Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཧོང་ཀོང་ནང་ཛ་དྲག་གི་ཁྲིམས་གཞི་བསྡམས་པར་སྐྱོན་བརྗོད།

ཧོང་ཀོང་ས་གནས་གཞུང་གིས་ཁུལ་དེའི་ནང་འདས་པའི་ལོ་ངོ་ ༥༠ ནང་རྩ་བ་ནས་ལག་བསྟར་བྱས་མྱོང་མེད་པའི་ཛ་དྲག་གི་ཁྲིམས་གཞི་བསྡམས་ཏེ་ཁུལ་དེའི་ནང་གི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཚོས་གདོང་འབག་གྱོན་མི་ཆོག་པའི་བཀའ་རྒྱ་བཏང་མ་ཐག་ཏུ་ས་གནས་སུ་སྔར་ལྷག་ཞི་རྒོལ་ཁྲོད་ཉེན་རྟོག་པས་སླར་ཡང་མང་ཚོགས་ཐོག་མེ་འདའ་བརྒྱབ་པའི་གནས་ཚུལ་ཐོན་པ་མ་ཟད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཧོང་ཀོང་གཞུང་གི་ཛྲ་དྲག་ཁྲིམས་གཞི་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་འདུག ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་གྱིས་ཁ་སང་རེས་གཟའ་པ་སངས་ཉིན་གསར་འགོད་གསལ་བསྒྲགས་ཤིག་བརྒྱུད་དྲག་པོའི་ཁྲིམས་གཞི་དེ་གསལ་བསྒྲགས་བྱས་པ་དང་དེར་རྩིས་འཇོག་མ་བྱེད་པར་གདོང་འབག་གྱོན་མཁན་རྣམས་ཁྲིམས་འགལ་དུ་ངོས་འཛིན་གྱིས་དོ་བདག་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་གསུངས་པ་མ་ཟད་ཁུལ་དེར་ཟིང་འཁྲུག་ལ་ཞོད་འཇགས་མ་བྱུང་བ་ཡིན་ན། ས་གནས་གཞུང་གི་ངོས་ནས་དེའི་ཁྲིམས་གཞི་ཅི་འདྲ་ཞིག་ལག་བསྟར་བྱེད་དགོས་བྱུང་ཚེ་དེ་བྱ་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། ཧོང་ཀོང་ནང་གི་ཛ་དྲག་གི་ཁྲིམས་གཞི་དེ་ཁྱབ་བསྒྲགས་བྱས་མ་ཐག་ཏུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དེ་ནི་དེ་སྔ་རྒྱལ་ཁབ་ཅིག་གིས་སྤྱི་ཚོགས་སམ་རྒྱལ་ཁབ་གཞན་ཞིག་ལ་དབང་སྒྱུར་བྱེད་པའི་ལམ་ལུགས་ཁྲོད་ལག་བསྟར་བྱ་རྒྱུ་ཁྲིམས་གཞི་ཞིག་ཡིན་པར་སྐྱོན་བརྗོད་དང་འབྲེལ། ཧོང་ཀོང་གི་སྤྱི་ཁྱབ་ལ་ཁྲིམས་གཞི་དེ་ཁྲིམས་མཐུན་རང་གི་ཐོག་ནས་ཆ་སྙོམས་པ་ཞིག་དགོས་པ་དང་། ཁུལ་དེའི་ནང་གི་དཀའ་ངལ་དག་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་སྐུལ་མ་གནང་འདུག དེ་ཡང་ south china morning post ཞེས་པའི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་མགྲིན་ཚབ་པ་ Marta Hurtadoལགས་ཀྱིས་རྒྱལ་ཚོགས་ནས་ཧོང་ཀོང་གི་གནད་དོན་ལ་ཞིབ་ཕྲ་བརྡར་ཤ་གཅོད་ཐོག་དམ་དྲག་བྱ་རྒྱུ་དེ་དག་ཁྲིམས་མཐུན་ཞིག་དགོས་ངེས་དང་ཞི་བའི་སྒོ་ནས་ངོ་རྒོལ་བྱ་རྒྱུ་ནི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པ་མ་ཟད་དེར་བཀག་འགོག་མེད་པར་ལས་འགུལ་སྤེལ་བཅུག་དགོས་པ་བརྗོད་འདུག དེ་བཞིན་ཨིན་ཡུལ་གྱི་ཕྱི་འབྲེལ་དྲུང་ཆེ་ Dominic Raab ལགས་ཀྱིས་ཧོང་ཀོང་གཞུང་གིས་མི་མང་གི་བདེ་འཇགས་དང་ངལ་སེལ་སླད་དུ་ཐུགས་འགན་བཞེས་དགོས་པ་མ་ཟད། དཀའ་ངལ་ཛ་དྲག་ཏུ་གཏོང་རྒྱུ་ལས་ལྡོག་སྟེ་མང་ཚོགས་ཀྱི་དངངས་འཚབ་སེལ་ཐབས་ལ་འབད་དགོས་པ་དང་། ཧོང་ཀོང་གི་གནད་དོན་དང་འབྲེལ་ནས་དཀའ་ངལ་སེལ་ཐབས་གཙོ་བོ་ནི་གྲོས་མོལ་གནང་རྒྱུ་དེ་ཡིན་པ་བརྗོད་འདུག ཕྱོགས་མཚུངས་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi ལགས་ཀྱིས་ཁྲིམས་གཞི་དེས་མང་ཚོགས་ཀྱི་མངོན་འདོད་སེལ་རྒྱུ་ལས་ལྡོག་སྟེ་མང་ཚོགས་དང་ཉེན་རྟོག་པའི་དབར་གདོང་ཐུག་ཆེ་རུ་གཏོང་ངེས་ཙམ་མ་ཟད་སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་ཐུགས་འཚབ་ཀྱི་གཞི་ཞིག་ཆགས་ཡོད་པ་གསུངས་འདུག ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པས་ས་གནས་གཞུང་དང་མི་མང་གི་དབར་ངེས་པར་གྲོས་མོལ་གནང་དགོས་གལ་དང་། Germany ཕྱི་འབྲེལ་བློན་ཆེན་གྱི་མགྲིན་ཚབ་པ་ Christofer Burger ལགས་ཀྱིས་ས་གནས་ཀྱི་ཁྲིམས་གཞི་གསར་པ་དང་འབྲེལ་ནས་ཞིབ་ཕྲ་ཞིག་བརྗོད་རྒྱུ་མེད་ཀྱང་མང་ཚོགས་ལ་དྲག་ཤུགས་ཐོག་ནས་མཚམས་འཇོག་བྱེད་དགོས་ཞེས་བཀའ་རྒྱ་བསྒྲགས་ན་མི་འགྲིག་པ་དང་གནད་དེ་ཞི་འགྲིག་ཡོང་ཐབས་སུ་ཕྱོགས་གཉིས་ནས་ཐུགས་འགན་བཞེས་དགོས་པ་བརྗོད་འདུག གཞི་རྩའི་ཁ་ས་ཧོང་ཀོང་གི་སྤྱི་ཁྱབ་ནས་དྲག་པོའི་ཁྲིམས་གཞི་བསྡམས་རྗེས་ཧོང་ཀོང་ནང་ཕྱི་དྲོ་སླར་ཡང་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་ཁྲོད་ས་གནས་ཉེན་རྟོག་པས་མང་ཚོགས་ཐོག་མེ་མདའ་བརྒྱབ་པའི་གནས་ཚུལ་ཐོན་པ་དང་དཔྱད་ཞིབ་པ་རྣམས་ཀྱིས་ཧོང་ཀོང་སྤྱི་ཁྱབ་ཀྱི་ཛ་དྲག་གི་ཁྲིམས་གཞི་བསྡམས་པ་བརྒྱུད་ཁོང་གི་དབང་ཚད་ཆེ་རུ་ཕྱིན་མེད་པ་དང། ད་ལྟའི་ཛ་དྲག་གི་ཁྲིམས་གཞི་དང་རིང་མིན་དྲག་པོའི་བཀའ་རྒྱ་བསྡམས་པའི་དུས་ལ་བབ་མི་སྲིད་པའི་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

བསང་ཆུ་དང་རྨ་ཆུ་རྫོང་དུ་གཏེར་ཁ་སྔོག་འདོན་གྱི་དུག་རྫས་ཁྱབ་ཏེ་གནོད་འཚེ་འབྱུང་བཞིན་པ།

