Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གནད་དོན་གླེང་བ།

ཇི་ནི་ཝའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༢ ཐོག་རྒྱ་ནག་གཞུང་གི་སྟོར་བཤིག་གཏོང་བཞིན་པའི་བོད་ཀྱི་ནང་བསྟན་སློབ་གླིང་ཆེ་གྲས་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གནས་བབས་སྙན་སེང་ཞུས་པ་དང་འབྲེལ། ཡ་ཆེན་སྒར་དང་བླ་རུང་སྒར་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་སྤེལ་བཞིན་པའི་འཛུགས་སྐྲུན་གྱི་ལས་གཞི་ཁག་ལ་དོ་སྣང་གནང་སྐྱོང་ཡོང་བའི་ནན་སྐུལ་ཞུས་འདུག ཁ་སང་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་དང་རང་དབང་མཁས་ལས་རྟོག་ཞིབ་པས་འཛམ་གླིང་ནང་ཡུལ་གྲུ་ཁག་ཏུ་གཞུང་སྒེར་ཁག་ནས་སྤེལ་བཞིན་པའི་འཛུགས་སྐྲུན་ལས་གཞིའི་ཐོག་ཞིབ་འཇུག་སྙན་ཐོ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སུ་འགོད་འབུལ་ཞུས་ཏེ་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་གླེང་སློང་བྱ་རྒྱུའི་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation མཚན་ཐོག་ནས་བོད་ནང་རྒྱ་གཞུང་གི་འཛུགས་སྐྲུན་ལས་གཞིའི་ཐོག་བོད་ཀྱི་ས་གནས་མང་ཚོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་སྙན་སེང་ཞུས་འདུག ཁོང་ནས་རྒྱ་གཞུང་གིས་འཛུགས་སྐྲུན་ལས་གཞིའི་མིང་ཐོག་ནས་བོད་ཀྱི་ས་ཁུལ་དུ་གཏེར་ཁ་སྔོག་འདོན་དང་། ཆུ་རགས་ལས་གཞི་སོགས་ཀྱི་ཐོག་ནས་བོད་པའི་འབྲོག་པ་ས་ཡ་གཉིས་ཀྱི་རྩྭ་ཐང་ནས་གནས་སྤོས་བྱས་ཡོད་པ་དང་། ལྷག་པར་དུ་ཉེ་སྔོན་བོད་འབྲི་རུ་རྫོང་གི་རྒྱ་གཞུང་གིས་གཏེར་འདོན་ལས་གཞིར་ཞི་རྒོལ་འོག་འཛིན་བཟུང་བྱས་པའི་བོད་མི་དེ་དག་ད་ཆ་གང་དུ་ཡོད་མེད་ཀྱི་གནས་སྟངས་ཁ་གསལ་ཤེས་རྟོགས་དགོས་པ། རྒྱལ་ཚོགས་ཀྱི་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་ད་བར་ཡར་ཆེན་སྒར་དང་བླ་རུང་སྒར་བཅས་ནས་གྲྭ་བཙུན་ཕྱིར་ཕུད་བཏང་བའི་ཞིབ་ཕྲའི་གྲངས་ཐོ་གསལ་འདོན་བྱ་རྒྱུར་ནན་སྐུལ་གནང་དགོས་པ་ཞུས་འདུག དེ་དང་ཕྱོགས་མཚུངས་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༢ པ་དང་བསྟུན། ཁ་སང་ཕྱི་ཚེས་ ༡༢ ཉིན་ཕྱི་དྲོ་རྒྱལ་ཚོགས་ཀྱི་ཚོགས་ཁང་དུ་བོད་ནང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་དང་གཏོར་སྐྱོན་ཞེས་པའི་བརྗོད་གཞི་ཐོག་ཟུར་ཚོགས་ཤིག་ཆེད་བསྐོང་གནང་སོང་བ་དང། འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་སྤེལ་བཞིན་པའི་དཔལ་འབྱོར་ཡར་རྒྱས་དང་འཛུགས་སྐྲུན་ལས་གཞིས་བོད་ནང་གི་ས་གནས་མང་ཚོགས་དང་རང་བྱུང་ཁོར་ཡུག་ལ་ཕན་ཐོགས་པ་ལས་དོ་ཕོག་ཆེ་བ་བཏང་ཡོད་ཅེས་གསུངས་སོང་། དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་དེ་ས་བབ་ཀྱི་ཆ་ནས་འཛམ་གླིང་ཡར་རྩེར་ཆགས་ཡོད་སྟབས་འཛུགས་སྐྲུན་གྱི་ལས་གཞི་གང་འདྲ་ཞིག་སྤེལ་རུང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་འགྲོ་ཡི་ཡོད་པ་དང་། འོན་ཀྱང་ད་བར་རྒྱ་ནག་གཞུང་གིས་བོད་མི་མང་ཚོགས་ཀྱི་མངོན་འདོད་དང་བོད་མི་རིགས་ཀྱི་རིག་གཞུང་། དེ་བཞིན་འཚོ་བའི་གོམས་སྲོལ་བཅས་ལ་རྩིས་འཇོག་མེད་པར་བོད་ཀྱི་ས་གནས་ཁག་ཏུ་གཏེར་ཁ་སྔོག་འདོན་དང། ཆུ་རགས་གསར་རྒྱག མེ་འཁོར་ལྕགས་ལམ་གསར་འཛུགས། འབྲོག་པོ་གནས་སྤོས། དགོན་སྡེ་གཏོར་སྐྱོན། དེ་བཞིན་བོད་ཀྱི་ས་གནས་ཁག་ཏུ་རྒྱ་རིགས་མི་འབོར་དབོར་འདྲེན་བཅས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལས་གཞི་དེ་དག་གིས་ད་ལྟའི་ཆར་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་དང་བོད་མིའི་ངོ་བོ། རིག་གཞུང་བཅས་པར་སྲུང་སྐྱོབ་ལ་ཕན་ཐོགས་པ་ལས་དོ་ཕོག་ཆེ་བ་བཏང་ཡོད་ཅེས་གསུངས་ཡོད། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དཔལ་འབྱོར་དང་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱེད་བཞིན་པ་དེ་དག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་དང་སྒོས་རྒྱ་གཞུང་གི་རང་ཉིད་ཀྱི་རྩ་ཁྲིམས་ནང་གསལ་བའི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་ཡོད་པར་གསུངས་སོང་། ཟུར་ཚོགས་དེའི་ཐོག་གསུང་བཤད་གནང་མཁན་འཇར་མ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Kai muller ལགས་ཀྱིས་ད་བར་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་འཛུགས་སྐྲུན་སྲིད་བྱུས་འོག་བོད་ནང་གི་ཞིང་འབྲོག་ཁག་གི་མང་ཚོགས་ལ་དོ་ཕོག་ཧ་ཅང་གི་ཆེན་པོ་ཐེབས་ཡོད་པ་དང་། བོད་ཀྱི་ས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་གང་འདྲ་ཞིག་སྤེལ་རུང་རྒྱ་གཞུང་གི་ཁེ་ཕན་ཁོ་ནའི་ཆེད་དང་བཙན་དབང་འོག་ནས་མ་ཡིན་པར་ས་གནས་བོད་མིའི་གོམས་སྲོལ་དང་རིག་གཞུང་། ཁོར་ཡུག་ལ་གུས་རྩིས། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་ཐོག་སྤེལ་དགོས་ཞེས་གསུངས་ཡོད་པ་རེད། ཐེངས་འདིའི་རྒྱལ་ཚོགས་ཀྱི་ཚོགས་ཁང་དུ་ཚོགས་པའི་བོད་དོན་ཟུར་ཚོགས་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ། དེ་བཞིན་མི་དང་རྒྱ་རིགས་བཅས་ཁྱོན་མི་གྲངས་ ༥༠ ཙམ་འདུ་བྱུང་འདུག

