Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སྙན་ཐོ་འགོད་འབུལ་གནང་རྒྱུ།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet  མཚོག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བརྗོད་པ་གཉིས་ཀྱི་ཐོག་ནས་རྒྱ་གཞུང་གིས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་བབ་ཀྱི་སྙན་ཐོ་ཞིག་འགོད་འབུལ་གནང་རྒྱུ་རེད་འདུགརྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གིས་གཟའ་འཁོར་འདིའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་གཞུང་གི་ངོས་ནས་ད་བར་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཞིབ་འཇུག་གནང་བའི་ལས་དོན་ལ་མགོ་སྐོར་གཏོང་ཐབས་བྱེད་མཚམས་ལས་འདས་ཟིན་སྐོར་དང་ལྷག་དོན་ཁོང་གིས་ད་བར་ཤིན་ཅང་ནང་དུ་རྒྱ་ནག་གཞུང་གིས་ཡུལ་དེའི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེ་སེལ་ཐབས་ལ་འབད་བརྩོན་གང་ཐུབ་ཀྱིས་ཞུས་ཀྱང་དོན་འབྲས་སོན་པ་ཞིག་བྱུང་མེད་སྟབས་དེར་ཐུགས་ཕམ་ཡོད་ཅེས་གསུངས་པ་དང་འབྲེལ་ཏེ་དེའི་དབར་ན་ཁོང་གི་ལས་ཁུངས་ཀྱིས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དང་དྲག་གནོན་བཅས་ཀྱི་བྱ་སྤྱོད་སྤེལ་མུས་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་གནང་བཞིན་ཡོད་པ་དང་སླད་མར་མང་ཚོགས་ཚོའི་མཁྱེན་རྟོགས་ཐུབ་ཕྱིར་འདོན་སྤེལ་གནང་རྒྱུ་ཡིན་པར་གསུངས་འདུག ཁ་སང་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དེའི་སྐོར་གནས་ཚུལ་སྤེལ་བར་ད་ལན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་གསུངས་ཕྱོགས་དེས་རྒྱལ་སྤྱིའི་ཁྲིམས་ཀྱི་དབང་སྒྱུར་གོང་ན་རྒྱལ་ཁབ་སུ་གང་ཡང་མེད་པའི་བརྡ་ལན་ནན་པོ་ཞིག་གནང་གི་ཡོད་སྐོར་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་འདས་པའི་ལོ་གསུམ་ཙམ་ནས་ཤིན་ཅང་ཡུ་གུར་མང་ཚོགས་དང་ཁ་ཆེའི་མི་རིགས་གཞན་ཐོག་མནར་གཅོད་དང་མང་ཚོགས་ལྡེབ་བཟུང། གསང་བའི་ལྟ་སྲུང་། རིག་གཞུང་རྩ་གཏོར་དང་ནང་མི་ཁ་བྲལ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་ཐོག་རྒྱལ་སྤྱིའི་རྟོག་ཞིབ་ཀྱི་ལས་དོན་ཁག་ལས་གཡོལ་ཐབས་ཀྱི་ཐབས་ལམ་འདྲ་མིན་སྤྱོད་བཞིན་པ་གསུངས་འདུག དེ་བཞིན་སྙན་ཐོ་དེའི་ནང་དུ་ཕྱི་ལོ་ ༡༩༩༠ ནང་ཙམ་ནས་རྒྱལ་སྤྱིའི་རྒྱལ་ཁབ་བམ་སྟོབས་ཤུགས་ཆེ་བའི་ཚོགས་སྡེ་ཁག་གིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་བྱ་སྤྱོད་སྤེལ་བའི་འགན་འཁྲི་ལས་གཡོལ་རྒྱུ་མེད་པ་དང་། རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་ཐད་ཞལ་གསང་པོ་མ་གནང་བ་མ་ཟད། རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམས་ཀྱིས་ཀྱང་རྒྱ་ནག་གིས་གོ་སྒྲིགས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ཐོག་མཉམ་ཞུགས་བྱས་པ་དང་ཚོང་ལས་ཁང་ཁག་གི་ངོས་ནས་དེ་མཚུངས་རྒྱ་ནག་གི་རྒྱལ་སྤྱིའི་ཁྲིམས་གཞིར་བཞག་ཚོང་འབྲེལ་བྱེད་ཀྱི་ཡོད་མེད་ཀྱི་བརྟག་དཔྱད་མ་གནང་བ་སོགས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་བཞིན་པའི་ཐོག་འདྲི་རྩད་དང་འགན་འཁུར་བ་བཟོ་མཁན་མེད་བསམ་པའི་གདེང་སྤོབས་སྤྲོད་པའི་ཁྲོད་རྒྱ་ནག་ལ་སླར་ཡང་རྒྱལ་སྤྱིའི་ Olympic རྩེད་འགྲན་གོ་སྒྲིག་བྱ་རྒྱུའི་གོ་སྐབས་ཐོབ་ཡོད་པར་གསུངས་ཡོད། འོན་ཏང་ཕྱོགས་གཞན་ཞིག་ལ་ཨ་རི་གཞུང་གིས་ Magnitsky Act སོགས་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་རྒྱ་ནག་གི་དཔོན་རིགས་ཆེ་གྲས་ Chen Quanguo ལ་ཉེས་ཆེད་བཏང་བ་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོས་རྒྱ་ནག་དང་ཚོང་འབྲེལ་སྐབས་རྒྱལ་སྤྱིའི་ཁྲིམས་གཞིར་བཞག་ངལ་རྩོལ་དང་མནར་གཅོད་འོག་བཟོས་པའི་ཅ་དངོས་ཡིན་མིན་ཐོག་དམ་དོན་ཆེ་བ་བྱེད་བཞིན་པ། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་རྒྱལ་ཚོགས་དང་གཞུང་ཚོགས་ཁག་ལ་རྟོག་ཞིབ་གནང་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་བཅས་ཀྱི་འགྱུར་ལྡོག་མངོན་གྱུར་ཡོད་སྐོར་དང་འབྲེལ། ད་ལན་ལྕམ་སྐུ་ Bachelet མཆོག་གི་ཤིན་ཅང་དང་འབྲེལ་བའི་གནད་དོན་ཐོག་སྙན་ཐོ་འགོད་འབུལ་ཞུ་རྒྱུའི་གསལ་བསྒྲགས་དེ་ནི་རྒྱ་ནག་གིས་འགན་འཁྲི་དང་མཇུག་འབྲས་མེད་པར་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཀྱི་དུས་ཚོད་ཡོལ་ཟིན་གྱི་དུས་ཚིགས་གནད་ཆེ་ཞིག་ཡིན་པར་གསུངས་འདུག རྩ་བའི་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་སྟེ་རྒྱ་གཞུང་གིས་ཤིན་ཅང་ནང་གི་མང་ཚོགས་ཕོན་ཆེ་བཀག་སྐྱིལ་བྱས་ཏེ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཐོན་པའི་ཁར་ཕྱིས་སུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་རྒྱལ་སྤྱིའི་ཚོགས་པ་ཁག་དང་གསར་འགོད་པ། ཉམས་ཞིབ་པ་བཅས་ཀྱིས་རྒྱ་གཞུང་གིས་དེ་ལྟར་དྲག་གནོན་གྱི་བྱ་སྤྱོད་སྤེལ་བ་རྣམས་དཔང་རྟགས་དང་བཅས་པ་མངོན་གསལ་གནང་ཐུབ་ཡོད་པ་རེད།

ཉི་ཧོང་གི་གློག་རྡུལ་བརྙན་རྩེད་ཅིག་གིས་བོད་ཀྱི་རྒྱལ་དར་བཞག་པར་རྒྱ་མིས་སྐྱོན་བརྗོད།

