་ནང་ཐབས་བྱུས་ལྡན་པའི་གཞུང་འབྲེལ་མི་སྣའི་གནས་ཚུལ་མཁོ་སྒྲུབ་བྱེད་བཞིན་ཡོད་སྟབས། རྒྱ་ནག་ཕྱོགས་ནས་མངའ་སྡེའི་སྲིད་སྐྱོང་ཚོ་དང་འབྲེལ་བ་ཡག་པོ་ཡོད་སྐོར་བརྗོད་ཡོད་མེད་ལ་བལྟོས་མེད་མངའ་སྡེའི་སྲིད་སྐྱོང་རྣམ་པས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བྱེད་སྐབས་ཚོང་ལས་དེའི་དགོས་དམིགས་གང་ཡིན་སོགས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པ་དང་། རྒྱ་ནག་གི་བྱ་སྤྱོད་དེ་དག་མངའ་སྡེ་བྱེ་བྲག་པ་ཞིག་གི་གནད་དོན་ཙམ་མིན་པར་ཨ་རིའི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་བརྟེན་རྒྱ་ནག་དང་ཚོང་འབྲེལ་གཙོས་རིག་གཞུང་བརྗེ་ལེན་སོགས་ཀྱི་ལས་གཞི་སྤེལ་སྐབས་དོགས་ཟོན་གནང་དགོས་ཞེས་གསུངས་འདུག ཁོང་ནས་འདས་པའི་ལོ་དུས་མང་པོའི་རིང་ལ་ཨ་རིའི་ངོས་ནས་རྒྱ་ནག་དེ་ཨ་རི་ལྟར་གུ་ཡངས་ལྡན་པའི་མང་གཙོའི་སྤྱི་ཚོགས་ཤིག་ཆགས་པར་རེ་བ་དང་སྦྲགས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གཞི་རྒྱ་ཆེན་པོ་གནང་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་དེའི་ཐོག་འབད་བརྩོན་མི་བྱས་མེད་པ་མ་ཟད། ལྷག་པར་དུ་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་རྗེས་རྒྱ་ནག་སྲིད་གཞུང་དེ་མང་ཚོགས་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚོང་འབྲེལ་ཁྲོད་དྲང་བདེན་མ་ཡིན་པའི་འགྲན་རྩོད་ཀྱི་རྣམ་པ་ཆེ་རུ་བཏང་བ་མ་ཟད་དེ་བཞིན་སྡུག་རྩུབ་ཅན་གྱི་དྲག་དམག་རྒྱ་སྐྱེད་བཏང་བ་སོགས་གནས་སྟངས་བྱུང་ཡོད་པར་འགྲེལ་བརྗོད་གནང་འདུག ཨ་རིའི་ངོས་ནས་རྒྱ་ནག་གྱི་ཐབས་བྱུས་དེ་དག་སྣང་མེད་དུ་གཏོང་རྒྱུ་མེད་པ་དང་། གལ་སྲིད་སྣང་མེད་དུ་གཏང་ཚེ་ཨ་རིའི་ཁེ་ཕན་དང་རང་དབང་ལ་དོ་ཕོག་འགྲོ་སྲིད་པའི་ཉེང་བརྡ་བཏང་ཡོད་པ་རེད། དེ་བཞིན་ཁོང་ནས་དེ་སྔ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ཨ་རིའི་ San Diego གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་མཛད་སྒོར་དབུས་བཞུགས་མཛད་པའི་གནད་དོན་དང་འབྲེལ་གཙུག་ལག་སློབ་གཉེར་ཁང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དང་། ཉེ་དུས་སུ་བདམས་ཐོན་ཐེ་ཝན་གྱི་སྲིད་འཛིན་ལྕམ་ Tsai Ing-wen