རྒྱ་ནག་གི་གྲོང་ཁྱེར་ Wuxi Huishan དང་ཨོ་གླིང་གི་གྲོང་ཁྱེར་ Maribyrnong གཉིས་ཀྱི་སྤྲུན་སྲིང་གི་གྲོས་གཞི་ཕྱིར་འཐེན།

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་ The Epoch Times གསར་ཁང་གིས་ཁ་ཉིན་ཕྱི་ཚེས་ ༡༠ ཉིན་ཨོ་གླིང་ Melbourne ཁུལ་གྱི་གྲོང་ཁྱེར་ Maribyrnong དང་རྒྱ་ནག་གི་ Wuxi Huishan གྲོང་ཁྱེར་གཉིས་ཀྱི་བར་དུ་སྤྲུན་སྲིང་གི་འབྲེལ་ལམ་འཛུགས་རྒྱུའི་ཚོགས་འདུ་ཚོགས་སྐབས་ཝེ་ཏི་ནམ་དང་བོད་མིའི་མཚོན་པའི་ཨེ་ཤ་ཡ་མི་མང་བརྒྱ་སྐོར་ཞིག་གིས་ཚོགས་འདུ་དེར་ངོ་རྒོལ་བྱས་པར་བརྟེན། གྲོང་ཁྱེར་ Maribyrnong གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ Martin Zakharov ལགས་ཀྱིས་སྐབས་དེའི་ངོ་རྒོལ་བའི་མི་མང་ལ་དགོངས་སེལ་ཞུས་ཏེ་སྤྲུན་སྲིང་གྲོང་ཁྱེར་གྱི་འབྲེལ་ལམ་འཛུགས་རྒྱུ་དེ་ཕྱིར་འཐེན་གནང་ཡོད་པ་ཡོངས་བསྒྲགས་གནང་འདུག   སྐབས་དེའི་ངོ་རྒོལ་སྐད་འབོད་སྐབས་སུ་ཝེ་ཏི་ནམ་གྲོང་སྡེའི་འགོ་ཁྲིད་གཞོན་པ་ཀྱང་ལས་འགུལ་དེའི་ནང་ཞུགས་ཡོད་པ་མ་ཟད་ཁོང་གིས་གསར་ཁང་ལ་ Maribyrnong གྲོང་ཁྱེར་གྱི་ས་གནས་སྲིད་གཞུང་གིས་རྒྱ་ནག་གི་དམ་དྲག་འོག་ནས་མནར་གཅོད་མྱོང་མཁན་རྣམས་ཀྱི་འབོད་སྒྲ་ལ་ཉན་དགོས་པ་དང་། དེ་ལས་སློབ་སྦྱོང་ལེན་དགོས་པའི་འབོད་སྐུལ་ཞུས་པ་དང་སྦྲགས། སྲིད་གཞུང་གིས་འོས་འཕེན་མཁན་མི་མང་གི་སེམས་ཚོར་ལ་ཞིབ་ནན་གྱིས་བསམ་བློ་གཏོང་དགོས་ཞེས་བརྗོད་ཡོད་པ་འཁོད་འདུག གཞན་ཡང་སྐབས་དེར་ Fu Feng ཟེར་བའི་ངོ་རྒོལ་བ་ཞིག་གིས་གྲོས་ཆོད་གང་འཇོག་གི་ཡོད་ན་སྔོན་འགྲོའི་ཆ་རྐྱེན་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆགས་ཀྱི་ཡོད་པ་བརྗོད་དེ། གྲོང་སྡེའི་སྤྱི་ཁྱབ་པས་ཐེངས་འདིའི་གྲོས་གཞི་དང་འབྲེལ་ནས་མི་མང་གི་བསམ་ཚུལ་ལ་རྒྱུས་ལོན་བྱས་མེད་པར་བརྗོད་པ་དང་སྦྲགས་ཏེ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་སྟོབས་ཤུགས་དང་སྒོར་མོ་སྤྱད་ནས་ཅི་ཡང་ཉོ་ཐུབ་ཀྱི་ཡོད་པར་བསམ་བཞིན་ཡོད་ནའང་། དོན་དངོས་དེ་འདྲ་ཞིག་མ་རེད། ང་ཚོ་མང་གཙོའི་སྲིད་གཞུང་ནང་བསྡད་ཡོད་སྟབས་སྲིད་གཞུང་གིས་གྲོས་གཞི་དེ་ཡོངས་སུ་ཕྱིར་འཐེན་མ་བྱས་བར་དུ་ང་ཚོས་སྲིད་གཞུང་ལ་བཏང་འཛིན་བྱེད་ངེས་ཡིན་བརྗོད་ཡོད་པ་མ་ཟད་དམར་ཤོག་སྲིད་གཞུང་གིས་རྒྱ་ནག་མི་མང་གི་ངོ་ཚབ་མཚོན་ཐུབ་ཀྱི་མ་རེད་ཅེས་སྐྱོབ་བརྗོད་གནང་འདུག དེ་བཞིན་ཨོ་གླིང་གི་གྲོང་ཁྱེར་ Melbourne ནང་དུ་རྟེན་གཞི་བྱས་པའི་གནམ་སྡེ་སྒོར་མོ་ཆེའི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ Zhai Jie ལགས་ཀྱིས་རྒྱ་ན་གིས་དུས་རྒྱུན་ནས་རྒྱལ་སྤྱིའི་མཉམ་གནས་ཀྱི་འབྲེལ་ལམ་ཞེས་པ་བརྒྱུད་ནས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་དུ་དམར་ཤོག་གི་ལྟ་བ་དང་དེའི་ལྐོག་ཟ་རུལ་སུངས་ཀྱི་ཤན་ཤུགས་ཁྱབ་སྤེལ་གཏོང་ཐབས་བྱས་ཏེ་མང་གཙོའི་ལམ་ལུགས་ལ་གཏོར་བཅོམ་གཏོང་རྒྱུའི་དམིགས་ཡུལ་བཅངས་ཡོད་པ་བརྗོད་འདུག སྐབས་དེར་ངོ་རྒོལ་སྐད་འབོད་ལ་ཞུགས་ཡོད་པའི་ཨོ་གླིང་གི་མངའ་སྡེ་ Victoria ཡི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བསྟན་འཛིན་ཁང་གསར་ལགས་ཀྱིས་ཀྱང་གཏམ་བཤད་སྤེལ་ནས་དེ་རིང་ང་ཚོ་མི་མང་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་སླར་རྒྱ་ནག་གི་བཙན་འཛུལ་ལ་ཁ་གཏད་བཅག་ཡོད་པ་གསུངས་ཡོད་པ་དང་། ཝེ་ཏི་ནམ་གྱི་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཀྱང་ཨོ་གླིང་སྲིད་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ལ་མོས་མཐུན་གྱི་མཚན་རྟགས་བཀོད་ཡོད་སྟབས། ང་ཚོ་མི་མང་གིས་སྲིད་གཞུང་ལ་གནོད་ཤུགས་སྤྲད་ནས་གྲོས་མཐུད་དེ་ཕྱིར་འཐེན་བྱེད་དུ་འཇུག་རྒྱུའི་འགན་འཁྲི་ཡོད་པ་སོགས་ཀྱང་དྲན་གསོ་གནང་འདུག དེ་བཞིན་ཨོ་གླིང་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཡོད་པ་རྣམས་ཀྱང་འཕྲད་དུ་སྒོ་རྒྱག་དགོས་བ་སོགས་ཀྱི་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་འདུག  རླུང་འཕྲིན་ཁང་གིས་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བསྟན་འཛིན་ཁང་གསར་ལགས་སུ་གནས་ཚུལ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིར་ཝེ་ཏི་ནམ་དང་བོད་རིགས་གཉིས་ཀྱིས་གཙོས་པའི་ཚོགས་པ་མང་པོས་དུས་གཅིག་ལ་ཡུལ་དངོས་སུ་གྲོས་གཞི་དེར་ངོ་རྒོལ་སྐད་འབོད་གནང་རྗེས་གྲོས་གཞི་དེ་ཕྱིར་འཐེན་གནང་ཡོད་པ་དང་། མ་འོངས་པར་ཡང་མངའ་སྡེ་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེེད་བཞིན་པ་དེར་མུ་མཐུད་ནས་ཞུ་གཏུགས་བྱས་ཏེ་ཕྱིར་འཐེན་བྱེད་ཐུབ་པར་རེ་ཆེན་པོ་ཡོད་པར་གསུངས་སོང་།

