Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་སྐྱེད་གལ་སྐོར་བཀའ་སྩལ་བ།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོན་ཏོན་གྱི་དཔལ་འབྱོར་རིག་པའི་སློབ་གཉེར་ཁང་གི་བདེ་སྐྱིད་ལག་ལེན་ཐོབ་ཐབས་ཀྱི་ལས་འགུལ་ཚོགས་པའི་ཚོགས་གཙོ་མཁས་དབང་  Prof. Lord Richard Layard ལགས་དང་ལྷན་དུ་བདེ་སྐྱིད་སྔར་ལས་ལྷག་པའི་འཛམ་གླིང་བསྐྲུན་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བཀའ་སློབ་གནང་སྟེ། རིགས་རུས་ལ་ལྟོས་མེད་ཀྱི་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་སྐྱེད་གལ་ཡིན་པའི་བཀའ་སློབ་ལམ་སྟོན་སྩལ་སོང་།དེ་ཡང་དེ་རིང་གི་བཀའ་སློབ་གྱི་ཐོག་མར་མགོན་པོ་གང་གིས། འགྲོ་བ་མིའི་རིགས་ནི་ཐོག་མར་སྐྱེས་བ་ནས་བཟུང་རང་གི་ཨ་མའི་གཙོ་བྱས་པའི་སྤྱི་ཚོགས་ཀྱི་བྱམས་བརྩེ་ལ་བརྟེན་ནས་འཚར་ལོང་བྱུང་གི་ཡོད་པ་ཞིག་ཡིན་པའི་བཀའ་འབྲེལ་དང་ལྷན་དུ། བྱམས་བརྩེ་ནི་འགྲོ་བ་མིའི་རིགས་ཀྱི་རྒྱུད་དུ་གདོད་མ་ནས་གནས་བ་ཞིག་ཡིན་ནའང་། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནས་དར་ཁྱབ་བྱུང་བའི་ཤེས་ཡོན་གྱི་ལམ་ལུགས་དེ་དངོས་གཙོ་རིང་ལུགས་ལ་རྨང་གཞི་བྱས་ཡོད་པ་ཞིག་ཡིན་སྟབས། ། ད་ལྟའི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་སེམས་ཀྱི་ཞི་བདེ་སྐྲུན་ཐབས་དང་། ལས་སེམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས། དེ་བཞིན་བདེ་སྐྱིད་ཀྱི་ཁྱིམ་ཚང་སྐྲུན་ཐབས་སོགས་ཀྱི་བསླབ་གཞི་གཏན་འབེབས་བྱེད་གལ་ཡིན་པའི་བཀའ་སྟོན་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་བཞིན་མགོན་པོ་གང་གིས་དུས་རྒྱུན་ནས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་སྐྲུན་ཐབས་ལ་ཐུགས་བརྩོན་གནང་གི་ཡོད་པར་བཀའ་སྩལ་ཏེ།  འཛམ་གླིང་གི་ཤར་ལྷོ་ནུབ་བྱང་གི་གང་དུ་གནས་བའི་འགྲོ་བ་མི་ཡོངས་རྫོགས་ཆོས་ལུགས་མ་འདྲ་བའི་རྗེས་འབྲངས་ཡིན་པ་དང་། དེ་བཞིན་རྒྱལ་ཁོངས་མི་གཅིག་པ་དང་བཞིན་རས་ཀྱི་ཁ་ཏོག་ཀྱང་མི་གཅིག་ནའང་། གཞི་རྩའི་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་སྟབས།  འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་གཙོ་བོར་འཛིན་དགོས་བ་ལས་ཆོས་ལུགས་དང་རྒྱལ་ཁོངས་སོགས་རིམ་པ་གཉིས་བ་ཡིན་སྟབས། འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་བཏང་བའི་ཐོག་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐབས་གནང་དགོས་བར་བཀའ་སྩལ་སོང་།གཞན་ཡང་མགོན་པོ་གང་གིས་བོད་ཀྱི་རིག་གཞུང་ནི་གཞན་ལ་འཚེ་བ་མི་བྱེད་པའི་སྲོལ་རྒྱུན་ལ་གཞི་བྱས་པ་ཞིག་ཡིན