Life Is Strange འམ་ཁྱད་མཚར་གྱི་མི་ཚེ་ཞེས་པའི་གློག་རྡུལ་བརྙན་རྩེད་ཀྱི་ True Colors ཞེས་པའི་མུ་འབྲེལ་བརྙན་རྩེད་ཐོན་གསར་པའི་ནང་དུ་བོད་ཀྱི་རྒྱལ་དར་བཞག་ཡོད་པ་ལ་བརྟེན་ནས་རྒྱ་ནག་གི་རྩེད་འགྲན་པ་མང་པོས་གནད་དོན་དེར་སྐྱོན་བརྗོད་ཀྱི་མཆན་མང་པོ་བྲིས་ཏེ། བརྙན་ཕབ་པས་དགོངས་སེལ་ཞུ་དགོས་བར་བརྗོད་འདུགདེ་རིང་ Thegamer.com ཞེས་པའི་དྲ་གནས་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཁ་ཉིན་ཟླ་འདིའི་ཚེས་བཅུའི་ཉིན།  ཨ་རིའི་གྲོང་ཁྱེར་ཁ་ལ་ར་ཊོ་ནང་དུ་རྟེན་གཞི་བྱས་པའི་བརྙན་ལམ་གྱི་གློག་རྡུལ་བརྙན་རྩེད་སྒྲིག་སྦྱོར་ཁང་ Idol Minds ཞེས་པ་ཞིག་གིས་ཁྱད་མཚར་གྱི་མི་ཚེ་ཞེས་པའི་མུ་འབྲེལ་གྱི་བརྙན་རྩེད་ཀྱི་ཆ་ཤས་སུ། True Colors ཞེས་པའི་རྩེད་འགྲན་དེ་གསར་དུ་ཕབ་སྐྲུན་བྱས་ཤིང་། ཉི་ཧོང་ནང་གི་བརྙན་རྩེད་བཟོ་ལས་ཁང་ Square Enix ཞེས་པའི་ཡུ་རོབ་སྡེ་ཚན་ཞིག་གིས་བརྙན་རྩེད་དེ་དྲ་ཐོག་ཏུ་སྒོ་འབྱེད་བྱས་ཡོད་པའི་ནང་དུ།  བོད་ཀྱི་རྒྱལ་དར་འཁོད་ཡོད་པ་དང་། བརྙན་རྩེད་དེར་རྒྱལ་སྤྱིའི་སྟེང་དགའ་མོས་བྱེད་མཁན་མང་པོ་བྱུང་ཡོད་ཀྱང་། རྒྱ་ནག་གིས་རྩེད་འགྲན་པ་མང་པོས་བོད་ཀྱི་རྒྱལ་དར་བཞག་ཡོད་པར་སྐྱོན་བརྗོད་སྣ་ཚོགས་བྱེད་བཞིན་ཡོད་པར་འཁོད་འདུགབརྙན་རྩེད་གསར་པ་འདོན་སྤེལ་བྱས་པའི་རྗེས་སུ་དྲ་ཐོག་ནས་ཨིན་ཡིག་དང་རྒྱ་ཡིག་སོགས་སྐད་ཡིག་འདྲ་མིན་ཐོག་མཆན་བཀོད་མཁན་མང་དག་ཅིག་བྱུང་ཡོད་པའི་ཁོངས་ནས་རྒྱ་ཡིག་ཐོག་མཆན་བཀོད་མཁན་མང་པོ་ཞིག་གིས་བརྙན་རྩེད་དེའི་ནང་བོད་ཀྱི་རྒྱལ་དར་བཞག་པ་དེ་ནི་རྒྱ་ནག་གི་རྒྱལ་ཁབ་ཀྱི་བདག་དབང་ཁ་བྲལ་གཏོང་བ་ཞིག་ཡིན་པར་བསྙལ་ནས་གནད་དོན་དེར་བཟོད་བསྲན་བྱེད་ཐབས་མེད་པ་དང་། ཡང་ཁག་གཅིག་གིས་བོད་ཀྱི་རྒྱལ་དར་བཞག་པ་དེ་ཡིས་བོད་རང་བཙན་མཚོན་གྱི་ཡོད་པར་བསྒྲགས་ཏེ། གནད་དོན་དེ་ནི་རྒྱ་ནག་ཁ་བྲལ་གཏོང་ཐབས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག རྒྱ་ཡིག་གི་ལམ་ནས་མཆན་འབྲི་མཁན་ལ་རིགས་གཉིས་ཡོང་གི་ཡོད་པའི་ཁྲོད་ནས། ཐེ་ཝན་དང་ཧོང་ཀོང་གི་འབྲི་ལུགས་ཀྱིས་མཆན་བཀོད་མཁན་ཡོད་པ་རྣམས་ཀྱིས་སྐྱོན་བརྗོད་བྱས་མེད་ཀྱང་། རྒྱ་ནག་དམར་གཞུང་གི་སྤྱི་སྐད་ཀྱི་ལམ་ནས་མཆན་བཀོད་པ་རྣམས་ཀྱི་ནང་དུ་སྐྱོན་བརྗོད་ཤུགས་ཆེར་བྱས་ཏེ། དྲ་ཐོག་གི་གློག་རྡུལ་རྩེད་མོ་དེ་ཕབ་སྐྲུན་བྱེད་མཁན་ཚོས་བོད་ཀྱི་རྒྱལ་དར་བཞག་པར་དགོངས་སེལ་ཞུ་དགོས་ལུགས་བཀོད་ཡོད་པ་མ་ཟད། སྐྱོན་བརྗོད་ཀྱི་མཆན་བཀོད་མཁན་ཁག་ཅིག་གིས་རྩེད་མོའི་ཁྲོད་ཀྱི་འཁྲབ་སྟོན་པའི་སྐོར་ལ་མི་རིགས་དབྱེ་འབྱེད་དང་ཕོ་མོའི་མཚན་མཐུད་ཀྱི་རིགས་ལ་སྡང་ཟུག་དང་འབྲེལ་བའི་མཆན་མང་དག་ཅིག་བཀོད་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གི་ངོས་ནས་བརྙན་རྩེད་དང་གློག་བརྙན་སོགས་ཅི་རིགས་ཀྱི་ནང་དུ་བོད་ཅེས་འཁོད་པ་ཙམ་གྱིས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ལ་ཁ་གཡར་སྟེ་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་བརྙན་རྩེད་དང་འབྲེལ་བའི་ཁྲིམས་སྒྲིག་གཏན་འབེབས་བྱས་པའི་ནང་དུ། ཕོ་མོའི་མཚན་མཐུད་ཀྱི་གནད་དོན་དེ་དག་གིས་མང་ཚོགས་ལ་དཔེ་མཚོན་ངན་པ་འཇོག་གི་ཡོད་ལུགས་བརྗོད་ནས་དེ་དག་ཀྱང་བཀག་སྡོམ་བྱེད་བཞིན་ཡོད་པའི་ཁྲོད། དེ་སྔོན་ Guilty Gear Strive ཞེས་པའི་རྩེད་མོའི་ནང་དུ་བོད་དང་ནང་སོག དེ་བཞིན་ཐེ་ཝན་དང་འབྲེལ་བའི་བརྗོད་དོན་ཡོངས་སུ་ནག་གསུབ་བཏང་དགོས་ཁེལ་ཡོད་པ་མ་ཟད། Hearthstone ཞེས་པའི་བརྙན་རྩེད་ཀྱི་རྩེད་འགྲན་པ་ཞིག་ལ་རྩེད་འགྲན་གྱི་མཐའ་མཇུག་ཏུ་ Free Hong Kong ཞེས་བྲིས་པར་རྩེད་འགྲན་ནང་ཞུགས་མི་ཆོག་པ་བཟོས་ཡོད་པ་རེད།  