དེ་རིང་བོད་ཀྱི་འགྲོ་བ་མིའི་་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་བོད་ནང་གི་ས་ཁུལ་གང་སར་མི་ལོ་བཅུ་ཕྲག་རིང་སྣོད་བཅུད་ལ་དོ་ཁུར་ཕྲན་ཙམ་མེད་པར་གང་བྱུང་གསེར་གཏེར་སྔོག་འདོན་བྱེད་བཞིན་ཡོད་པ་དང་དམིགས་བསལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དང་རྨ་ཆུ་རྫོང་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཡོང་ཐབས་མེད་པའི་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པར་མ་ཟད་ཡུལ་མིའི་འཐུང་ཆུ་དང་རྒྱུགས་ཆུ་ཁག་གི་ནང་དུ་སྐྱུར་ཚྭ་སྔོན་པོ་དང་དངུལ་ཆུ་ལ་སོགས་ཀྱི་དུག་རྫས་ཚབས་ཆེན་རིགས་འདྲེས་ཡོད་སྟབས། རང་བྱུང་ཁམས་ཙམ་མ་ཡིན་པར་ ས་གནས་ཀྱི་ཡུལ་མིའི་འཕྲོད་བསྟེན་དང་སྒོ་ཕྱུགས་ནོར་ལུག་སོགས་ལ་ཉེན་ཁ་ཆེན་པོ་བྱུང་ཡོད་པ་འཁོད་འདུག     ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ཟེར་བས་ཕྱི་ཟླ་༧ ཚེས་ ༢༧ ནས་ཚེས་ ༢༨ བར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ལྟ་ཞིབ་བྱས་སྐབས་ཞི་ཅིན་ཕིང་གིས་ནམ་ཞར་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་དགོས་རབས་བཤད་ཀྱང་། བསང་ཆུ་དང་རྨ་ཆུ་རྫོང་ས་ཁུལ་དེར་གཞི་རྒྱ་ཆེ་བའི་གསེར་གཏེར་སྔོག་འདོན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་གནད་དོན་ཤེས་རྟོགས་བྱུང་ཡོད་པ་མ་ཟད་རྒྱ་ནག་གི་གཏེར་ཁ་སྔོག་འདོན་པ་རྣམས་ཀྱིས་དུག་རྫས་དང་གད་སྙིགས་སོགས་་བདག་གཅེས་བྱེད་རྒྱུའི་ཁྲིམས་སྒྲིག་ལག་བསྟར་བྱུང་མེད་པ་ཐེར་འདོན་བྱས་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་གཞི་རྩའི་རྒྱ་ནག་སྲིད་གཞུང་གི་བཀོད་སྡོམ་འོག་ཏུ་བོད་ཁུལ་གྱི་ས་གནས་གང་སར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་ཆེར་སྤེལ་གྱི་ཡོད་ཀྱང་། རྒྱ་ནག་གི་དམ་དྲག་དང་གསང་རྒྱ་བྱེད་བཞིན་རྐྱེན་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཐབས་མེད་པར་ངོ་སྤྲོད་གནང་ཡོད་པ་དང་། ལྷག་དོན་བསང་ཆུ་དང་རྨ་ཆུའི་ཁུལ་གྱི་གཏེར་ཁ་སྔོག་འདོན་ཐད་ཀྱི་གནས་ཚུལ་དེ་སྤྱི་ལོ་ ༡༩༨༠ ནང་ནས་འགོ་འཛུགས་བྱས་པ་ཞིག་ཡིན་པ་དང་ཐེངས་འདིའི་སྙན་ཐོ་དེ་ནི་ས་གནས་ཡུལ་མི་ཞིག་གིས་དངོས་སུ་མིག་གིས་མཐོང་སྟེ་གནས་ཚུལ་མཁོ་སྤྲོད་བྱས་པ་ཞིག་ཡིན་པ་གསུངས་འདུག དེ་བཞིན་ཁོང་གིས་རྒྱ་ནག་གིས་གཏེར་ཁ་སྔོག་འདོན་གྱི་གནས་ཚུལ་ཕྱི་ལ་མི་གྱར་བའི་ཆེད་དུ་ས་གནས་ཀྱི་ཡུལ་མི་རྣམས་ལ་ཕྱོགས་གཅིག་ནས་དམ་དྲག་བྱེད་བཞིན་པ་དང་ཕྱོགས་གཞན་ཞིག་ནས་མི་མང་ལ་སྒོར་མོ་སྤྲད་དེ་གནས་ཚུལ་ཕྱི་ལ་མི་གྱར་བའི་མཐུན་རྐྱེན་བསྐྲུན་དགོས་གལ་ཡིན་པར་བརྗོད་དེ། ཁུལ་དེར་དུག་རྫས་ཀྱི་གནད་དོན་གང་བྱུང་ཡང་གཏེར་ཁ་སྔོག་འདོན་དང་འབྲེལ་བ་མེད་པར་རྫུན་བཟོ་བྱེད་དུ་འཇུག་གི་ཡོད་པ་ངོ་སྤྲོད་གནང་ཡོད། རྒྱ་ནག་གིས་འཛུགས་སྐྲུན་ལས་གཞིའི་མིང་ཐོག་ནས་ཡུལ་ལུང་གང་སར་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་ཀྱང་། དོན་དུ་ས་གནས་ཀྱི་ཡུལ་མི་རྣམས་ལ་ཁེ་བཟང་སྣ་གཅིག་ཀྱང་རང་གི་མེད་པ་མ་ཟད་གཏེར་ཁ་སྔོག་འདོན་གྱི་རྡོ་སྙིགས་དང་དུག་རྫས་རིགས་ཀྱིས་བོད་རིགས་མི་མང་ལ་གནོན་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པར་ལུང་འདྲེན་གྱིས་དེ་ལྟ་བུའི་ལས་གཞི་ནི་རྒྱ་ནག་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་དང་མི་མཐུན་པ་མ་ཟད་རྒྱལ་སྤྱིའི་ཁོར་ཡུག་གི་ཁྲིམས་ཡིག་རྣམས་ལ་ཡང་འགལ་ཡོད་པ་གསུངས་སོང་།

ཀིརྟི་དགོན་གྱི་དགེ་འདུན་པ་ཞིག་འཛིན་བཟུང་།

བོད་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བསོད་ནམས་དཔལ་ལྡན་ལགས་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་ཀྱིས་འཛིན་བཟུང་བྱས་ཏེ་གར་སོང་མེད་དུ་གྱུར་འདུག འདི་ག་རླུང་འཕྲིན་ཁང་ལ་དེ་རིང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ཚེ་ཟླ་འདིའི་ཕྱི་ཚེས་ ༣ ཉིན་བོད་ནས་དེ་འབྲེལ་གནས་ཚུལ་འབྱོར་དོན་ལྟར་ན་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་རྔ་བ་ཀིརྟི་དགོན་གྱི་རང་ལོ་ ༢༢ ཡིན་པ་གྲྭ་བསོད་ནམས་དཔལ་ལྡན་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ་མ་ཟད། ད་ལྟའི་ཆར་ཁོང་ས་གནས་གང་དུ་བཙོན་འཇུག་བཀག་བསྐྱིལ་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག ད་ལྟའི་ཡུལ་མི་རྣམས་ཀྱིས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་ཡོད་པའི་ཐོག་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་ནའང་། གྲྭ་བསོད་ནམས་དཔལ་ལྡན་ལགས་ངོ་ཤེས་མཁན་ཕ་ཡུལ་གྱི་མི་ཞིག་གིས་གསུངས་པར་ཁོང་གིས་སྐད་འཕྲིན་རྒྱབ་ངོས་སུ་བོད་ཀྱི་སྐད་ཡིག་གི་ཉམ་ང་བའི་གནས་སྟངས་སོགས་ཀྱི་རྩོམ་ཐུང་རེ་བྲིས་ནས་བཞག་ཡོད་པའི་རྐྱེན་གྱིས་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པར་ཚོད་དཔག་གནང་གི་ཡོད་པ་རེད་འདུག རྩ་བའི་གྲྭ་བསོད་ནམས་དཔལ་ལྡན་ལགས་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་ཞིང་། ཕ་ཡུལ་རྔ་པ་རྫོང་གཅའ་ཡུལ་ཚོ་ནག་ཚང་མའི་སྡེ་བ་ནས་ཡིན་པ་དང་མ་མིང་ལ་སྐལ་ཁོ་ཞུ་ཡི་ཡོད་པ་རེད་འདུག

ཨོ་གླིང་གི་ Box Hill ཉེན་རྟོག་ཁང་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་རྒྱལ་དར་བསྒྲེངས་བར་སྐྱོན་བརྗོད།

