Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

གཉན་རིམས་ཁྲོད་སློབ་གྲྭ་ཁག་མུ་མཐུད་ཕྱིར་བཤོལ་བཀོད་ཁྱབ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ པ་དེ་འཛམ་གླིང་སྤྱིར་ཁྱབ་གདལ་བྱུང་བ་ནས་བཟུང་རྒྱལ་ཁབ་མང་པོས་དེ་མ་ཐག་ཏུ་གཉན་རིམས་སྔོན་འགོག་སླད་སྒོ་རྒྱ་བསྡམ་པའི་བཀའ་རྒྱ་གནང་ཡོད་པ་ལྟར་རྒྱ་གར་ནང་དུའང་ཟླ་ ༣ ཚེས་ ༢༥ ནས་རྒྱལ་ཁབ་ཡོངས་སྒོ་རྒྱ་བསྡམས་ ཡོད་པ་རེད།  འོན་ཀྱང་ཟླ་ ༦ པ་ནས་རིམ་པས་ Unlock ཞེས་སྒོ་རྒྱ་བསྡམ་པའི་དུས་བཅད་ལ་གུ་ཡངས་ཀྱི་རིམ་པ་དང་པོ་དང་གཉིས་པའི་བཀོད་ཁྱབ་གནང་ཡོད་པ་མ་ཟད། ཁ་སང་རྒྱ་གར་དབུས་གཞུང་ནས་སྒོ་རྒྱ་བསྡམ་པའི་གུ་ཡངས་ཀྱི་རིམ་པ་གསུམ་པའི་བཀོད་ཁྱབ་གནང་བ་དང་འབྲེལ། བཀོད་ཁྱབ་དེའི་ནང་མཚན་གྱི་ཐེམ་སྤང་ལ་གུ་ཡངས་གཙོས་ལུས་སྦྱོང་ཁང་སོགས་རིམ་བཞིན་སྒོ་ཕྱེ་ནས་ལས་དོན་གཉེར་ཆོག་པ་དང་། དེ་མིན་སློབ་གྲྭ་དང་མཐོ་སློབ་ཁག་མུ་མཐུད་ཕྱིར་བཤོལ་གནང་རྒྱུའི་བཀོད་ཁྱབ་གནང་འདུགཁ་སང་ཕྱི་ཚེས་ ༢༩ ཉིན་སྒོ་རྒྱ་བསྡམ་པའི་གུ་ཡངས་ཀྱི་རིམ་པ་གསུམ་པའི་གསལ་བསྒྲགས་ནང་གཉན་རིམས་ཉེན་ཚབས་ཆེ་བའི་ས་གནས་ནང་མུ་མཐུད་ཟླ་བ་བརྒྱད་པའི་ཟླ་མཇུག་བར་སྒོ་རྒྱ་བསྡམ་རྒྱུའི་བཀའ་རྒྱ་བཏང་ཡོད་པ་དང་དེ་བཞིན་ཉེན་ཚབས་ཆུང་ཉུང་བའི་ས་ཁུལ་ཁག་ཏུ་སློབ་གྲྭ་དང་མཐོ་སློབ། ཤེས་ཡོན་གྱི་བསྟི་གནས་ཁག་ཟླ་བ་ ༨ ཚེས་ ༣༡ བར་མུ་མཐུད་ཕྱིར་བཤོལ་གནང་རྒྱུ་དང་སྒོས་དེའི་ཚབ་ཏུ་དྲྭ་ལམ་སོགས་ཀྱི་ནས་སློབ་ཁྲིད་གནང་རྒྱུ་གསལ་བསྒྲགས་སྤེལ་འདུག   དེ་བཞིན་སྤྱི་བསྒྲགས་དེའི་ནང་ཟླ་ ༨ ཚེས་ ༥ ནས་ཡོ་ག་དང་ལུས་སྦྱོང་ཁང་སོགས་དབུ་འཛུགས་གནང་ཆོག་པ་དེ་ལྟར་ཡང་གློག་བརྙན་ཁང་དང་སྤྲོ་སེང་ས་ཁུལ། དེ་བཞིན་འཁྲབ་སྟོན་ཁང་། ཆང་ཁང་སོགས་གཉེར་ཆོག་གི་མེད་པ་མ་ཟད། འགྲིམ་འགྲུལ་སོགས་ལ་གཞིགས་ན་ནང་སྲིད་ལས་ཁུངས་ཀྱི་ཆོག་མཆན་ཡོད་མཁན་མ་གཏོགས་ཕྱིའི་ཡུལ་གྲུ་ཁག་ཏུ་ཕེབས་རྒྱུའི་འགྲིམ་འགྲུལ་ལ་བཀག་སྡོམ་དང་། མེ་འཁོར་སོགས་ཀྱི་འགྲིམ་འགྲུལ་སོགས་ད་ཆ་གནང་ཆོག་གི་མི་འདུག  ཆབ་སྲིད་གཙོས་ཆོས་ཕྱོགས་ཀྱི་མཛད་སྒོ་སོགས་མང་ཚོགས་འདུ་འཛོམས་ཕོན་ཆེ་གནང་རྒྱུ་ལ་སོགས་པ་ཡོངས་རྫོགས་བཀག་སྡོམ་གནང་འདུག་ཀྱང་། རིང་མིན་རྒྱ་གར་གྱི་རང་བཙན་ཉིན་མོ་ཡོང་ཉེ་ཡིན་པར་བརྟེན་དུས་ཚིགས་དེའི་སྐབས་ས་གནས་སོ་སོར་ཉིན་མོ་དེ་སྲུང་བརྩི་ཞུ་ཚེ་ངེས་པར་དུ་སྤྱི་ཚོགས་རྒྱང་བཀྱེད་དང་ཁ་རས་གྱོན་རྒྱུ་སོགས་གཉན་རིམས་སྔོན་འགོག་གི་ལས་དོན་ཡོངས་ཕྱག་བསྟར་འཁེལ་དགོས་པ་གཞེན་སྐུལ་གནང་ཡོད། རྩ་བའི་གཉན་རིམས་རྐྱེན་པས་འདས་པའི་ཟླ་ཤས་ནས་སློབ་གྲྭ་དང་མཐོ་སློབ་སོགས་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་པ་ལྟར་བཙན་བྱོལ་དུ་ཡོད་པའི་བོད་སློབ་ཁག་ཀྱང་སྒོ་བརྒྱབ་པ་དང་བསྟུན་དྲྭ་ལམ་བརྒྱུད་ནས་དགེ་རྒན་ཚོས་སློབ་ཕྲུག་ལ་སློབ་ཁྲིད་གནང་གི་ཡོད་པ་རེད། རྩ་བའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་བའི་རྫ་དྲག་གི་དུས་ཡུན་ཁྲོད་རྒྱ་གར་ལྟ་བུ་ནང་ད་བར་རིམས་ནད་དེའི་རྐྱེན་གྱིས་རྐྱེན་འདས་སུ་གྱུར་བ་མི་གྲངས་ ༣༤༩༦༨ དང་ནད་ཡམས་ལས་དྲག་སྐྱེད་བྱུང་བ་ ༡༠༢༠༥༨༢ དེ་བཞིན་ནད་ཀྱིས་མནར་བཞིན་པ་མི་གྲངས་ ༥༢༨༢༤༢  ཡོད་པ་རེད།  འབྲེལ་ཡོད་པར་ The Peninsula དང་། TCV

ཡུ་རོབ་ཕྱི་འབྲེལ་ལྷན་ཚོགས་ཀྱིས་བོད་ནང་གི་གནད་དོན་ཐད་མུ་མཐུད་ཐུགས་སྣང་གཟབ་ནན་གནང་རྒྱུ་མངོན་གསལ།

ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Isabel Santos ལགས་ཀྱིས་ཡིག་ཐོག་བརྒྱུད་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ Josep Borrell མཆོག་ལ་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་སྐྱོང་གི་གནས་བབ། དེ་བཞིན་བལ་ཡུལ་དང་རྒྱ་ནག་གི་གྲོས་ཆོད་སོགས་ཀྱིས་བོད་མིར་ཉེན་ཚབས་ཡོད་མེད་སོགས་ཀྱི་དྲི་བ་དྲིས་པར་ཕྱི་སྲིད་བློན་ཆེན་མཆོག་གིས་ཟླ་ ༧ ཚེས་ ༢༤ ཉིན་ཡུ་རོབ་གྲོས་ཚོགས་སུ་ཡུ་རོབ་མཐུན་ཚོགས་ཀྱིས་དུས་རྒྱུན་ནས་རྒྱ་ནག་དང་ལྷན་དུ་གོ་སྐབས་ནམ་བྱུང་ཁྲོད་བོད་མིའི་གནད་དོན་གླེང་སློང་བྱེད་ཀྱི་ཡོད་པ་དང་། མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ངོས་ནས་བོད་ནང་གི་གནད་དོན་ལ་མུ་མཐུད་ཐུགས་སྣང་གཟབ་ནན་གནང་རྒྱུ་དང་། རྒྱ་ནག་གིས་བོད་མིའི་ཐོབ་ཐང་ལ་གུས་བརྩི་ཡོང་བའི་ཐུགས་རེ་མུ་མཐུད་ནས་གནང་བཞིན་ཡོད་པ་གསུངས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་ཡུ་རོབ་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Isabel Santos ལགས་ཀྱིས་རྒྱ་ནག་གིས་འདི་ལོའི་ལོ་འགོར་བོད་ནང་དུ་གྲངས་ཉུང་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་སྒྲིག་ཅིག་བཟོས་ཏེ་བོད་ཁུལ་གྱི་སྔོན་འགྲོ་སློབ་གྲྭ་ཁག་ཏུ་བྱིས་པ་རྣམས་ཀྱི་ནང་མི་དང་མི་སྒེར་གྱི་ཐོབ་ཐང་ལ་ཐེ་བྱུས་བྱས་ཏེ་ལྟ་གྲུབ་ཀྱི་དྲིལ་བསྒྲགས་སྤེལ་གྱི་ཡོད་པ་ཡོངས་གྲགས་ཀྱིས་སྐུ་ཞབས་ Josep Borrell མཆོག་ལ་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་མིའི་རང་སྐྱོང་གི་གནས་བབ་དང་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐད་ཐུགས་འགན་གང་བཞེས་ཀྱི་ཡོད་དམ་ཞེས་དྲི་བ་ཞུས་ཡོད་པ་རེད། དེའི་བཀའ་ལན་དུ་ཕྱི་འབྲེལ་བློན་ཆེན་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཟླ་ ༦ ཚེས་ ༢༢ ཉིན་འཚོགས་པའི་ཡུ་རོབ་དང་རྒྱ་ནག་དབར་གྱི་ཆེས་མཐོའི་ལྷན་ཚོགས་དང་། དེའི་གོང་ཚེས་ ༩ ཉིན་ཚོགས་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་སྐུ་ཞབས་ Borrell ལགས་གཉིས་དབར་གྱི་འཐབ་བྱུས་དང་འབྲེལ་བའི་ལྷན་ཚོགས། གཞན་ཡང་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སོགས་ཕྱི་ནང་གསང་གསུམ་གྱི་གོ་སྐབས་ནམ་བྱུང་ཁྲོད་བོད་ཀྱི་གནད་དོན་གླེང་སྟེ་བོད་ནང་གི་བོད་མིའི་ཆོས་དད་རང་དབང་བཀག་སྡོམ་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གི་ཐད་ནས་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་པ་མ་ཟད། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྤྱི་དང་བོད་ཁུལ་དུ་འདྲ་མཉམ་འགྲོ་སྐྱོད་གྱི་ཐོབ་ཐང་མེད་པའི་གནད་དོན་བཅས་ཀྱི་ཐོག་ཐུགས་སྣང་གནང་གི་ཡོད་པའི་ལན་འདེབས་གནང་འདུགདེ་བཞིན་ཁོང་གིས་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་གྲོས་ཆོད་བཞག་པར་བརྟེན་བོད་མི་རྣམས་ཀྱི་འགྲོ་འདུག་ལ་དོ་ཕོག་གཏོང་གི་ཡོད་མེད་ཀྱི་ཐོག་བཀའ་འདྲི་ཞུས་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྔར་ལོར་བལ་ཡུལ་དུ་འབྱོར་དུས་ཕྱོགས་གཉིས་ཀྱི་བར་དུ་གྲོས་ཆོད་གང་ཡང་བཞག་མེད་ནའང་། སྐབས་དེར་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་གནས་ཚུལ་བརྗེ་ལེན་བྱེད་ཕྱོགས་ཀྱི་ཐོག་ནས་མཉམ་ལས་བྱེད་རྒྱུ་ཡིན་པར་ཡོངས་གྲགས་གནང་ཡོད་པ་ལས་དམིགས་བསལ་གྱི་གྲོས་ཆོད་གང་ཡག་བཞག་མེད་པར་ལན་འདེབས་གནང་བ་དང་སྦྲགས། རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་འབྲེལ་ལམ་ཇེ་བཟང་དུ་བཏང་བ་དེས་གཅིག་བྱས་ན་བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་དོ་ཕོག་འགྲོ་སྲིད་པར་བརྟེན་ཡུ་རོབ་ཕྱི་འབྲེལ་ལྷན་ཚོགས་ཀྱིས་གནད་དོན་དེར་ཞིབ་ཚགས་ཀྱིས་ཐུགས་སྣང་གནང་གི་ཡོད་པར་ལན་འདེབས་གནང་ཡོད་པ་རེད། གཞི་རྩའི་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ Borrell མཆོག་གིས་ཟླ་བ་འདིའི་ཟླ་སྟོད་དུ་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་སྲིད་གཞུང་གིས་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་གཏོགས་བྱེད་བཞིན་པར་ངོ་རྒོལ་ཡོད་པ་དང་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཡུ་རོབ་མཐུན་ཚོགསནས་རྒྱ་ནག་སྲིད་གཞུང་ལ་མུ་མཐུད་གནོན་ཤུགས་སྤྲད་དེ་བོད་ནང་དུ་རང་དབང་གིས་འདྲ་མཉམ་འགྲུལ་སྐྱོད་ཡོང་ཐབས་སླད་འབད་བརྩོད་གནང་རྒྱུ་ཡིན་སྐོར་གསུང་མྱོང་ཡོད་པ་རེད།

འཇར་མ་ནི་ནང་གི་གཙུག་ལག་སློབ་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱབ་འདུག

