Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་ནག་ནང་ཡོད་པའི་ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ LinkedIn ཞེས་པ་དེ་སྒོ་རྒྱག་རྒྱུ་རེད་འདུག

ཨ་རིས་བཟོ་བསྐྲུན་བྱས་ཤིང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ LinkedIn ཞེས་པ་དེ་རྒྱ་ནག་གཞུང་གི་གཏན་འབེབས་བྱས་པའི་དྲ་རྒྱའི་ཁྲིམས་སྒྲིག་གི་འགོག་རྐྱེན་དང་། བདེ་འཇགས་ཀྱི་གནད་དོན་སོགས་ལ་གཞིགས་ཏེ་རྒྱ་ནག་ནང་གླེང་སྟེགས་དེ་སྒོ་རྒྱག་རྒྱུ་རེད་འདུགདེ་རིང་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ LinkedIn ཞེས་པ་བདེ་འཇགས་ཀྱི་གནད་དོན། ལྷག་པར་དུ་གླེང་སྟེགས་དེ་བེད་སྤྱོད་བྱེད་མཁན་གྱི་མང་ཚོགས་རྣམས་ཀྱི་སྒེར་གྱི་གནད་དོན་སྲུང་སྐྱོབ་གནང་རྒྱུ་སོགས་ལ་དམིགས་ཏེ་རྒྱ་ནག་གི་ཁྲོམ་རའི་ནང་ནས་ཕྱིར་འཐེན་གནང་དགོས་བྱུང་ཡོད་སྐོར་སོགས་བཀོད་འདུག་ལ། LinkedIn སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ཀྱི་འགན་འཛིན་གཞོན་པ་ Mohak Shroff ལགས་ནས། གླེང་སྟེགས་འདི་རྒྱ་ནག་ནང་ལ་ཚད་དང་ལྡན་པ་ཞིག་བེད་སྤྱོད་ཐུབ་རྒྱུར་རྒྱ་ནག་གཞུང་གི་གཏན་འབེབས་བྱས་པའི་དྲ་རྒྱ་དང་འབྲེལ་བའི་ཁྲིམས་སྒྲིག་ནང་གི་ཆ་རྐྱེན་ཁག་དང་། སྤྱི་ཡོངས་ཀྱི་དྲ་རྒྱ་དང་འབྲེལ་བའི་ཁྲོམས་རའི་ཁོར་ཡུག་གི་གནས་བབ་སོགས་ཀྱི་ཐད་ནས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་སྟབས། ལོ་འདིའི་ལོ་མཇུག་ཏུ་གླེང་སྟེགས་འདི་རྒྱ་ནག་ནང་སྒོ་རྒྱག་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག རྒྱ་ནག་ནང་གི་ཚོང་པ་དང་ལས་ཀ་འཚོལ་མཁན་ཚོ་ལ་དམིགས་ཏེ་ InJobs ཞེས་པའི་མཉེན་ཆས་ཤིག་གསར་སྐྲུན་གནང་འཆར་ཡོད་པ་གསུངས་འདུག རྩ་བའི་ LinkedIn སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་འདི་ཐོག་མར་ཕྱི་ལོ་ ༢༠༠༣ གི་ལོ་ལ་ཨ་མི་རི་ཀའི་དྲ་རྒྱའི་ཆེད་ལས་པ་ Reid Hoffman ལགས་ཀྱིས་གསར་སྐྲུན་གནང་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ནང་གི་ཆེད་ལས་མི་སྣ་དང་མང་ཚོགས་མི་ཉུང་བ་ཞིག་ནས་རང་ཉིད་ཀྱི་ངོ་སྤྲོད་སྤེལ་ས་དང་ལས་ཀའི་གོ་སྐབས་འཚོལ་སའི་གླེང་སྟེགས་ཆེ་གྲས་ཤིག་ཏུ་གྱུར་ཏེ་ལོ་ངོ་བཅུ་ལྷག་སོང་བའི་མཚམས་སུ་ Microsoft ཚོང་ལས་ཁང་ནས་གླེང་སྟེགས་དེའི་བདག་དབང་ཨ་སྒོར་ཐེར་འབུལ་ ༢༦ སྤྲད་དེ་ཉོས་ཡོད་པ་དང་། གླེང་སྟེགས་འདི་བཞིན་རྒྱ་ནག་གི་ཁྲོམ་རའི་ནང་ལ་ཐོག་མར་ ༢༠༡༤ ལོར་འཛུལ་ཞུགས་བྱས་ཏེ་ད་ཆ་ལོ་ངོ་ ༧ ཙམ་ལས་འགྲོ་གི་མེད་པ་མ་ཟད། གླེངས་སྟེགས་འདི་ནི་རྒྱ་ནག་ནང་ཡོད་པའི་ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་གཅིག་པོ་དེ་ཡང་ཆགས་ཀྱི་ཡོད་པ་རེད།གླེང་སྟེགས་འདི་ཐོག་མར་རྒྱ་ནག་གི་ཁྲོམ་རའི་ནང་འཛུལ་སྐབས་རྒྱ་ནག་གཞུང་གིས་བཏོན་པའི་དོན་ཚན་ཁག་ཅིག་གི་ཐོག་ལ་ཁས་ལན་བྱས་ཡོད་པ་དང་། གླེང་སྟགས་ཀྱི་འབྲེལ་ཡོད་རྣམས་ནས་ཕྱོགས་གཉིས་དབར་གན་ཡིག་འཇོག་སྐབས་ཕྱི་གསལ་གང་གསལ་བྱེད་རྒྱུའི་དོན་ཚན་དེ་བློས་གཏོང་གནང་མེད་ཅེས་འགྲེལ་བརྗོད་གནང་བཞིན་ཡོད་ཀྱང་། ཉེ་བའི་དུས་སུ་ LinkedIn སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ཐོག་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱེད་སྟངས་སྐོར་གནས་ཚུལ་སྤེལ་མཁན་གསར་འགོད་པ་ Greg Bruno ལགས་གཙོས་པའི་གཞན་ཁག་ཅིག་གི་དྲ་བྱང་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་སྐབས། རྒྱལ་སྤྱིའི་གསར་འགོད་པ་ཙམ་མ་ཟད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rick Scott ལགས་སོགས་ནས་ LinkedIn སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ངོས་ནས་རྒྱ་གཞུང་གི་དགོས་འདུན་སྒྲུབ་བཞིན་འདུག་ཅེས་སྐྱོན་བརྗོད་ནནས་པོ་བྱས་པའི་གནང་སྟངས་ཡང་བྱུང་ཡོད། དཔྱད་ཞིབ་པ་རྣམས་ནས་ད་རེས་རྒྱ་ནག་ནང་ཡོད་པའི་ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་གཅིག་པོ་དེ་ཡང་སྒོ་བརྒྱབ་པ་དེ་ཕྱོགས་ནས་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་སྟངས་འཛིན་དང་དམ་དྲགས་བྱེད་བཞིན་པའི་དབང་གིས་རྒྱ་ནག་ནང་ཚོང་ལས་ཡག་པོ་ཡོང་གི་མེད་པ་དང་། ཕྱོགས་གཞན་ཞིག་ནས་གླེང་སྟགས་སྟེགས་འདིས་རྒྱ་ནག་ལ་བསྟུན་མཁས་བྱེད་རྒྱུ་མང་དྲག་པའི་དབང་གིས་ཨ་རིའི་གཞུང་ནས་ནས་ཀྱང་ཕྱིར་འཐེན་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་སྲིད་པ་རེད་ཅེས་གསུངས་བཞིན་འདུག གཞི་རྩའི་དུས་རྒྱུན་ནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་མིང་བྱང་འོག་རྒྱ་ནག་ནང་ཡོད་པའི་ཕྱིའི་ཚོང་ལས་སྡེ་ཚན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་དོན་ལ་དམ་དྲགས་སྣ་ཚོགས་ཤིག་བྱེད་བཞིན་ཡོད་སྟབས། འདས་པའི་ལོ་དུས་ནང་ལ་ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟགས་ Twitter དང་ངོ་དེབ་ཀྱང་རྒྱ་ནག་བེད་སྤྱོད་མི་ཐུབ་པར་བཟོས་པ་མ་ཟད། Google ཚོང་ལས་སྡེ་ཚན་ཀྱང་འདི་ལོ་རྒྱ་ནག་གི་ཁྲོམ་ར་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད།  