ལགས་ལ་འཚམས་འདྲི་གནང་རྒྱུ་མེད་པ་སོགས་གནོན་ཤུགས་སྤྲད་པའི་གནས་སྟངས་ཁག་ཅིག་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་ནས་ཨ་རི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་། ཁུང་རྩི་སློབ་གླིང་ལྟེ་གནས་ཁང་གཙོས་པའི་རྒྱ་ནག་དང་འབྲེལ་ཡོད་ཚོགས་པ་ཁག་གི་བརྒྱུད་ནས་ཨ་རི་དབུས་དང་མངའ་སྡེ། དེ་བཞིན་ས་གནས་བཅས་ཀྱི་གཞུང་འབྲེལ་ལས་དོན། གཙུག་ལག་སློབ་གྲྭའི་ལས་དོན་སོགས་ཕྱོགས་ཡོངས་ལ་ཐེ་བྱུས་བྱེད་བཞིན་པ་གསལ་པོ་རེད་ཅེས་གསུངས་འདུག གཞི་རྩའི་ཕྱི་ཚེས་ ༧ ཉིན་དབུ་འཛུགས་གནང་བའི་ཨ་རིའི་རྒྱལ་ཡོངས་མངའ་སྡེའི་སྲིད་སྐྱོང་གི་དགུན་དུས་ལྷན་ཚོགས་དེ་དེ་རིང་མཇུག་སྒྲིལ་གནང་གི་ཡོད་པ་དང་། ལྷན་ཚོགས་ཐོག་ཡུལ་དེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་དབུས་པའི་གནད་ཡོད་མི་སྣས་གསུང་བཤད་གནང་སྟེ་གཞུང་དང་ཆབ་སྲིད། དེ་བཞིན་བདེ་འཇགས་བཅས་ཀྱི་ཐོག་གྲོས་མོལ་གནང་གི་ཡོད་པ་རེད།

མང་ཚོགས་ཁྲོད་ཏོག་དབྱིབས་ནད་དུག་སྐོར་ལ་ཐོག་མ་སྔོན་བརྡ་གཏོང་མཁན་རྒྱ་རིགས་སྨན་པ་ Li Wenliang རྐྱེན་འདས་སུ་གྱུར་འདུག

རང་ལོ་ ༣༤ ལ་ཟིན་པའི་རྒྱ་རིགས་སྨན་པ་ Li Wenliang ཁོང་ནི་ཝུ་ཧན་གྱི་ནད་འབུ་ཐོག་མར་ངོས་བཟུང་ནས་ཕྱིར་བསྒྲགས་གནང་མཁན་ཆེས་ཐོག་མ་དེ་ཡིན་ཞིང་། ཁོང་གིས་སྔ་ལོ་ཕྱི་ཟླ་ ༡༢ ནང་ཏོག་དབྱིབས་ནད་འབུ་ངོས་བཟུང་བའི་རྗེས་སུ་སྨན་པ་རྐྱང་པ་ལས་གྲུབ་པའི་ལས་རོགས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་ SARS དང་འདྲ་བའི་དོགས་གཞི་ཅན་གྱི་ནད་དུག་ཐོན་འདུག་ཅེས་བརྗོད་དེ་ཚང་མས་དེར་ཡིད་གཟབ་གནང་རོགས་ཞེས་གནས་ཚུལ་ཁྱབ་སྤེལ་གནང་རྗེས་ཉིན་གསུམ་ལས་མ་སོང་བར་ཕྱི་ཟླ་ ༡ ཚེས་ ༡ ཉིན་ཝུ་ཧན་གྱི་ཉེན་རྟོག་པས་ཁོང་ལ་དཀྲོག་གཏམ་སྤེལ་མཁན་གྱི་ཉེས་མིང་འོག་བཀག་ཉར་བྱས་པ་མ་ཟད། ཕྱིས་སུ་ཁོང་ལ་ཉེན་རྟོག་པའི་སར་ནས་དོགས་ཟོན་བྱེད་དགོས་པའི་ཉེན་བརྡའི་ཡི་གེ་ཞིག་བཏང་བ་བརྒྱུད་ཁོང་གིས་སྤེལ་བའི་གནས་ཚུལ་དེ་དངོས་འབྲས་མིན་ཚུལ་བཙན་དབང་གིས་ཁས་བླངས་ཀྱི་མིང་རྟགས་བཀོད་དུ་བཅུག་ཡོད་པ་རེད། ལྷག་དོན་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་སྨན་པ་ Wenliang ཁོང་ལ་རིམས་ནད་དེ་ཕོག་ནས་ཝུ་ཧན་གྲོང་ཁྱེར་སྨན་ཁང་དུ་ཟུར་བཀག་གནང་སྟེ་དུས་ཡུན་ཉིན་གྲངས་ ༢༠ རིང་བཞག་ཡོདཔ་རེད། དེ་རིང་སྨན་པ་ Weliang རྐྱེན་འདས་སུ་གྱུར་བའི་གནས་ཚུལ་ཐད་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་ Weibo དང་ Twitter