ཐེ་ཝན་གྱིས་ཨ་རིར་རྒྱ་ཡིག་གི་ལྟེ་གནས་ཁག་ཅིག་སྒོ་འབྱེད་གནང་འདུག

རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་སྤེལ་རྒྱུའི་ལག་ཆར་སྤྱོད་བཞིན་པའི་གནད་དོན་ལ་ངེས་ཤེས་རྙེད་ཡོད་སྟབས། ད་ཆ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཁག་རིམ་བཞིན་སྒོ་རྒྱག་བཞིན་པའི་ཁྲོད་འདིར་ཨ་རི་ནང་རྒྱ་ཡིག་སློབ་ཁྲིད་ཆེད་ཐེ་ཝན་གྱི་ལྟེ་གནས་ཁང་ཞིག་སྒོ་འབྱེད་གནང་འདུགཉེ་ཆར་ OCAC འམ་ཐེ་ཝན་གྱི་ཕྱིར་སྡོད་སྤྱི་ཚོགས་ཀྱི་ལས་དོན་ལྷན་ཚོགས་ཀྱི་བློན་ཆེན་སྐུ་ཞབས་ Tung Chen yuan ལགས་ཀྱིས་ཨ་རིའི་ California མངའ་ཁུལ་གྱི་ Irvine གྲོང་ཁྱེར་ནང་ཨ་རིར་ནར་སོན་པ་རྣམས་ལ་རྒྱ་ཡིག་སློབ་ཁྲིད་གནང་ཕྱིར་ཐེ་ཝན་གྱི་ལྟེ་གནས་ཁང་ཞིག་སྒོ་འབྱེད་བྱས་འདུག་པ་དང་། སྐུ་ཞབས་ Tung Chen yuan ལགས་ཀྱིས་ལྟེ་གནས་ཁང་གི་དམིགས་ཡུལ་གཙོ་བོ་ནི་རིག་གཞུང་སྣ་མང་གི་རང་བཞིན་ལ་གུས་བརྩི་ཞུས་ཏེ་རང་དབང་དང་མང་གཙོ་སྤྱོད་ནས་སྐད་ཡིག་སློབ་གཉེར་གྱི་ཁོར་ཡུག་ཞིག་བསྐྲུན་རྒྱུ་དེ་ཡིན་པས་དེར་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་ངོས་ནས་འགྲན་བསྡུར་བྱ་ཐབས་བྲལ་བ་ཡིན་པར་ནན་བརྗོད་གནང་འདུག ད་རེས་ཨ་རི་ཁྱོན་དུ་གསར་འཛུགས་གནང་རྒྱུའི་ཐེ་ཝན་གྱི་ཤེས་ཡོན་ལྟེ་གནས་དེ་ནི་གཙོ་བོ་ཨ་རི་གཞུང་དང་ཐེ་ཝན་གྱི་ཤེས་ཡོན་བརྗེ་ལེན་དང་རྒྱ་ཡིག་ཤེས་ཡོན་སྦྱོང་བརྡར་གཉིས་དབར་མཉམ་ལས་གནང་བའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་མ་ཟད་ཐེ་ཝན་གྱི་ཕྱིར་སྡོད་སྤྱི་ཚོགས་ཀྱི་ལས་དོན་ལྷན་ཚོགས་ཀྱིས་ཨ་རི་དང་དབྱིན་ཇི། ཕ་རན་སི། འཇར་མ་ནི་བཅས་ཀྱི་ནང་རྒྱ་ཡིག་སློབ་གཉེར་གནང་ཆེད་དེ་འབྲེལ་ལྟེ་གནས་ཁང་གི་ཡན་ལག་ལྟེ་གནས་ཁག་ ༡༨ ཙམ་གསར་འཛུགས་དང་འབྲེལ་སློབ་ཡོན་གནང་རྒྱུའི་བཀའ་འཁྲོལ་གནང་ཟིན་པ་དང་ཆགས་ཅིག་དེའི་ཁོངས་ནས་ལྟེ་གནས་ཁག་ ༡༥ ཨ་རི་ནང་གི་རྒྱ་ཡིག་སློབ་གཉེར་གྱི་སློབ་གྲྭ་ཁག་ཏུ་ཐེ་ཝན་གྱི་ཕྱིར་སྡོད་སྤྱི་ཚོགས་ཀྱི་སྟངས་འཛིན་འོག་གསར་འཛུགས་གནང་གཏན་འཁེལ་འདུག དེ་བཞིན་ཐེ་ཝན་གྱི་ཕྱིར་སྡོད་སྤྱི་ཚོགས་ཀྱི་ལས་དོན་ལྷན་ཚོགས་ཀྱི་ངོས་ནས་ལྟེ་གནས་ཁག་དེ་དག་བཀོལ་སྤྱོད་དང་འབྲེལ་བའི་སློབ་དེབ་དང་འཛིན་ཆས། སྐད་ཡིག་གཞན་སློབ་ཁྲིད་དང་འབྲེལ་བའི་བྱེད་སྒོ་ཁག་གི་དངུལ་གྲོན་རྣམས་མཁོ་སྤྲོད་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག ཨ་རི་ California མངའ་ཁུལ་གྱི་ Irvine གྲོང་སྡེ་སྤྱི་ཁྱབ་པ་གཞོན་པ་ Tammy Kim ལགས་ཀྱིས་ Focus Taiwan བརྒྱུད་ལམ་ལ་གསུངས་པར་རྒྱ་ཡིག་དེ་ཨ་རི་ནང་རྒྱལ་ཁབ་ཀྱི་ཉེན་སྲུང་དང་འབྲེལ་བའི་ཆེས་ཉེས་ཚབས་ཅན་གྱི་སྐད་ཡིག་བརྒྱད་ངོས་འཛིན་གནང་བཞིན་པའི་ཁོངས་ནས་གཅིག་ཆགས་ཀྱི་ཡོད་པ་དང་ལྷག་དོན་ད་ཆ་ཨ་རི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་བའི་ལས་དོན་གང་ཡང་གཉེར་ཆོག་གི་མེད་པའི་གནས་སྟངས་ཁྲོད་ཐེ་ཝན་གྱི་ལྟེ་གནས་ཁང་ཁག་ཅིག་གསར་འཛུགས་གནང་བཞིན་པ་ནི་ཨ་རི་རྒྱལ་ཁབ་ཀྱི་བདེ་འཇགས་ཐོག་ཆེས་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་ཡིན་པ་གསུངས་འདུག Tung Chen yuan ལགས་ཀྱིས་ཟླ་བ་སྔོན་མའི་ཟླ་མཇུག་ནས་ལས་གཞི་དེ་དང་འབྲེལ་ཨ་རིའི་རྒྱལ་ས་ Washington Dc གཙོས་གྲོང་ཁྱེར་ Chicago དང་ནིའུ་ཡོག San francisco བཅས་སུ་ཐེ་ཝན་ལྟེ་གནས་ཁང་གི་ཡན་ལག་ཁག་གསར་འཛུགས་སྒོ་འབྱེད་དང་འབྲེལ་ནས་སྐོར་སྐྱོད་དབུ་འཛུགས་གནང་འདུག གཞི་རྩའི་རྒྱ་ནག་གིས་ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་ཕྱིའི་རྒྱལ་ཁབ་ ༡༦༠ ལྷག་གི་ནང་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་ཁྱབ་སྤེལ་བྱེད་ཐབས་ཀྱི་ཁུང་ཙི་སློབ་གླིང་ ༥༠༠ ལྷག་རྩ་འཛུགས་བྱས་ཡོད་ཡོད་ནའང་འདས་བའི་ལོ་ཤས་ནས་རྒྱ་ནག་གིས་ཁུང་ཙི་སློབ་གླིང་བརྒྱུད་ནས་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་རྒྱ་སྐྱེད་དང་སྲིད་གཞུང་གི་དྲིལ་བསྒྲགས་རིགས་ཕྱི་ལོགས་ཀྱི་སྤྱི་ཚོགས་ནང་དུ་ཁྱབ་སྤེལ་བྱེད་བཞིན་པར་ངེས་ཤེས་རྙེད་ཡོད་སྟབས་རྒྱ་ནག་ལ་སྐྱོན་བརྗོད་ཀྱིས་ཨ་རི་དང་ཡུ་རོབ། ཨོ་གླིང་། དེ་བཞིན་ཉི་ཧོང་སོགས་ཀྱི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་བརྒྱ་ཕྲག་ལྷག་སྒོ་རྒྱག་དགོས་པའི་གནས་སུ་ལྷུང་བ་མ་ཟད། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་དམིགས་ཡུལ་གང་ཡིན་ཕྱིར་མངོན་གསལ་ཆགས་ཡོད།

 རྒྱ་ནག་གིས་བོད་དང་ཤིན་ཅིང་ལ་དམག་མི་འོར་འདྲེན་གྱི་གནམ་ཐང་༣༠ཙམ་གསར་རྒྱག་བྱེད་བཞིན་པ།