རྒྱ་གར་ངོས་ནས་རྒྱ་ནག་ལ་གྲོས་མོལ་ཙམ་མིན་པར་བོད་དོན་སྐོར་འདྲི་རྩད་བྱེད་དགོས་བར་གསུངས་འདུག

ཉེ་ཆར་རེ་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་ Moldo ཞེས་པ་དེར་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་འགོ་ཁྲིད་དབར་རྒྱལ་ཁབ་ཕྱོགས་གཉིས་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་ཁག་སེལ་ཐབས་དང་འབྲེལ་བའི་གྲོས་མོལ་ཐེངས་ ༡༣ པ་དེ་གནང་ཡོད་ཀྱང་། མཐའ་མཚམས་དང་འབྲེལ་བའི་དཀའ་རྙོག་ཁག་སེལ་ཐབས་ཀྱི་ཐབས་ལམ་ཞིག་གི་ཐོག་ལ་འབབ་ཐུབ་མེད་པ་རེད།གནད་དོན་དེ་དང་འབྲེལ་བདེ་འཇགས་དང་ཐབས་བྱུས་ཐོག་དཔྱད་ཞིབ་གནང་མཁན་རྒྱ་གར་གྱི་རྐང་དམག་སྡེ་ཚན་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ S B Asthana ལགས་ནས་ FirstPost གསར་ཁང་གི་དྲ་གནས་ཐོག་དཔྱད་གཏམ་ཞིག་འདོན་སྤེལ་གནང་སྟེ། ད་རེས་རྒྱ་དཀར་ནག་གཉིས་དབར་གྱི་གྲོས་མོལ་ཐེངས་ ༡༣ པ་དེར་གྲུབ་འབྲས་ཤིག་ཐོན་ཐུབ་མེད་པ་དེ་ལ་ཧང་སང་དགོས་དོན་གང་ཡང་མེད་པ་དང་། དེ་ཡང་གྲོས་མོལ་དེ་འགོ་འཛུགས་མ་བྱས་པའི་གོང་ཙམ་དུ་རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་ Uttarakhand དང་ཨ་རུ་ན་ཅན་མངའ་སྡེའི་ས་ཁུལ་ཁག་ཅིག་ཏུ་བཙན་འཛུལ་བྱས་པའི་བྱ་སྤྱོད་དང་། དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་ཁག་ཏུ་གྲོང་སྡེ་གསར་རྒྱག་བྱེད་བཞིན་པའི་གནས་སྟངས་ཁག་ལ་ལྟ་སྐབས་རྒྱ་ནག་ཕྱོགས་ནས་མཐའ་མཚམས་ཀྱི་གནད་དོན་དེ་ཞི་འགྲིག་ཡོང་རྒྱུར་འདོད་པ་རྩ་བ་ནས་མེད་པ་གསལ་པོ་རེད་ཅེས་བཀོད་འདུགམ་ཟད་ཁོང་ནས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱ་ནག་རྒྱལ་ཁབ་དེ་ཨེ་ཤ་ཡའི་ནང་གི་དབང་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་དེ་ཡིན་པ་དེ་ལྟར་ཡང་། རྒྱ་ནག་གཞུང་ལ་སེམས་འཚབ་ཅིག་ཡོད་པ་ནི་རྒྱ་གར་ཕྱོགས་ནས་རྒྱ་ནག་ལ་སྒུར་མིན་དང་། ལྷག་པར་དུ་ལ་དྭགས་ཀྱི་ཤར་ངོས་སུ་ཡོད་པའི་རྒྱ་གར་གྱི་ས་གནས་དེ་དག་རྒྱ་ནག་གི་དམིགས་ཡུལ་སྒྲུབ་རྒྱུའི་ཐབས་བྱུས་དང་འབྲེལ་བའི་ས་ཚིགས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས་ས་ཁུལ་དེ་དག་གི་བདག་དབང་ཐོག་མུ་མཐུད་རྩོད་བཞིན་ཡོད་པ་སོགས་འགྲེལ་བརྗོད་བྱས་འདུགལྷག་པར་དུ་ཁོང་གི་དཔྱད་གཏམ་དེའི་ནང་ལ་རྒྱ་གར་གཞུང་གི་ངོས་ནས་དོ་སྣང་བྱེད་པའི་དོན་ཚན་ཁག་ཅིག་གསལ་འདོན་གནང་པའི་ནང་ལ། རྒྱ་གར་གཞུང་ནས་རྒྱལ་ཁབ་ཀྱི་ཐབས་བྱུས་ཁག་ཡོངས་གྲགས་བྱེད་ཀྱི་མེད་ཀྱང་། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ལ་རྒྱ་གར་གཞུང་ནས་རྒྱ་ནག་ལ་གདོང་ལེན་བྱེད་སྐབས་རྒྱ་ནག་གཞུང་ལ་ཕོག་ཐུགས་རིགས་རྩ་བ་ནས་མི་གཏོང་རྒྱུ་དེ་ནི་འཐབ་ཇུས་ཀྱི་རྨང་གཞི་གཙོ་བོ་དེ་ཟིན་ཡོད་པ་གསལ་པོ་ཡིན་སྟབས། འཐབ་ཇུས་ཀྱི་རྨང་གཞིའི་དེའི་འོག་ནས་ད་བར་རྒྱ་གར་ལ་ཁེ་ཕན་གང་ཡང་བྱུང་མེད་པ་མ་ཟད། རྒྱ་ནག་ཕྱོགས་ནས་ཀྱང་དེར་ཆ་འཇོགས་རྩབ་ནས་བྱས་མེད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག་རྒྱ་གར་ངོས་ནས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་གྲོས་མོལ་གྱི་འཐབ་བྱུས་ཙམ་མིན་པར། བོད་དང་ཧོང་ཀོང་། དེ་བཞིན་ཤིན་ཅང་བཅས་ཀྱི་བདག་དབང་གི་གནད་དོན་ཐོག་འདྲི་རྩད་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག མ་ཟད་ཁོང་ནས་ད་བར་རྒྱ་གར་ཕྱོགས་ནས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནད་དོན་དངོས་སུ་གླེང་སློང་མ་བྱས་ཀྱང་རྒྱ་ནག་ཕྱོགས་ནས་Kashmir གི་གནད་དོན་བེད་སྤྱོད་བྱས་ཏེ་རྒྱ་གར་འདི་བཞིན་རྒྱལ་ཚོགས་ཀྱི་བདེ་འཇགས་ཚོགས་མིའི་ཁོངས་སུ་ཚུད་རྒྱུར་འགོག་རྐྱེན་སྣ་ཚོགས་བཟོས་ཡོད་པ་ལུང་འདྲེན་དང་སྦྲགས། རྒྱ་གར་གཞུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཐབས་བྱུས་ཀྱི་གནད་དོན་ཐོག་ལ་བསམ་བློ་གསར་པ་ཞིག་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་རྣམ་འགྱུར་ཙམ་མིན་པར། དགོས་ངེས་བྱུང་ན་རྒྱ་གཞུང་གི་འཐབ་བྱུས་དང་འབྲེལ་བའི་ས་ཚིགས་ཁག་ལ་བཙན་འཛུལ་བྱེད་དགོས་པ་ཡང་གསུངས་འདུགདེ་བཞིན་རྒྱ་ནག་གི་བྱེད་བབ་ལ་གཞིགས་ན་རྒྱ་ནག་རང་ཉིད་ཀྱི་དམིགས་ཡུལ་མ་འགྲུབ་ཀྱི་བར་དུ་མཐའ་མཚམས་ཀྱི་གནད་དོན་ཞི་འགྲིག་ཡོང་རྒྱུར་གྲ་སྒྲིག་མེད་སྟབས། རྒྱ་གར་ངོས་ནས་ཀྱང་དེ་མཚུངས་ཀྱིས་རང་ས་སྲུང་སྐྱོབ་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་བརྒྱུད་མཐའ་མཚམས་ཁག་ཏུ་ཡོད་པའི་ཡུལ་མི་ཚོར་འཚོ་བའི་རོགས་རམ་གང་ཐུབ་གནང་དགོས་པ་དང་། དམག་དོན་དང་འབྲེལ་བའི་དམག་སྡེ་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་མཚོ་ཐོག་ཏུ་དམག་དང་འབྲེལ་བའི་ལས་དོན་སྤེལ་བཞིན་པ་ཁག་ལ་གདོང་ལེན་གྱི་ལས་གཞི། དེ་བཞིན་མང་གཙོའི་རྒྱལ་ཁབ་གཙོས་པའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་ཟུང་འབྲེལ་ཐོག་རྒྱ་ནག་ལ་གདོང་ལེན་བྱེད་རྒྱུའི་འཐབ་བྱུས་གཏན་འབེབས་ཀྱི་ལས་དོན་རྣམས་སྔ་ས་ནས་གྲ་སྒྲིག་བྱེད་དགོས་པ་སོགས་གསུངས་འདུག གཞི་རྩའི་ལོ་གཅིག་ཙམ་གྱི་གོང་ལ་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མདག་མིའི་དབར་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་གདོང་ཐུག་རིམ་པ་བྱུང་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ཀྱི་དམག་མིའི་འགོ་ཁྲིད་དབར་གྲོས་མོལ་ཐེངས་ ༡༢ ཙམ་གནང་པའི་རྗེས་སུ་སྤང་གོང་དང་ Gogra ཁུལ་གྱི་གནད་དོན་སེལ་ཐུབ་ཙམ་བྱུང་ཡོད་ཀྱང་། Depsang དང་བདེན་མཆོག་གཙོས་པའི་ཨ་རུ་ན་ཅལ་མངལ་ཁུལ་གྱི་རྩོད་རྙོག་ཁག་ད་ལྟ་ཡང་ཞི་འགྲིག་ཡོང་མེད་པ་རེད། ཐེངས་འདིའི་གྲོས་མོལ་ ༡༣ མཇུག་སྒྲིལ་མཚམས་སུ་རྒྱ་ནག་གི་དམག་ཁུལ་གྱི་མགྲིན་ཚབ་པ་ཞིག་ནས་རྒྱ་གར་ཕྱོགས་ནས་དངོས་ཡོད་གནས་སྟངས་དང་མི་འཚམས་པའི་རེ་བ་ཁག་ཅིག་མུ་མཐུད་བཏོན་ཏེ་གྲོས་མོལ་ལམ་ལྷོང་ལྡན་པ་ཞིག་འགྲོ་བཅུག་མ་སོང་ཞེས་བཤད་འདུག་ཀྱང་། རྒྱ་གར་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས། རྒྱ་གར་ཕྱོགས་ནས་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཡང་དག་ཁག་ཅིག་བཏོན་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་དེར་ངོས་ལེན་མ་བྱས་པ་མ་ཟད། དཀའ་རྙོག་དེ་དག་སེལ་ཐབས་ཀྱི་ཐབས་དང་འབྲེལ་བའི་བསམ་འཆར་ཞིག་ཀྱང་སྟོན་རྒྱུ་མི་འདུག་ཅེས་གསུངས་ཡོད། གཞི་རྩའི་རྒྱ་ནག་གཞུང་ནས་བོད་དང་ས་འབྲེལ་ཡོད་པའི་རྒྱ་གར་གྱི་ས་ཁུལ་འདྲ་མིན་ཐོག་བཙན་འཛུལ་བྱས་ཏེ་ས་ཁུག་དེ་དག་གི་བདག་དབང་རྒྱ་ནག་གཞུང་ལ་ཡོད་སྐོར་བཤད་བཞིན་ཡོད་པ་མ་ཟད། ཉེ་ཆར་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་ Venkaiah Naidu མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་ཁུལ་དུ་ཕེབས་སྐབས་རྒྱ་ནག་གཞུང་ནས་རྒྱ་གར་གྱི་འགོ་ཁྲིད་ས་ཁུལ་དེར་བསྐྱོད་པ་དེ་ཡིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཏང་ཡོད་སྐོར་སོགས་བཤད་དེ་དགག་པ་རྒྱབ་ཡོད་པ་དང་། སྐབས་དེར་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་རྒྱ་གར་ལ་ཡོད་པ་མ་ཟད། མངའ་སྡེ་དེ་རྒྱ་གར་དང་ཁ་བྲལ་ཐབས་མེད་པ་ཞིག་རེད་ཅེས་རྒྱ་གཞུང་ལ་ལན་འདེབས་བྱས་པའི་གནས་སྟངས་ཡང་བྱུང་ཡོད།

རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་འོག་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་བཟོ་བཞིན་པར་མངོན་གསལ།

བཞུགས་སྒར་དུ་རྟེན་གཞིས་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་བོད་མཐོ་སྒང་གྱི་ཁོར་ཡུག་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་རྒྱ་ཆེན་པོ་སྤེལ་གྱི་ཡོད་ཚུལ་འོག་བོད་མིའི་འཚོ་གནས་ལ་བརྡབ་གསིག་ཆེན་པོ་བཏང་བར་མ་ཟད་བོད་མིའི་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་གནས་མེད་པ་བཟོས་ཏེ་འབྲོག་པ་རྣམས་ལ་བཙན་དབང་གིས་གནས་གཞི་སྤོ་དགོས་པའི་ལས་གཞི་རྒྱ་ཆེན་པོ་ཞིག་ལོ་མང་ནས་སྤེལ་མུས་ཁྲོད་ལོ་ངོ་སྟོང་ཕྲག་མང་པོའི་རིང་སྣོད་བཅུས་སྙོམས་པའི་བོད་མཐོ་སྒང་གི་འབྲོག་མི་རྣམས་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་པའི་ཁར་རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་འོག་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་བཟོ་བཞིན་པར་མངོན་གསལ་གནང་འདུགརླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་སྙན་ཐོའི་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས་ད་ལྟ་རྒྱ་ནག་གི་ཀུན་མན་གྲོང་ཁྱེར་དུ་འཚོགས་གཞིན་པའི་ Convention on Biodiversity འམ་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་ཀྱི་ཚོགས་འདུ་དང་། རིང་མིན་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ནས་ཕྱི་ཟླ་ ༡༡ ཚེས་ ༡༢ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐེངས་ ༢༦ པ་དེ་དབྱིན་ཡུལ་ Glasgow རུ་ཚོགས་གཏན་འཁེལ་ཡོད་པ་བཅས་ཀྱི་ཚོགས་ཆེན་གཉིས་ལ་དམིགས་ནས་ཆེད་བཏོན་གནང་བ་ཞིག་དང་། རྒྱ་ནག་གཞུང་གིས་སོ་སོའི་དཔལ་འབྱོར་ཁེ་ཕན་ལ་བལྟས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གནོད་འཚེ་ཚབས་ཆེན་བཟོ་མཁན་གྱི་བཟོ་གྲྭ་རྒྱུ་ཆེན་ཚོར་བཟོ་ཁྲལ་སྤར་བ་སོགས་ཐད་ཀར་ཚོད་འཛིན་ནན་པོ་བྱ་རྒྱུ་ལས་ལྡོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་མངོན་གསལ་ཆེད་དུ་བོད་སྤྱོད་ཀྱི་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནང་དུ་བོད་མི་ཚོའི་དགོངས་ཚུལ་གསུང་ས་མེད་པ་དང་དེར་ངོས་འཛིན་མེད་པ། ལོ་ངོ་སྟོང་ཕྲག་མང་པོའི་རིང་སྣོད་བཅུས་སྙོམས་པའི་བོད་མཐོ་སྒང་གི་འབྲོག་མི་རྣམས་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་པའི་ཁར་རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་འོག་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་བཟོ་བཞིན་པའི་གནས་སྟངས་ཁག་མངོན་གསལ་གནང་ཡོད་པར་གསུངས་ཡོད།དེ་བཞིན་ད་རེས་ཀྱི་སྙན་ཐོ་བརྒྱུད་ནས་རྒྱ་ནག་གཞུང་ལ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིའི་ནང་དུ་ས་གནས་ཀྱི་བོད་མི་རྣམས་ཚུད་དགོས་པ་དང་ཁོང་རྣམས་ནས་ཆ་ཤས་བཞེས་དབང་སྤྲོད་དགོས། འབྲོག་མི་གྲོང་སྡེ་ཅན་དུ་བསྒྱུར་བ་རྣམས་ལ་གུན་གསབ་ཚད་ལྡན་སྤྲོད་དགོས། དེ་བཞིན་བོད་ནང་དུ་ཁོར་ཡུག་ཐོག་མི་རིགས་དབྱེ་འབྱེད་མེད་པར་ཚུལ་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་བཅུག་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པར་མ་ཟད། ད་ལྟ་འཚོགས་བཞིན་པ་དང་རིང་མིན་འཚོགས་ལ་ཉེ་བའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུ་གཉིས་པོའི་ཐོག་རྒྱ་ནག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་ཡོད་པ་དང་། དེས་ན་བོད་ཀྱི་ཁོར་ཡུག་དང་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་སྐོར་ལ་གླེང་སློང་གང་ཐུབ་གནང་དགོས་པའི་རེ་སྐུལ་ཞུ་མུས་ཡིན་པ་གསུངས་ཡོད།