་པར་ལུང་འདྲེན་མཛད་པ་དང་འབྲེལ་ནས། གང་ཉིད་ཀྱིས་འདས་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ་འཛམ་གླིང་གང་སར་སེམས་ཀྱི་ཞི་བདེ་ཁྱབ་སྤེལ་བྱེད་རྒྱུར་ཕྱག་ལས་མཛད་ཡོད་པའི་ཁྲོད། ནུབ་ཕྱོགས་ཀྱི་ཚན་རིག་པ་མང་པོར་མཇལ་འཕྲད་གནང་པ་དང་། ད་ཆ་ཚན་རིག་པ་རྣམས་ཀྱིས་ཀྱང་སེམས་ཀྱི་ཞི་བདེའི་གལ་གནད་ཆེན་པོར་བརྩི་བཞིན་ཡོད་པར་བཀའ་སྩལ་ནས། ཁོང་ཁྲོ་དང་རྣམ་རྟོག་བྲལ་བའི་ཐོག་སེམས་ཀྱི་ཞི་བདེ་ཡོད་པ་ཡིན་ན་ལུས་སེམས་ཞི་ལྷོད་ངང་གནས་ཐུབ་པ་ཞིག་ཡིན་པར་བཀའ་སྩལ་སོང་།དེ་རིང་གི་བཀའ་སློབ་ལས་རིམ་གྲུབ་མཚམས་སུ་མགོན་པོ་གང་གིས་ལས་རིམ་ལ་ཞུགས་མཁན་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་གནང་བ་ཁག་ལ་བཀའ་ལན་སྩལ་བའི་ཁྲོད་དུ། གྲོགས་པོའི་མཛའ་འབྲེལ་ཇི་ལྟར་རྒྱུན་སྐྱོང་གནང་དགོས་བའི་བཀའ་ལན་དུ།  འགྲོ་བ་མིའི་རིགས་ཀྱིས་རང་ཉིད་གཞན་ལས་ཐ་དད་པར་འཛིན་པའི་བློ་སྤངས་ཏེ་རང་ཉིད་ཀྱི་སྤྱི་ཚོགས་དང་སྲིད་གཞུང་སོགས་ལ་གཙིགས་འཛིན་བྱེད་རྒྱུ་མེད་པར། ཕ་རོལ་བ་དེ་ཡང་འགྲོ་བ་མི་གཅིག་གྱུར་གྱི་གཅེན་གཅུང་ཞིག་ཏུ་ངོས་འཛིན་གནང་བ་ཡིན་ན། ཕན་ཚུན་གྱི་འབྲེལ་ལམ་ཇེ་ལེགས་སུ་གཏོང་ཐུབ་པ་ཞིག་པའི་བཀའ་ལན་སྩལ་སོང་།གཞན་ཡང་འཛུལ་ཞུགས་པ་ཞིག་གིས་རང་ཉིད་ཀྱི་ཨ་ཕ་འདི་ལོར་འདས་གྲོངས་སུ་ཕྱིན་ཡོད་སྟབས་སེམས་ཀྱི་སྡུག་བསྔལ་ལས་གྲོལ་ཐབས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་མགོན་པོ་གང་གིས། འཇིག་རྟེན་གྱི་བྱ་བཞག་ཡོད་ཚད་ཀྱི་ཁྲོད་དུ་འདས་ཟིན་པ་ཞིག་ལ་སེམས་ཁྲལ་བྱས་ནས་ཕན་ཐོགས་ལྡན་པ་ཞིག་ཡིན་ན་སེམས་ཁྲལ་བྱ་འོས་བ་ཞིག་ཡིན་ནའང་། སེམས་ཁྲལ་བྱས་ཀྱང་འདས་ཟིན་པའི་གནད་དོན་དེར་བསྐྱར་ལོག་བྱེད་ཐབས་བྲལ་བ་ཞིག་ཡིན་ན་སེམས་ཁྲལ་བྱས་ནས་ཕན་ཐོགས་གང་ཡང་མེད་སྟབས། དེ་ལས་འདས་བོ་གང་གིས་རང་ཉིད་ལ་བཅིངས་བའི་རེ་བ་དེ་དག་ལེགས་འགྲུབ་ཡོང་ཐུབ་ལ་བརྩོན་པ་གནང་རྒྱུ་དང་། དེ་བཞིན་རང་ཉིད་ཀྱི་མཐའ་འཁོར་ན་ཡོད་པའི་མི་དག་ལ་བརྩེ་བ་སྦྱིན་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་སྩལ་ཏེ་དེ་རིང་གི་བཀའ་སློབ་ལམ་སྟོན་གྱི་མཛད་རིམ་དེ་མཇུག་སྒྲིལ་མཛད་སོང་།

བོད་མི་ཚོ་ཁ་བྲལ་རིང་ལུགས་ཀྱི་དྲག་ཤུགས་ལས་རྒྱང་རིང་སྡོད་དགོས་ཞེས་བཤད་འདུག

རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་གྱི་དཀར་མཛེས་ཁུལ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་བཞིན་བསང་ཆུ་རྫོང་བཅས་སུ་འཚམས་གཟིགས་གནང་སྟེ་ས་གནས་བོད་མིར་ཁ་བྲལ་རིང་ལུགས་ཀྱི་དྲག་ཤུགས་ལས་ཐག་རིང་བསྡད་ནས་བོད་བརྒྱུད་ནང་བསྟན་འདི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཤིག་བཟོ་ཐབས་སུ་འབད་དགོས་ཞེས་བརྗོད་འདུགརྒྱལ་མཚན་ནོར་བུ་ཟི་ཁྲོན་གྱི་དཀར་མཛེས་ཁུལ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་བཞིན་བསམ་ཆུ་རྫོང་གི་བླ་བྲང་བཀྲིས་འཁྱིལ་དགོན་པ་བཅས་སུ་བསྐྱོད་པའི་གནས་ཚུལ་དེ་ནི་ཉེ་ཆར་སྲིད་འཛིན་ཞི་ཅིན་ཕིང་བོད་ཞི་བས་བཅིངས་གྲོལ་ཟེར་བ་དེ་བཏང་ནས་ལོ་ ༧༠ འཁོར་བའི་དུས་ཚིགས་སྲུང་བརྩི་དང་འབྲེལ་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཁུལ་དུ་སྐྱོད་པའི་རྗེས་སུ་ཐོན་པ་ཞིག་ཆགས་ཀྱི་འདུག་པ་དང་། ཁོང་གིས་ཟླ་ ༧ ཚེས་ ༡༣ ནས་ཕྱི་ཚེས་ ༢༢ བར་ཉིན་གྲངས་བཅིུག་རིང་སྐོར་སྐྱོད་གནང་སྟེ་བོད་པའི་དགེ་འདུན་པ་རྣམ་པར་གཙོ་བོ་ང་ཚོས་བློ་རྩ་བརྟན་པོའི་ཐོག་ཁ་བྲལ་རིང་ལུགས་པའི་དྲག་ཤུགས་ནས་འབྲེལ་ཐག་རིང་པོ་བཞག་དགོས་པ་དང་ལྷག་དོན་ནང་ཆོས་འདི་ནུབ་ཕྱོགས་པའི་རྒྱ་ནག་ལ་ངོ་རྒོལ་དཔུང་ཤུགས་བྱ་རྒྱུའི་ལག་ཆ་ལྟ་བུར་གྱུར་ནས་ཆབ་སྲིད་ཀྱི་ལྐོག་བྱུས་ནང་ཚུད་རྒྱུ་མེད་པར་ནན་བརྗོད་བྱས་པ་མ་ཟད་བོད་བརྒྱུད་ནང་བསྟན་འདི་བཞིན་རྒྱ་ནག་གི་རིག་གཞུང་དང་སྐད་ཡིག་གི་འོག་ལ་གཅིག་ཏུ་སྒྲིལ་ཏེ་ཀྲུང་གོ་ཅན་དུ་བཟོ་དགོས་པའི་སྐུལ་འདེད་བཏང་འདུགརྒྱ་ནག་གི་སྤྱི་ཚོགས་ཚན་རིག་ལྟེ་གནས་ཁང་གི་ཉམས་ཞིབ་པས་རྒྱའི་པཎ་ཆེན་གྱི་ངོས་ནས་ནང་པའི་ཆོས་བརྒྱུད་པ་དག་གི་བློ་འགུགས་ཐབས་བྱེད་དགོས་པ་དང་ཐེངས་འདིའི་སྐོར་སྐྱོད་ནི་རྒྱ་ནག་དབུས་གཞུང་གིས་ཆོས་ལུགས་དོ་དམ་དང་འབྲེལ་བའི་སྲིད་བྱུས་བརྒྱུད་སྤེལ་ཆེད་དུ་གནད་ཆེན་པོ་ཆགས་ཀྱི་ཡོད་པར་གསུངས་འདུགཔཎ་ཆེན་རྒྱལ་མཚན་ནོར་བུ་ད་རེས་བོད་ཀྱི་ས་ཁུལ་ཁག་ཏུ་གཅིག་རྗེས་གཉིས་མཐུད་ཀྱིས་སྐོར་སྐྱོད་གནང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་འདུག་པ་དང་དེ་འབྲེལ་ཉམས་ཞིབ་པ་ཁག་ཅིག་གིས་ཁོང་གི་འཚམས་གཟིགས་དེ་ནི་རང་ཉིད་ཀྱི་མཚན་མཐོང་ མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་བྱུས་གོང་སྤེལ་གཏོང་ཆེད་ཡིན་པར་ཚོད་དཔག་གནང་བཞིན་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་གྱིས་རྒྱ་ནག་གི་དཔོན་རིགས་དང་ལྷན་བོད་དོན་གླེང་བ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་རྒྱ་ནག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བ་དང་སྦྲགས་ཏེ་རྒྱ་ནག་ནག་གི་དཔོན་རིགས་ཚོ་དང་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་གནད་དོན་ཙམ་མིན་པར་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཁག་གི་ཐོག་གླེང་སློང་གནང་འདུགཕྱི་སྲིད་དྲུང་ཆེ་སྐུ་གཞོན་ Wendy Sherman