བོད་ཀྱི་གློག་བརྙན་དུས་སྟོན་ཐོག་དོན་གྲུབ་དབང་ཆེན་ལགས་ལྷན་ཞུགས།

འཇིགས་བྲལ་གློག་བརྙན་ཞེས་པ་བཟོ་སྐྲུན་གནང་རྐྱེན་ལོ་དྲུག་རིང་རྒྱ་ནག་གི་བཙོན་ཁང་དུ་བཙོན་འཇུག་གནང་མྱོང་ཡོད་པའི་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དངོས་སུ་ལྷན་ཞུགས་ཐོག་སུད་སི་ནང་བོད་ཀྱི་གློག་བརྙན་དུས་སྟོན་དབུ་བརྙེས་ནས་མི་ལོ་བཅུ་འཁོར་བར་སྲུང་བརྩི་ཞུས་སོང་། རྩ་བའི་བོད་ཀྱི་གློག་བརྙན་དུས་སྟོན་འམ་ Filming For Tibet ཞེས་པའི་དུས་སྟོན་དེ་ནི་ཕྱི་ལོ་ ༢༠༠༨ པེ་ཅིང་ཨོ་ལམ་པིག་རྩེད་འགྲན་ཚོགས་སྐབས་ལོ་དེར་བོད་ནང་ཆེད་བསྐྱོད་ཀྱིས་དངོས་འབྱུང་གློག་བརྙན་འཇིགས་བྲལ་ཞེས་པ་བཟོ་སྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་རྗེས་སུད་སི་གནས་སྡོད་ཁོང་གི་སྤུན་མཆེད་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ཀྱི་ཕུགས་བསམ་དང་བོད་ནང་གི་བོད་མིའི་མངོན་འདོད་རྣམས་རྒྱལ་སྤྱིའི་ཐོག་གློག་བརྙན་བརྒྱུད་ནས་དྲིལ་བསྒྲགས་གོ་རྟོགས་སྤེལ་ཆེད་དུ་དབུ་འཛུགས་གནང་བའི་གློག་བརྙན་དུས་སྟོན་ཞིག་ཡིན་པ་རེད། སུད་སིར་རྟེན་གཞི་བྱས་པའི་བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་པའི་ངོས་ནས་ལོ་ལྟར་སུད་སི་གྲོང་ཁྱེར་ཛུ་རིག་དང་དེ་བཞིན་བཞུགས་སྒར་དྷ་རྨ་ས་ལ་གཉིས་སུ་གློག་བརྙན་དུས་སྟོན་དེ་ཚོགས་ཀྱི་ཡོད་པ་དང་། ལྷག་པར་དུ་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གི་བཙོན་ཁང་ནས་བཙོན་གྲོལ་ཐོབ་རྗེས་ད་རེས་གློག་བརྙན་དུས་སྟོན་ཐོག་དངོས་སུ་ལྷན་ཞུགས་གནང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་གློག་བརྙན་དུས་སྟོན་དང་བསྟུན་དོན་གྲུབ་དབང་ཆེན་ལགས་སུ་བཅར་འདྲི་ཞུས་པར་ཕྱི་ལོ་ ༢༠༠༨ རྗེས་ནས་བོད་ས་ཡོངས་རྫོགས་ཀྱི་གནས་སྟངས་སྡུག་ཏུ་ཕྱིན་ནས་བོད་དེ་ད་ཆ་འཛམ་གླིང་གི་བཙོན་ཁང་ཆེ་ཤོས་ལྟ་བུར་གྱུར་ཡོད་ཅེས་གསུངས་པ་ཆབས་ཅིག རྒྱ་གཞུང་གིས་ད་བར་བོད་ནང་གི་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོས་འཛིན་གྱིས་བསྒྱུར་བཅོས་གཏོང་དགོས་པ་གསུངས་སོང་། འདི་ལོར་བོད་ཀྱི་གློག་བརྙན་དུས་སྟོན་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་མཛད་སྒོ་དེ་དེ་རིང་ཟླ་ ༩ ཚེས་ ༡༢ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་པ་དང་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་གི་ཡོད་པ་རེད། བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་སྐུ་ཟླ་ལྷ་མོ་མཚོ་ལགས་དང་། བོད་ཀྱི་གློག་བརྙན་དུས་སྟོན་གྱི་ཚོགས་གཙོ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། དེ་བཞིན་བཙན་བྱོལ་ནང་གི་བོད་མི་བོད་གློག་བརྙན་བཟོ་སྐྲུན་པ་ཁག་གཅིག་བཅས་ལྷན་འཛོམས་བྱུང་འདུག དེ་བཞིན་དེ་རིང་ནས་ཕྱི་ཚེས་ ༡༥ བར་སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་འཚོགས་བཞིན་པའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་བོད་ནང་ཕྱི་ནང་གཉིས་ཀྱི་བོད་མི་གློག་བརྙན་བཟོ་སྐྲུན་པ་ཁག་གནས་བཟོ་སྐྲུན་ཞུས་པའི་གློག་བརྙན་གཡང་མདའ་དང། འཇིགས་བྲལ། ཐར་ལོ། སྐྱོ་དབྱངས་མངར་མོ། དཔའ་བོ་སོགས་གློག་བརྙན་རིང་མཐུང་མི་འདྲ་བ་ཁག་༢༢ལྷག་གཟིགས་འབུལ་དང། དེ་བཞིན་བོད་མི་གློག་བརྙན་བཟོ་སྐྲུན་པ་ཁག་གཅིག་ཆེད་འབོད་ཀྱིས་གློག་བརྙན་གྱི་སྒྱུ་རྩལ་བགྲོ་གླེང་གནང་རྒྱུའི་ལས་རིམ་བཅས་འདུག རྩ་བའི་བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གློག་བརྙན་སྒྱུ་རྩལ་ལ་དོ་སྣང་དང་དགའ་མོས་ཡོད་མཁན་ཚོའི་སྒྱུ་རྩལ་ནུས་པ་གོང་འཕེལ་ཡོང་ཕྱིར་ལོ་ལྟར་བཙན་བྱོལ་སྤྱི་ཚོགས་ཁྲོད་ནས་བཟོ་སྐྲུན་ཞུས་པའི་དུས་ཐུང་གློག་བརྙན་ལེགས་ཤོས་ཞེས་པའི་འགྲན་རྩོད་ལམ་ནས་འདེམས་སྒྲུག་གནང་གི་ཡོད་པ་དང། འདི་ལོའི་དུས་ཐུང་གློག་བརྙན་རྩེ་ཕུད་ལྔ་འདེམས་སྒྲུག་བརྒྱུད་མང་ཚོགས་ལ་གཟིགས་འབུལ་དང། དེ་ནས་ཟུར་དཔང་གི་འདེམས་སྒྲུག་བྱས་པའི་རྩེ་ཕུད་གློག་བརྙན་ལ་ཨ་སྒོར་ ༡༠༠༠ ཐམ་པའི་བྱ་དགའ་དང། དེ་བཞིན་མང་ཚོགས་ཀྱི་དགའ་མོས་ཆེ་ཤོས་ཐོབ་མཁན་གློག་བརྙན་ལ་ཨ་སྒོར་༣༠༠ ཐམ་པའི་བྱ་དགའ་གནང་རྒྱུ་རེད་འདུག