དེ་རིང་ The  Australian  ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་མི་ལོ་ ༧༠ འཁོར་བའི་དུས་དྲན་དང་བསྟུན་ཨོ་གླིང་གི་ Box Hill ཞེས་པའི་གྲོང་སྡེ་ཡི་ཉེན་རྟོག་ཁང་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་རྟེན་འབྲེལ་དུ་ལས་ཁུངས་སུ་རྒྱ་ནག་གི་རྒྱལ་དར་འཕྱར་བ་དང་རྒྱལ་གླུ་བཏང་བ་སོགས་ཀྱི་གནད་དོན་བྱུང་ཡོད་པ་རེད། གནས་ཚུལ་དེ་དང་འབྲེལ་ནས་ Victoria མངའ་སྡེ་ཡི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michael O’Brien ལགས་ཀྱིས་ཨོ་གླིང་གི་ཉེན་རྟོག་ཁང་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་པ་དེར་སྐྱོན་བརྗོད་ཚ་ནན་བྱས་ཏེ་རྒྱ་ནག་གིས་ཟླ་ ༡ ཚེས་ ༢༦ གི་ཨོ་གླིང་གི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་བྱས་ཏེ་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་རེད་དམ་ནམ་ཡང་སྲིད་ཀྱི་མ་རེད་ཅེས་བསྒྲགས་པ་དང་ལྷན་དུ་ཐེངས་འདིར་ཨོ་གླིང་གི་ཉེན་རྟོག་ཁང་ཞིག་གིས་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་པ་དེ་བརྡ་སྟོན་སྐོར་ལོག་གི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་མ་ཟད། ཨོ་གླིང་གི་རྒྱལ་ཁབ་ངོ་གནོངས་དགོས་བའི་གནད་དོན་ཞིག་ཡིན་པར་བརྟེན་ཉེན་རྟོག་ཁང་དེ་ཡི་འགོ་ཁྲིད་ཀྱིས་གནད་དོན་དེའི་ཐོག་ཐུགས་ཞིབ་གནང་དགོས་པ་གསུངས་འདུག ས་གནས་ཀྱི་ཡུལ་མི་མང་པོས་ཀྱང་ཐེངས་འདིའི་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་ཀྱི་གནད་དོན་དེ་ནི་འོས་འཚམས་ཤིག་མིན་པར་བརྗོད་མཁན་མང་པོ་འབྱུང་བཞིན་པ་དང་། ཧོང་ཀོང་གི་ལས་འགུལ་བ་རྣམས་ཀྱིས་ཀྱང་ twitter དྲྭ་ངོས་སུ་ Victoria ཉེན་རྟོག་ཁང་གི་མིང་ཐོག་ Box Hill ཉེན་རྟོག་ཁང་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དང་རྒྱལ་གླུ་ལེན་བཞིན་པ་དེ་ག་རེ་རེད་ཅེས་ཟུར་ས་བྱས་པ་འཁོད་འདུག རྒྱ་དར་སྒྲེང་འཛུགས་ཀྱི་གནས་ཚུལ་གནས་ཚུལ་དེ་ཕྱི་ལ་གྱར་མ་ཐག    ཨོ་གླིང་གི་གྲོས་ཚོགས་འཐུས་མི། རྒྱ་རིགས་Gladys Liu ལགས་ཀྱི་ལས་ཁུངས་ནས།    ཁོ་མོ་ Box Hill ཉེན་རྟོག་ཁང་གི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་ཞུས་པའི་མཛད་སྒོ་དེ་བཅར་མེད་པ་དང་།  སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་གཏོང་བཞིན་པའི་ཁོང་གི་པར་དེ་ནི་ཨོ་གླིང་གི་ས་གནས་རྒྱ་རིགས་ཚོང་བ་རྣམས་ཀྱིས་གོ་སྒྲིག་བྱས་པའི་མཛད་སྒོ་དེ་ཡིན་པ་ལས། ཉེན་རྟོག་ཁང་གི་མཛད་སྒོའི་པར་མིན་པར་གསལ་བཤད་གནང་ཡོད་པ་འཁོད་འདུག ཨོ་གླིང་གྲོས་ཚོགས་ཀྱི་ངལ་རྩོལ་ཚོགས་པའི་འཐུས་མི་ Paul Hamer  ལགས་ཀྱིས་ Box Hill ཉེན་རྟོག་ཁང་དུ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྲུང་བརྩིའི་མཛད་སྒོར་ཞུགས་ནས་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་སྟབས་མི་མང་གིས་ཁོང་ལ་རྒྱ་ནག་སྲིད་གཞུང་ནི་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་མཁན་དང་། ཕྱི་ཕྱོགས་ཀྱི་གནས་ཚུལ་བཀག་སྡོམ་བྱེད་མཁན་ཞིག་ཡིན་པས་ཨོ་གླིང་དུ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་དང་རྒྱལ་དར་སྒྲིང་འཛུགས་བྱས་ན་འོས་མིན་གྱི་སྐད་ཆ་དྲིས་པར་ཁོང་གིས་ཁོང་ནི་རིག་གཞུང་སྣ་མང་གི་ལྟེ་གནས་ལྟ་བུའི་ས་ཁུལ་ཞིག་གི་མགྲིན་ཚབ་པ་ཡིན་སྟབས་ས་གནས་ཀྱི་ཡུལ་མི་རྣམས་ལ་བསྟུན་དགོས་གལ་ཡིན་པ་བརྗོད་འདུག  རྩ་བའི་གླིང་གི་གྲོས་ཚོགས་ཀྱི་རྒྱ་རིགས་ཀྱི་འཐུས་མི་ཐོག་མ།  Gladys Liu ལགས་ནི་ཧོང་ཀོང་དུ་སྐྱེས་བ་ཞིག་ཡིན་ནའང་། དོན་དུ་ཁོ་མོ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་པའི་དོགས་པ་ཡོད་པར་བརྟེན། ཨོ་གླིང་གསང་བའི་ལས་ཁུངས་ཀྱི་ངོས་ནས་ཁོ་མར་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་པ་ཞིག་ཆགས་ཡོད་པ་དང་། སྔོན་ཆད་ཁོ་མོས་རྒྱ་རིགས་ཀྱི་ཚོགས་པ་གཉིས་སུ་ལས་ཀ་བྱེད་མྱོང་བ་ལྟར། ཚོགས་པ་དེ་གཉིས་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་ཐད་ཀར་འབྲེལ་བ་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཡན་ལག་ལས་ཁུངས་ཤིག་ཡིན་པར་ར་སྤྲོད་བྱུང་འདུག

ཧོང་ཀོང་གི་ཞི་རྒོལ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་འཕྲལ་དུ་གློད་བཀྲོལ་དགོས།