རྒྱ་ནག་གིས་རྒྱུན་དུ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕྱི་རྒྱལ་གྱི་ཤེས་ཡོན་ལྟེ་གནས་གང་སར་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་ཡན་ལག་མང་པོ་ཆེད་འཛུགས་བྱེད་ཐབས་བྱས་ཏེ་ཕྱོགས་གཅིག་ནས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཁྱབ་སྤེལ་དང་ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་སྟེང་དུ་རྒྱ་ནག་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ཁག་ལ་གླེང་སློང་བྱེད་རྒྱུར་འགོག་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་ཀྱང་། འདས་པའི་ལོ་ཤས་གོང་ནས་བཟུང་ཨ་རི་དང་ཡོ་རོབ་རྒྱལ་ཁབ་གཙོས་ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོའི་ནང་གི་གཙུག་ལག་སློབ་གཉེར་ཁང་ཁག་གིས་རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་སྒྱུ་ལྡན་པའི་ཁུང་ཙི་སློབ་གླིང་གི་ཡན་ལག་ཁང་དུ་མ་ཞིག་སྒོ་རྒྱག་བཞིན་ཡོད་པ་ལྟར་འཇར་མ་ནི་ནང་གི་གཙུག་ལག་སློབ་ཁང་གིས་ཀྱང་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱབ་འདུགདེའང་འཇར་མ་ནི་ཉིན་རེའི་གསར་ཤོག་ Die Welt ཞེས་པས་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མ་ནིའི་ Hamburg གཙུག་ལག་སློབ་ཁང་གིས་ཆབ་སྲིད་ཀྱི་གནོན་ཤུགས་དང་གསར་གནས་ཕྱིར་གྱར་གྱི་གནད་དོན་རྐྱེན་གྱིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འདི་ལོའི་ལོ་མཇུག་ཏུ་མཉམ་འབྲེལ་གྱི་ལས་དོན་གཉེར་མཚམས་འཇོག་རྒྱུ་ཡིན་པར་བཤད་འདུག ད་རེས་འཇར་མ་ནི་ནང་གི་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱབ་པའི་གནད་དོན་དེ་ཆེས་ཐོག་མ་ཆགས་ཀྱི་མེད་པ་རེད། དེ་སྔོན་ཕྱི་ལོ་ ༢༠༡༦ ལོར་ Düsseldorf གྲོང་ཁྱེར་ནང་རྟེན་གཞོ་བྱས་པའི་ Heinrich Heine གཙུག་ལག་སློབ་གཉེར་ཁང་གི་ངོས་ནས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་གནོན་ཤུགས་སླེབས་པར་བརྟེན་ Hanban འམ་རྒྱ་གཞུང་གི་འགོ་ཁྲིད་མི་སྣས་ཐད་ཀར་སྟངས་འཛིན་ཡོད་པ་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་བཅད་པ་མ་ཟད། དེ་བཞིན་འཇར་མ་ནིའི་ Bonn གཙུག་ལག་སློབ་གཉེར་ཁང་གིས་ཀྱང་ཁུང་ཙི་སློབ་གླིང་དང་མུ་མཐུད་འབྲེལ་ལམ་འཇོག་མཚམས་གནང་མིན་ཐོག་ཞིབ་དཔྱད་གནང་བཞིན་ཡོད་པ་རེད་འདུགདེ་ལྟ་ནའང་འཇར་མ་ནི་ Frankfurt དུ་རྟེན་གཞི་བྱས་པའི་ Goethe གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་སྤྱོད་དྲིལ་བསྒྲགས་བྱེད་པར་མཐུན་རྐྱེན་སྐྲུན་པར་ངོས་ལེན་བྱེད་ཀྱི་མེད་པ་དང་། ཡུལ་དེའི་མང་གཙོའི་ཆབ་སྲིད་ཚོགས་པས་ཀྱང་རྒྱ་ནག་གིས་སྐད་ཡིག་ལྟེ་གནས་ཁང་ལ་འགྲོ་གྲོན་བཏང་བ་དེས་ཡོ་རོབ་རྒྱལ་ཁབ་ཚོའི་ཤེས་ཡོན་སྡེ་ཁག་གི་རང་དབང་ལ་དོ་ཕོག་འགྲོ་མིན་ཞིབ་དཔྱད་གནང་དགོས་པའི་གྲོས་འཆར་ཞིག་གནང་ཡོད་པ་ཆེད་བཀོད་གནང་འདུགགཞི་རྩའི་ཕྱི་ལོ་ ༢༠༡༨ ལོར་ཨ་རི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ ༩༠ ཙམ་ཡོད་ཀྱང་ཉེ་བའི་ལོ་ཤས་ནས་བཟུང་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་དུ་མ་གནང་ཡོད་པ་ལྟར་ ༢༠༡༩ ལོར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གིས་ཁུ་ཙི་སློབ་གླིང་དང་འབྲེལ་བ་ཡོངས་སུ་མཚམས་འཇོག་གནང་ཡོད་པ་མ་ཟད། དེ་བཞིན་ཡོ་རབ་རྒྱལ་ཁབ་བྷེལ་འཇམ་དང་སུད་ཌེན། ཨོ་སི་ཊོ་ལི་ཡ། སི་པཱེན་ལ་སོགས་པས་རྒྱ་ནག་གིས་སློབ་གླིང་དེའི་བརྒྱུད་རྒྱལ་ཁབ་དེ་དག་གི་གསར་གནས་རྐུ་ཁྱེར་དང་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཁྱབ་སྤེལ་བར་བརྟེན་འབྲེལ་ཐག་བཅད་པའི་གནས་ཚུལ་རབ་དང་རིམ་པ་ཐོན་ཡོད་པ་རེད། དེའི་རྗེས་རྒྱ་ནག་གཞུང་གི་ངོས་ནས་འཛམ་གླིང་ཁྱོན་ཡོངས་ནས་རྒྱ་ནག་གི་ཁུང་ཙི་སློབ་གླིང་ལ་སྐྱོན་བརྗོད་དང་སྒོ་རྒྱབ་པ་སོགས་ཀྱི་ངལ་བ་ཆེས་ཆེར་འཕྲད་རྐྱེན་ཟླ་བ་འདིའི་ཟླ་འགོར་ཁུང་ཙི་སློབ་གླིང་མིང་བརྗེ་རྒྱུ་བྱས་ཏེ་ད་ཆ་ལས་གཞི་དེར་རྒྱ་ནག་གི་ཤེས་ཡོན་ལྷན་ཁང་གིས་གཉེར་བའི་སྐད་ཡིག་བརྗེ་ལེན་དང་མཉམ་འབྲེལ་གྱི་ལྟེ་གནས་ཁང་ཞེས་མིང་གྱུར་བྱས་ཡོད་པ་རེད།