༸གོང་ས་མཆོག་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལ་འཚམས་འཕྲིན་སྩལ་བ།

ཁ་སང་ནོར་ཝེ་ཁུལ་གྱི་ནོ་སྦེལ་ལྷན་ཚོགས་ཀྱིས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་གསལ་བསྒྲགས་གནང་བའི་ནང་དུ་། ཧྥི་ལི་པེན་གྱི་གསར་འགོད་པ་ Maria Ressa དང་ཨུ་རུ་སུའི་གསར་འགོད་པ་ Dmitry Murato ལགས་གཉིས་སུ་ནོ་སྦེལ་ཞི་བདེའི་གཟེགས་རྟགས་འབུལ་རྒྱུ་གསལ་བསྒྲགས་གནང་ཡོད་པ་དང་བསྟུན་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་གཟེགས་རྟགས་བཞེས་མཁན་རྣམ་གཉིས་ལ་དགའ་བསུའི་འཚམས་འཕྲིན་ཞིག་སྩལ་འདུགམཚམས་འཕྲིན་དེའི་ནང་། མགོན་པོ་གང་གིས་ནོ་སྦེལ་ལྷན་ཚོགས་ཀྱིས་ཐེངས་འདིར་ཧྥི་ལི་པེན་དང་ཨུ་རུ་སུའི་ཁུལ་གྱི་གསར་འགོད་པ་གཉིས་ཀྱིས་རྒྱལ་ཁོངས་སོ་སོའི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ལ་དཀའ་སྤྱད་གནང་བར་བརྟེན་ནས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེགས་རྟགས་དེ་ཕུལ་བར་ཐུགས་མཉེས་བོ་བྱུང་ཡོད་པར་བཀའ་སྩལ་བ་དང་འབྲེལ་ནས། ལྷན་ཚོགས་ཀྱིས་ཐེངས་འདིར་གསར་འགོད་པ་གཉིས་ལ་ཞི་བདེ་གཟེགས་རྟགས་ཕུལ་བ་དེ་ནི་ས་ཕྱོགས་གང་སར་གནས་བའི་གསར་འགོད་པ་རྣམས་ཀྱིས་ཉེན་ཁའི་ཁྲོད་དུ་དཀའ་ངལ་འདྲ་མིན་ལ་གདོང་ལེན་གནང་བཞིན་པའི་ཚབ་མཚོན་ལྟ་བུ་ཞིག་ཆགས་ཡོད་སྐོར་བཀའ་སྩལ་འདུགགཞན་ཡང་མགོན་པོ་གང་གིས་གསར་འགོད་པ་རྣམས་ཀྱིས་འགྲོ་བ་མིའི་རིན་ཐང་གི་གཙོ་བྱས་པའི་སྤྱི་ཚོགས་དང་ཆོས་ལུགས་མཐུན་ལམ་ཐོག་ལ་འགན་འཁུར་ཆེན་པོ་ཡོད་པར་བཀའ་འབྲེལ་གྱིས། གསར་འགོད་པ་རྣམས་ཀྱིས་མང་ཚོགས་ཁྲོད་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་ཡོངས་ཐབས་དང་སྤྱི་མཐུན་གྱི་བདེ་རྩའི་འགན་འཁྲིའི་ཐད་སློབ་སྦྱོང་སྤྲོད་རྒྱུར་ཞབས་འདེགས་ཞུ་ཐུབ་པ་དང་། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འཆམ་མཐུན་དང་མཛའ་བརྩེ་གོང་མཐོར་གཏོང་རྒྱུར་གལ་གནད་ཆེན་པོ་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ཁྲོད་གོ་མཚོན་ཉུང་འཕྲི་དང་འཛམ་གླིང་ཞི་བདེར་སྐྲུན་རྒྱུར་ཕན་རླབས་ཡོད་པ་ཞིག་ཡིན་པའི་བཀའ་སློབ་ལམ་སྟོན་མཛད་འདུག དེ་བཞིན་མགོན་པ་གང་ཉིད་ཉིད་མཆོག་གིས་ཧྥི་ལི་པེན་གྱི་གསར་འགོད་པ་ Maria Ressa དང་ཨུ་རུ་སུའི་གསར་འགོད་པ་Dmitry Murato ལགས་གཉིས་ཀྱི་གསར་འགོད་ལས་རིགས་ཁྲོད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་མཛད་པ་དང་འབྲེལ་ནས། ཐེངས་འདིའི་ཞི་བདེ་གཟེགས་རྟགས་དེ་ཡིས་གསར་འགོད་ལས་རིགས་ཁྲོད་ཕྱག་ལས་གནང་མཁན་ཡོངས་ཀྱིས་འཛམ་གླིང་འདིར་ཞི་བདེ་ཡོང་རྒྱུའི་གཞི་རྟེན་དུ་གྱུར་བའི་དྲང་བདེན་དང་མང་གཙོ་ལ་སྲུང་སྐྱོབ་གནང་རྒྱུར་ཤུགས་སྣོན་གང་ལེགས་ཐེབས་རྒྱུར་སྐུལ་མ་མཛད་འདུག

ཨ་རིས་མི་གསོད་ལག་དམར་བ་དང་ལྷན་ལག་སྦྲེལ་མ་བྱས་ཞེས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

དེ་རིང་ཡོ་རོབ་ཀྱི་ Zurich གྲོང་ཁྱེར་ནང་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ Jake Sullivan ལགས་དང་རྒྱ་ནག་དབུས་ཕྱི་འབྲེལ་ལས་ཁང་གི་འགན་འཛིན yang Jiechi གཉིས་དབར་མཇལ་མོལ་གནང་གི་ཡོད་པ་དང་བསྟུན། ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱིས་ཨ་རིའི་ངོས་ནས་མི་གསོད་ལག་དམར་བ་དང་ལྷན་དུ་ལག་སྦྲེལ་མ་བྱས་ཞེས་འབོད་ཚིག་འཁོད་པའི་ཕྲེད་དར་འཕྱར་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུགདེ་རིང་ཨ་རྒྱ་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་དབར་གྱི་མཇལ་མོལ་དང་བསྟུན། Zurich གྲོང་ཁྱེར་གྱི་ City Centre ལ་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱིས་ཨ་རིས་མི་གསོད་ལག་དམར་རྒྱ་གཞུང་དང་ལྷན་དུ་ལག་སྦྲེལ་མ་བྱས་ཞེས་པའི་འབོད་ཚིག་སྒྲོག་སྟེ་ཕྲེད་དར་འཕྱར་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད། ཨ་རིའི་ངོས་ནས་རྒྱ་གཞུང་དང་ལྷན་དུ་གྲོས་མོལ་གནང་སྐབས་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་ལས་ལྡོག་སྟེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་དེ་གཙོར་བཟུང་དགོས་པ་ཆབས་ཅིག ཇི་སྲིད་རྒྱ་ནག་གཞུང་གིས་བོད་མི་གཙོས་ཡུ་གུར་བ་དང་ཧོང་ཀོང་བ། དེ་བཞིན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་གཉའ་གནོན་ཅན་གྱི་སྲིད་བྱུས་སྤེལ་མཚམས་འཇོག་དགོས་པར་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་གནོན་ཤུགས་སྤྲད་དེ་མགོ་སྒུར་རྒྱུ་མེད་པར་འབོད་སྐུལ་གནང་འདུགདེ་རིང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་གཞུང་གི་རྒྱལ་སྲུང་སློབ་སྟོན་པ་ Jake Sullivan ལགས་ཀྱིས་རྒྱ་ནག་དབུས་ཕྱི་དྲིལ་ལས་ཁང་གི་འགན་འཛིན་ Yang Jiechi དང་ལྷན་དུ་མཇལ་འཕྲད་གནང་རྒྱུ་དང་། ཁོང་རྣམ་པ་གཉིས་ཀྱི་མཇལ་མོལ་དང་འབྲེལ་བའི་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་གིས་བརྒྱུད་ལམ་ཁག་ལ་བརྗོད་དོན་ལྟར་ན་ཕྱོགས་གཉིས་ཀྱི་གྲོས་མོལ་ཁྲོད་རྒྱལ་ཁབ་གཉིས་ཀྱི་གནད་དོན་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་སྲིད་འཛིན་ནས་དྲ་ཐོག་བརྒྱུད་མཇལ་མོལ་གནང་རྒྱུའི་ཐད་གོ་བསྡུར་གནང་རྒྱུ་ཡིན་པར་གསུངས་ཡོད་པ་རེད།སྐུ་ཞབས་ Sullivan དང་ཕྱི་སྲིད་དྲུང་ཆེ་ Antony Blinken གཉིས་ནས་ Yang དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang yi གཉིས་དང་ལྷན་དུ་དེ་སྔ་ཕྱི་ཟླ་གསུམ་པའི་ནང་ཐེངས་དང་པོར་མཇལ་མོལ་གནང་ཡོད་པ་དང་། དེ་རིང་ཕྱོགས་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་ཀྱི་མཇལ་མོལ་དེ་བཞིན་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་ཀྱང་དེ་རིང་མཇལ་མོལ་དེའི་ཁྲོད་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ Switzerland ལ་སྐོང་ཚོགས་གནང་རྒྱུའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་རྒྱུ་མིན་པ་བརྗོད་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་ Biden མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་ཁ་པར་བརྒྱུད་ཐེངས་གཉིས་ཙམ་བཀའ་མོལ་གནང་ཡོད་པ་དང་། སྐབས་དེར་སྲིད་འཛིན་བྷ་ཌན་མཆོག་གིས་སྲིད་འཛིན་རྣམ་གཉིས་དབར་གདོང་ཐུག་གི་སྒོ་ནས་བཀའ་མོལ་གནང་རྒྱུའི་བསམ་ཚུལ་བཏོན་ཡང་། ཞི་ཅིན་ཕིང་གིས་དང་ལེན་བྱ་རྒྱུ་ལས་ལྡོག་སྟེ་ཨ་རིའི་ངོས་ནས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་བྱ་རྒྱུ་མཚམས་འཇོག་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། སྲིད་འཛིན་བྷ་ཌན་མཆོག་གིས་བསམ་ཚུལ་ལ་རྒྱུས་མངའ་ཡོད་པའི་མི་སྣ་དག་གིས་བརྗོད་དོན་ལྟར་ན། ཏོག་དབྱིབས་གཉན་རིམས་མཆེད་འགོ་ཚུགས་པ་ནས་བཟུང་སྲིད་འཛིན་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་ཐོན་མྱོང་མེད་སྟབས། སྲིད་འཛིན་རྣམ་གཉིས་དབར་གདོང་ཐུག་གི་མཇལ་མོལ་དེ་བློས་བཏང་ཆེན་པོ་ཞིག་གནང་ན་མ་གཏོགས་དཀའ་སྐོར་ཡིན་པར་བརྗོད་ཡོད།