རྒྱ་ནག་གི་ནུབ་ཕྱོགས་དམག་སྡེའི་འཀོད་འདོམ་གྱི་འོག་ནས།  འཕགས་བོད་ས་མཚམས་དང་ཤིན་ཅང་གི་ས་ཁུལ་དུ་གནམ་ཐང་སུམ་ཅུ་ལྷག་གསར་རྒྱག་བྱེད་བཞིན་པ་དང་། དེའང་ཁུལ་དེ་དག་དུ་རྒྱ་ནག་གི་དམག་མི་འོར་འདྲེན་གྱི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པར་བསྒྲགས་འདུགWestern Theatre Command ཞེས་པའི་རྒྱ་ནག་གི་ནུབ་ཕྱོགས་དམག་སྡེ་ནི་འཕགས་བོད་མཐའ་མཚམས་ས་ཁུལ་ཁག་གི་གཙོས་ཤིན་ཅང་དང་བོད་རང་སྐྱོང་ལྗོངས་ཟེར་བར་ལྟ་རྟོགས་ཀྱི་འགན་ཡོད་པའི་རྒྱ་ནག་བཅིངས་གྲོལ་དམག་སྡེ་ལྔའི་ནང་གི་གཅིག་ཆགས་ཀྱི་ཡོད་པ་དང་། དམག་སྡེ་དེའི་ནང་གི་དཔོན་རིགས་ཞིག་གིས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་Chinamil ཐོག རྒྱ་ནག་གིས་མཐའ་མཚམས་ཁག་ཏུ་གནམ་ཐང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་དང་འཕེལ་རྒྱས་གཏོང་བཞིན་པ་དེ་ཡིས་འབྱུང་འགྱུར་གྱི་ཁྲོད་དུ་དམག་མིའི་འགྲུལ་སྐྱོད་རིགས་སྟབས་བདེ་ཆགས་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་པ་དང་འབྲེལ། གནམ་ཐང་༣༠ གསར་རྒྱག་ཁྲོད་ཀྱི་ལས་གཞི་གསུམ་འཕགས་བོད་མཐའ་མཚམས་སུ་ཆགས་པའི་བོད་དབུས་ཁུལ་གྱི་ལྷུན་རྩེ་རྫོང་། དེ་བཞིན་དིང་རི་དང་སྤུ་ཧྲེང་རྫོང་ཁུལ་དུ་ཁེལ་གྱི་ཡོད་པར་བརྗོད་འདུག གནམ་ཐང་དེ་དག་ལས་ཁག་ཅིག་གསར་རྒྱག་བྱས་ཟིན་དེ་ད་ཆ་དངོས་སུ་སྒོ་འབྱེད་བྱས་ཡོད་པ་མ་ཟད། ཁག་ཅིག་ད་ལྟ་འཛུགས་སྐྲུན་བྱེད་མུས་ཡིན་པར་མངོན་གསལ་གནང་བའི་ཁོངས་སུ་པ་ཀི་སི་ཐན་གྱི་དབང་བསྒྱུར་འོག་ཡོད་པའི་ཀ་ཞི་མཱར་དང་། དེ་བཞིན་ཨ་ཧྥན་ཧྒན་དང་ཐག་ཉེ་བའི་ཤིན་ཅང་གི་Tashkurgan ཞེས་པའི་ས་གནས་སུ་གསར་རྒྱག་བྱེད་བཞིན་པའི་འཐབ་བྱུས་རང་བཞིན་གྱི་གནམ་ཐང་དེ་སང་ལོའི་ལོ་དཀྱིལ་དུ་དངོས་སུ་སྒོ་འབྱེད་བྱེད་རྒྱུ་ཡིན་པ་དང་། གནམ་ཐང་དེ་ནི་ཤིན་ཅང་ཁུལ་དུ་ས་བབ་ཆེས་མཐོ་བའི་ཁུལ་གྱི་གནམ་ཐང་ཐོག་མ་དེ་ཆགས་ཡོད་པར་བརྗོད་འདུགརྒྱ་ནག་གིས་གཞུང་འབྲེལ་བརྒྱུད་ལམ་ཐོག་ཐོན་པའི་གནས་ཚུལ་དེའི་ནང་དུ། རྒྱ་གཞུང་གིས་འདི་ལོར་བོད་དང་ཤིན་ཅང་གི་ས་ཁུལ་ཁག་རྒྱ་ནག་གི་གྲོང་ཁྱེར་མང་པོར་འབྲེལ་མཐུད་ཀྱི་གཞུང་ལམ་༢༤ལྷག་གསར་དུ་དངོས་སུ་སྒོ་འབྱེད་བྱས་ཟིན་པ་དང་། རྒྱ་གར་གསར་ཁང་གིས་རྒྱ་ནག་གིས་གནམ་ཐང་དང་གཞུང་ལམ་གསར་རྒྱག་གི་ལས་གཞི་དེ་དག་ནི་འཕགས་བོད་ས་མཚམས་དང་འབྲེལ་ནས་རྒྱ་དཀར་ནག་གི་རྙོག་གླེང་ལ་སེམས་འཚབ་ཆེ་བའི་དུས་སྐབས་སུ་ལས་གཞི་ལག་བསྟར་བྱས་པ་ཞིག་ཡིན་པར་བརྗོད་དེ། ད་ཆ་རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཡོངས་སུ་གཞུང་ལམ་དང་གནམ་ཐང་གསར་རྒྱག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་ཟླ་འདིའི་ཚེས་གཅིག་གི་ཞོགས་པར། བོད་དབུས་ཁུལ་གྱི་གཞིས་རྩེ་ནས་རྒྱ་ནག་གི་མནམ་གྲུ་ཞིག་གིས་དམག་མི་མཐོ་གྲས་༡༡༥ ལྷག་ཁྲིན་ཏིའུ་རུ་སྐྱེལ་འདྲེན་གྱིས་བོད་དང་ཤིན་ཅང་གི་ས་ཁུལ་ནས་དམག་མི་འོར་འདྲེན་སླད་མཁའ་ལམ་༢༣ གསར་རྒྱག་གི་མཛད་སྒོར་ཞུགས་ཡོད་སྐོར་བརྗོད་པ་མ་ཟད། མངའ་རི་བར་བསྐྱོད་རྒྱུའི་མཁའ་ལམ་གཞན་གསུམ་གསར་འཛུགས་བྱས་ཡོད་པ་དང་། དུས་རྒྱུན་གྱི་གནམ་གྲུའི་འགྲུལ་སྐྱོད་ཀྱི་ཁྲོད་དུ་གནམ་ཐང་གི་འབྲེལ་ཡོད་ལས་བྱེད་ཀྱིས་ཛ་དྲག་གི་སྐབས་སུ་དམག་མི་མངའ་རིའི་ཁུལ་དུ་འགྲོ་དགོས་ཁེལ་བ་སོགས་ལ་འཛིན་བྱང་ཆེད་གཉེར་བྱེད་ཀྱི་ཡོད་པ་སོགས་ཀྱང་མངོན་གསལ་གནང་འདུག གཞི་རྩའི་སྲིད་འཛིན་ཞི་ཅིན་ཕིང་གི་བོད་སྐྱོང་མཐའ་སྐྱོང་ཞེས་པའི་སྲིད་བྱུས་ཀྱི་འོག་ནས་རྒྱ་ནག་གིས་འདས་བའི་ལོ་འགའི་རིང་འཕགས་བོད་མཐའ་མཚམས་ཁག་ཏུ་གནམ་ཐང་དང་གཞུང་ལམ། དེ་བཞིན་གྲོང་ཚོ་གསར་རྒྱག་སོགས་ཀྱི་ལས་གཞི་ལག་བསྟར་གྱིས། མང་ཚོགས་རྙོག་གླེང་ཆེ་བའི་ས་ཁུལ་དུ་འཚོ་གནས་བཅའ་ཐབས་ལ་འབད་བརྩོན་དང་། དེ་བཞིན་ཛ་དྲག་གི་སྐབས་སུ་རྒྱ་ནག་གི་དམག་མི་དང་གོ་མཚོན་རིགས་སྐྱེལ་འདྲེན་བྱེད་རྒྱུར་ནུས་ཤུགས་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་རེད།  

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ལ་རྒྱ་ནག་གི་ཨོ་རྩལ་རྒྱང་སྲིང་བཀག་སྡོམ་གྱི་ཞུ་སྐུལ།

སང་ལོར་རྒྱ་ནག་ཏུ་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་བསྡུ་ལ་ཉེ་བ་དང་བསྟུན་ནས། རྒྱལ་སྤྱིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དང་འབྲེལ་ནས་ཨ་རི་དང་། ཁེ་ན་ཊ། དབྱིན་ཡུལ། དེ་བཞིན་འཇར་མན་བཅས་ཀྱི་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་ཁྱབ་བསྒྲགས་དང་རྒྱང་སྲིང་མི་བྱེད་རྒྱུའི་ཞུ་སྐུལ་གནང་འདུགདེའང་ཞུ་སྐུལ་གནང་མཁན་གྱི་ཁོངས་སུ། རྒྱ་ནག་གི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་ཁག་སྟེ། བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་སོགས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་ཐོབ་ཐང་ཚོགས་པ་ཁག་ཆགས་ཡོད་པ་དང་། ཐོབ་ཐང་ཚོགས་པ་ཁག་དེ་དག་གིས་ཁ་སང་ཨ་རིའི་ NBC དང་། དབྱིན་ཡུལ་གྱི་ BBC, འཇར་མ་ནིིའི་ ARD, དེ་བཞིན་ཁེ་ན་ཀྲའི་ CBC སོགས་ཀྱི་བརྙན་འཕྲིན་ལས་ཁུངས་ཆེ་གྲས་སོ་སོའི་གཙོ་འཛིན་ལ་ཞུ་སྐུལ་གྱི་ཕྱག་ཡིག་ཕུལ་ཏེ་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་དང་འབྲེལ་བའི་གནས་ཚུལ་ཁག་མི་སྤེལ་རྒྱུའི་རེ་ཞུ་གནང་ཡོད་པ་རེད། གཞི་རྩའི་ཨ་རིའི་གསར་ཁང་ཆེ་གྲས་ NBC ནི་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་མ་དངུལ་མཁོ་འདོན་གྱི་སྦྱིན་བདག་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། AP གསར་སྤེལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བརྙན་འཕྲིན་ལས་ཁང་དེས་ཨོ་རྩལ་ལྷན་ཚོགས་ལ་ཡོང་རྒྱུའི་ཨོ་རྩལ་དྲུག་རྒྱང་སྲིང་ཆེད་མ་དངུལ་ཨ་སྒོར་ཐེར་འབུམ་ ༧།༧༥ ལྷག་མཁོ་སྤྲོད་གནང་ཡོད་པ་དང་། དངུལ་འབབ་དེ་ནི་ཨོ་རྩལ་ལྷན་ཚོགས་ཀྱི་སྤྱི་ཡོངས་ཀྱི་མ་དངུལ་རྩ་འབོར་གྱི་བརྒྱ་ཆ་ ༤༠ ལྷག་ཆགས་ཀྱི་ཡོད་པ་རེད་འདུགNBC ཡི་གཙོ་འཛིན་ Jeff Shell ལགས་ཀྱི་མཚན་ཐོག་ཏུ་ཕུལ་བའི་ཞུ་ཡིག་གི་འདྲ་བཤུས་ཤིག་ AP གསར་སྤེལ་ཁང་ལ་རག་སོན་བྱུང་བའི་ནང་དུ། ཐོབ་ཐང་ཚོགས་པ་ཁག་གིས་རྒྱལ་སྤྱིའི་གསར་ལམ་དེ་དག་གིས་རྒྱ་ནག་གི་ཨོ་རྩལ་ཁྱབ་བསྒྲགས་དང་རྒྱང་བསྲིེངས་ཞུས་པ་ཡིན་ན་། དེ་ནི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་གཏོང་རྒྱུར་ངན་པ་ལག་འབྲེལ་བྱས་པ་ཞིག་མཚོན་རྒྱུ་ཡིན་སྐོར་བརྗོད་འདུག གཞི་རྩའི་རྒྱ་ནག་གི་ཕྱི་སྲིད་ལྷན་ཁག་གིས་ཨོ་རྩལ་འགྲན་ཚོགས་དེ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་བཞིན་པར་འགྲེལ་བརྗོད་ཀྱིས་སྐྱོན་བརྗོད་བྱས་ཏེ་ཐོབ་ཐང་ཚོགས་སྐྱིད་ཁག་གིས་རྒྱ་ནག་ནང་གི་ཨོ་རྩལ་འགོག་ཐབས་བྱས་པ་དེ་ནི་ཕམ་ཉེས་འབྱུང་རྒྱུ་འབའ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་གཏོར་གཏོང་གི་ཡོད་པར་བསྒྲགས་བཞིན་པ་དེ་ནི་དུས་རབས་འདིའི་རྫུན་གཏམ་ཁོ་ན་ཞིག་ཡིན་པར་བརྗོད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་ལས་རོགས། བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་ཁ་ན་ཊའི་གསར་ཁང་ལ་འགྲེལ་བརྗོད་གནང་བའི་ནང་དུ། ABC དང་CBC དེ་བཞིན་ BBC དང་ ARD སོགས་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁང་དེ་དག་གི་མ་དངུལ་མང་ཚོགས་ཀྱི་ཁྲོད་ནས་མཁོ་འདོན་གནང་གི་ཡོད་སྟབས། གསར་ཁང་དེ་དག་གིས་རྒྱ་ནག་གི་ཨོ་རྩལ་དང་འབྲེལ་བའི་གསར་འགྱུར་རིགས་ཁྱབ་སྤེལ་གྱི་འཆར་གཞི་དེ་མདུན་སྐྱོད་མི་བྱེད་རྒྱུའི་རེ་སྐུལ་དང་སྦྲགས། གསར་ཁང་དེ་དག་ཡོད་སའི་རྒྱལ་ཁོངས་སོ་སོའི་མང་ཚོགས་ཀྱིས་གནད་དོན་དེ་དང་འབྲེལ་ནས་གླེང་མོལ་བྱེད་དགོས་བའི་རེ་བ་བཏོན་སྟེ། རྒྱ་ནག་གིས་བོད་མི་དང་ཡུ་གུར་བ་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐབས་འདིར་གསར་ཁང་དེ་དག་གིས་རྒྱ་ནག་གི་དཔོན་རིགས་ཀྱི་ལས་འཆར་ཁག་ལ་རོགས་འདེགས་ཀྱིས་ཨོ་རྩལ་འགྲན་ཚོགས་དེ་རྒྱུན་ལྡན་ལྟ་བུ་ཞིག་ལ་ངོས་འཛིན་གྱིས་གསར་འགྱུར་སྤེལ་བ་ཡིན་ན། གནད་དོན་དེ་གནས་ལུགས་དང་བྲལ་བའི་བྱེད་བབ་ཅིག་ཡིན་པར་གསུངས་འདུག གཞན་ཡང་གསར་ཁང་གིས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ཧྥ་རན་སིའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་ཆ་རྐྱེན་བཏོན་ནས་གན་ཡིག་བཞག་ཡོད་ནའང་། ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་སང་ལོའི་རྩེད་འགྲན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཚོང་ལས་ཀྱི་རྩ་འཛིན་ལམ་སྟོན་ཁག་གི་ཆ་རྐྱེན་བཏོན་མེད་པར་མངོན་གསལ་གནང་འདུག གཞི་རྩའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་བ་སོགས་ཀྱི་མཚོན་པའི་རྒྱལ་སྤྱིའི་ཐོབ་ཐང་ཚོགས་པ་བརྒྱ་ལྷག་གིས་ཨོ་རྩལ་ལྷན་ཚོགས་ལ་ཞུ་སྐུལ་གྱིས་རྒྱ་ནག་ཏུ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་ཆ་རྐྱེན་ཚང་མེད་སྟབས་རྩེད་འགྲན་དེ་ཕྱིར་བསྡུའམ་རྒྱལ་ཁོངས་གཞན་ཞིག་ཏུ་འཚོགས་དགོས་བའི་ཞུ་སྐུལ་རིམ་པ་བྱས་དང་བྱེད་མུས་ཡིན་པ་རེད།

  རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གིས་ཁོར་ཡུག་ལ་གནོད་སྐྱོན་གཏོང་རྒྱུའི་ཉེན་བརྡ།

རྒྱལ་སྤྱིའི IFFRAS ཞེས་པའི་ཐོབ་ཐང་དང་བདེ་འཇགས་གླེང་སྟེགས་ཁང་གིས་ཉེ་ཆར་གསར་དུ་བཏོན་པའི་སྙན་ཐོའི་ནང་དུ། རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གིས་ཁོར་ཡུག་ལ་གནོན་སྐྱོན་ཚབས་ཆེན་གཏོང་གི་ཡོད་པར་བསྒྲགས་འདུགགླེང་སྟེགས་ཁང་གིས་བཏོན་པའི་སྙན་ཐོའི་ནང་དུ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ཡིས་གནམ་གཤིས་འགྱུར་ལྡོག་ལ་ཤུགས་ཆེ་བའི་ཉེན་ཁ་ཞིག་ཆགས་ཡོད་པ་མ་ཟད། རང་བྱུང་ཁོར་ཡུག་ཉམས་ཉེས་ལ་ཚད་བརྒལ་རང་བཞིན་གྱི་གནོད་སྐྱོན་ཐེབས་ཀྱི་ཡོད་ལུགས་དང་འབྲེལ། རྒྱ་ནག་གིས་ཀར་བོན་འཚོ་རླུང་མེར་སྲེག་ཆེས་ཆེར་གཏོང་བཞིན་པ་དེ་ཡིས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ཉམས་ཉེས་ལ་སྔར་ལྷག་གནོད་སྐྱོན་ཐེབས་རྒྱུ་ཡིན་པར་མངོན་གསལ་གནང་འདུག དེ་བཞིན་རྒྱ་ནག་གིས་ད་དུང་རྡོ་སོལ་མང་དུ་སྲེག་བཞིན་པ་དེ་ཡིས་རྒྱལ་སྤྱིའི་ཐོག་གི་དུག་རླངས་སྐྱེད་ཚད་ཀྱི་བརྒྱ་ཆ ༤༦ ལྷག་ཟིན་ཡོད་པ་དང་། གཞན་ཡང་གློག་ཤུགས་འདོན་ཚད་ཀྱིས་དྲོད་ཁང་གི་དུག་རླངས་བརྒྱ་ཆ ༧༢ ལྷག་རྒྱ་བསྐྱེད་བྱེད་བཞིན་ཡོད་པ་དང་སྦྲགས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ཡིས་རྒྱལ་སྤྱིའི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག མ་ཟད་རྒྱ་ནག་གི་ནང་དུ་ཁོར་ཡུག་བདག་གཅེས་དང་འབྲེལ་བའི་རྩ་འཛིན་གྱི་སྒྲོམ་གཞི་དག་ལག་བསྟར་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་འཆར་ཅན་གྱི་ལས་གཞི་ཡོད་ཚད་ fossil fuels ཞེས་པའི་རང་བྱུང་གི་ཐོན་རྫས་སྤྱོད་ཀྱི་ཡོད་པར་མངོན་གསལ་གྱིས། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་དེ་ནི་ཁོར་ཡུག་དང་འོས་འཚམས་ཡིན་ཞིང་ལྗང་མདོག་གི་ལས་གཞི་ཞིག་ཡིན་པར་བསྒྲགས་བཞིན་ཡོད་པར་བརྗོད་བཞིན་ཡོད་ནའང། རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཟོ་གཞིའི་གནད་དོན་ཞིག་ཡིན་པར་བསྒྲགས་འདུག འབྱུང་འགྱུར་གྱི་ཁྲོད་དུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་དེ་ཡིས་རྒྱལ་སྤྱིའི་གླིང་ཕྲན་ལྔ་ཡི་ཁོར་ཡུག་ལ་ཉམས་ཉེས་ཚད་ལས་བརྒལ་བ་གཏོང་རྒྱུ་ཡིན་པར་འགྲེལ་བརྗོད་ཀྱིས། རྒྱལ་སྤྱིའི་འབྲེལ་ཡོད་ཀྱི་སློབ་སྟོན་ལྟེ་གནས་ཁང་གི་ཆེད་མཁས་བས་བརྗོད་པ་ལྟར་ན། རྒྱ་ནག་གི་ནུས་ཤུགས་སྐྱེ་འཕེལ་གྱི་འཛུགས་སྐྲུན་ལས་གཞིའི་བརྒྱ་ཆ་ ༩༠ ལྷག་རང་བྱུང་གི་ཐོན་རྫས་སྤྱད་ནས་དུག་རླངས་ཀར་བོན་ carbon  ཕྱིར་འདོན་བྱེད་ཀྱི་ཡོད་པར་བསྒྲགས་ཏེ། WRI ཞེས་པའི་རྒྱལ་སྤྱིའི་ཐོན་ཁུངས་ལྟེ་གནས་ཁང་གིས་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ཡོད་ཚད་བསྐྱར་སྤེལ་བྱེད་ཐབས་བྲལ་བའི་རང་བྱུང་གི་ཐོན་རྫས་ལ་གཞི་བཞག་པ་ཤ་སྟག་ཡིན་ལུགས་མངོན་གསལ་གྱིས། བྱེད་བབས་དེ་ཡིས་དུག་རླངས་ཉུང་འཕྲུའི་ཐབས་ལམ་བརྟེན་གྱི་མེད་པར་བརྗོད་པ་ལུང་འདྲེན་གནང་ཡོད་པ་མ་ཟད།  རྒྱ་ནག་གི་ནང་དུ་ནུས་ཤུགས་སྐྱེ་འཕེལ་གྱི་དངུལ་བུན་བརྒྱ་ཆ་ ༦༡ ལྷག་རང་བྱུང་ཁོར་ཡུག་གི་ཐོན་སྐྱེད་ལ་གཞི་བྱས་པའི་རྒྱ་ནག་གི་ Development Bank ཞེས་པའི་འཕེལ་རྒྱས་དངུལ་ཁང་གིས་མཁོ་འདོན་བྱེད་བཞིན་ཡོད་པར་བསྒྲགས་འདུགགཞི་རྩའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ནི་ཕྱི་ལོ་ ༢༠༡༣ ལོའི་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐོག་མར་བཀོད་འདོམས་བྱས་ཏེ་གཏན་ལ་ཕབ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་རྒྱུད་གཅིག་ལམ་གཅིག་གི་མཉམ་འབྲེལ་གླེང་སྟེགས་ཐོག་རྒྱལ་ཁབ་ཁག་ ༡༣༠ ཙམ་གྱི་སྐུ་ཚབ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩ་སོགས་ཀྱི་གཙོའི་རྒྱལ་སྤྱིའི་ཚོགས་པ་ཁག་ ༧༠ ཙམ་གྱི་མགོ་ཁྲིད་ཚོར་ཆེད་བཅར་གྱིས་ལས་གཞི་དེ་ཡིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་ཆེན་པོ་བྱེད་ངེས་ཡིན་པར་བརྗོད་ཡོད་ནའང་། འདས་བའི་ལོ་འགའི་རིང་རྒྱ་ནག་གི་ལས་གཞི་དེའི་ཁྲོད་ནས་ས་གནས་ཀྱི་ཡུལ་མི་མང་པོ་གནས་སྤོར་བྱེད་དགོས་བ་དང་། དེ་བཞིན་རྒྱ་ནག་གི་རྒྱལ་ཁབ་གཞན་ལ་དངུལ་བུན་གཡར་བ་སྤྲོད་མ་ཐུབ་པའི་རྒྱལ་ཁོངས་སུ་བཙན་གྱིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལག་བསྟར་བྱས་པ་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་གླེང་གཞི་ཆེན་པོ་བྱུང་ཡོད་ལྟར། ད་ཆ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་དེ་ཡིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཐེབས་བཞིན་ཡོད་པའི་ཐད་ནས་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད།