མཆོག་ཁ་ཉིན་དང་ཁ་སང་བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་ཡོད་པ་དང་ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་ཡོངས་ཁྱབ་གནང་བར་གཞིགས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ Wendy Sherman མཆོག་གིས་རྒྱ་ནག་གི་གྲོང་ཁྱེར་ཐེན་ཅིན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་དང་ཕྱི་སྲིད་བློན་ཆེན་གཞོན་པ་ Xie Feng གཙོས་པའི་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་ཀྱིས་ཨ་རི་དང་རྒྱ་ནག་དབར་གྱི་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་གནད་དོན་ཐོག་གྲོས་བསྡུར་གནང་ཡོད་པ་རེད། སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་གིས་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁྲོད་རྣོ་ངར་ལྡན་པའི་འགྲན་བསྡུར་གྱི་རྣམ་པ་མུ་མཐུད་ཡོང་རྒྱུར་དགའ་བསུ་ཡོད་ཀྱང་འགྲན་བསྡུར་གྱི་རྣམ་པ་དེ་དག་ཕྱོགས་གཉིས་ཀྱི་དབར་ལ་འགལ་ཟླ་བཟོ་རྒྱུའི་འདུན་པ་རྩ་བ་ནས་མེད་སྐོར་སོགས་གསུངས་འདུགཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་གིས་རྒྱ་ནག་གཞུང་ནས་ཨ་རིའི་རིན་ཐང་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ལ་རྒོལ་ལན་བྱེད་ཀྱི་ཡོད་པའི་བྱ་སྤྱོད་དང་། ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་མ་ཞུས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་མང་གཙོའི་ལས་འགུལ་བར་དྲག་གནོན་དང་ཤིན་ཅང་ནང་ཡུ་གུར་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ། དེ་བཞིན་བོད་ནང་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་བཞིན་པ་སོགས་ཀྱི་ཐོག་སེམས་འཚབ་ཆེན་པོ་ཡོད་པ་གསུངས་འདུག སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ Xie Feng ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏང་རྒྱུར་འདོད་པ་ཡོད་ཀྱང་། ཨ་རིའི་ངོས་ནས་རྒྱ་ནག་འདི་དགྲ་བོ་ལྟ་བུར་ངོས་འཛིན་བྱེད་བཞིན་པའི་སྣང་བརྙན་དེ་མེད་པ་བཟོ་དགོས་པ་མ་ཟད་ད་བར་ཨ་རིས་རྒྱ་ནག་ཐོག་འཛིན་བཞིན་པའི་ཉེན་ཁ་ཅན་གྱི་སྲིད་བྱུས་ཁག་ཀྱང་ཕྱིར་འཐེན་དགོས་པ་སོགས་བཤད་འདུག  ལྷག་པར་དུ་ད་རེས་ཐེངས་དང་པོ་རྒྱ་ནག་གི་ངོས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་སུ་ཨ་རིའི་ངོས་ནས་གནང་དགོས་པའི་དགོས་འདུན་དོན་ཚན་ཁག་ཅིག་ཆེད་བཏོན་བྱས་ཡོད་པ་དང་། དོན་ཚན་དེ་དག་ཁོངས་སུ་ཨ་རིའི་ངོས་ནས་ད་བར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་དེ་དག་གི་ནང་མི། དེ་བཞིན་རྒྱ་ནག་གི་སློབ་ཕྲུག་སོགས་ལ་མཐོང་མཆན་བཀག་སྡོམ་གྱི་