ཡོ་རོབ་ཁུལ་དུ་རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་ངོ་རྒོལ་ལས་འགུལ་སྤེལ་བ།

ཟླ་བ་འདིའི་ཚེས་ ༡ རེས་གཟའ་པ་སངས་ཉིན་མོ་དེ་ནི་རྒྱ་ནག་དམར་པོའི་གཞུང་དབུ་བཙུགས་ནས་མི་ལོ་ ༧༢ འགྲོ་བའི་རྒྱལ་སྟོན་ཉིན་ལ་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ལྟར་དེ་ཉིན་ཡོ་རོབ་རྒྱལ་ཁབ་དབྱིན་ཡུལ་དང་ཨོ་སི་ཀྲི་ཡ། ཕ་རན་སི། ཇར་མ་ནི། སུད་སི་སོགས་ཀྱི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་དང་ཡུར་གུར་བ། ནང་སོག དེ་བཞིན་ཧོང་ཀོང་། བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།ཉིན་འདིར་ཡོ་རོབ་རྒྱལ་ཁབ་ཨོ་སི་ཀྲི་ཡ་ལ་ཆ་མཚོན་ཨོ་སི་ཀྲི་ཡ་བོད་རིགས་ཚོགས་པས་གོ་སྒྲིག་གནང་སྟེ་བོད་མི་ཚོས་ཁུལ་དེའི་རྒྱལ་ས་Vienna ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལྷན་འཛོམས་ཀྱིས་བོད་མི་རྐང་འཁོར་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་ནང་བོད་མིའི་ཐོག་སྤེལ་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་ཞིག་སྤེལ་བ་མ་ཟད། དེ་རྗེས་བོད་མི་རྐང་འཁོར་བ་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་ཀྱིས་ཁུལ་དེའི་རྒྱལ་ས་ Vienna ནང་ཡོད་པའི་རྒྱལ་སྤྱིའི་ལས་ཁུངས་ཁག་དང་ཁྲོམ་གཞུང་། དེ་བཞིན་ཕྱི་སྲིད་ལས་ཁུངས་བར་རྐང་འཁོར་སྐོར་སྐྱོད་གནང་འདུག་ཅིང་། སྐབས་དེར་བོད་མི་ལས་འགུལ་ཚོས་བོད་ཀྱི་རྒྱལ་དར་འཕྱར་ཏེ་བོད་ལ་རང་དབང་དགོས། རྒྱ་ནག་གཞུང་གིས་བོད་ནང་བོད་མི་དམར་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་ཁག་འཕྲལ་མར་མཚམས་འཇོག་དགོས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་མིར་དྲང་བདེན་གནང་དགོས། རྒྱ་ནག་གིས་བཟོས་པའི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་ཞེས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་ཡོད། ཨོ་སི་ཀྲི་ཡ་བོད་རིགས་ཚོགས་པས་ཁུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པར་རྒྱ་ནག་གཞུང་གིས་བོད་ནང་བོད་མིར་དྲག་གནོན་དང་བོད་ཀྱི་རིག་གཞུང་དང་སྐད་ཡིག་བཅས་པར་རྩ་མེད་གཏོར་བཞིན་ཡོད་པ་སོགས་ཆེད་བཀོད་ཡོད་པའི་ཞུ་སྙན་ཕུལ་བ་དང་འབྲེལ་ཏེ་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ་དང་རྒྱ་གཞུང་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་སྤྲོད་དགོས་པའི་ཞུ་གཏུག་ཀྱང་གནང་ཡོད་པ་རེད།དེ་བཞིན་དབྱིན་ཡུལ་ནང་ཡོད་པའི་བོད་མི་དང་ཡུ་གུར་བ། ཧོང་ཀོང་མང་ཚོགས་ཀྱིས་གཙོས་པའི་ས་གནས་སུ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཅས་མཉམ་འབྲེལ་གྱིས་རྒྱལ་ས་ལོ་ཊོན་ནང་རྟེན་གཞི་བྱས་པའི་ Piccadilly ཐང་ཆེན་དུ་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་གནང་ནས་རྒྱ་ནག་གཞུང་གི་རྒྱལ་སྟོན་དུས་ཆེན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ལས་འགུལ་བ་རྣམས་ཀྱིས་ Piccadilly ནས་རྒྱ་ནག་གཞུང་ཚབ་ཁང་བར་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བ་མ་ཟད་རྒྱ་ནག་གཞུང་ཚབ་ཁང་དུ་ལས་འགུལ་བ་རྣམས་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གི་སྐར་མ་ལྔ་ཅན་གྱི་རྒྱལ་དར་མེར་བསྲེགས་དང་ཞི་བའི་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་ཡོད།ཕ་རན་སི་ནང་རྒྱལ་ས་པེ་རི་སིར་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་དེ་ཕ་རན་སི་བོད་རིགས་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཡུ་གུར་བ། ཧོང་ཀོང་། ནང་སོག དེ་བཞིན་ཐེ་ཝན་བཅས་རྒྱ་ནག་གཞུང་གིས་བཙན་གནོན་ཅན་གྱི་སྲིད་བྱུས་སྤེལ་བའི་འོག་དཀའ་སྡུག་མྱོང་བཞིན་པའི་མི་རིགས་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སུ་ཉིན་དེར་ཡོ་རོབ་རྒྱལ་ཁབ་ཇར་མ་ནིའི་ Berlin དང་སུད་སི་གྲོང་ཁྱེར་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་བཅས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཡུ་གུར་བ་དང་ཧོང་ཀོང་མང་ཚོགས་སོགས་ཀྱིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།གཞན་ཡང་ཁེ་ན་ཌ་ནང་གནས་སྡོད་བོད་པའི་ན་གཞོན་གསུམ་གྱིས་མོན་ཏི་རུལ་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་དབུ་འཛུགས་ཀྱིས་ཊོ་རོན་ཊོ་གྲོང་ཁྱེར་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བར་རྒྱལ་སྤྱི་དང་ཁེ་ན་ཌ་གཞུང་ལ་དགོས་འདུན་དོན་ཚན་བཞི་ཆེད་བཏོན་གནང་སྟེ་རྒྱང་སྐྱོད་བང་རྒྱུག་གི་ལས་འགུལ་ཞིག་ཀྱང་སྤེལ་ཡོད།