རྒྱལ་ཚོགས་ཀྱི་ལྷན་ཚོགས་ ༤༢ ཐོག་༸པཎ་ཆེན་སྐུ་ཕྲེང་བཅིུག་པའི་སྐོར་གླེང་བ།

ཇི་ནི་ཝའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༢ ཐོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་ཡོད་ཤེས་རྟོགས་མེད་པར་གྱུར་བའི་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་གླེང་བ་དང་འབྲེལ། རིན་པོ་ཆེ་མཆོག་གར་ཡོད་ཤེས་རྟོགས་མེད་པར་གྱུར་བའི་གནད་དོན་འདིས་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམ་སྒྲིག་འབྲུ་དོན་རྩིས་མེད་རྡོག་རོལ་བཏང་བ་ཅིག་མཚོན་གྱི་ཡོད་པ་གསུངས་སོང་། ཕྱི་ཟླ་ ༩ ཚེས་ ༩ ནས་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༢ འཚོགས་བཞིན་ཡོད་པ་དང། ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱབ་རྒྱལ་ཚོགས་ཚོགས་དུས་ ༨ ཐོག་འཛམ་གླིང་ཁྲོད་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་ཁག་ཐོག་རྟོག་ཞིབ་གནང་མཁན་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གི་སྙན་ཐོ་ལྷན་ཚོགས་ལ་སྙན་སྒྲོན་ཞུས་ཏེ་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་གླེང་སློང་གནང་རྒྱུའི་ཚོགས་དུས་ཐོག་ཏུ་འཇར་མ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Kai muller ལགས་ཀྱིས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation མཚན་ཐོག་ནས་རྒྱ་གཞུང་གིས་བཙན་ཁྲིད་འོག་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཁག་གི་གནད་དོན་རྒྱལ་ཚོགས་སུ་སྙན་སེང་ཞུས་ཡོད་པ་རེད། སྐབས་དེར་སྐུ་ཞབས་ Kai muller ལགས་ཀྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་གར་ཡོད་ཤེས་རྟོགས་མེད་པར་གྱུར་ནས་ལོ་ངོ་ ༢༤ འཁོར་གྱི་ཡོད་སྟབས་སྐབས་དེར་རྒྱལ་ཚོགས་ལ་བསྐྱར་ནན་དྲན་སྐུལ་ཞུས་པ་དང་འབྲེལ། ད་བར་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་གིས་གཙོས་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་དང་བྱིས་པའི་ཐོབ་ཐང་ཚོགས་ཆུང། དེ་བཞིན་རྒྱལ་ཚོགས་ཀྱི་དམིགས་བསལ་མཁས་ལས་རྟོག་ཞིབ་པ་གཙོས། རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་ནག་གཞུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་ཐུག་འཕྲད་བྱ་རྒྱུའི་སྐོར་ཞུ་སྐུལ་རིམ་པ་བྱས་ཡོད་ཀྱང། ད་བར་རྒྱ་གཞུང་གིས་རིན་པོ་ཆེ་མཆོག་དང་ཐུག་འཕྲད་ཞུ་བཅུག་མེད་པ་མ་ཟད། ད་ཆ་རྒྱ་ནག་གཞུང་གིས་བོད་མི་གཙོས་རྒྱལ་སྤྱིའི་མང་ཚོགས་རྣམས་ལ་རིན་པོ་ཆེ་མཆོག་༸སྐུ་འཚོ་བཞུགས་ཡོད་མེད་བློ་འཚབ་དང་ཚོད་དཔག་དཀའ་བའི་གནས་སྟངས་འོག་ལྷུང་བཅུག་ཡོད་ཅེས་གསུངས་ཡོད་པ་རེད། ལྷག་པར་དུ་ཁོང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གར་ཡོད་ཤེས་རྟོགས་མེད་པར་གྱུར་བའི་གནད་དོན་འདི་ནི་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལམ་སྲོལ་ལ་ཐེ་བྱུས་དང་ཁྱད་གསོད་བྱས་པ་ཞིག་མཚོན་གྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་འབྲུ་དོན་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཀྱང་མཚོན་གྱི་ཡོད་ཅེས་གསུངས་སོང། སྐུ་ཞབས་ Muller ལགས་ཀྱིས་ཉེ་ཆར་རྒྱ་ནག་གཞུང་བོད་རྔ་པ་ཁུལ་གྱི་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་ཡོད་ཤེས་རྟོགས་མེད་པར་གྱུར་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་དང། གྲྭ་བློ་བཟང་ཐབས་མཁས་ལགས། དེ་བཞིན་གྲྭ་ཐུབ་པ་ལགས་བཅས་གསུམ་གྱི་གནད་དོན་རྒྱལ་ཚོགས་སུ་སྙན་སེང་ཞུས་པ་དང་འབྲེལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་སུ་བོད་མི་ཚོ་རྒྱ་ནག་གཞུང་གིས་འཛིནབཟུང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་རྒྱུན་མི་ཆད་པ་ཡོང་བཞིན་ཡོད་པ་དང། དེ་བཞིན་བོད་རྔ་པ་ཁུལ་དུ་ཕྱི་ལོ་ ༢༠༠༩ ནས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་རིམ་པ་བྱུང་རྗེས་ད་ཆ་ས་ཁུལ་དེ་རྒྱ་ནག་གཞུང་ནས་དམ་དྲག་བྱེད་ཡུལ་ཞིག་ཆགས་ཡོད་ཅེས་གསུངས་འདུག དེ་བཞིན་སྐུ་ཞབས་ Muller ལགས་ཀྱིས་དུས་ཡུན་སྐར་མ་གཉིས་ནང་ཚུད་ལ་ལྷན་ཚོགས་སུ་སྙན་སེང་ཞུ་རྒྱུའི་གོ་སྐབས་དེ་བརྒྱུད་ནས་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་ཁག་གི་ཐོག་རྟོག་ཞིབ་གནང་མཁན་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་ནས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་ཐོག་རྒྱུན་མི་ཆད་པར་ཐུགས་ཁུར་གནང་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། དེས་གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་གནད་དོན་དེ་མ་བརླག་པར་གསོན་པོར་གནས་ཡོད་པར་ཡིད་ཆེས་ཤིག་སྐྲུན་ཡོད་ཅེས་གསུངས་སོང་བ་མ་ཟད། ལྷག་པར་དུ་ཁོང་གིས་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་ཁག་གི་ཐོག་རྟོག་ཞིབ་གནང་མཁན་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གཙོས་འབྲེལ་ཡོད་ཚོགས་ཆུང་ཁག་ནས་ད་བར་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་འོག་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་སྤྱི་དང་སྒོས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་ཤེས་རྟོགས་ཡོང་རྒྱུར་རྟོག་ཞིབ་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མཁན་གྱི་ལས་བྱེད་ཟུར་པའི་མིང་ཐོ་རྩིས་སྤྲོད་དགོས་བའི་བརྡ་ཁྱབ།