Waltham Forest གྲོང་སྡེ་ལས་ཁང་གིས་བོད་མིའི་མང་གཙོའི་ལམ་སྲོལ་ལ་ཆེ་བསྟོད་གནང་བ།  

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་བྱང་ནུབ་ཏུ་ཆགས་པའི་ Waltham Forest གྲོང་སྡེ་ལས་ཁང་གིས་གཞུང་འབྲེལ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པའི་བཙན་འབྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་ཆེ་བསྟོད་གནང་སྟེ་གྲོང་སྡེ་ལས་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་ཏེ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༡ པ་སྲུང་བརྩི་ཞུས་འདུགདབྱིན་ཡུལ་གྱི་ Waltham Forest གྲོང་སྡེ་ལས་ཁང་གི་མདུན་དུ་གཞུང་འབྲེལ་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བའི་ལས་རིམ་དེ་ནི་ཕྱི་ལོ་ ༢༠༡༨ ལོར་ Waltham Forest ས་གནས་སུ་གནས་སྡོད་བོད་མི་དང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གཉིས་ཀྱིས་ས་གནས་ཀྱི་གྲོང་སྡེ་ལས་ཁང་ལ་ཡིག་ངག་གཉིས་ཐོག་ནས་བོད་མིའི་མང་གཙོའི་དུས་ཆེན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྐྱོང་ཡོང་བའི་ཞུ་སྐུལ་ཞུས་པར་ངོས་བཞེས་གནང་ནས་ལོ་དེའི་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༩ ཐོག་Waltham Forest གྲོང་སྡེ་ལས་ཁང་གི་མདུན་ངོས་སུ་དེ་བྱུང་གི་རང་བཞིན་ལྡན་པའི་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཆེས་ཐོག་མ་དེ་གནང་ཡོད་པ་རེད།ལས་རིམ་དེ་གཙོ་བོ་ Waltham Forest གྲོང་སྡེ་ལས་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པའི་བཙན་འབྱོལ་བོད་མིའི་མང་གཙོའི་ལམ་སྲོལ་ལ་འདས་པའི་མི་ལོ་ ༦༠ ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཆེ་བསྟོད་གནང་ཕྱིར་ཡིན་པ་རེད།དུས་དེ་ནས་བཟུང་སྟེ་ད་བར་ Waltham Forest ནས་གྲོང་སྡེ་ལས་ཁང་གི་མདུན་ངོས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་ས་གནས་བོད་མི་ཚོས་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་ཁ་སང་ཟླ་ ༩ ཚེས་ ༢ ཉིན་ Waltham Forest གྲོང་སྡེ་ལས་ཁང་གི་མདུན་དུ་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Elizabeth Baptise མཆོག་དབུ་བཞུགས་ཐོག་གྲོང་སྡེ་ལས་ཁང་གི་འཐུས་མི། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམ་ཕར་སི་ལགས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༡ པ་སྲུང་བརྩི་ཞུས་ཡོད།སྐབས་དེེར་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Elizabeth Baptise མཆོག་དང་ལས་རིམ་གཙོ་སྐྱོང་གནང་མཁན་གྲོང་སྡེ་ལས་ཁང་གི་འཐུས་མི་སྐུ་ཞབས་ Kastriot Berberi ལགས་གཉིས་ཀྱིས་འདས་པའི་ལོ་ངོ་ ༦༠ ནང་ས་གནས་དེར་ཡོད་པའི་བོད་མི་ཚོས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། བོད་མིའི་མང་གཙོའི་ལམ་སྲོལ་བཟང་པོ་བརྒྱུད་ནས་དབྱིན་ཡུལ་སྤྱི་དང་སྒོས Waltham Forest ས་གནས་ཀྱི་མང་ཚོགས་ལ་ལེགས་སྐྱེས་གང་ལེགས་ཕུལ་ཡོད་པར་ཆེ་བསྟོད་གནང་བ་མ་ཟད་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད།དབྱིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཕརསི་ལགས་ཀྱིས་ Waltham Forest གྲོང་སྡེ་སྤྱི་ཁྱབ་པ་མཆོག་གིས་གཙོས་པའི་འབྲེལ་ཡོད་རྣམས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་ནང་དུ་བཞུགས་པའི་བོད་མི་ཚོ་རྒྱ་ནག་གཞུང་གིས་ཆེས་གདུག་རྩུབ་ཅན་གྱི་བཙན་གནོན་འོག་བོད་མི་ཚོར་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་མེད་སྟབས། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་རིམ་དང་རྣམ་པ་ཚོས་ངེད་ཅག་ལ་རྒྱབ་སྐྱོར་དེ་ལྟར་གནང་བ་དེས་རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་གཞིས་བཞུགས་བོད་མི་ཚོའི་སེམས་ནང་བདེ་སྐྱིད་ཅིག་དང་རེ་བའི་བརྡ་ལན་ཞིག་གནང་ཡོད་ཅེས་གསུངས་འདུག