བོད་མིས་རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པའི་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་ཐེངས་ ༧༢ སྲུང་བརྩི་བྱེད་བཞིན་པ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་སྦྲགས། དེ་རིང་གི་ཉིན་མོ་འདི་ནི་སྲུང་བརྩི་ཞུ་རྒྱུ་ཞིག་མིན་པར་མྱ་ངན་གྱི་ཉིན་མོ་ཞིག་རེད་ཅེས་གསུངས་ཡོད།དེ་རིང་ཆུ་ཚོད་ ༡༢ ཙམ་ལ་བཞུགས་སྒར་གྱི་བྷག་སུ་ཁུལ་དུ་ཆགས་པའི་ Zip Line སྟེང་ཐོག་ Down with China, Free Tibet Now རྒྱ་ནག་ཉམས་རྒྱུད་དུ་སོང་ཤིག བོད་ལ་རང་དབང་རང་བཙན་དགོས་ཞེས་འཁོད་པའི་ཕྲེད་དར་འཕྱར་ཏེ་རྒྱ་ནག་གཞུང་གིས་ད་བར་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་འཕྲལ་མར་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་། སྐབས་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་པ་སངས་ལགས་ཀྱིས་དེ་རིང་གི་ཉིན་མོ་འདིར་རྒྱ་ནག་གཞུང་ནས་དགའ་སྟོན་གྱི་ངོ་བོར་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་དང་ཤིན་ཅང་། ཧོང་ཀོང་། ཐེ་ཝན་སོགས་ལ་ཆ་མཚོན་ན་མྱ་ངན་གྱི་ཉིན་མོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག རྒྱ་ གཞུང་ནས་བོད་མིའི་ཆབ་སྲིད་རང་དབང་འཕྲོག་པ་མ་ཚད་པར་འགྲོ་བ་མིའི་ཐབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་པ་སོགས་ཐེར་འདོན་གནང་སྟེ་དེ་རིང་གི་ཉིན་མོ་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མི་བྱེད་མཁན་རྒྱ་ནག་རྒྱལ་ཁབ་ནང་འཚོགས་གཏན་འཁེལ་བའི་ཨོ་ལམ་པིག་རྩེད་འགྲན་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་ཡོད།   དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་དྲུང་བཀྲིས་དོན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་ཡིག་ཆ་རེ་འདོན་སྤེལ་བྱས་ཏེ་བོད་ཞི་བའི་བཅིངས་འགྲོལ་བཏང་བ་ཡིན་ཟེར་བ་དང་བོད་ནང་འཛུགས་སྐྲུན་རྒྱ་བསྐྱེད་བཏང་ཡོད་ལུགས་སོགས་བརྗོད་བཞིན་པ་དེ་ནི་འཁྱོག་བཤད་འབའ་ཤིག་ཡིན་པར་གསུངས་པ་དང་འབྲེལ་ཏེ། རྒྱལ་སྤྱིའི་མང་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་ད་ཆ་བོད་ནང་གི་དགོན་སྡེ་གྲྭ་ཚང་དང་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པའི་བྱ་སྤྱོད་ཁག་ལ་གཟིགས་ནས་མ་བཞུགས་པར་ངལ་བ་དེ་སེལ་ཐབས་སུ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་། ཚོགས་ཁག་གཉིས་ཀྱིས་དེ་རིང་གི་ཉིན་མོ་དང་བསྟུན་སྤྱི་བསྒྲགས་ཤིག་སྤེལ་བར་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་མི་ས་ཡ་གཅིག་ལྷག་གི་གནས་སྟངས་གང་ཡིན་ཤེས་རྟོགས་མེད་པར་གྱུར་བ་དང་། རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་རྒྱུའི་སྲིད་བྱུས་འོག་བོད་མིའི་རིག་གཞུང་དང་ངོ་བོ་བཅས་པ་རྩ་མེད་དུ་གཏོང་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱལ་སྤྱིའི་སྲིད་གཞུང་ཁག་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་གི་བྱེད་བབ་ལ་བརྡ་ལན་ནན་པོ་གཏོང་དགོས་པ་སོགས་འཁོད་འདུག དེ་རིང་བཞུགས་སྒར་ཙམ་མིན་པར་དབྱིན་ཡུལ་གཙོས་རྒྱལ་སྤྱིའི་ས་གནས་གཞན་ཁག་ཏུའང་བོད་མི་དང་ཡུ་གུར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་སོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། གཞི་རྩའི་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་ཟེར་བ་དང་བསྟུན་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱིས་དེ་སྔ་ཕྱི་ཟླ་ ༥ པའི་ནང་བོད་ཐོག་སྤེལ་བའི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་དང་སྦྲགས་ཏེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་འདོད་ཀྱི་བསམ་བློ་ཞིག་ཡོད་ཚེ་བོད་དང་འབྲེལ་བའི་འཁྱོག་བཤད་དྲིལ་བསྒྲགས་རིགས་སྤེལ་མཚམས་འཇོག་དགོས་པར་གསུངས་ཡོད།