ཨ་རི་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་དམར་ཤོག་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་ཟུར་པ་རྣམས་ཆོས་དང་འབྲེལ་བའི་བྱེད་སྒོ་གང་ལ་ཡང་ཞུགས་མི་ཆོག་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལག་སོན་བྱུང་ཡོད་སྟབས་དེ་ལྟ་བུའི་རྒྱ་ནག་དམར་ཤོག་གི་བྱེད་བབ་དེས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པ་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དམར་ཤོག་གཞུང་གི་གསལ་བསྒྲགས་དེར་ཟླ་དུས་ཚེས་གྲངས་གང་ཡང་བཀོད་མེད་ཀྱང་གསལ་བསྒྲགས་དེར་དམར་ཕྱོགས་གཞུང་གི་ཚོགས་མི་ཡིན་མིན་ལ་མ་བལྟས་པར་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་ཡིན་པ་གང་ཞིག་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་པ་དང་སྐོར་ར་འགྲོ་མཁན་རྣམས་ཀྱི་མིང་ཐོ་དེ་ཟླ་ ༨ ཚེས་ ༡༨ སྔོན་ལ་སྲིད་གཞུང་ལ་རྩིས་སྤྲོད་དགོས་པ་བཤད་ཡོད་པ་མ་ཟད། ཕྱག་འཚལ་དང་སྐོར་བ་གཙོས་དགེ་སྦྱོར་གནང་མཁན་རྣམས་ལ་ཇི་ལྟར་ཉེས་ཆད་གཅོད་དགོས་མིན་གྱི་བསམ་འཆར་ཕུལ་དགོས་པ་འཁོད་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་ཀྱི་སྤྱི་ཚོགས་ཀྱི་ནང་རྩ་ཆེན་གྱི་གནས་དང་དགོན་པ་སོགས་ལ་སྐོར་ར་འགྲོ་བ་དང་། དུས་རྒྱུན་ཞལ་འདོན་སྐྱོར་བ་སོགས་ནི་བོད་མི་རྣམས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་གསལ་བརྗོད་གནང་བ་དང་སྦྲགས།  ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱ་ནག་གི་དམར་ཕྱོགས་ཀྱི་དཔོན་རིགས་རྣམས་ཀྱིས་ཡ་ང་སྙིང་རྗེ་མེད་པར་བོད་མི་རྣམས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་མཐའ་དག་ལ་བཏང་འཛིན་བྱེད་ཀྱི་ཡོད་པ་མ་ཟད། དམར་ཤོག་སྲིད་གཞུང་ལ་མི་ཚེ་གང་པོར་ཞབས་ཞུ་སྒྲུབ་མཁན་རྣམས་ལ་གུ་ཡངས་གཅིག་ཀྱང་བྱེད་ཀྱི་མེད་པར་སྐྱོབ་བརྗོད་གནང་སྟེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་ ༣༦ ནང་རྒྱ་ནག་ནང་གི་ཆོས་ལུགས་དད་མོས་ཀྱི་རང་དབང་འཁོད་ཡོད་པ་ལྟར་དམར་ཤོག་སྲིད་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོར་དམ་དྲག་བྱེད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་བརྡ་ཁྱབ་བཏང་འདུག གནས་ཚུལ་དེ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་རྒྱལ་མཚན་མཚན་ནོར་བུ་བོད་ཀྱི་ས་ཁུལ་གང་སར་མངགས་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བཞིན་པ་དང་། དེ་བཞིན་བོད་མི་རྣམས་ལ་དགོན་པར་མཇལ་ཁ་དང་སྐོར་ར་ཙམ་ཀྱང་བྱེད་དུ་འཇུག་གི་མེད་པའི་ཐད་ལ་དགོངས་འཆར་གང་ཡོད་དམ་ཞེས་བཅར་འདྲི་ཞུས་པར་དམར་ཤོག་གཞུང་གིས་དུས་རྒྱུན་ནས་བོད་ནང་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པ་ཕྱིར་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དམ་ཐོག་བོད་ནང་གི་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་གཙོས་པའི་བོད་ཁུལ་གྱི་ནང་ཆོས་འཆད་ཉན་གྱི་ལྟེ་བ་ཡོད་ཚད་ལ་རྩ་གཏོར་གཏོང་གི་ཡོད་པ་མ་ཟད། དགོན་པའི་ནང་གྲྭ་བཙུན་ཡར་འཇུག་དང་མར་འཕུད་ཀྱི་གནད་དོན་གཙོས་ཉིན་རེའི་བྱེད་སྒོ་ཡོད་ཚད་ཀྱང་བཏང་འཛིན་བྱེད་ཀྱི་ཡོད་པ་བརྗོད་དེ་བོད་དུ་ཆོས་དད་ཀྱི་རང་དབང་མེད་པ་གསལ་པོ་ཞེ་དྲག་རེད་ཅེས་གསུངས་སོང་། ཨ་རྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ད་དུང་རྒྱ་ནག་སྲིད་གཞུང་གི་དཔོན་རིགས་རྣམས་ཀྱིས་ཆོས་ལུགས་དད་མོས་དེ་ལྟ་བུའི་བཏང་འཛིན་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་མ་ཟད་བོད་རྒྱ་གཉིས་ཞི་མཐུན་གྱི་སྒོ་ནས་མཉམ་གནས་བྱེད་དགོས་ཚེ་བོད་མི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་འཇགས་ནས་ཡོད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་བརྩི་བཀུར་དང་ལྷག་དོན་༸གོང་མཆོག་ལ་མཚན་སྨད་ཞུ་བ་སོགས་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་གསུངས་ཡོད། རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༤ ལོ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་དམར་ཤོག་ཚོགས་པའི་ཚོགས་མི་དང་སྲིད་གཞུང་གི་ལས་བྱེད་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། ཐེངས་འདིར་དམར་ཤོག་ཚོགས་པའི་ཚོགས་མི་དང་ལས་བྱེད་ཙམ་མ་ཟད་དམར་ཤོག་ཚོགས་མི་ཡིན་མིན་ལ་ལྟོས་མེད་རྒས་ཡོལ་དུ་ཕེབས་ཟིན་པ་ཡོངས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་ཞིག་ཆགས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གི་ལས་བྱེད་ཟུར་པ་ཚོའི་ཆོས་ཕྱོགས་ལ་དེ་ལྟ་བུའི་དམ་དྲག་དེ་ཆོས་ཕྱོགས་དང་འབྲེལ་བའི་དུས་དྲན་སོ་སོའི་སྐབས་དང་། དེའང་ངག་ཐོག་མ་གཏོགས་གཞུང་འབྲེལ་སྒོ་ནས་ཡིག་ཐོག་ཏུ་བཀོད་མྱོང་མེད་པ་རེད། ཕྱི་ལོ་ ༢༠༡༢ ལོར་གཞུང་གི་ལས་བྱེད་ཟུར་པ་གཙོས་བོད་མི་སྟོང་ཕྲག་འགལ་བ་རྒྱ་གར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་ནས་ཕྱིར་ཕེབས་མཚམས་སུ་སློབ་གསོ་སྤེལ་བའི་མིང་ཐོག་ནས་བཀག་བསྐྱིལ་བྱས་ཡོད་པ་མ་ཟད། ལས་བྱེས་ཟུར་པ་ཁག་གཅིག་གི་རྒས་ཡོལ་གྱི་གླ་ཕོགས་དང་སྨན་ཁང་གི་དམིགས་བསལ་གྱི་ལག་འཁྱེར་སོགས་ཀྱང་ཕྱིར་བསྡུ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད། ཐེངས་འདིའི་དམ་དྲག་གི་དྲིལ་བསྒྲགས་སྤེལ་མཁན་ནི་བོད་རང་སྐྱོང་ལྗོངས་ཁུལ་དུ་ལས་བྱེད་རྒས་ཡོལ་ལ་ལྟ་རྟོག་བྱེད་བཞིན་པའི་དམར་ཤོག་ཚོགས་ཆུང་ཞིག་རེད་འདུག