གཙོས་པའི་དྲྭ་ཐོག་གི་བརྒྱུད་ལམ་ཁག་ཏུ་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཁོང་ཁྲོའི་རྣམ་པ་ཤུགས་ཆེ་སྟོན་བཞིན་པའི་ཁྲོད་འདིར་ཁག་གཅིག་གིས་ཝུ་ཧན་གཞུང་ནས་སྨན་པ་ Wenliang ལགས་སུ་དྲིན་འོག་ཏུ་དགོངས་སེལ་ཞུ་དགོས་པ་དང་ང་ཚོར་སྨྲ་བརྗོད་རང་དབང་དགོས་ཞེས་འབོད་ཚིགས་འདྲ་མིན་སྤྱོད་དེ་དགོས་འདུན་ཆེད་འདོན་གནང་བར་མང་ཚོགས་སྟོང་ཕྲག་མང་པོས་དེར་ལྟ་ཀློག་གནང་བ་མ་ཟད། ལྷག་དོན་ང་ཚོར་སྨྲ་བརྗོད་རང་དབང་དགོས་ཞེས་པའི་དགོས་འདུན་དེར་དེ་རིང་སྔ་དྲོ་ཚོུད་ ༥ པ་བར་མང་ཚོགས་ས་ཡ་གཅིག་བརྒལ་བས་ལྟ་ཀློག་གནང་འདུག དེ་མིན་ཁག་ཅིག་གིས་སྨན་པ་ Weliang ལགས་རྐྱེན་འདས་སོང་བ་ནི་གཙོ་བོ་རྒྱ་གཞུང་ནས་ཁོང་གི་ནད་གཞིར་བརྟག་དཔྱད་གནང་རྒྱུར་ཕྱིར་འགྱངས་བཏང་བ་བཅས་ལ་དོགས་པ་གནང་གི་ཡོད་པ་གསུངས་འདུག དེ་རིང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསར་འགོད་གསལ་བསྒྲགས་ཞིག་འདོན་སྤེལ་བརྒྱུད་སྐུ་ཞབས་ཁོང་འདས་གྲོངས་ཕྱིན་པ་དེ་ནི་རྒྱ་གཞུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁོ་ནར་དམིགས་ཏེ་མང་ཚོགས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་གལ་ཆེའི་གནས་ཚུལ་ཁག་སྦས་བསྐུངས་བྱས་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནད་དོན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་སྲུང་ཞུ་དགོས་པ་དང་གནད་དོན་དེ་དག་གླེང་མཁན་རྣམས་ལ་དྲག་གནོན་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པ་གསུངས་འདུག སྤྱིར་རྒྱ་ནག་གཞུང་འབྲེལ་གྱི་ Global Times གསར་ཁང་གིས་ཁ་སང་ Tweet བརྒྱུད་སྨན་པ་ Li Wenliang ལགས་ཁ་སང་ཕྱི་དྲོ་ཚོུད་ ༡༠༌༤༠ ཡས་མས་ཤིག་ལ་ཝུ་ཧན་གྲོང་ཁྱེར་སྨན་ཁང་ནང་སྐུ་གྲོངས་ཡོད་པའི་གནས་ཚུལ་སྤེལ་ཡོད་ཀྱང་། ཕྱིས་སུ་གནས་ཚུལ་དེ་སྤེལ་བའི་ཚོུད་ཁ་ཤས་རྗེས་སུ་རྒྱ་གཞུང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་དེ་འབྲེལ་གྱི་གནས་ཚུལ་ཡོངས་རྫོགས་ལ་གསལ་བཤད་མེད་པར་སུབ་འདོན་གནང་ནས་དེ་རིང་ཝུ་ཧན་གྲོང་ཁྱེར་སྨན་ཁང་གིས་སྨན་པ་ཁོང་འདས་གྲོངས་སོང་བར་ར་སྤྲོད་ཀྱིས་བསྒྲགས་གཏམ་གསར་པ་ཞིག་སྤེལ་ཡོད་པ་རེད། ཡང་དེའི་བར་ན་ཏོག་དབྱིབས་ནད་དུག་གི་རིམས་དེ་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་དུ་འགོས་ཁྱབ་དང་འབྲེལ་ནས་དེ་རིང་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བར་དཀར་མཛེས་ཁུལ་དུ་རིམས་ནད་ཕོག་པའི་མི་ལྔ་མང་རུ་ཕྱིན་ཡོད་པ་དང་དེ་དག་ཡོངས་རྫོགས་བོད་མི་ཡིན་པ་བཅས་ཁྱོན་རིམས་ནད་ཕོག་མཁན་གྱི་མི་གྲངས་ ༡༧ བྱུང་ཡོད་པ་ར་འཕྲོད་བྱུང་འདུག ཕྱི་ཟླ་ ༢ ཚེས་ ༦ བར་དུ་རྒྱ་ནག་ནང་རིམས་ནད་རྐྱེན་པས་མི་རྐྱེན་འདས་སུ་གྱུར་བའི་གྲངས་འབོར་དེ་ ༦༣༨ ཡིན་པ་དང་དེ་བཞིན་མི་གསུམ་ཁྲི་ལྷག་ལ་ནད་གཞི་དེ་འགོས་ཁྱབ་བྱུང་ཡོད་པ་མ་ཟད། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ ༢༥ ནང་ནད་གཞི་དེ་འགོས་ཁྱབ་བྱུང་ཡོད་པ་དང་ Philippines དང་ Hong Kong ནང་ནད་གཞི་དེའི་རྐྱེན་པས་མི་རེ་ཟུང་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད། ད་ཆ་ཝུ་ཧན་གྲོང་ཁྱེར་ནང་དུ་གློ་ཚད་ནད་ཡམས་ཁྱབ་གདལ་ཆེས་ཆེར་བྱུང་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བོད་ནང་གི་དགོན་སྡེ་མང་པོས་འདས་པའི་གཟའ་འཁོར་ནས་རིམས་ནད་ཀྱི་མནར་བའི་ཝུ་ཧན་ལ་རྒྱ་སྒོར་འབུམ་མང་པོའི་ཞལ་འདེབས་དང་མང་ཚོགས་ལ་ལོ་གྱོན་མའི་རིལ་བུ་སྒྲུབ་སྦྱོར་གནང་སྟེ་རིན་མེད་ཐོག་འགྲེམས་སྤེལ་དང་། ཁག་གཅིག་གིས་ཝུ་ཧན་གྲོང་ཁྱེར་ལ་རྩ་ཆེའི་སྨན་རྫས་དང་ཆེས་རིན་ཐང་ཆེ་བའི་དབྱར་རྩ་དགུན་འབུ་བཅས་མ་དངུལ་དང་དངོས་རྫས་སོགས་ཀྱི་སྒོ་ནས་ཞལ་འདེབས་གནང་བཞིན་ཡོད་པ་ལྟར་ཁ་ཉིན་འབྲོག་པ་བསོད་ནམས་ཚེ་རིང་ལགས་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་རྒྱ་སྒོར་ཁྲི་བཅུ་གཅིག་ཞལ་འདེབས་གནང་འདུག

རྔ་བ་ནང་གློ་ཚད་རིམས་ནད་ཀྱི་ནད་པ་གཅིག་དང་དཀར་མཛེས་ཁུལ་ནང་ནད་པ་མང་དུ་འགྲོ་བཞིན་པ་མངོན་གསལ།

རྒྱ་ནག་ཝུ་ཧན་ནང་ནས་ཐོན་པའི་ཏོག་དབྱིབས་ནད་དུག་གློ་ཚད་གསར་པའི་ནད་རིམས་དེ་རྒྱ་ནག་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཡུལ་གྲུ་མང་པོ་ཞིག་ནང་ཁྱབ་གདལ་འགྲོ་བཞིན་པའི་ཁར། དེ་རིང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་སྐོར་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བའི་ནང་དུ་བོད་མདོ་སྨད་རྔ་པ་ཁུལ་དུ་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་ཕོག་མཁན་གཅིག་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་ནད་པ་གཉིས་མང་རུ་ཕྱིན་ཡོད་པ་ར་སྤྲོད་བྱུང་འདུག རྩ་བའི་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཁ་ས་རང་ལོ་ ༣༤ ཅན་གྱི་རྒྱ་རིགས་ཤིག་ལ་རིིམས་ནད་དེ་ཕོག་ཡོད་པའི་གནས་ཚུལ་ཐོན་པ་དང་བཅས། ད་ཆ་རིམ་ནད་དེ་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་གནས་ཡོངས་སུ་ཁྱབ་གདལ་དུ་ཕྱིན་ཡོད་པ་ར་སྤྲོད་བྱུང་ཡོད་པ་དང་། དེ་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་འཕྲོད་བསྟེན་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་སྟེ། ཟླ་བ་འདིའི་ཕྱི་ཚེས་ ༢༢ ཉིན་ཝུ་ཧན་ནས་མེ་འཁོར་བརྒྱུད་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་བའི་རྒྱ་རིགས་སྐྱེས་པ་དེ་ད་ཆ་ཟུར་བཅད་ཐོག་སྨན་བཅོས་བྱེད་བཞིན་ཡོད་སྟབས། གོང་ཞུས་ཉིན་མོ་དེར་ཝུ་ཧན་ནས་ལྷ་སར་མེ་འཁོར་བརྒྱུད་ནས་འགྲུལ་བཞུད་གནང་མཁན་མང་ཚོགས་གཞན་རྣམས་ཀྱིས་ངེས་པར་དུ་ལྷ་ས་འཕྲོད་བསྟེན་ལས་ཁུངས་ལ་འབྲེལ་བ་བྱེད་དགོས་པའི་བཀོད་ཁྱབ་ཅིག་བཏང་འདུག འདི་ག་རླུང་འཕྲིན་ཁང་ལ་ལྷ་ས་ནང་གི་ས་གནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་འཕྲོད་བསྟེན་ལས་ཁུངས་ཀྱིས་ད་ཆ་ལྷ་སར་རིམས་ནད་དེ་ཕོག་པའི་མི་གཅིག་སླེབས་ཡོད་པ་མངོན་གསལ་གནང་ཡོད་ཀྱང་། དོན་དངོས་ཐོག་སྐབས་དེར་གོང་ཞུས་ནད་པ་དེ་དང་ལྷན་དོགས་གཞི་ཡོད་པའི་གཞན་འགྲུལ་བཞུད་བ་མི་བདུན་ལྷ་སར་སླེབས་ཡོད་པ་དང་ད་ཆ་ཁོང་རྣམས་ལ་རིམས་ནད་དེ་ཕོག་ཡོད་མེད་ཀྱི་བརྟག་དཔྱད་འགྲོ་མུས་ཡིན་ཡང་། ཕལ་ཆེར་མི་བདུན་པོ་དེ་དག་ལ་རིམས་ནད་དེ་ཕོག་ཡོད་པའི་དོགས་པ་གནང་བཞིན་འདུག དེའི་བར་ན་དེ་རིང་རྔ་བ་ཁུལ་འཕྲོད་བསྟེན་ལས་ཁུངས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་ཝུ་ཧན་གྱི་གྲོང་ཁྱེར་ Hankou ནས་ཁྲིན་ཏུ་བརྒྱུད་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་འབར་ཁམས་རྫོང་ནང་སླེབས་པའི་སྐྱེས་མ་རང་ལོ་ ༢༡ སོན་པ་ཞིག་ལ་གློ་ཚད་ཀྱི་རིམས་ནད་དེ་ཕོག་ཡོད་པ་མངོན་གསལ་གནང་འདུག་པ་དང་ཆབས་ཅིག ཞིང་ཆེན་དེའི་མངའ་ཁོངས་ཀྱི་བོད་མི་གནས་སྡོད་ཡོད་སའི་ས་ཁུལ་དཀར་མཛེས་ཁུལ་གྱི་གསེར་རྟ་རྫོང་ནང་ནད་པ་ ༡ དང་འདབ་པ་རྫོང་ནང་ནད་པ་ ༡ དེ་བཞིན་དར་རྩེ་མདོ་ནང་ནད་པ་ ༢ དང་རྟའུ་ནང་ནད་པ་ ༡ བཅས་ཁྱོན་རིམ་ནད་དེ་ཕོག་མཁན་གྱི་མི་གྲངས་ལྔ་བྱུང་ཡོད་པ་ར་སྤྲོད་གནང་འདུག སྤྱིར་དེ་རིང་རྒྱ་ནག་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ནང་དེ་རིང་བར་ནད་རིམས་ཕོག་ཟིན་པའི་མི་ ༧༨༡༤ ཙམ་དང་རྐྱེན་འདས་སུ་ཕྱིན་པ་ ༡༧༠ ལྷག