ཨ་རིའི་ New York ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁ་སང་ཚེས་ ༣ ཉིན་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་དང་སྦྲགས། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་ཧོང་ཀོང་གི་ཞི་རྒོལ་བ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་ཧོང་ཀོང་གི་ལས་འགུལ་བ་དང་དེ་དག་གི་ནང་མི། སློབ་ཕྲུག་རྣམས་ནས་ཞི་བའི་ངོ་རྒོལ་དང་འབྲེལ་བའི་གནས་ཚུལ་རྣམས་སྤྱི་ཚོགས་དྲྭ་ལམ་བརྒྱུད་མཁོ་གཏོང་བྱེད་རྒྱུར་སུན་གཙེར་མི་བཟོ་བ་ཙམ་དུ་མ་ཟད་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་རྣམས་ཧོང་ཀོང་གི་ཞི་བའི་ལས་འགུལ་ཁྲོད་མཉམ་ཞུགས་གནང་བཅུག་དགོས་པ་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཧོང་ཀོང་ནང་གི་ཞི་རྒོལ་རྐྱེན་པས་རྒྱ་ནག་སྐམ་སའི་མང་ཚོགས་ལ་སེམས་འགུལ་ཐེབས་སྲིད་པའི་བློ་འཚབ་ཆེན་པོ་ཡོད་པར་བརྟེན་ཧོང་ཀོང་གི་ཞི་རྒོལ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྤྱི་འདྲ་ཞིག་ལའང་དྲག་གནོན་བྱས་དང་བྱེད་མུས་ཡིན་པ་དེ་ལྟར་ཡང། དོན་དངོས་སུ་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཚོས་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པ་ནི་ཕྱོགས་གཉིས་ཀའི་མང་ཚོགས་ནས་མང་གཙོའི་རིན་ཐང་ལ་གཅིག་གྱུར་གྱི་ཆེ་མཐོང་ཡོད་པ་ཞིག་མཚོན་གྱི་ཡོད་སྐོར་གསུངས་འདུག འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པས་གསར་འགོད་གསལ་བསྒྲགས་དེའི་ནང་འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་སྟོད་ནས་འགོ་འཛུགས་བྱས་པའི་ཧོང་ཀོང་ནང་གི་གཞི་རྒྱ་ཆེ་བའི་ཞི་རྒོལ་དང་འབྲེལ་ཏེ་ད་ཆ་རྒྱ་ནག་གཞུང་ནས་སྐམ་ས་ཆེན་མོའི་ནང་ཧོང་ཀོང་གི་ཞི་རྒོལ་དང་འབྲེལ་བའི་གནས་ཚུལ་རིགས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་མ་ཟད་ཧོང་ཀོང་ནང་གི་ཞི་རྒོལ་དེ་དག་ཕྱིའི་སྟོབས་ཤུགས་ཀྱིས་ངལ་སྐུལ་བྱས་པའི་ཁ་བྲལ་བའི་འཚེ་བ་ཅན་གྱི་ལས་འགུལ་ཞིག་ཡིན་པར་འཁྱོག་བཤད་དྲིལ་སྒྲགས་རྒྱ་གང་ཆེ་སྤེལ་བཞིན་ཡོད་པ་རེད། ཚོགས་པ་དེས་རྒྱ་ནག་སྐམ་སའི་གཞུང་གིས་འདི་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་ཧོང་ཀོང་གི་ཞི་རྒོལ་བ་དང་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་དེ་བཞིན་དྲྭ་རྒྱའི་བརྒྱུད་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་མཁན་མང་པོ་ཞིག་འཛིན་བཟུང་དང་། སློབ་མ་རྣམས་ལ་དེའི་ནང་མཉམ་ཞུགས་གནང་ཆོག་གི་མེད་པའི་ཉེན་བརྡ་བཏང་ཡོད་སྐོར་འགྲེལ་བརྗོད་ཀྱིས་ད་ལྟ་རྒྱ་ནག་གཞུང་གི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་རྒྱ་རིགས་སྐམ་སའི་མི་སྣ་ཁག་གཅིག་མངོན་གསལ་གནང་འདུག   དེའང་ཕྱི་ཟླ་ ༧ པའི་ནང་རང་ཉིད་ཀྱི་ Twitter བརྒྱུད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ཧོོང་ཀོང་ནང་གི་ལས་འགུལ་ལ་རྒྱབ་སྐྱོར་གནང་རྐྱེན་འཛིན་བཟུང་བྱས་པ་ Quan Shixin དང་ཕྱི་ཟླ་ ༨ པའི་ནང་wechat སྐད་འཕྲིན་བརྒྱུད་ཧོང་ཀོང་གི་ལས་འགུལ་ལ་རྒྱབ་སྐྱོར་གྱི་འཕྲིན་ཐུང་སྤེལ་བས་འཛིན་བཟུང་བྱས་པ་ Ba Luning དེ་བཞིན་ཕྱི་ཟླ་ ༩ པའི་ནང་སྐད་འཕྲིན་དང་ངོ་དེབ་བརྒྱུད་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་གླུ་གཞས་བརྒྱུད་སྤེལ་བྱས་རྐྱེན་འཛིན་བཟུང་བྱས་པ་ Lai Rifu གཞན་ཡང་ཕྱི་རྒྱལ་གྱི་བརྒྱུད་ལམ་ལ་ཧོང་ཀོང་ནང་གི་གནད་དོན་སྐོར་སྐད་ཆ་བཤད་པ་དང་ Twitter བརྒྱུད་གནས་ཚུལ་སྤེལ་མཁན་ Chen Yunfei བཅས་ད་ལྟའང་བཙོན་ཁང་ནང་ཡོད་པ་མ་ཟད། ཁོང་རྣམ་པ་མང་ཆེ་བ་གཙོ་བོ་འཁྲུག་རྩོད་སློང་བའི་ནག་ཉེས་འོག་འཛིན་བཟུང་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་རྒྱུན་དུ་དེ་གཞུང་ལ་དྲྭ་རྒྱའི་བརྒྱུད་ཞི་བའི་སྒོ་ནས་སྐྱོན་བརྗོད་བྱེད་མཁན་རྣམ་པར་ཡང་ཡང་སྤྱོད་པའི་ཐ་སྙད་ཅིག་ཡིན་པ་དང་། ནག་ཉེས་དེ་ཐེངས་དང་པོ་ཕོག་རྣམས་བཙོན་ཁང་དུ་ལོ་ལྔ་བར་བཅུག་སྲིད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པས་རྒྱ་ནག་གི་ཉེན་རྟོག་པས་ཧོང་ཀོང་གི་གནད་དོན་དང་འབྲེལ་ཡུལ་དེའི་ནང་གི་ལས་འགུལ་བ་དང་། ཤེས་ཡོན་མི་སྣ། ཁྲིམས་རྩོད་པ། སྤྱི་ཚོགས་དྲྭ་ལམ་བཀོལ་སྤྱོད་བྱེད་མཁན་སོགས་མི་སྣ་མང་དག་ཅིག་ཁྲིམས་སར་བཀུག་ཏེ་འདྲི་རྩད་སྣ་ཚོགས་དང་། དུས་རྟག་ཏུ་ཁ་པར་གཏོང་ནས་རྒྱུས་ལོན་བྱས་པ་མ་ཟད། ཧོང་ཀོང་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་སྐམ་སའི་སློབ་མ་རྣམས་ལ་ཧོང་ཀོང་གི་ལས་འགུལ་ཁྲོད་ཞུགས་མི་ཆོག་པའི་ཉེན་བརྡ་བཏང་བ་མ་ཟད། དབྱར་ཁའི་དགུང་གསེང་སྐབས་རྒྱ་ནག་སྐམ་སར་འབྱོར་སྐབས་ཧོང་ཀོང་ལ་ཕྱིར་ལོག་རྗེས་ལས་འགུལ་ཁྲོད་ཞུགས་ཀྱི་མིན་ཞེས་པའི་མཚན་རྟགས་འགོད་དུ་བཅུག་འདུག ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་བྱེད་མཁན་རྒྱ་རིགས་ཚོའི་ཕ་མར་རྡིག་ར་སྐུལ་ནས་རང་ཉིད་ཀྱི་བུ་ཕྲུག་རྣམས་ཨོ་གླིང་ནང་གི་འབྲེལ་ཡོད་ལས་འགུལ་ནང་ཞུགས་ཆོག་གི་མེད་པའི་གནོན་ཤུགས་སྤྲད་པ་ཡང་བྱུང་འདུག ལྕམ་སྐུ་ Sophie Richardson ལགས་ཀྱིས་རྒྱ་ནག་སྐམ་སའི་ལས་འགུལ་བ་རྣམས་དང་དྲྭ་ལམ་བརྒྱུད་ཧོང་ཀོང་ལ་རྒྱབ་སྐོར་གནང་མཁན་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་སྲུང་སྐྱོབ་གནང་་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱལ་སྤྱིའི་ཁྲོད་ཀྱི་རྒྱལ་ཁབ་གཞན་ཚོས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་འབྲེལ་ཏེ་རྒྱ་ནག་གཞུང་གི་ཆེས་སྡུག་རྩུབ་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པ་བརྒྱུད་སྙིང་སྟོབས་ཅན་གྱི་རྒྱ་རིགས་དེ་གལ་རྒྱབ་སྐྱོར་གྱི་རྣམ་པ་ཆེད་བཏོན་གནང་དགོས་ཀྱི་ཡོད་པ་གསུངས་འདུག