བོད་དོན་གྲོས་མོལ་ཞུ་གཏུག་གི་སྐོར་སྐྱོད་དེ་ཨིན་ཡུལ་ནང་འབྱོར་བ།

བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བའི་ཆེད་སྤྱི་ལེ་ ༢༥༠༠༠ ཙམ་སྣུམ་འཁོར་བརྒྱུད་ནས་ཡོ་རོབ་རྒྱལ་ཁབ་ཁག་ ༣༠ ནང་བོད་དོན་ཞུ་གཏུག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་སེ་པན་དང་། པོ་ཅུ་གྷལ་། ཨེན་ཌོ་ར། དེ་བཞིན་ཕ་རན་སི་བཅས་ཡོ་རོབ་རྒྱལ་ཁབ་བཞིའི་ནང་སྐོར་སྐྱོད་ལེགས་གྲུབ་ཀྱིས་ཁ་སང་ཨིན་ཡུལ་གྱི་རྒྱལ་ས་ལོན་ཊན་ནང་འབྱོར་འདུག ཐུབ་བསྟན་དབང་ཆེན་ལགས་ནས་ཡོ་རོབ་རྒྱལ་ཁབ་ཁག་ ༣༠ ནང་གི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་ཞུ་གཏུག་དང་དེ་བཞིན་བོད་ནང་དངོས་ཡོད་གནས་སྟངས་སྙན་སེང་ཞུ་རྒྱུ་སོགས་ཀྱི་དགོས་འདུན་དོན་ཚན་ ༡༢ འོག་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་དུས་ཆེན་དང་བསྟུན་ཡོ་རོབ་རྒྱལ་ཁབ་སེ་པན་གྱི་བྷར་སེ་ལོ་ན་གྲོང་ཁྱེར་ནས་དབུ་འཛུགས་གནང་ཡོད་པ་རེད། སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཐེངས་འདིའི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་ཐོག་ནས་བོད་ཀྱི་རྒྱལ་དར་དང་ལས་འགུལ་མིང་བྱང་སོགས་འཁོད་པའི་སྣུམ་འཁོར་ཞིག་ཆེད་དུ་བཀོད་བཟོ་བྱས་ཏེ་དེ་དང་མཉམ་དུ་བོད་པའི་མཆོད་ཀོང་སྟེང་ཞི་བདེའི་མཚོན་རྟགས་ཀྱི་བྱ་འང་གུ་དཀར་པོའི་འདྲ་གཟུགས་ཡོད་པའི་ཞི་བདེའི་སྒྲོན་མེའི་མཚོན་རྟགས་ཅན་ཞིག་བསྣམས་ནས་བོད་དོན་སྐོར་སྐྱོད་གནང་བཞིན་ཡོད་པ་དང། འདས་པའི་ཉིན་གྲངས་དེ་དག་ནང་ཐུབ་བསྟན་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་སེ་པན་དང་། པོ་ཅུ་གྷལ། ཨེན་ཌོ་ར། ཕ་རན་སི་བཅས་ཡོ་རོབ་རྒྱལ་ཁབ་བཞིའི་གྲོས་ཚོགས་གོང་འོག་འཐུས་མི་ ༡༢ ལྷག་དང་མཇལ་མོལ་གནང་བ་མ་ཟད་རྒྱ་ནག་གཞུང་ཚབ་ཁང་ལ་བོད་དོན་གྲོས་མོལ་ཡོང་བའི་ཞུ་སྙན་དང་། དེ་བཞིན་གསར་ཁང་ཁག་ལ་བོད་དོན་དང་འབྲེལ་བའི་བཅར་འདྲི་དང་ལེན་སོགས་གནང་ཐུབ་པ་བྱུང་འདུག རྩ་བའི་སྐོར་སྐྱོད་ཀྱི་འཆར་གཞིར་གཞིགས་ཚེ་ཐུབ་བསྟན་དབང་ཆེན་ལགས་ནས་དེ་རིང་དང་སང་ཉིན་བཅས་སུ་ཨིན་ཡུལ་རྒྱལ་ས་ལོན་ཊན་ཁུལ་དུ་ས་གནས་གྲོས་ཚོགས་འཐུས་མིར་མཇལ་འཕྲད་བརྒྱུད་བོད་དོན་ཞུ་གཏུག་དང། ལོན་ཊན་གྲོང་ཁྱེར་ཁུལ་དུ་ཡོད་པའི་གལ་ཆེའི་ས་ཚིགས་ཁག་ཏུ་སྐོར་སྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་གནང་རྒྱུ། དེ་རིང་རེས་གཟའ་ལྷག་པ་ཉིན་ཨིན་ཡུལ་བོད་རིགས་ཚོགས་པ་དང་ལྷན་དུ་ལོན་ཊན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལྷག་དཀར་སྲུང་བརྩི་དང་འབྲེལ་རྒྱ་ནག་གཞུང་ཚབ་ཁང་ལ་བོད་དོན་གྲོས་མོལ་ཡོང་བའི་ཞུ་སྙན་ཕུལ་རྒྱུ་རེད་འདུག ཕྱི་ཚེས་ ༡༣ ཉིན་ལོན་ཊན་ནས་སི་ཁོཊ་ལན་ཌིར་ཐོན་གནང་གི་འདུག

ཁེ་ན་ཌ་ནང་གནས་སྡོད་བྱས་ནས་མི་ལོ་ ༥༠ འཁོར་ལ་ཉེ་བ་དང་བསྟུན་བོད་རིགས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་གནང་བཞིན་པ།