བོད་ནང་དུ་དྲང་བདེན་གྱི་ཁྲིམས་བཤེར་ལག་བསྟར་བྱེད་ཀྱི་མེད་པའི་སྙན་ཐོ་འདོན་སྤེལ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་སྲིད་གཞུང་གི་ཁྲིམས་ཀྱི་ལམ་ལུགས་ནང་དྲང་བདེན་གྱི་ཁྲིམས་བཤེར་ལག་བསྟར་བྱེད་ཀྱི་མེད་པ་དེ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་བཞིན་པའི་རྒྱུ་རྐྱེན་ཆེ་གྲས་ཤིག་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། དྲང་བདེན་གྱི་ཁྲིམས་བཤེར་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་སེམས་འཚབ་ཀྱིས་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་ལྟེ་གནས་ཁང་དེས་དེ་རིང་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་རྒྱ་ནག་གིས་བོད་མི་རྣམས་གང་བྱུང་བཀག་སྐྱིལ་དང་འཛིན་བཟུང་བྱས་པ། དེ་བཞིན་བོད་མི་རྣམས་ཀྱི་རང་དབང་ལ་བཀག་སྡོམ་དང་བཙན་དབང་གི་ནག་ཉེས་ཁས་ལེན་བྱེད་དུ་བཅུག་པ། ཁྲིམས་བཤེར་གྱི་ཐོབ་ཐང་མེད་པ་དང་ཁྲིམས་ལུགས་ཀྱི་རང་དབང་བྲལ་བ་སོགས་ཀྱི་གནད་དོན་ཁག་ཅིག་འབུར་འདོན་གནང་སྟེ། བོད་ནང་དུ་ཉེས་དོན་ཁྲིམས་བཤེར་གྱི་ལམ་ལུགས་ལ་བསྐྱར་བཅོས་བྱས་ཏེ་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་དགོངས་ཚུལ་བཏོན་པ་མ་ཟད། ཨ་ཉག་སེང་སྒྲ་དང་བཀྲིས་དབང་ཕྱུག་ལགས་ཀྱི་སླད་ཁྲིམས་རྩོད་གནང་མྱོང་ཡོད་མཁན་ Lin Qilei ལགས་ཀྱིས་གཙོས་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁག་ཅིག་ལ་བཅར་འདྲི་ཞུས་པ་བརྒྱུད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་ལ་དཀའ་ངལ་ཇི་ཙམ་འཕྲད་བཞིན་པའི་གནད་དོན་སྐོར་གསལ་འདོན་གནང་ཡོད་སྐོར་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་ཡོད།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཐེངས་འདིར་འདོན་སྤེལ་གནང་བའི་སྙན་ཐོའི་སྔོན་གླེང་ནང་བོད་ནང་དུ་ཕྱི་ལོ་ ༢༠༠༨ ཀྱི་ས་བྱི་ལོའི་བོད་ས་ཡོངས་ཀྱི་ཞི་རྒོལ་བྱུང་ནས་མི་ལོ་ཧྲིལ་པོ་བཅུ་གཉིས་ཕྱིན་པའི་དུས་སྐབས་འདིར་ཡང་རྒྱ་ནག་གིས་བོད་ཁུལ་དུ་བོད་མི་ག་ཚོད་ཅིག་འཛིན་བཟུང་བྱས་པ་དང་། བཙོན་ཁང་དུ་ག་ཚོད་ཤི་བ་དང་ཁྲིམས་ཐག་བཅད་པ་སོགས་ཀྱི་གཞུང་འབྲེལ་གྱི་གྲངས་ཐོ་ཕྱིར་འདོན་བྱས་མེད་པར་ཡོངས་གྲགས་གནང་བ་མ་ཟད། ༢༠༡༩ ལོར་བོད་གནས་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་མི་ ༨༠ ཙམ་འཛིན་བཟུང་བྱས་ནས་ལོ་བཅུ་ཙམ་འགོར་གྱི་ཡོད་ཀྱང་། རྒྱ་ནག་གིས་དུས་ད་ལྟའང་ཁོང་ཚོའི་ནག་ཉེས་དང་གར་ཡོད་ཀྱི་གནས་སྟངས་ཕྱིར་བསྒྲགས་བྱས་མེད་པར་ལྷག་ཡོད་པ་ཕྱིར་བསྒྲགས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གནད་དོན་འདིར་འདྲི་ཞིབ་གནང་དགོས་ལུགས་འཁོད་འདུག ལྟེ་གནས་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ས་གནས་ཀྱི་ཐོབ་ཐང་ཚོགས་པ་ཁག་གིས་ཉེས་དོན་ཁྲིམས་བཤེར་དང་དེ་བཞིན་ཁྲིམས་སྒྲིག་དང་འཛིན་སྐྱོང་སོགས་ཀྱི་གནད་དོན་ཅི་འདྲ་ཞིག་ལ་ཁྲིམས་བཤེར་མ་བྱས་སྔོན་ནས་དྲང་བདེན་གྱི་ཁྲིམས་བཤེར་ཡོང་བར་ཁག་ཐེག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་སུ་ཡང་ཁྲིམས་ལུགས་དབང་སྒྱུར་གྱི་ཆ་རྐྱེན་ཁག་གསལ་ཡོད་ནའང་རྒྱ་ནག་དམར་ཤོག་ཚོགས་པས་རྩ་ཁྲིམས་ལས་བརྒལ་བའི་ཆེས་མཐོ་ཡི་དབང་ཚད་ལོག་པར་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་སྲུང་དང་སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་མིང་ཐོག་ནས་གྱོད་དོན་ཡོད་ཚད་ལ་ཐེ་བྱུས་བྱེད་ཀྱི་ཡོད་པར་བརྟེན་ཁྲིམས་རྩོད་པ་རྣམས་ནས་དྲང་བདེན་གྱི་ཁྲིམས་བཤེར་བྱེད་ཐུབ་ཀྱི་མེད་པར་འཁོད་འདུག བོད་ཀྱི་ཆབ་སྲིད་བཙོན་པ་ཨ་ཉག་སེང་སྒྲ་དང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སླད་དུ་ཁྲིམས་རྩོད་གནང་མྱོང་ཡོད་མཁན་ Lin Qilei ལགས་ཀྱིས་སྙན་ཐོ་དེའི་ནང་རྒྱ་ནག་གི་ཁྲིམས་ཁང་ནི་དམར་ཤོག་ཚོགས་པའི་ལས་ཁུངས་ལྟ་བུ་ཡིན་པ་དང་། དེའང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་དྲག་གནོན་བྱས་པ་ཁོ་ན་མ་གཏོགས། དེའི་ནང་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་ཡོང་ཐུབ་ཐབས་མེད་སྐོར་གསུངས་པ་མ་ཟད། ཨ་རིར་གནས་བཞུགས་རྒྱ་རིགས་ཁྲིམས་རྩོད་པ་ Ting Biao ཡིས་བོད་མི་དང་འབྲེལ་བའི་ཁ་མཆུ་ཅི་འདྲ་ཞིག་ཡིན་རུང་དེ་དག་ཧ་ལམ་ཡོངས་རྫོགས་ཆབ་སྲིད་དང་འབྲེལ་བ་འདོགས་ཀྱི་ཡོད་སྟབས་རྒྱ་རིགས་ཁྲིམས་རྩོད་པ་རྣམས་ཀྱིས་ཁ་མཆུ་དེའི་རིགས་ཁས་ལེན་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། ཁ་མཆུ་ཁས་ལེན་བྱེད་མཁན་ཁྲིམས་རྩོད་པ་རྣམས་རྙོག་གྲ་སློང་མཁན་དང་གཞུང་དང་ལྟ་བ་མི་མཐུན་མཁན་ལ་ངོས་འཛིན་བྱས་པ་མ་ཟད། ཁྲིམས་དཔོན་རྣམས་ཀྱང་རང་དབང་མེད་པར་དཔོན་རིགས་གོང་མའི་ཤུགས་རྐྱེན་འོག་གནས་བཞིན་པ་མངོན་གསལ་གནང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་ཐེངས་འདིའི་སྙན་ཐོ་བརྒྱུད་ནས་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་གྲོས་མཐུན་ལ་ཁས་ལེན་ལག་བསྟར་དགོས་པ་དང་། དྲང་བདེན་གྱི་ཁྲིམས་བཤེར་གཙོ་བོར་བཟུང་པའི་ཁྲིམས་ཀྱི་ལམ་ལུགས་ལག་བསྟར་དགོས་པ། དེ་བཞིན་བཙན་དབང་གི་ནག་ཉེས་ངོས་ལེན་གྱི་ལས་དོན་མཚམས་འཇོག་དང་ཁྲིམས་གཏུག་བརྒྱུད་བདེན་པ་ར་སྤྲོད་མ་བྱས་གོང་དུ་ཉེས་ཅན་པར་ངོས་འཛིན་ཆོག་གི་མེད་པ། ལྷག་དོན་ཞི་བའི་སྒོ་ནས་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་རྐྱེན་གྱིས་གང་བྱུང་འཛིན་བཟུང་བྱས་པའི་བོད་མི་ཡོངས་རྫོགས་གློད་བཀྲོལ་དགོས་པ་སོགས་ཀྱི་འབོད་སྐུལ་དོན་ཚན་ཁག་ཅིག་ཆེད་འདོན་གནང་འདུག

ནིའུ་ཛ་ལན་ཌིས་ཧོང་ཀོང་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་བྱས་འདུག

རྒྱ་ནག་གིས་ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་མུས་དང་འབྲེལ། དེ་རིང་ New Zealand གཞུང་འཛིན་གྱིས་དེ་སྔ་ཧོང་ཀོང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་དེ་རིང་ནིའི་ཛ་ལན་ཌིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Winston Peters མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་རྒྱ་ནག་གིས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་བདེ་འཇགས་ཁྲིམས་གཞི་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་དབང་སྒྱུར་གྱི་འགྲུ་དོན་དང་ཡོངས་སུ་འགལ་བ་མ་ཟད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ཧོང་ཀོང་གི་དམིགས་བསལ་གནས་བབས་ལའང་བརྩི་མེད་གཏང་གི་ཡོད་པ་དང་། རྒྱ་ནག་གིས་དེ་སྔ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་ལེན་བྱས་ཁག་རྣམས་དང་ཡོངས་སུ་དངོས་འགལ་ཆགས་སྐོར་གསུངས་ཏེ། ནིའུ་ཛ་ལན་ཌི་རྒྱལ་ཁབ་ཀྱི་ངོས་ནས་ཧོང་ཀོང་ནང་རྒྱ་ནག་གིས་བདེ་འཇགས་ཁྲིམས་གཞི་གསར་དུ་སྤེལ་བ་དེར་གཞིགས་པའི་ཡ་ལན་རན་པོ་ཞིག་གནང་དགོས་སྟབས་ཡུལ་དེའི་ངོས་ནས་དེ་སྔ་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་འདུག ཁོང་གིས་ད་ལྟ་ཧོང་ཀོང་ནང་གི་ཉེས་དོན་ཁྲིམས་གཞི་རྣམས་རྒྱ་ནག་གི་ཤུགས་རྐྱེན་འོག་ནས་རང་དབང་ཡིན་པའི་ཡིད་ཆེས་བློ་འགེལ་ཞིག་རག་ཐུབ་ཀྱི་མེད་སྐོར་དང་འབྲེལ། མ་འོངས་པར་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་དེ་སྔ་ཁས་ལེན་པའི་འགྲུ་དོན་ལ་དང་ལེན་ཞུ་ཚེ་རང་ཉིད་ཀྱི་ལངས་ཕྱོགས་ལའང་འགྱུར་བ་གཏང་ངེས་ཡིན་ཞེས་གསུངས་འདུག དེ་བཞིན་དེ་རིང་ NewZealand ཡི་སྲིད་བློན་ལྕམ་སྐུ་ Jacinda Ardern མཆོག་གིས་གསར་འགོད་པར་རྒྱ་ནག་གིས་ཧོང་ཀོང་ནང་བདེ་འཇག་ཁྲིམས་གཞི་སྤེལ་བ་དེ་ནི་ཕན་ཚུལ་འབྲེལ་ལམ་གྱི་རང་དབང་དང་ཆབ་སྲིད་ཀྱི་བསམ་བློ་མི་འདྲ་བ་འཛིན་ཆོག་པའི་རང་དབང་སོགས་ནིའུ་ཛ་ལན་ཌི་རྒྱལ་ཁབ་ཀྱི་བཞེངས་ཕྱོགས་དང་ཡོངས་སུ་འགལ་གྱི་ཡོད་པ་གསུངས་འདུགལྕམ་སྐུ་མཆོག་གིས་ཡུལ་དེའི་ངོས་ནས་དེ་སྔ་ཡང་གནད་དོན་ཁག་ཅིག་གི་ཐོག་རྒྱ་ནག་གི་བློ་དང་མི་མཐུན་པའི་བཞེངས་ཕྱོགས་འཛིན་མྱོང་ཡོད་པ་ལྟར་ད་རེས་ནིའུ་ཛ་ལན་ཌིས་ཐག་གཅོད་གནང་བ་དེ་དེའི་ཁོངས་ནས་གཅིག་ཡིན་པ་སོགས་འགྲེལ་བརྗོད་གནང་འདུག རྩ་བའི་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་བདེ་འཇགས་ཁྲིམས་གཞི་གསར་པ་ལག་བསྟར་བྱས་ཡོད་པ་མ་ཟད། ཧོང་ཀོང་ནང་ཆེས་ཐོག་མ་རྒྱ་ནག་དམར་པོའི་གཞུང་གི་བདེ་འཇགས་ལས་ཁུངས་གསར་འཛུགས་དང་འབྲེལ། ཟླ་བ་འདིའི་ཟླ་སྟོད་ལ་ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ། དེ་བཞིན་ཨིན་ཡུལ་གསུམ་གྱིས་ཧོང་ཀོང་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་བྱས་ཡོད་པ་མ་ཟད། ཨ་རིས་ཀྱང་ཧོང་ཀོང་ལ་ཚོང་འབྲེལ་ཐོག་དམིགས་བསལ་གྱི་གནས་བབས་གནང་རྒྱུ་མཚམས་འཇོག་གནང་ངེས་ཀྱི་གསལ་བསྒྲགས་གནང་ཡོད་པ་རེད།