ས་ར་མཐོ་སློབ་ཏུ་དཔལ་ནཱ་ལནྡཱའི་མཛད་རྗེས་དང་འབྲེལ་བའི་ཚོགས་འདུ་ཚོགས་པ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ སྟེང་། ས་རཱབོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་ཚོགས་ཁང་དུ། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དང་རྒྱ་གར་གྱི་རིག་གཞུང་ལྷན་ཚོགས། དེ་བཞིན་བཞུགས་སྒར་གྱི་མཚན་ཉིད་གྲྭ་ཚང་གསུམ་གྱི་གོ་སྒྲིག་འོག  དཔལ་ནཱ་ལནྡཱའི་མཛད་རྗེས་དང་འབྲེལ་བའི་བསླབ་པ་སློབ་གཉེར་དང་ཉམས་ལེན་སོགས་ཀྱི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་བསྡུ་སྐོང་གནང་སོང་།དེའང་རྒྱ་གར་གཞུང་གི་ངོས་ནས་འདི་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་གར་གྱི་སྦི་ཧར་མངའ་སྡེའི་ནང་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་པའི་ལྷན་ཚོགས་ཤིག་འཚོགས་གཏན་འཁེལ་བ་དང་བསྟུན། བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་རྒྱ་གར་རྒྱལ་ནང་གི་ས་ཁུལ་ལྔ་དང་། གཞན་ཡང་ཕྱིའི་རྒྱལ་ཁབ་ཁག་ཅིག་གི་ནང་དུ་སྔོན་འགྲོའི་ཚོགས་འདུ་ཁག་ཅིག་འཚོགས་འཆར་ཡོད་པ་ལྟར། རྡ་སའི་ཁུལ་གྱི་དེ་རིང་གི་ཚོགས་འདུ་དེ་ནི་ལས་གཞི་དེའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་རེད། དེ་རིང་གི་ཚོགས་འདུའི་ཐོག་ཏུ།  སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་།རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་འབུམ་རམས་པ་ Dhammapiyaལགས། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། གཞན་ཡང་རྡ་ས་རིག་སློབ་དང་ས་རཱ་མཐོ་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བསམ་བརྟན་རྒྱ་མཚོ་ལགས་སོགས་ཀྱི་དབུ་བཞུགས་ཀྱི་ཐོག  ཕྱི་ནང་གི་འབྲེལ་ཡོད་དོན་གཉེར་བ་མི་གྲངས་བཞི་བཅུ་ལྷག་གིས་མཉམ་ཞུགས་གནང་སོང་།རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་གིས་སྐབས་དེར་དེ་རིང་གི་ཚོགས་འདུ་དེ་ངོ་སྤྲོད་དང་འབྲེལ་།འཇིག་རྟེན་གྱི་སྟེང་དུ་མི་ཙམ་མ་ཡིན་སྐྱེ་འགྲོ་རིགས་གྲངས་ལས་འདས་པ་ཞིག་ཡོད་པར་ལུང་འདྲེན་གྱིས། ནང་ཆོས་ཀྱི་སྙིང་པོ་དངོས་ནི་འགྲོ་བ་མིའི་རིགས་ཀྱིས་མི་ཙམ་མ་ཡིན་པར་སྐྱེ་འགྲོ་ཡོངས་ཀྱི་འཚོ་གནས་ལ་རྒྱབ་སྐྱོར་གྱིས་གཅིག་ལ་གཅིག་རྟེན་གྱི་འཇིག་རྟེན་འདི་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཚང་མ་ཞི་བདེ་ངང་མཉམ་གནས་བྱེད་རྒྱུ་དེ་ཡིན་པར་གསུངས་སོང་། དེ་བཞིན་སྐབས་དེར་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཀྱང་གཏམ་བཤད་གནང་བའི་ནང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅུ་ཕྲག་གི་རིང་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བྱེད་ཐབས་ལ་མཛད་པ་བསྐྱངས་ཡོད་པ་དང་སྦྲགས་ནས། དཔལ་ནཱ་ལནྡཱའི་བསླབ་པ་སློབ་གཉེར་གྱི་རིམ་པ་དེ་ཡང་མགོན་པོ་གང་ཉིད་མཆོག་གི་མཛད་འགན་དེའི་ཆ་ཤས་ཤིག་ཡིན་པར་གསུངས་ཏེ་ཚང་མས་གནད་དོན་དེར་ཤུགས་སྣོན་གྱིས་སློབ་སྦྱོང་བྱེད་དགོས་བའི་དུས་ལ་བབ་ཡོད་པའི་གསུངས་བཤད་གནང་ཡོད། འདི་གའི་གསར་འགོད་པའི་དེ་རིང་གི་ཚོགས་འདུ་དེའི་གལ་གནད་དང་འབྲེལ་ནས་དགེ་བཤེས་ལྷག་རྡོར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ལོ་ཤས་ཀྱི་གོང་ནས་རྒྱ་གར་གཞུང་གིས་ནང་ཆོས་སྤྱི་ཡོངས་ཀྱི་གཙོ་བྱས་པའི་དཔལ་ནཱ་ལནྡཱར་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་འབྲེལ་ནས། གཅིག་ནས་དཔལ་ནཱ་ལནྡཱའི་གཞུང་ལུགས་ཁག་རིག་པས་གཏན་ལ་ཕབ་པ་ཞིག་ཡིན་སྟབས་དེང་རབས་ཀྱི་སྤྱི་ཚོགས་ནང་དགོས་མཁོ་ཞིག་ཆགས་ཡོད་དང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་བོད་ནང་གི་དགོན་པ་གྲྭ་ཚང་ཁ་ལ་ཁྱེར་ནས་ནང་ཆོས་ཀྱི་བདག་དབང་དེ་རྒྱ་ནག་ལ་ཡོད་པར་བསྙད་འདོགས་བྱེད་བཞིན་པ་དེར་སྲིད་བྱུས་རང་བཞིན་གྱིས་ཁ་གཏད་ལྟ་བུ་ཞིག་གི་ཐོག་ནས་ནང་ཆོས་དང་འབྲེལ་བའི་ལས་གཞི་རྒྱ་བསྐྱེད་བྱེད་བཞིན་པ་ཞིག་ཀྱང་ཡིན་སྲིད་པར་གསུངས་སོང་། གཞན་ཡང་ཁོང་གིས་དེང་གི་དུས་སུ་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་དེར་་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གནང་མཁན་དངོས་དེ་བོད་པའི་དགོན་སྡེ་ཁག་ཆགས་ཡོད་པ་དང་འབྲེལ་ནས། སྔོན་ཆད་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཤིག་གིས་ཀྱང་དགེ་བཤེས་ལགས་སུ་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ཀྱི་བདག་པོ་ངོ་མ་དེ་བོད་མི་ཚོ་ཆགས་ཡོད་སྟབས་བོད་མི་རྣམས་ཀྱིས་དེ་ཉིད་ཁྱབ་སྤེལ་གཏོང་དགོས་བར་སྐུལ་མ་གནང་ཡོད་པ་དྲན་གསོ་གནང་བ་ལུང་འདྲེན་གྱིས། བོད་མི་རྣམས་ཀྱིས་གོ་སྐབས་ནམ་ཤར་ལ་ནང་ཆོས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་ཆེན་ཁག་གི་ནང་དུ་མཉམ་ཞུགས་གནང་དགོས་བ་གལ་ཆེན་པོ་ཡིན་པར་གསུངས་སོང་། དེ་བཞིན་ཐེངས་འདིའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་མཁན་གྱི་རྒྱ་གར་བ་ཞིག་གིས་རྒྱ་གར་གྱི་ནང་དུ་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ཀྱི་མཚོན་པའི་གནའ་བོའི་རྒྱ་གར་གྱི་རིག་གནས་དེ་བསྐྱར་གསོ་བྱ་རྒྱུ་གལ་ཆེན་པོ་ཡིན་ལུགས་དང་འབྲེལ་ནས། བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ཁག་རྒྱ་གར་གྱི་སྐད་ཡིག་ཐོག་བསྒྱུར་ཐབས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པར་གསུངས་སོང་། དེ་རིང་གི་ཉིན་གཅིག་རིང་གི་ཚོགས་འདུ་དེའི་ཐོག  ཕྱི་ནང་གི་འབྲེལ་ཡོད་ཀྱི་ཆེད་མཁས་པ་ཁག་ཅིག་གིས་ཉིན་རྒྱབ་ཏུ་བརྗོད་གཞི་སྣ་མང་ཞིག་གི་ཐོག་གཏམ་བཤད་སྤེལ་ཡོད་པའི་ཁོངས་སུ། དཔལ་ནཱ་ལནྡཱའི་ཆོས་བརྒྱུད་བོད་དུ་དར་ཁྱབ་བྱུང་བའི་སྐོར་དང་། ནང་པའི་ཀུན་སྤྱོད། དེ་བཞིན་དུས་རབས་ཉེར་གཅིག་ནང་གི་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་ཀྱི་དགོས་མཁོ་སོགས་ཀྱི་ཐད་ནས་གསུངས་བཤད་གནང་ཡོད་པ་རེད།གཞི་རྩའི་ཐེངས་འདིའི་དཔལ་ནཱ་ལནྡཱའི་མཛད་རྗེས་དང་འབྲེལ་བའི་ཚོགས་འདུ་དེ་ནི་རྒྱ་གར་དབུས་གཞུང་གི་མཐུན་འགྱུར་གྱི་འོག་ཏུ་རྒྱལ་སྤྱིའི་ས་ཁུལ་དགུ་ཙམ་གྱི་ནང་དུ་འཚོགས་འཆར་ཡོད་པའི་ཁྲོད།  ཚོགས་འདུ་དེ་ཀོ་རི་ཡ་དང་ཐེ་ལན་ཊི། དེ་བཞིན་འཇར་པན་དང་ཀཱམ་བྷོ་ཊི་ཡ། དེ་བཞིན་རྒྱ་གར་གྱི་ནང་སོགས་སུ་འཚོགས་འཆར་ཡོད་པའི་ཁོངས་སུ། རྒྱ་གར་གྱི་ནང་དུ་ཡང་བཞུགས་སྒར་རྡ་རམ་ས་ལ་དང་ལྡི་ལི་སོགས་ཀྱི་མཚོན་པའི་ས་གནས་ལྔ་ནས་ཚོགས་འདུ་དེ་འཚོགས་རྒྱུ་ཡིན་པ་དང་། ཚོགས་ཆེན་དངོས་དེ་འདི་ལོའི་ཟླ་བ་༡༡ ནང་བྷི་ཧར་མངའ་སྡེ་ནང་འཚོགས་རྒྱུ་རེད་འདུག

རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་གཉིས་ཀྱི་གནད་དོན་ཐད་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣར་ལན་འདེབས།

རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱི་གནད་དོན་ཐད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་བཞིར་ལན་འདེབས་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཆབ་སྲིད་བཙོན་པ་རྣམ་གཉིས་ཀྱི་གནད་དོན་ཐོག་ད་བར་བློ་འཚབ་གནང་བ་དེ་རྒྱུ་མཚན་ལྡན་པ་ཞིག་ཡིན་པར་ར་འཕྲོད་བྱུང་སྐོར་མངོན་གསལ་གནང་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༩ ལོར་འཛིན་བཟུང་གིས་སྔ་ལོའི་ཟླ་ ༡༡ ནང་ཁ་བྲལ་ལ་བརྒྱུད་སྐུལ་གྱི་ཉེས་འཛུགས་འོག་ལོ་བཞི་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་སྐབས་དེར་རྒྱ་གཞུང་གིས་ཁོང་ལ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ Wechat ཞེས་པའི་སྐད་འཕྲིན་གླེང་སྟེགས་ཐོག་སྤེལ་བའི་གནས་ཚུལ་ཞིག་བརྒྱུད་སྤེལ་གནང་བ་བརྒྱུད་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་བདག་དབང་། སྤྱི་ཚོགས་བརྟན་ལྷིང་སོགས་ལ་ཉེན་ཁ་བཟོས་ཡོད་ཚུལ་བརྗོད་ཡོད་པ་དེ་ལྟར་ཡང་ཉེ་ཆར་རྒྱ་གཞུང་དེ་འབྲེལ་གནད་དོན་ཐོག་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣར་ལེན་འདེབས་བྱས་པའི་ནང་དུ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་སྐད་འཕྲིན་ཐོག་སྤེལ་བའི་གནས་ཚུལ་དེ་རྒྱ་ནག་གི་ཁྲིམས་དང་འགལ་ཡོད་ཚུལ་ལ་བདེན་དཔང་ར་སྤྲོད་ཐུབ་མེད་པར་གསལ་བཏོན་གནང་བ་མ་ཟད། ད་ཆ་མང་ཚོགས་ཁྲོད་ཡོངས་གྲགས་གནང་བའི་འཕྲིན་སྟེགས་ཀྱི་གནས་ཚུལ་དེའི་ནང་ཁྲིམས་མཐུན་གྱི་སྨྲ་བརྗོད་དང་བསམ་བརྗོད་རང་དབང་བཅས་ཀྱི་གནད་དོན་ཡིན་པས་དེ་དག་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་ཡིན་པར་ནན་བརྗོད་གནང་འདུག རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣར་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྣམ་གཉིས་ཀྱི་གནད་དོན་ཐད་ལན་འདེབས་གནང་བར་རྒྱ་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ཁྲིམས་བཤེར་རྒྱུད་རིམ་ཀྱི་ཐོབ་ཐང་དང་འབྲེལ་བའི་དགོས་ངེས་ཀྱི་མཐུན་རྐྱེན་སྦྱོར་ཡོད་ཀྱང་བདེན་པར་ར་སྤྲོད་བྱ་རྒྱུར་ལམ་ལྷོངས་བྱུང་མེད་ཚུལ་བཀོད་འདུག འོན་ཀྱང་དེའི་རྒྱབ་འགལ་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་བར་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་ཁྲིམས་བཤེར་དེ་ཡོངས་གྲགས་ཤིག་མིན་པའི་ཁར་ཁོང་ལ་ཁྲིམས་ཀྱི་འགྲོ་ལུགས་གཞིར་བཞག་གི་ཁྲིམས་རྩོད་པ་གླ་མི་ཆོག་པ་མ་ཟད། ཁོང་འཛིན་བཟུང་བྱས་ནས་ད་ཆ་ལོ་གཉིས་ལྷག་འགྲོ་མུས་ཁྲོད་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ནས་ཁོང་དང་ཐུག་འཕྲད་རྩ་བ་ནས་གནང་ཐུབ་ཀྱི་མེད་པའི་གནས་ཚུལ་སོགས་ལུང་འདྲེན་གནང་སྟེ། དེ་ནི་རྒྱལ་སྤྱིའི་ཁྲིམ་ལྟར་བཀག་སྐྱིལ་བྱེད་པོའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་མཚོན་གྱི་ཡོད་པར་མངོན་གསལ་གནང་འདུག དེ་བཞིན་གཞིས་བཞུགས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནད་དོན་དང་འབྲེལ་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་གཞུང་གིས་རྩོམ་པ་པོ་ཁོང་ལའང་ཁ་བྲལ་ལ་བརྒྱུད་སྐུལ་བྱས་པའི་དོགས་གཞིའི་འོག་ཁྲིམས་འགལ་གྱི་དོ་དམ་བཀག་ཉར་འོག་བཞག་ཡོད་པ་དང་འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཁོང་གི་གནད་དོན་ཐད་ཁྲིམས་བཤེར་བྱས་ཀྱང་དེ་འབྲེལ་གྱི་དཔྱད་ཁྲ་གང་ཡང་བཏང་མེད་པ་མ་ཟད། རྒྱ་གཞུང་གིས་སྒོ་ཤེས་རབ་ལགས་ཀྱི་ནང་མི་ཉེ་འབྲེལ་ཚོར་ཁོང་དང་འབྲེལ་བའི་གནས་ཚུལ་ཁག་མཁོ་སྤྲོད་བྱས་ཡོད་ཚུལ་བཀོད་ཡོད་ཀྱང་དོན་དངོས་ཐོག་བཙོན་འཇུག་གི་དོན་རྐྱེན་གང་ཡིན་ཤེས་རྟོགས་མེད་པའི་ཁར་རྒྱ་གཞུང་གིས་ཁོང་གི་ནང་མི་རྣམས་ལ་དེ་འབྲེལ་གནས་ཚུལ་གསང་རྒྱ་དགོས་པ་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནད་དོན་དང་འབྲེལ་བའི་བདེན་དཔང་ར་སྤྲོད་ཀྱི་གནས་ཚུལ་མང་དག་ཅིག་གསང་ཉར་བྱེད་བཞིན་པ་མ་ཟད། ཐེངས་འདིའི་རྒྱ་གཞུང་གི་ལན་འདེབས་དེའང་ཁོང་གི་འགལ་ཟླར་སྤྱོད་བཞིན་པའི་བདེན་དཔང་ར་སྤྲོད་རྣམས་དང་མཐུན་གྱི་མེད་པ་དེ་ནི་ངེས་པར་དུ་དོ་སྣང་གནང་འོས་ཤིག་རེད་ཅེས་ནན་སྐུལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་རེས་རྒྱ་གཞུང་གིས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྣམ་གཉིས་ཀྱི་གནད་དོན་ཐད་ལེན་འདེབས་བྱས་པའི་དགོས་དམིགས་གཙོ་བོ་ནི་རྒྱ་གཞུང་གིས་ཁོང་གཉིས་ལ་རང་གི་སྨྲ་བརྗོད་དང་བསམ་བརྗོད་རང་དབང་བཅས་ཞི་བའི་ངང་ལོངས་སུ་སྤྱོད་པར་རང་སྣང་གང་དྲན་གྱིས་འཛིན་བཟུང་བྱས་པ་དེ་རེད་ཅེས་གསུངས་ཏེ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་གང་མགྱོགས་གློད་བཀྲོལ་དགོས་པ་དང་དེ་བཞིན་སྒོ་ཤེས་རབ་རྒྱ་མཚོ་ལགས་གར་ཡོད་གནས་སྟངས་གསལ་བཟོ་དགོས་པ་མ་ཟད། ཉེས་མེད་ཉེས་འཛུགས་རྣམས་བདེན་དཔང་ར་སྤྲོད་མ་ཐུབ་ཚེ་གང་མགྱོགས་གློད་བཀྲོལ་དགོས་སྐོར་ནན་བརྗོད་གནང་སྟེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ནང་གི་ཁྲིམས་དོན་ཞུ་གཏུག་འགན་འཛིན་སྐུ་ཞབས་ Kai Mueller ལགས་ཀྱིས་ཁོང་གཉིས་ཀྱི་གནད་དོན་དེས་རྒྱའི་བཙོན་འཇུག་འོག་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་མང་དག་ཅིག་གི་གནད་དོན་མཚོན་གྱི་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གཞུང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་རྒྱ་གཞུང་ལ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་རྣམ་གཉིས་གང་མགྱོགས་གློད་བཀྲོལ་བཏང་ནས་བོད་མིའི་སྨྲ་བརྗོད་རང་དབང་དང་བསམ་བརྗོད་རང་དབང་། ཆོས་ལུགས་དད་མོས་རང་དབང་སོགས་ངེས་སྲུང་དགོས་པའི་དགོས་འདུན་ཤུགས་ཆེ་གནང་ཡོད།

Latest news