གནངས་ཕྱི་ལོ་ ༢༠༢༡ ལོར་ཁེ་ན་ཌ་ཁུལ་དུ་བོད་རིགས་ཐོག་མར་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་པ་དང་བསྟུན། ཁུལ་དེར་ཆེད་འཛུགས་བྱས་པའི་སྤྱི་སེམས་ཚོགས་པ་དང་ the Canadian Museum of Immigration འམ་ཁེ་ན་ཌའི་གཞུང་གི་གཞིས་སྤོས་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་ཐོག་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡིག་ངག་བརྙན་གསུམ་གྱི་ཐོག་ནས་ལོ་རྒྱུས་བསྡུ་རུབ་གནང་རྒྱུའི་ལས་གཞི་ཞིག་དབུ་འཛུགས་གནང་བཞིན་འདུག འདི་ག་རླུང་འཕྲིན་ཁང་ནས་སྤྱི་སེམས་ཚོགས་པའི་ཚོགས་མི་མཁའ་འགྲོ་བསམ་གྲུབ་ལགས་སུ་དེ་འབྲེལ་ཐོག་བཅར་འདྲི་ཞུས་པར་ལས་འགུལ་དེའི་ཁྲོད་དེ་སྔ་བོད་ལ་དུས་འགྱུར་མ་བྱུང་སྔོན་གྱི་མི་སྣ་ཡིན་པ་གང་ཞིག་ཁེ་ན་ཌ་ཁུལ་དུ་འབྱོར་བའི་མི་རབས་དང་པོ་དང་། བོད་ལ་དུས་འགྱུར་བྱུང་ནས་རྒྱ་གར་དང་ཁེ་ན་ཌ་ནས་འཚར་ལོངས་བྱུང་བའི་མི་རབས་གཉིས་པའི་མི་སྣའི་སར་ལོ་རྒྱུས་མཁོ་སྒྲུབ་གནང་སྟེ་ཁེ་ན་ཌ་གཞུང་དང་ཁེ་ན་ཌ་གཞུང་གི་གཞིས་སྤོས་འགྲེམས་སྟོན་ཁང་གི་ཡིག་ཚགས་ཏུ་བོད་རིགས་ཀྱི་ལོ་རྒྱུས་འཁོད་ཐབས་གནང་རྒྱུ་ཙམ་མ་ཟད། བོད་མིའི་ལོ་རྒྱུས་དེ་དག་ ebook འམ་འཕྲུལ་དེབ་ཐོག་ཏུ་བཞག་རྒྱུ་ཡིན་པ་གསུངས་སོང་། ལས་གཞི་དེའི་ཁྲོད་མཁའ་འགྲོ་ལགས་རང་ཉིད་ཀྱི་ཨ་མ་ལགས་དམ་པའི་ལོ་རྒྱུས་ཀྱི་སྐོར་ལ་ངོ་སྤྲོད་དང་དེ་འབྲེལ་རྩོམ་འབྲི་གནང་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། ད་ལྟའི་འཆར་སྤྱི་སེམས་ཚོགས་པའི་ངོས་ནས་ཁེ་ན་ཌ་ཁུལ་དུ་ ༡༩༧༠ ནས་ ༡༩༧༢ བར་གྱི་དུས་ཚིགས་ནང་འབྱོར་བའི་བོད་རིགས་ཀྱི་ཐོ་གཞུང་རྣམས་བསྡུ་རུབ་གནང་བཞིན་ཡོད་སྟབས། ཐོ་གཞུང་ནང་མེད་པ་རྣམས་ངོ་དེབ་དང་གློག་འཕྲིན་བརྒྱུད་འབྲེལ་བ་གནང་རོགས་ཞེས་འབོད་སྐུལ་གནང་གི་འདུག རྩ་བའི་ཕྱི་ལོ་ ༢༠༢༡ ལོར་བོད་རིགས་ཁེ་ན་ཌ་ཁུལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བཞིན་ཡོད་ཀྱང་ད་ལྟའི་འཆར་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུའི་དམིགས་བསལ་གྱི་དུས་ཚིགས་ཤིག་གཏན་འཁེལ་བྱུང་མེད་པ་དང་། སྤྱི་སེམས་ཚོགས་པ་ཞེས་པ་ནི་མི་རབས་གོང་མིའི་བུ་ཕྲུག་ཁག་གཅིག་ནས་དང་བླངས་ཐོག་ལས་དོན་དེ་ཁོ་ནའི་ཆེད་དུ་ཆེད་འཛུགས་གནང་བ་ཞིག་ཡིན་པ་རེད།

གྲྭ་བློ་བཟང་རྡོ་རྗེ་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ཞིག་གི་མཚན་མོར་རང་ཤག་ནས་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་པའི་ལོ་ན་ ༣༦ ཙམ་ཡིན་པའི་ཨ་མདོ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་རྡོ་རྗེ་ལགས་ལོ་ ༡ དང་ཟླ་བ་ ༢ མན་ཙམ་གྱི་རིང་བཀག་ཉར་བྱས་རྗེས་འདི་ལོའི་ཟླ་ ༩ ཚེས་ ༣ ཉིན་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་སྔོན་ཁོང་འཛིན་བཟུང་བྱེད་སྐབས་ཕྱི་ཕྱོགས་སུ་འབྲེལ་བ་གནང་རྐྱེན་གྱིས་ཡིན་པར་བཤད་འདུག་ཀྱང་། ཉེ་ཆར་ཁྲིམས་ཐག་གཅོད་སྐབས་ཉེས་འཛུགས་གང་བྱེད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། གཞི་རྩའི་གྲྭ་བློ་བཟང་རྡོ་རྗེ་ལགས་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་ཞུགས་གནང་འདུག ཁོང་ལ་ད་རེས་བཙོན་འཇུག་གི་ཁྲིམས་ཐག་བཅདད་པ་དེ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པས་སྣེ་ཁྲིད་འོག་རྔ་པ་རྫོང་གི་མི་མང་བཅས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེར་གནང་ཡོད་པ་དང་། སྐབས་དེ་དུས་ཟླ་བ་མང་པོའི་རིང་རྔ་པ་དགོན་སྡེ་མང་པོའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བའི་ཁྲོད་ཁོང་དང་གྲྭ་ཀུན་དགའ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་རྐྱེན་མཚན་ལ་ཉེན་རྟོག་པས་འཛིན་བཟུང་གིས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་ཆབས་ཅིག་ཏུ་ཕྱི་ལོ་ ༢༠༡༡ ལོར་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་དབང་གིས་ཉིན་ཤས་རིང་བཀག་ཉར་གནང་མྱོང་ཡོད་པ་རེད་འདུག  བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲེལ་བརྗོད་གནང་དོན་སྐབས་དེའི་ཡུལ་དངོས་ཀྱི་དགེ་འདུན་པ་ཚོས་ཁོང་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དེས་རྒྱ་གཞུང་གིས་འོག་ཏུ་མགོ་མི་སྒུར་བར་བཙོན་དུ་བཞུགས་ན་དགའ་བའི་ཆོད་སེམས་བརྟན་པོ་ཡོད་པ་མཚོན་ཐུབ་པ་བརྗོད་ཡོད་པ་རེད། སྤྱིར་གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་གཙོས་པའི་རང་ལོ་ ༣༧ ཙམ་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཐབས་མཁས་ལགས། དེ་བཞིན་རང་ལོ་ ༣༢ ཡིན་པ་རྔ་པ་སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ་ལགས་བཅས་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་འདི་ལོའི་ཟླ་ ༨ པའི་ནང་ཕྱིར་གྱར་བྱུང་ཡོད་ཀྱང་། ཁོང་རྣམ་པ་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་རྣམས་བཙན་གྱིས་གར་སོང་ཆ་མེད་བཟོས་པ་དང་གང་བྱུང་བཀག་ཉར་བྱས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་དག་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་དང་སྦྲགས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་ལ་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་གཙོས་པའི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་རྣམས་ཆ་རྐྱེན་མེད་པར་གློད་བཀྲོལ་དགོས་པ་དང་། རྒྱ་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་པ་གསུངས་འདུག

འཇར་མ་ནིའི་དོམ་ཕྲུག་གཉིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྩོད་གླེང་ཞིག་ཏུ་གྱུར་བ།