ཁྲིན་ཏུའུ་རུ་ཨ་རིའི་གཞུང་ཚབ་ཁང་སྒོ་རྒྱབ་པ་དེས་བོད་ཀྱི་གནད་དོན་མཁོ་སྒྲུབ་སླད་གནོད་སྐྱོན།

འདས་པའི་བདུན་ཕྲག་གི་རེས་གཟའ་པ་སངས་ཉིན་ཨ་རིའི་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་སྲུང་སྐྱོབ་སླད་ཨ་རིའི་གྲོང་ཁྱེར་ཧུས་ཊོན་ནང་རྟེན་གཞི་བྱས་པའི་ཨ་རིར་སོ་མྱུལ་བྱེད་མཁན་གཙོ་བོ་རྒྱ་ནག་གཞུང་ཚབ་ལས་ཁང་སྒོ་རྒྱག་ཏུ་བཅུག་ཡོད་པ་དང་། ཨ་རིའི་བྱེད་ཕྱོགས་དེར་རྒོལ་ལན་ཚུལ་དུ་རྒྱ་གཞུང་གིས་དེ་རིང་རེས་གཟའ་ཟླ་བའི་ཉིན་ཁྲིན་ཏུའུ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁང་སྒོ་རྒྱབ་ ཡོད་པ་རེད། འོན་ཀྱང་ད་ལན་ཕྱི་ལོ་ ༡༩༨༥ ལོར་གསར་འཛུགས་བྱས་པའི་ཁྲིན་ཏུའུ་ནང་གི་ཨ་རིའི་གཞུང་ཚབ་ཁང་སྒོ་བརྒྱབ་པ་དེས་བོད་དོན་གནས་ཚུལ་མཁོ་སྒྲུབ་སླད་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དཔྱད་ཞིབ་པ་ཚོས་གསུངས་འདུག གཞི་རྩའི་ཨ་རིས་ཧུས་ཊོན་ནང་གི་རྒྱ་ནག་གཞུང་ཚབ་ཁང་སྒོ་རྒྱབ་པའི་གནད་དོན་དེའི་ཐད་རྒྱ་ནག་གིས་ཨ་རིའི་ངོས་ནས་ཐག་གཅོད་དེ་ཕྱིར་བསྡུ་མ་བྱས་པ་ཡིན་ན་དེར་གཅིག་མཚུངས་ཀྱི་ཡ་ལན་སྤྲོད་རྒྱུ་ཡིན་པ་བརྗོད་ཡོད་པ་དང་སྦྲགས། རྒྱ་གཞུང་གིས་གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་ཁྲིན་ཏུའུ་ནང་གི་ཨ་རིའི་གཞུང་ཚབ་ལས་ཁང་དེ་ཆུ་ཚོད་ ༧༢ ནང་ཚུད་དུ་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་བ་དང་། དེ་རིང་རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག་ཨ་རིའི་གཞུང་ཚབ་ལས་ཁང་དེ་སྒོ་རྒྱབ་འདུག དུས་སྐབས་དེ་དང་འབྲེལ་ནས་ཁྲིན་ཏུའུ་ནང་གནས་སྡོད་རྒྱ་རིགས་རྣམས་ཁུལ་དེར་ཡོང་ནས་རྒྱ་ནག་གི་རྒྱལ་དར་ཁྱེར་བ་དང་འདྲ་པར་སོགས་རྒྱབ་པའི་གནས་ཚུལ་ཡང་མཐོང་རྒྱུ་འདུག གནད་དོན་དེ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་བོད་དང་རྒྱ་ནག་ཐོག་གི་གནད་དོན་དཔྱད་ཞིབ་པ་ཁུ་ཚུར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཡུ་ཊུབ་ཐོག ཀུན་དགའ་བཀྲ་ཤིས་ཀྱི་ཆེད་གཏམ་ཞེས་པའི་ལེ་ཚན་ཐོག་རྒྱ་གཞུང་གིས་ཁྲིན་ཏུའུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་སྒོ་རྒྱག་དགོས་པའི་གནད་དོན་གང་ཡིན་མིན་སྐོར་དཔྱད་ཞིབ་གནང་བའི་ནང་ལ། ད་ལན་རྒྱ་ནག་གཞུང་གིས་ཨ་རིར་འཁོན་ལན་ཚུལ་དུ་ཆེད་མངགས་ཁྲིན་ཏུའུ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁང་དེ་བདམས་དགོས་དོན་ནི། གཞུང་ཚབ་ཁང་དེས་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་སི་ཁྲོན་ཞིང་ཆེན། ཡུ་ནན་ཞིང་ཆེན། དེ་བཞིན་Guizhou ཞིང་ཆེན་དང་Chongqing ཞིང་ཆེན་བཅས་ཀྱི་ནང་ལས་དོན་སྒྲུབ་ཀྱི་ཡོད་པ་དང་། གཞུང་ཚབ་ཁང་དེ་བོད་ཀྱི་ས་ཁུལ་ཕལ་མོ་ཆེ་དང་ཐག་ཉེ་ཤོས་ཆགས་ཀྱི་ཡོད་པ་དང་ཕྱོགས་མཚུངས། བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་གནས་ཚུལ་རྒྱུས་ལོན་བྱེད་རྒྱུའི་ལྟེ་གནས་ཤིག་ཆགས་ཀྱི་ཡོད་སྟབས། གཞུང་ཚབ་ཁང་དེ་སྒོ་བརྒྱབ་པ་ཡིན་ན་རྒྱ་ནག་ལ་དཔལ་འབྱོར་སོགས་དང་འབྲེལ་བའི་དམིགས་བསལ་གྱི་གནོད་སྐྱོན་ཐེབས་ཀྱི་མེད་སྐོར་གསུངས་ཡོད། ཁོང་གིས་ད་དུང་ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་སྒོ་རྒྱབ་པ་དེས་བོད་མིར་གྱོང་གུད་ཚབས་ཆེན་ཡོད་པ་དང་། དུས་རྒྱུན་ཁྲིན་ཏུའུ་རུ་ཨ་རིའི་གཞུང་ཚབ་ཁང་དེས་བོད་ཀྱི་ས་ཁུལ་ཁག་ནང་གི་གནས་ཚུལ་མཁོ་སྒྲུབ་ཐད་ནུས་ཤུགས་འདོན་བཞིན་ཡོད་པས། ས་གནས་དེར་གཞུང་ཚབ་ཁང་སྒོ་རྒྱབ་པ་དེས་བོད་མིའི་ཐོག་དོ་སྣང་གནང་རྒྱུར་ཏོག་ཙམ་གནོིད་སྐྱོན་ཐེབས་བཞིན་ཡོད་པ་རེད་ཅེས་གསུངས་ཡོད། གནད་དོན་འདིའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། རྩ་བའི་ས་གནས་ས་ཐོག་ཏུ་གཞུང་ཚབ་ལས་ཁང་ཞིག་མེད་པ་ཡིན་ན་དོ་ཕོག་འགྲོ་ངེས་ཡིན་པ་དང་། ཡང་སྒོས་བོད་ཀྱི་ས་གནས་གཞན་ཁག་ལ་པེ་ཅིན་དུ་ཡོིད་པའི་ཨ་རིའི་དོན་གཅོད་ཀྱིས་ཐད་གར་གཟིགས་རྟོག་གནང་གི་ཡོད་པས། བོད་དོན་གྱི་གནད་དོན་ཐད་དོ་ཕོག་དེ་ཙམ་ཞིག་འགྲོ་རྒྱུ་མིན་པར་གསུངས་སོང་། ཁོང་གིས་ད་དུང་། ཁྲིམས་ཐོག་ནས་ཨ་རིས་བོད་ཀྱི་གནད་དོན་ཐད་ཐུགས་སྣང་གནང་དགོས་སྟབས། གཞུང་ཚབ་ལས་ཁང་སྒོ་བརྒྱབ་མིན་ལ་མ་ལྟོས་པར། ཨ་རིའི་གཞུང་ཚབ་ཀྱིས་བོད་དོན་ཐད་དོ་སྣང་གནང་དགོས་སྐོར་གསུངས་སོང་། གཞན་ཡང་ཨ་རིའི་གཞུང་ཚབ་ལས་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་དེ་དང་འབྲེལ། ཁྲིན་ཏུའུ་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལས་དོན་ལྟེ་གནས་ཁང་གི་འགན་འཛིན་ Long Xingchun ཟེར་བས་ཁྲིན་ཏུའུ་ནང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དེས་བོད་ཐོག་དམིགས་བསལ་གྱི་དོ་ཁུར་གནང་གི་ཡོད་སྟབས། གཞུང་ཚབ་ཁང་དེ་སྒོ་བརྒྱབ་པ་ཡིན་ན་ཨ་རིའི་ལས་དོན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་བརྗོད་ཡོད་པ་རེད། རྩ་བའི་ཕྱོགས་གཉིས་ཀྱི་གཞུང་ཚབ་སྒོ་བརྒྱབ་པའི་གནད་དོན་དེ་ནི་ཨ་རྒྱ་གཉིས་ཀྱི་ད་ལྟའི་ཚོར་བ་རྣོ་བའི་ཆབ་སྲིད་ཀྱི་གནས་སྟངས་དང་འབྲེལ་བ་ཡོད་པ་མ་ཟད། ཨ་རི་ངོས་ནས་རྒྱ་གཞུང་གི་གཞུང་ཚབ་དེ་ཡིས་ཨ་རིའི་ནང་གསང་བའི་ལས་དོན་གཉེར་གྱི་ཡོད་པ་གསུངས་ཡོད།