མེས་པོ་དམ་པ་གྷཱཾ་དྷཱི་མཆོག་གི་འཚེ་མེད་ཞི་བའི་ལམ་སྟོན་དེ་དེང་གི་འཛམ་གླིང་ནང་དགོས་མཁོ་ཆགས་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་གི་ཟིང་འཁྲུག་ཆེ་བའི་སྤྱི་ཚོགས་ནང་མེས་པོ་དམ་པ་གྷཱཾ་དྷཱི་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་ལམ་སྟོན་དགོས་མཁོ་ཆེ་བ་ཡིན་པར་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་རྒྱ་གར་གྱི་ Livemint ཞེས་པའི་གསར་ཁང་གིས་བདག་ཉིན་ཆེན་པོ་མེས་པོ་དམ་པ་གྷཱཾ་དྷཱི་མཆོག་༸སྐུ་འཁྲུངས་ནས་ལོ་ངོ་ ༡༥༠ འཁོར་བའི་དུས་དྲན་དང་བསྟུན་གྷཱཾ་དྷཱི་མཆོག་གི་མཛད་རྗེས་སྐོར་གྱི་བཀའ་འདྲིར་བདག་ཉིན་ཆེན་པོ་མེས་པོ་དམ་པ་གྷཱཾ་དྷཱི་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་གྱི་ལམ་སྟོན་ནི་དེང་གི་དཀའ་རྙོག་ཆེ་བའི་སྤྱི་ཚོགས་ནང་དགོས་མཁོ་ཧ་ཅང་ཆེ་ཞིང་། ཐབས་ལམ་དེ་ནི་གོ་ལའི་དཀའ་ངལ་ཁག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཏུ་གཟིགས་ཀྱི་ཡོད་པ་བཀའ་ནན་བསྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་མཆོག་ལ་མེས་པོ་དམ་པ་གྷཱཾ་དྷཱི་བརྒྱུད་སེམས་འགུལ་གང་ཐེབས་སྐོར་བཀའ་འདྲིར་གྷཱཾ་དྷཱི་མཆོག་ནི་དུས་རབས་ ༢༠ པའི་ནང་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་ནས་ཤུགས་རྐྱེན་ཆེན་པོ་འཇོག་མཁན་གྱི་ཕུལ་བྱུང་སྐྱེས་པོ་ཞིག་ཡིན་པ་དང་དམ་པ་ཁོང་ནས་རྒྱ་གར་གྱི་ལོ་ངོ་ ༣༠༠༠ གྱི་གནའ་བོའི་རིག་གཞུང་གི་འཚེ་བ་མེད་པའི་ལྟ་གྲུབ་དང་བྱམས་བརྩེའི་བསླབ་བྱ་གཉིས་དངོས་སུ་རྒྱ་གར་གྱི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ནང་སྤྱོད་དེ་རིན་ཐང་ལྡན་པ་ཞིག་བཟོས་ཡོད་པས་དེ་ནི་རླབས་ཆེན་ཞིག་ཡིན་པར་མངོན་པར་བསྟོད་པ་དང་ཆབས་ཅིག་ཏུ་སྐབས་དེར་མི་སྣ་ཁག་གཅིག་གིས་འཚེ་མེད་ཞི་བའི་ཐབས་ལམ་དེ་ཡིད་ཆེས་གནང་མེད་ཀྱང་དཀའ་ཚེགས་ཆེ་བའི་དུས་སྐབས་ལ་འཚེ་མེད་ཞི་བའི་ཐབས་ལམ་དེ་ནུས་པ་ལྡན་པ་ཞིག་ཏུ་གྱུར་ནས་རིམ་པས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དམ་པ་ Nelson Mandela དང་ཨ་རིའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Marthin Luther King དམ་པ་མཆོག་བཅས་ནས་ཀྱང་གྷཱཾན་དྷཱིའི་ཐབས་ལམ་ལ་རྗེས་སུ་འབྲང་ཡོད་པ་བཀའ་བསྩལ་འདུག དེ་བཞིན་གསར་འགོད་པས་༸གོང་ས་མཆོག་ལ་ད་ལྟའི་དུས་སྐབས་སུ་གྷཱཾ་དྷཱིའི་ལྟ་གྲུབ་དང་འཚེ་མེད་ཞི་བ་གཉིས་དབར་སྐབས་དོན་གྱི་འབྲེལ་བ་ཇི་ཆགས་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་ཚན་རིག་པ་མང་པོ་ཞིག་ནས་བྱམས་བརྩེ་ནི་འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པ་བཀའ་བསྩལ་བ་དང་སྦྲགས། གནའ་བོའི་དུས་སྐབས་སུ་རང་ཉིད་གནས་སྡོད་བྱ་ཡུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་དེ་སོ་སོའི་ནང་མི་དང་གྲོང་གསེབ་ལ་ངོས་འཛིན་གནང་བཞིན་ཡོད་ཀྱང་། ད་ཆ་སྤྱི་ཚོགས་ཞེས་པ་དེ་འཛམ་གླིང་ཁྱོན་ཡོངས་ལ་ངོས་འཛིན་གནང་བཞིན་པ་དང་ལྷག་དོན་དེའི་ནང་གི་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་སྟབས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་དགོངས་པ་བཞེས་ཐུབ་ཚེ་འཚེ་མེད་ཞི་བ་དང་གྷཱཾ་དྷཱིའི་ལྟ་གྲུབ་དབར་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་པ་བཀའ་བསྩལ་བ་མ་ཟད་འགྲོ་བ་མི་སྒེར་གཅིག་ལ་མཚོན་ན་ང་ཚོའི་མ་འོངས་དང་མ་འོང་པའི་ཡར་རྒྱས་ཀྱི་གནས་བབ་གཉིས་ད་ལྟའི་འཛམ་གླིང་གི་སྤྱི་ཚོགས་ཁྱོན་ཡོངས་ལ་རག་ལུས་ཡོད་པར་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ལོ་རྒྱུས་ཀྱི་ཐོག་ནས་འཕགས་བོད་དབར་ཆོས་ཕྱོགས་ནས་བླ་སློབ་ཀྱི་འབྲེལ་བ་དམིགས་བསལ་ཡོད་སྐོར་དང་བར་སྐབས་ཤིག་ནས་རྒྱ་གར་གནའ་བོའི་རིག་གཞུང་དེ་དག་ཉམས་གུད་དུ་ཕྱིན་ཡོད་སྟབས་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་ཆེད་བོད་པ་ཚོས་བདག་གཅེས་ལེགས་པོ་གནང་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་ཐུགས་འགན་གཙོ་བོ་བཞི་ཡོད་པའི་ནང་ནས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་རིག་གཞུང་སླར་གསོ་གནང་ཐབས་སུ་ཐུགས་བརྩོན་གནང་བཞིན་ཡོད་པ་སོགས་ཀྱང་ངོ་སྤྲོད་མཛད་འདུག གསར་འགོད་པས་སླར་༸གོང་ས་མཆོག་ལ་༸སྐུ་ཉིད་མཆོག་ནས་མེས་པོ་དམ་པ་གྷཱཾ་དྷཱི་བཞིན་༸སྐུ་ཚེ་ཧྲིལ་པོའི་རིང་དཀའ་ཚེགས་དུ་མ་བྱུང་ཡོད་པར་ལྟོས་མེད་བཟང་ཕྱོགས་ཀྱི་དགོངས་པ་ཇི་ལྟར་བཞེས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཁྲོད་༸སྐུ་ཉིད་མཆོག་འགྲོ་མི་གཅིག་ཡིན་པའི་འདུ་ཤེས་ཐོག་ནས་ཕན་ཚུན་དབར་ཁྱད་པ་གང་ཡང་གཟིགས་ཀྱི་མེད་པར་བཀའ་བསྩལ་བ་དང་སྦྲགས། ༸གོང་ས་མཆོག་གིས་དུས་ཀུན་ཏུ་བོད་མི་ཚོར་རྒྱ་མི་རིགས་དང་ཁ་གཏད་འཛིན་པ་ལས་མཛའ་གྲོགས་ཀྱི་འདུ་ཤེས་བཟུང་ན་ཁེ་ཕན་ཆེ་བ་ཡོད་པ་བཀའ་བསྩལ་གྱི་ཡོད་སྐོར་དང་། ད་ཆ་བོད་རྒྱ་གཉིས་དབར་ཡོད་པའི་དཀའ་རྙོག་དེ་གཙོ་བོ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་འགའ་ཤས་ཤིག་གིས་བྱེད་སྟངས་ཡིན་པ་ལས་མི་མང་དཀྱུར་མ་ཚོ་དང་འབྲེལ་བ་མེད་པས་དེར་ནམ་ཞིག་འགྱུར་བ་འགྲོ་རྒྱུ་ཡོད་པ་དང་ལྷག་དོན་རྒྱ་རིགས་འགོ་ཁྲིད་ཁག་གཅིག་གིས་རྒྱ་གཞུང་ནས་འདས་པའི་ལོ་ ༧༠ རིང་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དངོས་ཡོད་གནས་ཚུལ་དང་མཐུན་གྱི་མེད་པ་ཤེས་རྟོགས་བྱུང་ནས་ད་ཆ་བོད་དོན་དཀའ་རྙོག་སེལ་སླད་ཅི་བྱ་གཏོལ་མེད་དུ་འགྱུར་བཞིན་པའི་གནས་སྟངས་འོག་རྒྱ་ནག་ནང་རིམ་པས་འགྱུར་བ་འགྲོ་ཡི་ཡོད་སྟབས། གནས་སྟངས་དེའི་འོག་མགོན་པོ་༸གང་ཉིད་མཆོག་མ་འོངས་ལོ་གཅིག་གཉིས་ནང་རྒྱ་ནག་ནང་ཕེབས་རྒྱུའི་རེ་བ་གཟིགས་ཀྱི་ཡོད་ཀྱང་མགོན་པོ་མཆོག་ནས་རྒྱ་གར་གྱི་རང་དབང་ལ་ཐུགས་ཧ་ཅང་མཉེས་པོ་ཡོད་པ་མ་ཟད། རྒྱ་གར་ནང་རང་དབང་ངང་ཡུན་རིང་བཞུགས་པ་དེས་ངོས་རང་གཅེས་ལང་གཏོང་འདུག་ཅེས་ཞལ་ཤོབ་དང་སྦྲགས་ནས་བཀའ་བསྩལ་གནང་འདུག ༸གོང་ས་མཆོག་གིས་༸སྐུ་ཉིད་མཆོག་ལ་གྷཱཾ་དྷཱི་མཆོག་དངོས་སུ་ཞལ་མཇལ་རྒྱུའི་གོ་སྐབས་བྱུང་མེད་ཀྱང་གྷཱཾ་དྷཱི་ཞེས་པའི་མཚན་སྙན་ཡོངས་སུ་གྲགས་པས་མཚན་ཡང་ཡང་གསན་མྱོང་ཡོད་སྟབས་བོད་ནང་བཞུགས་པའི་སྐབས་སུ་མཚན་མོའི་རྨི་ལམ་ནང་གྷཱོ་དྷའི་མཆོག་མཇལ་མྱོང་ཡོད་པར་བཀའ་བསྩལ་སྐབས་གསར་འགོད་པས་གལ་ཏེ་༸གོང་ས་མཆོག་ལ་གྷཱཾ་དྷཱི་མཆོག་དངོས་སུ་མཇལ་རྒྱུའི་གོ་སྐབས་བྱུང་ཚེ་བཀའ་མོལ་གང་གནང་རྩིས་ཡོད་དམ་ཞེས་པའི་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དང་པོར་ངོས་ནས་ཁོང་གི་ཞབས་ལ་འདུད་རྒྱུ་དང་དེ་རྗེས་ཁོང་ནས་ངོས་ལ་རྒྱ་ནག་གི་མཉམ་དུ་དཀའ་རྙོག་སེལ་ཐབས་ཀྱི་ལམ་སྟོན་ཁག་གཅིག་གནང་སྲིད་ཀྱི་རེད་ཅེས་བཀའ་ལམ་མཛད་ཡོད་པ་རེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་ནས་ལོ་ ༧༠ འཁོར་བའི་དགའ་སྟོན་དེ་བོད་མིའི་ངོས་ནས་མོས་མཐུན་མེད།