འཇར་མ་ནིའི་སྲིད་བློན་ Angela Merkel མཆོག་ཁ་སང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པའི་ཁྲོད་ཉེ་ལམ་འཇར་མ་ནིའི་རྒྱལ་ས་བྷར་ལིན་ནང་གི་གཅན་གཟན་ཁང་ཞིག་ཏུ་མཱང་མཱང་ཟེར་བའི་དོམ་ཁྲ་ཞིག་ལ་ཕྲུ་གུ་གཉིས་སྐྱེས་ཡོད་པ་དེ་ད་ཆ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་རྩོད་གླེང་ཅན་ཞིག་ཏུ་གྱུར་འདུག མཱང་མཱང་ཟེར་བའི་དོམ་ཁྲ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་ནས་ཇི་ཨའོ་ཆིང་ཟེར་བའི་དོམ་ཁྲ་གཞན་ཞིག་དང་ལྷན་དུ་འཇར་མ་ནིའི་གཅན་གཟན་ཁང་དེར་ལོ་རེར་ཨ་སྒོར་ས་ཡ་གཅིག་རེ་བྱས་ནས་ཁྱོན་ལོ་ ༡༥ རིང་གཡར་ཡོད་པ་རེད། ད་ཆ་མཱང་མཱང་ཟེར་བའི་དོམ་ཁྲ་དེར་དོམ་ཕྲུག་གཉིས་སྐྱེས་རྗེས་འཇར་མ་ནིའི་བརྒྱུད་ལམ་ཁག་གཅིག་གི་ཐོག་དོམ་ཕྲུག་དེ་དག་ལ་མིང་གང་བཏགས་ཡོད་མེད་ཐད་ལ་བགྲོ་གླེང་ཤུགས་ཆེན་པོ་བྱེད་བཞིན་པ་དང། དེའང་ Bild གསར་ཁང་གིས་གནས་ཚུལ་སྤེལ་བར་ཧོང་ཀོང་ནང་བྱུང་བའི་ཞི་རྒོལ་དང་འབྲེལ་ཏེ་དོམ་ཕྲུག་གཅིག་གི་མིང་ལ་ཧོང་དང་གཞན་དེར་ཀོང་ཞེས་བཏགས་དགོས་པའི་དགོས་འདུན་ཆེད་བཏོན་གནང་བ་དང། Der Tagesspiegel གསར་ཤོག་ཐོག་ཏུའང་ཀློག་པ་པོ་ཁག་གཅིག་གིས་འཇར་མ་ནིའི་བྱིས་པའི་སྒྲུང་གཏམ་གྲགས་ཅན་ཁག་གཅིག་ལས་ཡཱིན་དང་ཡེང་། པིང་དང་པོང་། Plisch དང་ Plum དེ་བཞིན་ Max དང་ Moritz སོགས་མིང་སྣ་ཚོགས་བཏགས་པའི་ཁོངས་ནས་ཧོང་དང་ཀོང་ལ་དགའ་མོས་ཆེ་ཤོས་ཐོབ་འདུག བགྲོ་གླེང་དེའི་ཁྲོད་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ Joshua Wang ལགས་ཀྱིས་ཀྱང་ཆ་ཤས་བླངས་པ་དང་འབྲེལ་ཏེ་འཇར་མ་ནིའི་གཅན་ཟན་ཁང་དེས་དོམ་ཕྲུག་དེ་དག་གཉིས་ལ་མང་གཙོ་དང་རང་དབང་ཞེས་མིང་བཏགས་དགོས་པ་དང་། གལ་ཏེ་དེ་ལྟར་བཏགས་ཚེ་འཇར་མ་ནིའི་གཞུང་ངོས་ནས་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་རྒྱུ་ཡིན་པ་གསུངས་འདུག དེའི་བར་ན་ PETA ཞེས་པའི་དུད་འགྲོའི་ལྟ་རྟོག་ཚོགས་པས་འཇར་མ་ནིའི་གཅན་གཟན་ཁང་གི་དོམ་ཁྲ་དེ་དག་ཐོག་མ་ཉིད་ནས་ཆབ་སྲིད་དང་དངུལ་གྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་འོག་རྒྱ་ནག་ནས་འཇར་མ་ནིར་ཁྱེར་བ་ཞིག་ཆགས་ཡོད་པ་དང། དོམ་ཕྲུག་དེ་དག་འཚོ་གནས་བྱེད་ས་དངོས་ནི་རྒྱ་ནག་གི་ནགས་ཚལ་ཡིན་སྟབས་ད་ལྟའི་གོ་སྐབས་དེ་ནི་དོམ་ཕྲུག་དེ་དག་གི་གནས་སྟངས་ཐོག་དོ་སྣང་འགུག་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་བརྗོད་འདུག གཞི་རྩའི་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་འཇར་མ་ནིར་བསྐྱོད་སྐབས་ཁོ་པ་དང་སྲིད་བློན་མར་ཀེལ་གཉིས་ནས་མཱང་མཱང་དང་ཇི་ཨའོ་ཆིང་ཟེར་བའི་དོམ་ཁྲ་གཉིས་ཐེངས་དང་པོ་མང་ཚོགས་ལ་གཟིགས་འབུལ་ཞུས་པ་དང་། སྐབས་དེར་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་སླད་དོམ་ཁྲ་སྤྱོད་པའི་སྲོལ་ Panda diplomacy ཞེས་པའི་རྒྱ་ནག་གི་དོམ་ཁྲའི་ཕྱི་འབྲེལ་ཐབས་བྱུས་ལ་སྐྱོན་བརྗོད་དང་འབྲེལ། རྒྱལ་ས་བྷར་ལིན་ནང་རྔམ་སྟོན་ཁྲོམ་སྐོར་གནང་བ་བརྒྱུད་འཇར་མ་ནི་སྲིད་བློན་མཆོག་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུའི་ཐབས་ཤེས་ཁྲོད་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་གནས་སྟངས་བཅས་པ་མ་བརྗེད་པར་རྒྱ་ནག་གི་འགོ་ཁྲིད་ལ་ཤུགས་དྲག་ཆེན་པོའི་སྒོ་ནས་གནད་དོན་དེ་དག་གསལ་བརྗོད་གནང་དགོས་ཞེས་སྐུལ་མ་ཞུས་ཡོད་པ་རེད། རྒྱ་ནག་གི་དོམ་ཁྲ་དེ་དག་གཉིས་ཀྱི་རྐྱེན་པས་ལོ་གཅིག་ནང་བྷར་ལིན་ནང་གི་གཅན་གཟན་ཁང་དེར་གཟིགས་མོ་བ་ས་ཡ་ལྔ་ཙམ་ཡོང་མཁན་བྱུང་ཡོད་པ་རེད། བྷར་ལིན་དང་པེ་ཅིང་གཉིས་དབར་དེ་སྔ་བཞག་པའི་གྲོས་མཐུན་ལ་གཞིགས་ན་མཱང་མཱང་ལ་སྐྱེས་པའི་དོམ་ཕྲུག་གཉིས་པོ་དེ་དག་ཐོག་རྒྱ་ནག་གཞུང་གི་བདག་དབང་ཡོད་སྟབས་ཕལ་ཆེར་དོམ་ཕྲུག་དེ་དག་གི་མིང་ཡང་རྒྱ་ནག་གཞུང་ནས་བཏགས་རྒྱུར་ཚོད་དཔག་གནང་བཞིན་པ་དང་། ཕལ་ཆེར་དོམ་ཕྲུག་དེ་དག་མ་འོངས་པའི་ལོ་གསུམ་བཞིའི་རྗེས་སུ་རྒྱ་ནག་ལ་གཏང་རྒྱུར་ཚོད་དཔག་ཡང་བྱེད་བཞིན་ཡོད་པ་རེད་འདུག

Latest news