ཨོ་སི་ཊོ་ལི་ཡའི་སིཌ་ནི་དང་པརྠ་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་དུ་བོད་དོན་ལས་འགུལ་སྤེལ་བ།

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྲོད་ད་ཆ་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེ་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་གོ་སྐབས་དམ་འཛིན་གྱིས་ཨོ་སི་ཊོ་ལི་ཡའི་ནང་གི་གྲོང་ཁྱེར་ཆེ་ཤོས་ Sydney ནང་གི་རྒྱ་ནག་གཞུང་ཚབ་ལས་ཁུངས་དང་ནུབ་ཨོ་སི་ཊོ་ལི་ཡའི་མངའ་སྡེའི་རྒྱལ་ས་ Perth ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ས་གནས་བོད་མི་གཉིས་ཀྱིས་ཁེར་རྐྱང་བོད་དོན་ལས་འགུལ་སྤེལ་འདུག ཆབ་སྲིད་བཙོན་ཟུར་དང་བོད་རང་བཙན་ལས་འགུལ་བ་བསྟན་པ་དར་རྒྱས་ལགས་ཀྱིས་ཟླ་ ༧ ཚེས་ ༡༧ ནས་ Perth གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ཟླ་བ་དྲུག་གི་རིང་ཁེར་རྐྱང་ཐོག་བོད་དོན་ལས་འགུལ་དབུ་འཛུགས་གནང་བ་དང་འབྲེལ། ཉེ་ཆར་རེས་གཟའ་པ་སངས་ཉིན་ལས་འགུལ་ཐེངས་གཉིས་པ་དེ་སྤེལ་འདུགསྐབས་དེར་ཁོང་གིས་བོད་སྐྱོབས་རོགས་ཞེས་ཐོད་དཀྲིས་བཅིངས་ནས་ཨོ་སི་ཊོ་ལི་ཡ་དང་བོད་ཀྱི་རྒྱལ་དར་འཕྱར་བ་དང་སྦྲགས་ཏེ་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་དོན་ལས་འགུལ་སྤེལ་འདུག་པ་མ་ཟད། རྒྱ་ནག་དམར་པོའི་གཞུང་གིས་ཨོ་སི་ཊོ་ལི་ཡ་ནང་དུ་བཙན་ཤེད་མཚམས་འཇོག་དང་། འཛམ་གླིང་ལ་རྫུན་བཤད་རྒྱུ་མཚམ་འཇོག བོད་དེ་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་བཙན་འཛུལ་བྱས་པ་ལས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་སྐོར་གཙོས་དགོས་འདུན་དོན་ཚན་བཞི་ཅན་ཞིག་ཆེད་འདོན་གྱིས་ལས་འགུལ་སྤེལ་བཞིན་འདུག བསྟན་པ་དར་རྒྱས་ལགས་ནི་དུས་རྒྱུན་ནས་བོད་དོན་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་མ་ཟད་ཁོང་གིས་བོད་ལ་རང་དབང་གི་ཉི་མ་ཤར་ནས་གཞིས་བྱེས་བོད་མི་མཉམ་འཛོམས་མ་བྱུང་བར་དུ་བོད་སྐྱོབས་རོགས་ཞེས་པའི་ཐོད་དཀྲིས་ནག་པོ་དེ་བཅིངས་ནས་ལོ་མང་ཕྱིན་ཡོད་པ་དང་བོད་ཀྱི་ལོ་གསར་ཡང་སྲུང་བརྩི་གནང་གི་མེད་པ་རེད།དེ་བཞིན་ཨོ་སོ་ཊོ་ལི་ཡ་ནང་གི་གྲོང་ཁྱེར་ཆེ་ཤོས་ Sydney ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུའང་ཕྱི་ཚེས་ ༢༢ སྟེ་རེས་གཟའ་ལྷག་པའི་ཉིན་བོད་མི་བློ་བཟང་འབྱོར་ལྡན་ལགས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་བཞིན་རྒྱ་ནག་གཞུང་ལ་ཁེར་རྐྱང་གིས་ངོ་རྒོལ་ལས་འགུལ་སྤེལ་འདུགཤེས་རྟོགས་བྱུང་བར་སྐབས་དེར་ཁོང་གི་བོད་དོན་ལས་འགུལ་དེ་མཚམས་འཇོག་སླད་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱིས་ས་གནས་ཉེན་རྟོག་པ་ཆེད་འབོད་བྱས་ཡོད་ཀྱང་། ཁོང་གི་ལས་འགུལ་སྤེལ་བ་དེ་ཡུལ་དེའི་ཁྲིམས་སྒྲིག་གི་ཆ་རྐྱེན་གང་དང་ཡང་འགལ་གྱི་མེད་སྟབས་ཉེན་རྟོག་པའི་ངོས་ནས་དེར་དམིགས་བསལ་ཁྲིམས་ཆད་བཀལ་མེད་པ་རེད་འདུག བློ་བཟང་འབྱོར་ལྡན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ དང་ཕྱི་ཟླ་ ༧ ཚེས་ ༡ བཅས་སོ་སོར་བོད་མི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་དང་ལྷན་དུ་རྒྱ་ནག་གཞུང་ཚབ་མདུན་དུ་ལས་འགུལ་སྤེལ་བ་ནས་བཟུང་སྟེ་རེས་གཟའ་ལྷག་པ་ཕལ་ཆེ་བར་རྒྱ་ནག་གཞུང་ཚབ་ལས་ཁུངས་སུ་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་རེད།

སྐད་འཕྲིན་དངོས་སུ་སྒོ་རྒྱབ་པར་བརྟེན་བོད་ཕྱི་ནང་གི་འབྲེལ་ལམ་རྒྱང་ཐག་རིང་དུ་གྱེས་རྒྱུའི་ཉེན་ཚབས།