དེ་བཞིན་རིམས་ནད་དེ་ཨ་རི་དང་ཨོ་སི་ཊོ་ལི་ཡ ཉི་ཧོང་། ལྷོ་ཀོ་རི་ཡ། ཝེ་ཏི་ནམ། ཕ་རན་སི་སོགས་འཛམ་གླིང་རྒྱལ་ཁབ་ ༢༡ ནང་དུ་ཁྱབ་གདལ་སོང་ཡོད་པ་དང་ལྷག་དོན་རྒྱ་གར་ནང་མི་རེ་ཟུང་ལ་ནད་གཞི་དེ་ཕོག་ཡོད་པར་དོགས་གཞི་ཡོད་པའི་གནས་ཚུལ་ཁག་ཅིག་ཐོན་ཡོད་པའི་ཁྲོད། དེ་རིང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ལྷན་ཁང་ནས་མངའ་སྡེ་དེའི་ནང་གི་སློབ་ཕྲུག་གཅིག་ལ་ཏོག་དབྱིབས་རིམས་ནད་དེ་ཕོག་ཡོད་པ་མངོན་གསལ་གནང་འདུག རྒྱ་ནག་ནང་གི་ནད་ཡམས་དེ་དང་འབྲེལ། དེ་རིང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤྱི་བསྒྲགས་ཤིག་སྤེལ་ཏེ་རྒྱ་གཞུང་ནས་རིམས་ནད་དེ་གཅོད་ཐབས་སུ་ལག་ལེན་ཚད་ལྡན་གནང་བའི་ཐོག་ཡུལ་དེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་གལ་ཡིན་པར་ནན་བརྗོད་གནང་འདུག དེ་ཡང་དེ་རིང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྤྱིར་རྒྱ་ནག་ནང་ཏོག་དབྱིབས་ནད་གཞི་དེ་ཐོག་མ་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་ཐོན་ཡོད་ཀྱང་རྒྱ་ནག་གཞུང་གིས་རིམས་ནད་དེའི་ཛ་དྲག་གི་ཁྱབ་གདལ་ལ་སྣང་ཆུང་གིས་དེའི་སྐོར་ཕྱི་ལ་ལམ་སྟོན་གསལ་བསྒྲགས་མ་བྱས་པ་མ་ཟད། རྒྱ་ནག་རྒྱལ་ནང་དུའང་ཡོངས་ཁྱབ་གསལ་བསྒྲགས་གང་ཡང་མ་བྱས་པར་བཞག་པའི་རྐྱེན་གྱིས་དེའི་ཁྱབ་གདལ་མུ་མཐུད་དུ་ཕྱིན་ནས་མཐར་ཟླ་བ་འདིའི་ཟླ་དཀྱིལ་ཙམ་ལ་རྒྱ་གཞུང་གིས་གཞི་ནས་ཝུ་ཧན་གྲོང་ཁྱེར་དེ་ཕྱི་ལ་སྒོ་མོ་བརྒྱབས་ཏེ་ཕྱི་བསྐྱོད་གནམ་གྲུ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་དང་དེའི་ཁྲོད་རྒྱ་གཞུང་གིས་སྤྱི་ཚོགས་དྲྭ་ལམ་ཐོག་སྔར་བཞིན་དམ་དྲག་བྱས་པ་མ་ཟད། དྲྭ་རྒྱའི་ཐོག་ཝུ་ཧན་ནད་ཡམས་སྐོར་ལ་གནས་ཚུལ་སྤེལ་མཁན་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། གང་ལྟར་རྒྱ་གཞུང་གིས་ནད་ཡམས་དེའི་ནད་རྟགས་ཡོད་མཁན་ཚོར་དུས་ཐོག་གིས་འོས་ཤིང་འཚམས་པའི་སྨན་བཅོས་གོ་སྐབས་སྤྲོད་ཐུབ་མེད་པར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག རྒྱ་ནག་གཞུང་ནས་ནད་ཡམས་དེར་གདོང་ལེན་བྱེད་སྐབས་དྲག་གནོན་བརྒྱུད་མང་ཚོགས་ཁྲོད་གཞུང་ལ་རྡང་ཟུག་གི་བློ་བསྐྲུན་པ་ལས། ཆེས་ཛ་དྲག་གི་གནས་སྟངས་དེའི་ཁྲོད་མང་ཚོགས་དང་མཉམ་ལས་བྱེད་དགོས་པ་མ་ཟད། གསར་འགོད་པའི་ལས་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

Latest news