དེ་རིང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་ནས་ལོ་ངོ་ ༧༠ འཁོར་གྱི་ཡོད་པ་དང་བསྟུན་གནམ་སྡེ་སྒོར་མོ་ཆེའི་ཐང་ཆེན་དུ་གཞུང་འབྲེལ་དགའ་སྟོན་གྱི་མཛད་སྒོ་དང་དེ་བཞིན་ས་གནས་གང་སར་ཡོད་པའི་རྒྱ་མིའི་གཞུང་ཚབ་ཁག་སོ་སོར་དགའ་སྟོན་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱའི་གཞུང་ཚབ་ཁང་གི་མདུན་དུ་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་  ༡༡ ཙམ་ལ་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་རྐང་འགན་བཞེས་ཐོག་རྒྱ་ནག་གིས་དེ་རིང་སྲུང་བརྩི་བྱེད་བཞིན་པའི་དགའ་སྟོན་དེར་ངོ་རྒོལ་མཚོན་ཆེད་རྒོལ་འཆོང་གི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། རྒྱལ་ས་ལྡི་ལིའི་ཁུལ་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་ཁྱིམ་སྡོད་ཁང་གི་མཐོ་རིམ་སློབ་མ་དང་ཅན་དཱི་གྷར་མཐོ་རིམ་སློབ་མ། དེ་བཞིན་བོད་སྒར་བསམ་ཡས་གླིང་གི་ལས་འགུལ་བ་བཅས་མི་གྲངས་ ༥༣ ལྷག་གིས་རྒྱའི་གཞུང་ཚབ་གཡས་གཡོན་ཕྱོགས་ཀུན་ཏུ་རྒྱ་གར་གྱི་སྐོར་སྲུང་བས་ཉེན་སྲུང་དམ་དྲག་ཆེན་པོ་བྱེད་བཞིན་བལྟོས་མེད་ ལས་འགུལ་བ་དག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་མིར་རང་དབང་དགོས། རྒྱ་མི་བོད་ནས་ཕྱིར་ལོག་བྱེད་དགོས་པ་སོགས་ཀྱི་སྐད་འབོད་དང་རྒོལ་འཆོང་གི་ལས་འགུལ་སྤེལ་ཡོད་པ་རེད། ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ལས་འགུལ་བ་ཕོ་མོ་ཁྱོན་ ༥༣  ཡོད་པ་དེ་དག་གིས་རྒྱལ་ས་ལྡི་ལིའི་རྒྱའི་གཞུང་ཚབ་མདུན་དུ་སྐར་མ་ ༢༠ ལྷག་ཙམ་རིང་ལ་ངོ་རྒོལ་གནང་རྗེས་ས་གནས་སྐོར་སྲུང་བས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ལས་འགུལ་བ་དེ་དག་ཚང་མ་ Mandir Marg  སྐོར་སྲུང་ལས་ཁུངས་སུ་དོ་དམ་འོག་བཀག་བསྐྱིལ་བྱས་ཡོད་པ་རེད། སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་དེ་རིང་རྒྱ་ནག་གཞུང་གིས་རྒྱ་ནག་ཁྱོན་ཡོངས་སུ་རྒྱ་ནག་རྒྱལ་ཡོངས་ཉིན་མོ་ཞེས་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཏེ་ལོ་ངོ་ ༧༠ འཁོར་བའི་ཉིན་མོ་གཙིགས་ཆེན་པོའི་ཐོག་ནས་ཡོགས་བསྒྲགས་བྱེད་བཞིན་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་གཞིས་བཞུགས་བོད་མི་ཚོར་འདོད་པ་མེད་བཞིན་དུ་གནའ་གནོན་དང་དམ་དྲག་བྱེད་བཞིན་པར་མི་འདོད་པའི་རྣམ་པ་ཆེད་འདོན་དང་། དེ་བཞིན་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་སྤྲོད་དགོས་པའི་ཞུ་སྐུལ། རྒྱ་ནག་གི་གནའ་གནོན་འོག་ཏུ་བོད་དང་གནས་བབ་མཚུངས་པའི་ཧོང་ཀོང་དང་ཐེ་ཝན། ཡུ་གུར་བཅས་གྲངས་ཉུང་མི་རིགས་དག་གིས་བོད་མི་དང་ཟུང་འབྲེལ་ཐོག་ནས་རྒྱ་ནག་དམར་པོའི་གཞུང་ཉམས་གུད་གཏང་བར་ཕྱག་ལས་གནང་དགོས་པའི་བརྡ་ལན་སྤྲོད་ཆེད་དུ་ལས་འགུལ་སྤེལ་ཡིན་སྐོར་གསུངས་ཡོད་པ་རེད།

ཡ་ཆེན་སྒར་གྱི་དགོན་ཕྱེད་ཅིག་རྒྱ་ནག་གིས་གཏོར་བཤིག་བཏང་ཡོད་པ་ཟུང་སྐར་བརྒྱུད་མངོན་གསལ།

ཨིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་ཟུང་སྐར་བརྒྱུད་ནས་འཛམ་གླིང་གི་ནང་དུ་ནང་པའི་དགོན་པ་ཆེ་ཤོས་ཁོངས་སུ་གཏོགས་པ་ཡ་ཆེན་སྒར་གྱི་དགོན་ཕྱེད་ཅིག་རྒྱ་ནག་གིས་གཏོར་བཤིག་བཏང་སྟེ་གྲྭ་བཙུན་རྣམས་བཙན་ཤེད་ཀྱིས་ཕྱིར་ཕུད་བཏང་ཡོད་པ་མངོན་གསལ་གནང་འདུག  བོད་རང་དབང་ཚོགས་པས་རྒྱ་ནག་གིས་ཡ་ཆེན་སྒར་གྱི་གྲྭ་མང་གི་གྲངས་ཚད་ཉུང་དུ་གཏོང་ཐབས་སུ་དུས་ཡུན་རིང་པོ་ནས་འབད་བརྩོན་བྱས་ཡོད་པ་ལྟར་ཉེ་ལམ་ཕྱི་ཟླ ༨ ནང་གྲྭ་མང་གི་གྲྭ་ཤག་མང་པོར་གཏོར་བཤིག་ཚད་ལས་བརྒལ་བ་བཏང་ཡོད་པ་བརྗོད་དེ་ཡ་ཆེན་སྒར་གྱི་གྲྭ་མང་འདུས་སྡོད་ཆེ་ཤོས་ཀྱི་གཙང་པོའི་ནུབ་རྒྱུད་ཁག་ཏུ་སྔོན་གྱི་ཟུང་སྐར་གྱི་པར་རིས་དང་ཉེ་ཆར་གྱི་པར་རིས་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། ད་ཆ་གཙང་པོའི་ནུབ་རྒྱུད་ཁུལ་དེ་ས་སྟོང་ཏུ་གྱུར་ཡོད་པ་མ་ཟད་གྲྭ་བཙུན་སྟོང་ཕྲག་མང་པོ་རང་ཤག་ནས་བཙན་ཤེད་ཀྱིས་ཕྱིར་ཕུད་བཏང་ཡོད་པ་བརྗོད་འདུག ཚོགས་པའི་ཉམས་ཞིབ་ཀྱི་ལས་རོགས་བོད་གནས་ལྟ་ཞིབ་ཁང་གིས་འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གིས་ཡ་ཆེན་སྒར་ནས་བཙུན་མ་ ༧༠ ཙམ་བཙན་ཤེད་ཀྱིས་ཕྱིར་ཕུད་བཏང་ཡོད་པ་དངོས་སུ་ཤེས་རྟོགས་བྱུང་ཡོད་ཀྱང་ས་གནས་ཀྱི་ཡུལ་མི་ཁག་གཅིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན་གྲྭ་བཙུན་ ༣༥༠༠ ཙམ་ཕྱིར་ཕུད་བཏང་ཡོད་པ་མངོན་གསལ་གནང་འདུག  སྤྱིར་རྒྱ་ནག་གིས་བཙུན་མ་ ༧༠ དེ་རྣམས་དགོན་གྲོང་ནས་སྤྱི་ལེ་ ༣༠༠ ཙམ་ཡོད་པའི་ཕྱིར་རང་གི་ཡུལ་འཇོ་མདའ་རུ་བཏང་སྟེ་ཁུལ་དེར་བཙུན་མ་དེ་རྣམས་ཟླ་ངོ་ ༢ ནས་ ༣ བར་དུ་བཙན་ཤེད་ཀྱིས་བཀག་བསྐྱིལ་བྱས་ཏེ་རྒྱལ་ཞེན་གྱི་སློབ་གསོ་སྤེལ་ཡོད་པ་དང་རྒྱ་ནག་སྲིད་གཞུང་ལ་བསྟོད་བསྔགས་དང་༸གོང་ས་ཏཱ་ལའི་བླ་མར་མཚན་སྨད་ཞུ་བཅུག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་འཁོད་འདུག བོད་རང་དབང་ཚོགས་པས་ཡ་ཆེན་སྒར་དུ་རྒྱ་ནག་གིས་ལྟ་སྲུང་དོ་དམ་ནན་མོ་བྱེད་བཞིན་པ་དང་། དེ་བཞིན་དགོན་གྲོང་དེ་ས་ཆ་ཁུག་ཀྱོག་ཅིག་ཏུ་ཆགས་ཡོད་པར་བརྟེན་གནས་ཚུལ་འཚོལ་སྡུད་བྱེད་རྒྱུར་དཀའ་ལས་ཁག་པོ་ཡོད་པ་འགྲེལ་བརྗོད་དང་འབྲེལ་ཏེ་ཁུལ་དེར་རྒྱ་ནག་གིས་ལྟ་སྲུང་དོ་དམ་ཤུགས་ཆེར་བྱས་ཏེ་ཕྱི་ལོག་གི་མི་སུ་ཞིག་ཀྱང་ཁུལ་དེར་འགྲོ་སྐྱོད་བྱེད་དུ་འཇུག་གི་མེད་པ་མ་ཟད་ད་ཆ་ཡ་ཆེན་སྒར་དུ་རྒྱ་ནག་གི་དམག་མི་ ༦༠༠ ཙམ་འགྲེམས་འཇོག་གིས་གྲྭ་མང་ལ་བཏང་འཛིན་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག ཚོགས་པ་དེས་ད་ཆ་ཟུང་སྐར་བརྒྱུད་ནས་གསར་དུ་བླངས་པའི་པར་རིས་ལ་བལྟས་ན་རྒྱ་ནག་གིས་ཡ་ཆེན་སྒར་གྱི་བྱང་རྒྱུད་ཁག་ཏུ་གྲྭ་ཤག་ཁག་གཙང་བཟོ་བྱས་ཏེ་མགྲོན་ཁང་དང་རླངས་འཁོར་འབབ་ཚུགས། དེ་བཞིན་གཞུང་ལམ་རྒྱ་སྐྱེད་བྱེད་བཞིན་པ་མཐོང་ཐུབ་ཀྱི་ཡོད་སྟབས་རྒྱ་ནག་གིས་ཆེད་དུ་དགོན་གྲོང་དེ་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཁུལ་ཞིག་ཏུ་སྒྱུར་བཞིན་པར་ཚོད་དཔག་གནང་འདུག རྩ་བའི་ཡ་ཆེན་སྒར་དུ་རྒྱ་ནག་གིས་གྲྭ་ཤག་ལ་གཏོར་བཤིག་གཏོང་བཞིན་པའི་གནས་ཚུལ་འདི་ལོའི་ཕྱི་ཟླ་ ༧ ནང་གཞི་ནས་དྲྭ་ལམ་དུ་ཐོན་ཡོད་ཀྱང་། རྒྱ་ནག་གིས་ཡ་ཆེན་སྒར་དུ་གྲྭ་མང་ཕྱིར་ཕུད་ཀྱི་ལས་གཞི་དེ་ཕྱི་ལོ ༢༠༠༡ ལོ་ནས་བཟུང་ལག་བསྟར་བྱས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཁོ་ནའི་ནང་ཡ་ཆེན་སྒར་གྱི་གཙང་བོའི་ནུབ་རྒྱུད་དུ་ཆགས་པའི་གྲྭ་ཤག་ ༣༥༠༠ ལྷག་གཏོར་བཤིག་བཏང་ནས་གཞུང་ལམ་གསར་རྒྱག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད་གྲྭ་མང་ལ་རང་ཤག་གསར་རྒྱག་དང་ཞིག་གསོ་སོགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མངོན་གསལ་གནང་འདུག ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གིས་ཡ་ཆེན་སྒར་གྱི་གྲྭ་ཤག་མང་པོ་གཏོར་བཤིག་བཏང་བའི་ཁྲོད་ཡ་ཆེན་སྒར་གྱིི་དགོན་བདག་གིས་རྒྱ་ནག་སྲིད་གཞུང་ལ་ཞུ་སྐུལ་རིམ་པ་བྱས་ཡོད་ཀྱང་། རྒྱ་ནག་གིས་ཁོང་གི་ཞུ་སྐུལ་ལ་ཐེ་གཏོགས་ཙམ་ཡང་མེད་པར་སྔར་ལྟར་གྲྭ་ཤག་རྩ་གཏོར་གྱི་ལས་གཞི་སྤེལ་མུས་ཡིན་པར་བརྟེན་དགོན་བདག་མ་བླས་གྲྭ་མང་ལ་ཞུ་སྐུལ་བྱས་ཏེ་རྒྱ་ནག་གི་གཏོར་བཤིག་དེ་ནི་རི་གཟར་ངོས་ནས་རྦབ་རྡོ་ལྷུང་བ་དང་འདྲ་བས་སུས་ཀྱང་འགོག་ཐབས་མེད་སྟབས་གནས་ཚུལ་དེར་བཀག་འགོག་དང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་མ་གནང་རོགས་ཞེས་བརྗོད་ཡོད་པ་དང་། དེ་བཞིན་ཡ་ཆེན་སྒར་གྱི་གྲྭ་བ་རྒན་གྲོས་ཤིག་བོད་རང་སྐྱོང་ལྗོངས་སུ་ཆེད་དུ་ཕེབས་ཏེ་དམར་ཤོག་སྲིད་གཞུང་ལ་བོད་རང་སྐྱོང་ལྗོངས་ཁུལ་གྱི་གྲྭ་བཙུན་རྣམས་ཡ་ཆེན་སྒར་ནས་ཕྱིར་ཕུད་མི་གཏོང་བའི་རེ་ཞུ་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གིས་གནད་དོན་དེར་ཁས་ལེན་བྱས་མེད་པ་ཡང་མངོན་གསལ་གནང་འདུག བོད་རང་དབང་ཚོགས་པའི་དྲིལ་བསྒྲགས་དང་ཞུ་གཏུགས་ཀྱི་འགན་འཛིན་སྐུ་ཞབས་ John Jones ལགས་ཀྱིས་ཉེ་ཆར་རང་ཟུང་སྐར་བརྒྱུད་ནས་ལག་སོན་བྱུང་བའི་འདྲ་པར་འདི་དག་གིས་རྒྱ་ནག་སྲིད་གཞུང་གིས་བོད་མི་རྣམས་ཀྱི་སྡོད་གནས་ལ་གཏོར་བཅོམ་དང་སྤྱི་ཚོགས་ནས་ཕྱིར་ཕུད་གཏོང་གི་ཡོད་པ་གསལ་པོར་མངོན་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་བྱེད་ལས་དེ་ནི་གདུག་རྩུབ་ཆེ་ཞིང་ཉེས་ཆད་ལྕི་མོ་གཅོད་འོས་པ་ཞིག་ཡིན་པ་ཤེས་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་གནས་ཚུལ་དེ་འགེབ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། དགོན་གྲོང་དེའི་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་བཀག་བསྐྱིལ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་སྲིད་གཞུང་གིས་ཟུང་སྐར་བརྒྱུད་ནས་ལྟ་རྟོག་བྱེད་རྒྱུ་དེ་འགོག་ཐབས་ཡོད་པ་མ་རེད། ཟུང་སྐར་བརྒྱུད་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་དེ་ནི་སུས་ཀྱང་བསྙོན་འཛུགས་བྱེད་ཐབས་མེད་པའི་དཔང་པོ་ལྟ་བུ་རེད། ད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲད་ཐོག་རྒྱ་ནག་གི་གཏོར་བཤིག་གི་བྱེད་ལས་དེ་དག་འཕྲལ་ཏུ་མཚམས་འཇོག་བྱེད་དུ་འཇུག་དགོས་པ་མ་ཟད་ཡ་ཆེན་སྒར་གྱི་གྲྭ་བཙུན་རྣམས་རང་དགོན་དུ་ཞི་བདེའི་ངང་གནས་སུ་འཇུག་དགོས་ཞེས་རེ་སྐུལ་ཞུས་ཡོད་པ་ཡང་བཀོད་འདུག