འདས་པའི་ལོ་གསུམ་ནང་བོད་མི་བཞི་བཅུ་ཙམ་གར་སོང་ཆ་མེད་དུ་སྒྱུར་ཡོད་པར་བསྒྲགས་འདུག

ཁ་སང་བཙན་དབང་འོག་ནས་གར་སོང་ཆ་མེད་དུ་བཏང་བའི་ཉིན་མོ་ཐེངས་ ༢༨ པའི་དུས་དྲན་དང་བསྟུན་ནས། བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདས་པའི་ལོ་གསུམ་ནང་རྒྱ་ནག་གཞུང་གིས་བོད་མི་ ༤༠ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་ཡོད་པའི་གནས་ཚུལ་སྤེལ་འདུགལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གིས་དུས་རྒྱུན་ནས་བོད་མི་རྣམས་ཉེས་མིང་སྣ་ཚོགས་ཀྱི་འོག་ནས་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་མིང་ལ་བཀྲ་ཤིས་ཟེར་ཞིང་ལོ་ན་སུམ་ཅུར་སོན་པའི་བོད་མི་ཞིག་ལ་རྒྱ་གཞུང་སྤྱི་བདེ་མི་སྣས་བཀག་བསྐྱིལ་ཁང་དུ་མནར་གཅོད་ཚད་མེད་བཏང་བས་མ་བཟོད་པར་རང་སྲོག་བཅད་ཡོད་པ་དང་། དེ་བཞིན་མིང་ལ་དངོས་གྲུབ་ཕུན་ཚོགས་ཟེར་བའི་བགྲེས་པོ་ཞིག་ལ་ལོ་ངོ་བརྒྱད་ཀྱི་ཁྲིམས་ཐག་བཅད་དེ་བཀལ་སྐྱིལ་ཁང་ནས་ནད་གཅོང་དུ་སྒྱུར་བ། གཞན་ཡང་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཞེས་པ་ཞིག་ལ་བཙན་དབང་གིས་བཀག་སྐྱིལ་ཁང་ནས་སྨན་བཅོས་བྱ་དགོས་བར་བསྙལ་ནས་སྨན་ཁང་དུ་བཙན་ཁྲིད་བྱེད་པ་དེར་དགོས་མེད་ཀྱི་སྨན་བཅོས་བྱ་སྲིད་པ་སོགས། རྒྱ་ནག་གིས་མནར་གཅོད་གཏོང་བཞིན་པའི་བོད་མི་ཁག་ཅིག་གི་གནད་དོན་གསལ་འདོན་གྱིས། ད་ལྟའི་བར་གནས་ཚུལ་ཤེས་རྟོགས་བྱུང་དང་མ་བྱུང་ཅི་རིགས་ཀྱི་བོད་མི་བགྲང་ལས་འདས་པ་ཞིག་གིས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྱད་པའམ། ཡང་ན། ཁྲིམས་མཐུན་གྱི་ལས་འགུལ་སྤེལ་བ་ཙམ་གྱིས་ཁོང་ཚོར་ཁྲིམས་ཀྱི་སྲུང་སྐྱོབ་གང་ཡང་མེད་པར་མངོན་གསལ་དང་གསང་བ་ཅི་རིགས་ཀྱི་སྒོ་ནས་འཇུ་བཟུང་བཀག་ཉར་གྱིས་མནར་གཅོད་སྣ་ཚོགས་མྱོང་དགོས་ཐུག་གི་ཡོད་པ་རེད་ཅེས་མངོན་གསལ་གནང་འདུགགསར་འགོད་པས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་སུ་ཐེངས་འདིའི་ལྟེ་གནས་ཁང་གི་བསྒྲགས་གཏམ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། མནར་གཅོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཁྲིམས་ཡིག་ནང་ཡོངས་གྲགས་ཀྱིས་བཀག་འགོག་བྱས་ཡོད་པ་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བརྟན་བརླིང་ལ་ཁ་གཡར་བོད་མི་རྣམས་བཙན་དབང་གིས་གར་སོང་ཆ་མེད་དུ་གཏོང་བའི་རིགས་མཚམས་འཇོག་བྱ་དགོས་སྐོར་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཉེས་དོན་ཁྲིམས་ཡིག་དོན་ཚན་ ༧༣ དང་ ༨༣ གཉིས་ཕྱིར་འཐེན་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པར་བསྐྱར་བཅོས་བྱ་དགོས་སྐོར་འགྲེལ་བརྗོད་གནང་བྱུང་།གཞན་ཡང་ཁོང་གིས་རྒྱ་ནག་གིས་དུས་རྒྱུན་ནས་ཆབ་སྲིད་དང་འབྲེལ་ནས་བོད་མི་རྣམས་འཇུ་བཟུང་བྱེད་སྐབས། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་དང་རྒྱལ་ཁབ་ཀྱི་བརྟན་བརླིང་ལ་གནོད་པའི་ནག་ཉེས་བསྙད་འདོགས་ཀྱིས་གནས་ཚུལ་འཚོལ་ཞིབ་བྱེད་ཐབས་བྲལ་བའི་ཁྱབ་ཆེ་བའི་ཐ་སྙད་རིགས་བེད་སྤྱོད་གཏོང་གི་ཡོད་སྐོར་གསུང་བ་དང་འབྲེལ། ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བའི་འདས་བའི་ལོ་གསུམ་རིང་གར་སོང་ཆ་མེད་དུ་བསྒྱུར་བའི་བོད་མི་ ༤༠ ལྷག་ཀྱང་བསྙད་འདོགས་དེ་དག་གི་འོག་ནས་གར་སོང་ཆ་མེད་དུ་སྒྱུར་བ་ཞིག་ཡིན་སྐོར་གསུངས་སོང་།སྤྱིར་ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཕྲུལ་སྒྲ་བརྒྱུད་ནས་བཙན་དབང་གིས་གར་སོང་ཆ་མེད་དུ་སྒྱུར་བའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། འགྲོ་བ་མི་ཡོངས་རྫོགས་ས་ཕྱོགས་གང་དུ་གནས་མིན་དང་མི་སུ་ཡིན་མིན། དེ་བཞིན་དད་མོས་ཅི་ཡིན་སོགས་ལ་ལྟོས་བ་མེད་པར་ཐོབ་ཐང་དང་ཆེ་མཐོང་གཅིག་པ་ཡིན་པར་བསྒྲགས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་ཁ་སང་གི་རྒྱལ་སྤྱིའི་བཙན་དབང་གིས་གར་སོང་ཆ་མེད་དུ་སྒྱུར་བའི་ཉིན་མོ་དང་བསྟུན་ནས། རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་ཆུང་ཤོས་སམ། བོད་ཀྱི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གླེང་སློང་གིས། རྒྱ་ནག་གིས་ཆུང་སྲིད་མཆོག་གང་དུ་བཀག་སྐྱིལ་བྱས་ཡོད་མེད་གསལ་བོ་བཟོ་དགོས་བ་དང་། དེ་བཞིན་གང་ཉིད་མཆོག་ལ་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས་བའི་ཞུ་སྐུལ་གནང་འདུག་པ་དང་། གཞན་ཡང་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཀྱིས་ཀྱང་རྒྱ་ནག་གིས་བོད་ཀྱི་པཎ་ཆེན་ཆུང་སྲིད་མཆོག་བཙན་ཁྲིད་བྱས་པ་ཡོད་པར་འགྲེལ་བརྗོད་ཀྱིས་རྒྱ་ནག་གིས་གང་ཉིད་གང་དུ་བཀག་ཉར་བྱས་ཡོད་པར་མངོན་གསལ་བྱེད་དགོས་བའི་སྐུལ་མ་གནང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་གི་ཉིན་མོ་དང་སྟུན་ནས་འདོན་སྤེལ་གནང་བའི་སྒྲགས་གཏམ་ནང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་ནག་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་ནས་ངོ་སྤྲོད་གནང་བ་ཞིག་ལུང་འདྲེན་གནང་ཡོད་པ་དང་། དེའི་ནང་དུ། བོད་ནང་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་མེད། བོད་མི་ཚོར་དུད་འགྲོ་སེམས་ཅན་གྱི་འདུ་ཤེས་འཛིན་གྱི་ཡོད། རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་མི་རྣམས་འགྲོ་བ་མི་ཞིག་ཡིན་པའི་ངོས་འཛིན་བྱ་ཐབས་ཤེས་ཀྱི་མེད། རྒྱ་ནག་གཞུང་གིས་ང་ཚོར་དུད་འགྲོའི་འདུ་ཤེས་ལས་འཛིན་གྱི་མེད་པས་དུད་འགྲོ་སེམས་ཅན་ལྟར་མནར་གཅོད་གཏོང་རྒྱུ་ཡིན་པ་བོད་མི་ཚོས་ཤེས་ཀྱི་ཡོད་པ་རེད། ང་རང་སྒེར་གྱི་ངོས་ནས་ཀླ་ཀློའི་སྤྱོད་པ་རྩིང་པོ་འདི་ལ་སྙིང་སྟོབས་ཞུམ་ནས་མགོ་སྒུར་མ་མྱོང་། རྒྱུ་མཚན་ནི་མནར་གཅོད་ཀྱི་སྦྱོར་བ་འདིས་ངའི་པུས་མོ་ས་ལ་འཛུགས་སུ་འཇུག་པ་ཤེས་ཀྱི་ཡོད། འོན་ཀྱང་མནར་གཅོད་ཀྱི་ན་ཟུག་ལ་གདོང་ལེན་གྱིས་ཕྱིར་རྐང་པ་གཉིས་ཀྱི་སྒང་ལ་ལངས་རྒྱུའི་སེམས་ཀྱི་དམ་བཅའ་དེ་ནམ་ཡང་འགྱུར་མ་མྱོང་། དེ་ང་གཅིག་བུ་མ་རེད། བོད་མི་ཚང་མར་དཀའ་སྡུག་གི་གདོང་ནས་ལངས་ཐུབ་པའི་སྙིང་སྟོབས་འདི་ཡོད་པ་རེད། ང་ཚོས་དུས་རྒྱུན་རྒྱ་ནག་གི་དབང་འཛིན་པ་ཚོས་ང་ཚོར་དུད་འགྲོའི་འདུ་ཤེས་འཛིན་གྱི་ཡོད་པ་ཤེས་ཀྱི་ཡོད་ལ། ང་ཚོས་དུས་རྒྱུན་མཚན་ཉིད་ཚང་བའི་འགྲོ་བ་མི་ཞིག་ལྟར་རང་ཉིད་རྐང་པ་གཉིས་ཀྱི་སྒང་ལ་ཡང་བསྐྱར་ལངས་ཏེ་རང་ཉིད་འགྲོ་བ་མི་ཞིག་བྱེད་པའི་སེམས་ཐག་བཅད་ཡོད། ཅེས་འགྲེལ་བརྗོད་གནང་འདུག