ཉེ་བའི་ཆར་རྒྱ་དཀར་ནག་གི་བར་དུ་རྩོད་རྙོག་ཆེ་རུ་ཕྱིན་ཏེ། མཐའ་སྲུང་བའི་བར་དུ་ལག་འཛིང་ཤོར་ནས་ཕན་ཚུན་གྱི་དམག་མི་གསོད་རེས་ཀྱི་གྱོད་དོན་རྣོ་ངར་ཅན་དུ་གྱུར་བ་ལ་བརྟེན་རྒྱ་གར་སྲིད་གཞུང་གི་བརྡ་འཕྲིན་འཕྲུལ་ལས་སྡེ་ཁག་གིས་ཟླ་བ་འདིའི་ཟླ་སྟོད་དུ་རྒྱ་ནག་གིས་བཟོས་བའི་མཉེན་ཆས་ཁག་ ༥༩ རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཀག་སྡོམ་བྱས་ཡོད་པ་ལྟར། ཁ་ཉིན་ནས་བཟུང་དངོས་སུ་རྒྱ་གར་གྱི་ནང་དུ་སྐད་འཕྲིན་བེད་མེད་ཆགས་ཡོད་པར་བརྟེན་བོད་ནས་ཕེབས་པའི་བོད་མི་མང་པོ་ཞིག་ལ་དངོས་སུ་དེར་འབྲེལ་གྱི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་རེད།བཞུགས་སྒར་ཁུལ་དུ་གནས་སྡོད་གནང་མཁན་བོད་ནས་ཕེབས་པ་ཁག་ཅིག་ལ་བཅར་འདྲི་ཞུས་པར་ཁོང་རྣམས་ཀྱིས་སྤྱི་ཡོངས་ཀྱི་ཆ་ནས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་གྱི་གཙོས་མི་སྒེར་གྱི་འཚོ་བ་ཚུན་ཆད་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཀྱི་བོད་མི་གསར་དུ་འབྱོར་བ་ཞིག་གིས་ངོ་སྤྲོད་བྱས་པ་ལྟར་ན་ཁོང་གི་ཕ་ཡུལ་དུ་དུས་རྒྱུན་ནས་རྒྱ་ནག་གི་དམ་དྲག་ཡོད་སྟབས། ནང་མི་རྣམས་ལ་ཕར་འབྲེལ་བ་བྱེད་སྐབས་གནམ་གཤིས་ཡག་པོ་མེད་པ་དང་ཆར་བ་འབབ་བཞིན་ཡོད་པ་སོགས་ཀྱི་གསང་བའི་བརྡ་སྟོན་གྱི་ཐོག་ནས་སྟབས་བདེ་མིན་པའི་གོ་བརྡ་སྤྲོད་ཀྱི་ཡོད་སྟབས་དུས་རྒྱུན་ནས་འབྲེལ་བ་བྱེད་ཀྱི་མེད་ཚུལ་ངོ་སྤྲོད་གནང་སོང་། དེ་བཞིན་ལྡི་ལི་མཐོ་སློབ་ཏུ་ཞིབ་འཇུག་གི་སློབ་སྦྱོང་གནང་བཞིན་པའི་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་ལོ་མང་པོའི་རྗེས་སུ་སྐད་འཕྲིན་བརྒྱུད་ནས་ཕ་མ་དང་འབྲེལ་བ་བྱེད་ཐབས་བྱུང་བས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ནའང་། ཁ་སང་ནས་སྐད་འཕྲིན་བཀག་སྡོམ་བྱས་ཡོད་སྟབས་བོད་ནང་དུ་འབྲེལ་ལམ་ཆད་ཡོད་སྐོར་ངོ་སྤྲོད་ཀྱིས་གསར་འབྱོར་བ་མང་པོ་ཞིག་ད་དུང་ཡང་ཐད་ཀར་ཕ་ཡུལ་གྱི་དཔལ་འབྱོར་གྱི་རྒྱབ་རྟེན་འོག་འཚོ་བ་སྐྱེལ་བཞིན་ཡོད་པར་བརྟེན་སྐད་འཕྲིན་བཀག་སྡོམ་གྱི་གནས་བབ་འོག་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་གསུངས་ཡོད། དེ་བཞིན་གཉན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བོད་ནང་གི་བོད་མི་རྣམས་ཀྱིས་དུས་རྒྱུན་ནས་སྐད་འཕྲིན་བརྒྱུད་དེ་སྐུ་སྒེར་ཡིག་ཚང་དུ་སྐྱབས་རྟེན་དང་བསྔོ་རྟེན་འཇོག་གི་ཡོད་པ་དང་། དེ་ནི་བོད་མི་རྣམས་ཀྱི་དད་འདུན་གྱི་ངོས་ནས་བལྟས་ན་གནད་དོན་གལ་ཆེན་ཞིག་ཆགས་ཡོད་པར་ངོ་སྤྲོད་ཀྱིས་ད་ནས་བཟུང་སྐད་འཕྲིན་བརྒྱུད་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་རྒྱུ་ཡོངས་སུ་མཚམས་ཆད་ཡོད་སྐོར་གསུངས་སོང་། དེ་བཞིན་རྡ་སའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་རྒྱལ་མཚན་ལགས་ཀྱིས་སྐད་འཕྲིན་བཀག་སྡོམ་བྱས་པ་དེས་མི་སྒེར་གྱི་འཚོ་བ་ཙམ་མིན་པར་སྤྱི་ཡོངས་ཀྱི་ཆ་ནས་བོད་ནང་གི་གནས་ཚུར་ཕྱི་ལ་མཁོ་སྤྲོད་བྱེད་རྒྱུར་འགོག་རྐྱེན་ཆེན་པོ་ཞིག་བཟོས་ཡོད་པར་ངོ་སྤྲོད་གནང་སོང་། ཁ་ཉིན་ཚེས་ ༡༥ ནས་བཟུང་རྒྱ་གར་གྱི་ནང་དུ་ཕབ་ལེན་བྱས་པའི་སྐད་འཕྲིན་གྱི་རིགས་ཡོངས་སུ་བེད་མེད་ཆགས་ཡོད་སྟབས་བོད་མི་མང་པོས་གནད་དོན་དེ་སྤྱི་ཚོགས་དྲྭ་ལམ་དུ་བརྒྱུད་སྤེལ་གྱིས་བོད་ཕྱི་ནང་གཉིས་ཀྱིའབྲེལ་ལམ་ལ་དོ་ཕོག་ཐེབས་ངེས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་པར་རིས་དང་མཆན་མང་པོ་བཀོད་མཁན་བྱུང་སོང་།  འགའ་ཤས་ཀྱིས་དེ་རིང་གློ་བུར་དུ་སྐད་འཕྲིན་ཚེ་ལས་འདས་སོང་ཞེས་པའི་མཆན་བཀོད་ཀྱི་འོག་སྐད་འཕྲིན་གྱི་པར་རིས་ཐོག་རྒྱ་ནག་གི་རྒྱལ་དར་བཀབ་སྟེ་དུར་འཇུག་བྱེད་ཀྱི་ཡོད་པའི་རྣམ་པ་བསྟན་སོང་།གཞི་རྩའི་སྐད་འཕྲིན་འདི་ནི་བོད་ཕྱི་ནང་གཉིས་སུ་སྤྱོད་བདེ་བའི་ཕན་ཚུན་འབྲེལ་མཐུད་ཀྱི་མ་ལག་སྟབས་བདེ་ཞིག་ཡིན་སྟབས། ཡི་གེ་ཤེས་མིན་ལ་མ་བལྟས་པར་བོད་མི་རྒན་གཞོན་དར་གསུམ་གྱིས་ཡོངས་ཁྱབ་ཀྱིས་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་རྣམ་པ་ཕྱིར་མངོན་སའི་སྟེགས་བུ་ཞིག་ཀྱང་ཆགས་ཡོད་ཡོད་པ་རེད། བོད་མི་གསར་དུ་འབྱོར་བ་ཚོར་མཚོན་ན་སྐད་འཕྲིན་འདི་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཐག་ལྟ་བུའི་མི་སྒེར་གྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ཐེངས་འདིར་རྒྱ་གར་གྱིས་མཉེན་ཆས་འདི་བཀག་སྡོམ་བྱས་པ་ལ་བརྟེན་ནས་བོད་མི་གསར་འབྱོར་བ་རྣམས་ཀྱིས་རང་ཡུལ་དུ་འབྲེལ་འདྲིས་བྱེད་སའི་ལམ་ཁ་གལ་ཆེན་ཞིག་འགག་ཡོད་པ་རེད། འོན་ཀྱང་བོད་མི་རྣམས་ཀྱིས་སྐད་འཕྲིན་ལྟ་བུའི་མཉེན་ཆས་གཞན་དང་གཞན་བརྒྱུད་ནས་ཕན་ཚུན་གྱི་བར་ལ་འབྲེལ་བ་གནང་རྒྱུར་ཐབས་ཤེས་གནང་བཞིན་འདུག དེ་རིང་རྒྱ་གར་གྱི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན་རྒྱ་གར་གཞུང་གིས་ད་དུང་ཡང་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ ༢༥༠ ལ་ཞིབ་འཇུག་བྱེད་བཞིན་ཡོད་སྟབས། རྒྱ་ནག་གི་མཉེན་ཆས་མང་པོ་ཞིག་ད་དུང་ཡང་བཀག་སྡོམ་བྱེད་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་ཡོད་པའི་ཁྲོད་དུ་རྒྱལ་སྤྱིའི་སྟེང་དར་ཁྱབ་ཆེས་ཆེར་བྱུང་བའི་རོལ་རྩེད PUBS སོགས་ཀྱང་བཀག་འགོག་གནང་རྒྱུ་ཡིན་སྐོར་གསལ་འདུག