རྒྱལ་སྤྱིའི་ཁྲོད་དུ་ཧོང་ཀོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ།

ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་སྤྱི་ཁྱབ་མང་གཙོའི་སྒོ་ནས་འདེམས་ཕྱོགས་སོགས་ཀྱི་དགོས་འདུན་འོག་འདས་པའི་ཟླ་ཤས་ནང་མང་ཚོགས་ནས་ལས་འགུལ་རྒྱུན་མི་ཆད་པར་སྤེལ་དང་སྤེལ་མུས་ཡིན་པ་ལྟར་ཁ་སང་ཧོང་ཀོང་གི་གནད་དོན་ཐོག་ཨོ་སི་ཊོ་ལི་ཡ་དང་ཐེ་ཝན། དེ་བཞིན་ཉི་ཧོང་ནས་རྒྱབ་སྐྱོར་གྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག ཁ་སང་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན། པེ་ཅིང་ནས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་ནས་ལོ་ངོ་ ༧༠ འཁོར་བའི་སྟ་གོན་བྱེད་པའི་སྐབས་འདིར་ཨོ་སི་ཊོ་ལི་ཡ་དང་ཐེ་ཝན་གཙོས་པའི་ས་ཁུལ་ ༦༠ ཙམ་གི་ནང་རྒྱ་གཞུང་གིས་དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ལ་ངོ་རྒོལ་དང་། ཧོང་ཀོང་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་སླད་ Global day of action ཞེས་སྲུང་བརྩི་ཞུས་པའི་ཁྲོད་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ནང་མང་ཚོགས་སྟོང་ཕྲག་མང་པོས་སྲང་ལམ་དུ་ཨོ་གླིང་དང་ཧོང་ཀོང་། རྒྱལ་ཁབ་འདྲ་མིན་གྱི་རྒྱལ་དར་བསྣམས་ཐོག་རང་དབང་དོན་དུ་འཐབ་རྩོད་བྱོས། ཧོང་ཀོང་ལ་རྒྱབ་སྐྱོར་གྱིས་ཞེས་སོགས་ཀྱི་འབོད་ཚིག་སྒྲོགས་པ་དང་། མེལ་བྷོརན་དང་བྷི་རིས་བྷེན་ནང་ལས་འགུལ་བས་ཧོང་ཀོང་ཞི་རྒོལ་གྱི་གླུ་བླངས་ཏེ་ངོ་རྒོལ་སྐད་འབོད་གནང་འདུག ཧོང་ཀོང་ནས་ཡིན་པ་ཟླ་བ་གཉིས་སྔ་རོལ་ཙམ་དུ་སིཌ་ནི་ནང་གནས་སྤོས་གནང་མཁན་རང་ལོ་ ༢༥ ལ་སོན་པ་ Bill Lam ལགས་ཀྱིས་ཧོང་ཀོང་ནང་ལས་འགུལ་བ་ཚོ་རེ་བ་བྲལ་བ་ལྟ་བུ་ཆགས་པ་དང་། ཁོང་ཚོའི་གཞུང་ནས་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་འདོད་ཀྱི་ཡོད་པ་གསུངས་འདུག  རང་ཉིད་ལྟ་བུར་མཚོན་ན་ཡུལ་གཞན་ནང་སླེབས་ཀྱང་ཁོང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསུངས་འདུག ཨོ་གླིང་དུ་ལོ་མང་རིང་གནས་བཞུགས་གནང་མཁན་ Frankie Lo ལགས་ཀྱིས་ཀྱང་ང་ཚོ་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ལ་ད་ལྟ་ཡང་ཡིད་ཆེས་ཡོད་པ་དང་།  འོན་ཀྱང་རྒྱ་ནག་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་སྲིད་བྱུས་ལ་བརྩི་བཀུར་ཞུས་དགོས་པ་བརྗོད་འདུག གཞི་རྩའི་ཧོང་ཀོང་ནང་སྤྱི་ཁྱབ་པས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་བྱས་ཟིན་པ་དང་། མང་ཚོགས་ནས་སྤྱི་ཁྱབ་ཀེ་རི་ལེམ་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་དང་། དེ་བཞིན་ཧོང་ཀོང་གི་སྤྱི་ཁྱབ་མང་གཙོའི་ལམ་ལུགས་ཐོག་འདེམས་སྒྲུག་དང་། ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་ལྡན་པའི་སྒོ་ནས་འདྲི་རྩད་བྱེད་དགོས་པ། ལས་འགུལ་ཁྲོད་འཛིན་བཟུང་བྱས་པ་རྣམས་ཆ་རྐྱེན་མེད་པར་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་བྱས་ཡོད་པ་རེད།  ཉེ་ལམ་ཧོང་ཀོང་གི་སྤྱི་ཁྱབ་ནས་ཡུལ་དེའི་མང་ཚོགས་ཁག་གཅིག་དང་ཐུག་འཕྲད་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་དང་།  སྐབས་དེར་མང་ཚོགས་ཁག་ལ་ལས་དགོས་འདུན་ལྔ་པོ་བསྒྲུབ་མེད་པར་སྤྱི་ཁྱབ་ལ་སྐྱོན་བརྗོད་སོགས་བྱས་ཡོད་པ་རེད།ཐེ་པི་ནང་བོད་མི་གཙོས་པའི་མང་ཚོགས་སྟོང་ཕྲག་གཉིས་ཙམ་ཞིག་གིས་གྲོས་ཚོགས་ཕྱི་རོལ་དུ་འཛོམས་ནས་བོད་ཀྱི་རྒྱལ་དར་དང་དབྱིན་ཇིའི་རྒྱལ་དར་སོགས་བསྣམས་ཏེ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་།  ལས་འགུལ་བའི་ཁྲོད་དུ་ལོ་ན་ ༤༠ ནང་ཕེབས་པའི་ Pan Hou-hsun ལགས་ཀྱིས་ཐེ་ཝན་གྱི་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་པར་ང་ཚོ་ཧོང་ཀོང་དང་མཉམ་དུ་ཡོད་ཅེས་གསུངས་འདུག ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ་ནང་མི་གྲངས་ ༤༠༠ མན་ཙམ་ཞིག་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཧོང་ཀོང་གི་རང་དབང་སླད་འཐབ་རྩོད་བྱོས་ཞེས་པའི་འཕྲེད་དར་བསྣམས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག རྒྱ་ནག་གི་རྒྱལ་སྟོན་འཚོགས་ལ་ཉེ་བ་དང་བསྟུན་ཧོང་ཀོང་ནང་གཟའ་འཁོར་སྔོན་མའི་རེས་གཟའ་ཉི་མའི་ཉིན་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཆས་གོས་དམར་པོ་བཀྲས་ཐོག་ལག་ཏུ་རྒྱ་ནག་གི་རྒྱལ་དར་དང་། ང་རྒྱ་ནག་གི་མི་སེར་ཡིན་ཞེས་འཕྲེད་དར་བསྣམས་པ་མ་ཟད་རྒྱ་ནག་གི་རྒྱལ་གླུ་དང་། སྐྱེས་སྐར་ཉིན་མོར་འཚམས་འདྲི་ཡོད་ཅེས་གླུ་བླངས་འདུག འོན་ཀྱང་ལས་འགུལ་བས་རེས་གཟའ་མིག་དམར་ཉིན་ས་ཁུལ་ཁག་འདྲ་མིན་ ༡༦ ནང་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་འཆར་ཡོད་པ་རེད་འདུག

Latest news