དྭང་ཞབས་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་རྡོ་རིང་དབུ་འབྱེད།

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག   བཞུགས་སྒར་སྐོར་ལམ་གྱི་ལྷ་རྒྱལ་རིའི་ཁུལ་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྔར་ལོའི་དེ་རིང་གི་ཉིན་མོར། འཕགས་བོད་ས་མཚམས་ནས་རྒྱ་ནག་གི་མཐའ་དམག་ལ་ཕར་རྒོལ་གྱིས་རང་སྲོག་བློས་གཏོང་གནང་མཁན་གྱི་བོད་ཀྱི་དྭང་ཞབས་པ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་རྡོ་རིང་ཞིག་དབུ་འབྱེད་གནང་སོང་། གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བདུན་ཕྲག་སྔོན་མའི་ནང་དུ་ལ་དྭགས་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་བསྐྱངས་ཏེ་ཁ་ས་རང་བཞུགས་སྒར་དུ་འབྱོར་མ་ཐག་ཡིན་པ་དང་། སྲིད་སྐྱོང་མཆོག་གིས་ཐེངས་འདིར་ལ་དྭགས་ནང་མཛད་རིམ་སྣ་མང་ཞིང་བསྐྱངས་པའི་ཁྲོད་དྭངས་ཞབས་པ་ཉི་མ་བསྟན་འཛིན་ལགས་དམ་པ་དེ་ཉིད་ཀྱི་ནང་མི་དང་མཇལ་འཕྲད་གནང་བ་མ་ཟད། ལ་དགས་ས་གནས་འཐུས་ཚོགས་ཀྱིས་མང་ཚོགས་ལས་ཞལ་འདེབས་བསྡུས་ཏེ་དྭང་ཞབས་དམ་པ་དེ་ཉིད་ལ་རྗེས་དྲན་གྱི་འདྲ་སྐུ་ཞིག་བཞེངས་ཡོད་པ་དེའང་དབུ་འབྱེད་གནང་ཡོད་པ་རེད།དེ་རིང་སྲིད་སྐྱོང་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ལྷ་རྒྱལ་རིར་དམ་པ་དེ་ཉིད་རྗེས་དྲན་གྱི་རྡོ་རིང་དབུ་འབྱེད་གནང་སྐབས་གསར་འགོད་པ་རྣམས་ལ་དེ་རིང་གི་དུས་ཚིགས་དང་བསྟུན། ཉི་མ་བསྟན་འཛིན་ལགས་གཅིག་པོ་མིན་པར། གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་སྔོན་ཆད་ཕྱི་ལོ་ ༡༩༧༡ ལོར་བྷང་ལ་ཊི་ཞི་ (Bangladesh) བཅིངས་གྲོལ་གྱི་སྐབས་སུ་ཡང་བོད་དམག་གིས་ཚེ་སྲོག་བློས་གཏོང་གནང་ཡོད་པ་དང་། དེ་བཞིན་གྷར་ཀེལ་ (Kargil) གྱི་དམག་འཁྲུག་སྐབས་སུ་ཡང་བོད་དམག་གིས་རང་སྲོག་བློས་གཏོང་གནང་ཡོད་པ་དྲན་གསོ་དང་འབྲེལ། དེ་རིང་དཔའ་བོ་ཁོང་གི་མཚན་ཐོག་ནས་རང་སྲོག་བློས་གཏོང་གནང་མཁན་གྱི་བོད་དམག་རྣམས་ལ་རྗེས་དྲན་ཞུ་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་། གཞན་ཡང་སྲིད་སྐྱོང་མཆོག་གིས། སྔོན་ཆད་རྒྱ་གར་ནང་དུ་བོད་ཀྱི་དྭང་ཞབས་དམག་མིའི་སྐོར་ཡོངས་གྲགས་གནང་གི་མེད་ནའང་། ད་ཆ་རྒྱ་གར་གྱི་ནང་དུ་སྤྱི་ཚོགས་དྲ་ལམ་ཁག་ལ་བོད་ཀྱི་དྭང་ཞབས་དམག་མིའི་སྐོར་དེ་ཡོངས་གྲགས་ཆགས་ཚར་བ་ཞིག་ཡིན་སྐོར་དང་འབྲེལ་ནས། བོད་མིའི་སྒྲིག་འཛུགས་ཀྱིས་དྭང་ཞབས་དང་འབྲེལ་བའི་དམིགས་བསལ་གྱི་སྲིད་བྱུས་དེ་འདྲ་གང་ཡང་གོ་བསྡུར་གནང་མེད་ནའང་། ཐེངས་འདིའི་རྗེས་དྲན་རྡོ་རིང་དེ་བརྒྱུད་ནས་བོད་མི་རྣམས་ཀྱིས་ཀྱང་རྒྱ་གར་གྱི་བདེ་སྲུང་གི་གནས་བབ་དང་འབྲེལ་ནས་རང་སྲོག་བློས་གཏོང་གིས་རྒྱ་གར་གྱི་མཐའ་སྲུང་ལ་མཉམ་ཞུགས་དང་གདུང་སེམས་མཉམ་སྐྱེལ་ཡོད་པ་དེ་ཕྱིར་མངོན་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་སྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་གར་གྱི་མཐའ་སྲུང་གི་ནང་དུ་བོད་མི་ཡོད་པ་དང་། དེང་སྐབས་རྒྱ་ནག་གིས་ཀྱང་བོད་ཀྱི་མཐའ་མཚམས་སུ་ཆེད་དུ་བོད་མི་རྣམས་ལ་དམག་སྦྱོང་སྤྲད་ནས་མཐའ་སྲུང་དུ་གཏོང་གི་ཡོད་པ་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་བོད་དམག་གི་བར་ལ་དམར་འཛིང་གི་གནས་བབ་ཡོང་གི་ཡོད་པའི་གནས་བབ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་གནས་བབ་དེའི་ཐོག་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན་པར་བཀའ་གནང་བ་དང་སྦྲགས། གཞི་རྩའི་རྒྱ་ནག་གིས་རྒྱ་གར་གྱི་མཐའ་སྲུང་གི་ནང་དུ་བོད་དམག་ཡོད་པ་ཤེས་དུས་ཆེད་དུ་བོད་དམག་མཐའ་སྲུང་དུ་གཏོང་གི་ཡོད་པར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གིས་བོད་མི་རྣམས་ལ་ཡིད་ཆེས་རྩ་བ་ཉིད་ནས་མེད་སྐོར་འགྲེལ་བརྗོད་གནང་སོང་། རྒྱ་གར་གྱི་དཔོན་རིགས་ནང་དུ་བོད་པའི་གསང་བའི་དམག་སྒར་གྱི་གནད་དོན་དེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། གསར་ཁང་ཁག་གིས་ཀྱང་བོད་མི་བཙན་བྱོལ་བ་རྣམས་ཀྱི་འདས་མ་ད་གསུམ་ལ་གླེང་སློང་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད་འདུགགཞི་རྩའི་སྔར་ལོའི་ནང་ལ་དྭགས་སུ་ཆགས་པའི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་དམག་དབར་གདོང་ཐུག་རིམ་པ་བྱུང་བའི་ཁྲོད། ཟླ་བ་ ༨ པའི་ཚེས་ ༣༠ ཉིན་བོད་པའི་དྭང་ཞབས་དམག་མིས་ས་མཚམས་སུ་ས་ཁམས་མྱུལ་ཞིབ་གནང་སྐབས་དེ་སྔ་ས་འོག་ཏུ་བཞག་པའི་འབར་རྫས་ཤིག་གས་འཐོར་བྱུང་ནས་དྭང་སློབ་རུ་ཤོག་ཨང་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གི་ཕྱག་རོག་བསྟན་འཛིན་བློ་ལྡན་ལགས་སུ་རྨས་སྐྱོན་ཚབ་ཆེ་ཕོག་ཡོད་པ་རེད། དྭངས་ཞབས་པ་འདས་པོ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གྱི་ཉིན་མོར་རྒྱ་གར་གཞུང་འཛིན་ཚོགས་པ་ BJP རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Ram Madhav ལགས་ཀྱིས་གཙོས་པའི་ལ་དྭགས་གླེའི་ཉེན་རྟོག་རུ་དཔོན། གྲོས་ཚོགས་འཐུས་མི་དང་ལ་དྭགས་ཁུལ་གྱི་གནད་ཡོད་དཔོན་རིགས་ཆེད་ཕེབས་ཀྱིས་དམ་པ་དེ་ཉིད་ལ་ཆེ་བསྟོད་ཀྱི་རྣམ་པ་མངོན་གསལ་གནང་བ་མ་ཟད། རྒྱ་གར་གྱི་དཔོན་རིགས་ནང་དུ་བོད་པའི་གསང་བའི་དམག་སྒར་གྱི་གནད་དོན་དེར་དོ་སྣང་བྱེད་མཁན་ཇེ་མང་དང་། རྒྱ་གར་གྱི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཐོག་དེ་སྔ་གསང་རྒྱ་དམ་པོར་བྱས་ཡོད་པའི་བོད་ཀྱི་དྭང་ཞབས་དམག་མིའི་སྐོར་ལ་གླེང་སློང་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད།

Latest news