ཨ་རྒྱ་གཉིས་ཀྱིས་ཕན་ཚུན་གྱི་དོན་གཅོད་ཁང་སྒོ་རྒྱག་རེས་ཀྱི་འཐབ་རྩོད།

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་ཉིན་ཕྱི་ཚེས་ ༢༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་འཕྲུལ་རིག་ཤེས་བྱ་དང་ཨ་རིའི་མི་མང་སྲུང་སྐྱོབ་ཆེད། ཨ་རིའི་Texas མངའ་སྡེ Houston གྲོང་ཁྱེར་ནང་གི་རྒྱ་ནག་གཞུང་ཚབ་ཁང་ཉིན་གསུམ་གྱི་ནང་ཚུད་དུ་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་ལྟར། དེར་རྒོལ་ལན་དུ་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད་འདུག ཁ་སང་ཕྱི་ཚེས་ ༢༣ ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་ཆ་འཕྲིན་ལ་རྒྱ་ནག་གི་རང་མིང་མ་བཤད་པའི་དཔོན་རིགས་ཤིག་གིས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཨ་རིའི་ཐད་གཅོད་དེར་རྒོལ་ལན་སློག་ཆེད་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད་སྐོར་དང་འབྲེལ། དོན་གཅོད་ཁང་དེ་ནི་ཕྱི་ལོ་ ༡༩༨༥ ལོར་གསར་འཛུགས་བྱས་པ་དང་དེ་ཡིས་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་སི་ཁྲོན་ཞིང་ཆེན། ཡུ་ནན་ཞིང་ཆེན། དེ་བཞིན་Guizhou ཞིང་ཆེན། དེ་བཞིན Chongqing གྲོང་ཁྱེར་བཅས་གྱི་ནང་ལས་དོན་སྒྲུབ་གྱི་ཡོད་པར་འཁོད་འདུགདེང་སང་ཨ་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་འཐབ་སྲིད་རྣོ་ངར་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདིར། ཁེ་ཉིན་ཨ་རིའི་ངོས་ནས་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས་བའི་ཉེན་བརྡ་དང་འབྲེལ་ནས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ། སྐུ་ཞབས་ Mike Pompeo ལགས་ཀྱིས། ཨ་རིའི་ངོས་ནས་འདས་བའི་ལོ་ངོ་ལྔ་བཅུའི་རིང་ལ་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བཙུགས་ཡོད་ནའང་། རྒྱ་ནག་གི་ནང་དུ་ལེགས་ཕྱོགས་ཀྱི་འགྱུར་བ་གང་ཡང་སོང་མེད་པར་བརྟེན། ད་ནས་བཟུང་ཨ་རིའི་ངོས་ནས་རྒྱ་ནག་དང་ལྷན་དུ་སྔར་ཡོད་ཀྱི་འབྲེལ་ལམ་འཛུགས་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་ཡིན་པ་མ་ཟད། ཁོང་གིས་ད་དུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་ཆ་གཅིག་སྡུད་ལམ་ལུགས་གཙོར་འཛིན་གྱི་འོག་ཏུ། རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་ཇུས་ལྡན་པའི་དྲིལ་བསྒྲགས་པ་དང་ཉམས་ཞིབ་པ་མང་པོ་ཨ་རིའི་ཤེས་ཡོན་གྱི་ལྟེ་གནས་སུ་བཏང་ནས། ཨ་རིའི་རང་དབང་དང་ཁོད་ཡངས་ཀྱི་སྤྱི་ཚོགས་ལ་གཏོར་སྐྱོན་བཟོ་བཞིན་པར་ཡོངས་གྲགས་གནང་འདུག གོང་གི་གནས་ཚུལ་དེ་དང་འབྲེལ་ནས། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Wang Wenbin གྱིས་ཨ་རིའི་བྱེད་བབ་དེ་ནི་འགན་ཁུར་མེད་པའི་གནད་དོན་ཞིག་ཡིན་སྐོར་དང་འབྲེལ་ནས། རྒྱ་ནག་གི་ངོས་ནས་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོབ་ཀྱི་ཆེད་དུ་ཨ་རིའི་བྱེད་བབ་དེར་ཁ་གཏད་གཅོག་རྒྱུ་ཡིན་པར་བསྒྲགས་ཏེ། རྒྱ་ནག་གིས་ཀྱང་རྒྱ་ནག་གི་ནང་དུ་ཡོད་པའི་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་རྒྱུ་ཡིན་པར་གསར་ལམ་དུ་བསྒྲགས་འདུགགོང་གི་གནས་ཚུལ་དེ་དང་འབྲེལ་ནས། ཁྲིན་ཏུའུ་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལས་ལས་དོན་ལྟེ་གནས་ཁང་གི་འགན་འཛིན། Long Xingchun ཟེར་བས་རྒྱ་ནག་ནང་གི་ཨ་རིའི་དོན་གཅོད་ཁང་གཞན་རྣམས་སྒོ་རྒྱབ་ཀྱང་ཨ་རིར་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་མེད་ནའང་། ཨ་རིའི་ངོས་ནས་བོད་དོན་དང་ཤིན་ཅང་གི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། ཁྲིན་ཏུའུ་རུ་རྟེན་གཞི་བྱས་པའི་ཨ་རིའི་དོན་གཅོད་ཁང་དེ་སྒོ་རྒྱབ་པ་ཡིན་ན་ཨ་རིའི་ལས་དོན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་བརྗོད་འདུག གཞི་རྩའི་ད་ལྟའི་ཆར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་དང་ཚོང་འབྲེལ་གྱི་འགྲན་རྩོད། དེ་བཞིན་འཛམ་གླིང་གི་མང་གཙོ་དང་དམར་ཤོག་གི་ཆབ་སྲིད་ཀྱི་ལྟ་གྲུབ་གཉིས་ཀྱི་འགལ་འདུའི་ཁྲོད་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་དུ་འགྲོ་བཞིན་པ་རེད། རྩ་བའི་རྒྱ་ནག་སྐམ་སའི་ཀང་ཀྲུའུ་གྲོང་ཁྱེར་དང་ཧྲང་ཧེ་གྲོང་ཁྱེར།དེ་བཞིན་ཁྲིན་ཏུའུ་གྲོང་ཁྱེར། ཝུ་ཧན་གྲོང་ཁྱེར་བཅས་ཀྱི་ནང་ཨ་རིའི་དོན་གཅོད་ཁང་ལྔ་ཡོད་འདུག་པ་དང་། དེ་བཞིན་ཨ་རིའི་ནང་ནེའུ་ཡོག་གྲོང་ཁྱེར་དང་ཆའེ་ག་གྷོ་གྲོང་ཁྱེར། སཱན་ཧྥི་རན་སི་ཀོ་དང་ལོ་སི་ཨན་ཇི་ལི་གྲོང་ཁྱེར། ཧོ་སི་ཊོན་གྲོང་ཁྱེར་བཅས་ཀྱི་ནང་རྒྱ་ནག་གི་དོན་གཅོད་ཁང་ལྔ་ཡོད་འདུག

Latest news