ཉེས་ཆད་འགེལ་བ་དེ་ཕྱིར་འཐེན་བྱེད་དགོས་པ། ད་བར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ལ་ཆབ་སྲིད་ཀྱི་ཉེས་ཆད་བཏང་བ་དེ་ཕྱིན་འཐེན་དགོས་པ། ཨ་རི་གཞུང་ནས་རྒྱ་ནག་གི་ཚོང་ལས་སྡེ་ཚན་དང་གསར་འགྱུར་བརྒྱུད་ལམ། ཁུང་ཙི་སློབ་གླིང་སོགས་ལ་དམ་དྲག་རིགས་གནང་བཞིན་ཡོད་པ་ཁག་ཕྱིར་འཐེན་དགོས་པ་མ་ཟད། ད་ཆ་ཁེ་ན་ཌ་ནང་བཀག་སྐྱིལ་བྱེད་བཞིན་ཡོད་པའི་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་ཆེ་ཤོས་ Huawei བཟོ་ཚོང་ཁང་གི་འགན་འཛིན་གཙོ་གྲས་ Meng Wanzhou རྒྱ་ནག་ལ་ཕྱིར་ལོག་ཐུབ་པ་བྱེད་དགོས་སྐོར་སོགས་འཁོད་འདུགགནད་དོན་དེ་དག་དང་འབྲེལ་ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ Jen Psaki ལགས་ནས་གསར་འགོད་པ་ཁག་གི་དྲི་བར་བཀའ་ལན་གནང་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་རྒྱ་ནག་ཏུ་ཕེབས་ཏེ་ཨ་རི་གཞུང་གི་ལངས་ཕྱོགས་དང་ང་ཚོར་སེམས་འཚབ་ཡོད་པའི་གནད་དོན་ཁག་གསལ་འདོན་བྱ་རྒྱུ་ནི་ང་ཚོས་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཤིན་ཅང་། དེ་བཞིན་བོད་བཅས་ཀྱི་ནང་ལ་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཁག་ཐེར་འདོན་བྱེད་རྒྱུ་ནི་ང་ཚོའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལྟ་གྲུབ་རེད་ཅེས་གསུངས་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་གོང་མ་སྐུ་ཞབས་ Donald Trump མཆོག་གི་སྐབས་སུ་རྒྱ་ནག་དང་ཨ་རི་དབར་ལ་ཚོང་དང་ཆབ་སྲིད་ཀྱི་གནད་དོན་མང་དག་ཅིག་གི་ཐོག་གདོང་ཐུག་ཆེན་པོ་བྱུང་བ་མ་ཟད་ཨ་རིའི་ངོས་ནས་རྒྱ་ནག་གི་ཚོང་ལས་སྡེ་ཚན་ ༢༨ ཙམ་ཐོ་གཞུང་ནག་པོ་ནང་བཅུག་པ་དང་། རྒྱ་ནག་གི་འགོ་ཁྲིད་མི་ཉུང་བ་ཞིག་ལ་ཆབ་སྲིད་ཀྱི་ཉེས་ཆད་བཏང་ཡོད་པ་རེད། དེ་རྗེས་སྐུ་ཞབས་ Joe Biden མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུའང་རྒྱ་ནག་ཐོག་སྲིད་བྱུས་དམ་པོ་བཟུང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་དང་འབྲེལ་རྒྱ་ནག་གི་ཚོང་ལས་སྡེ་ཚན་གཞན་ ༢༤ ཐོ་གཞུང་ནག་པོའི་ནང་བཅུག་སྟེ་ཉེས་ཆད་འགེལ་རྒྱུ་ཡིན་པར་གསུངས་ཡོད།སྤྱིར་ལྕམ་ Wendy Sherman མཆོག་གི་ཐེངས་འདིའི་རྒྱལ་དོན་འཚམས་གཟིགས་ནི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་རྒྱ་ནག་ནང་ཨ་རིའི་གནད་ཡོད་དཔོན་རིགས་མཐོ་གྲས་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་སྐུ་ཞབས་ཇོ་བྷ་ཌན་མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་རྗེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་དངོས་སུ་གདོང་ཐུག་གི་མཇལ་འཕྲད་ཐོག་མ་དེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ Alaska ནང་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Tony Blinken མཆོག་དང་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་ Jake Sullivan ལགས་རྣམ་གཉིས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་རྒྱ་ནག་དབུས་ཕྱི་འབྲེལ་ལས་ཁང་གི་འགན་འཛིན་ Yang Jiechi བཅས་ཀྱི་དབར་གནང་ཡོད་པ་རེད།སྐབས་དེར་ཨ་རིའི་ངོས་ནས་རྒྱ་གཞུང་གིས་སྲིད་བྱུས་འདྲ་མིན་ལག་བསྟར་བརྒྱུད་མང་ཚོགས་ཐོག་ཆེས་དྲག་གནོན་བྱེད་བཞིན་པར་ཨ་རིའི་ངོས་ནས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་ཁ་གཏད་གཅོག་རྒྱུ་དང་། རྒྱ་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་འགན་འཁུར་དགོས་པ་སོགས་ཚོར་ཤུགས་ཆེན་པོས་གསུངས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་འགོ་ཁྲིད་གཉིས་ནས་ཨ་རིའི་དགོས་འདུན་དེ་དག་ལ་ངོས་ལེན་མེད་སྐོར་སོགས་བཤད་པའི་གནས་སྟངས་བྱུང་ཡོད།ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Tony Blinken མཆོག་དེ་རིང་རྒྱ་གར་ནང་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། འཚམས་གཟིགས་འདིའི་ཁྲོད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་ལ་བདེ་སྲུང་དང་དྲྭ་རྒྱའི་བདེ་འཇགས། དེ་བཞིན་འཇིགས་སྐུལ་འགོག་ཐབས་དང་མཐོང་མཆན་དང་འབྲེལ་བའི་གནད་དོན་སོགས་ཀྱི་ཐོག་གྲོས་བསྡུར་གནང་རྒྱུ་རེད་འདུག

རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་ཀྱིས་ལས་གནས་ཤོར་བཞིན་པར་ཞུ་གཏུགས།

རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་ཡོད་པའི་མཚོ་གྲུ་ཁག་ཡུལ་དེའི་གྲུ་ཁར་འབབ་ཏུ་འཇུག་གི་མེད་པ་ལྟར། རྒྱ་གར་གྱི་གྲུ་བའི་མཉམ་ལས་མཐུན་ཚོགས་ངོས་ནས་འབྲེལ་ཡོད་བློན་ཆེན་ལས་ཁུངས་ལ་དེར་འབྲེལ་གྱི་ཞུ་གཏུགས་ཀྱི་སྙན་ཞུ་ཞིག་ཕུལ་ཏེ་རྒྱ་གར་གྱི་གྲུ་བ་རྣམས་ཀྱི་ལས་ཀར་སྲུང་སྐྱོབ་དགོས་བར་སྐུལ་མ་ཞུས་འདུགདེ་ཡང་དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་གྲུ་བའི་མཉམ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Abhijeet Sangle ལགས་ཀྱིས་རྒྱ་གར་གྱི་མཚོ་གྲུ་འབབ་ཚུགས་དང་མཚོ་འགྲུལ་གྱི་བློན་ཆེན་ Sarbananda Sonowal གྱི་མཚན་ཐོག་ཏུ་ཞུ་ཡིག་ཅིག་ཕུལ་ཏེ། རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་ཡོད་པའི་མཚོ་གྲུ་རྣམས་རྒྱ་ནག་གི་མཚོ་འགག་ཏུ་འགྲོ་རུ་འཇུག་གི་མེད་པའི་གནས་ཚུལ་ལུང་འདྲེན་དང་འབྲེལ། གནད་དོན་དེས་རྐྱེན་ད་སྐབས་མཚོ་གྲུ་ཁག་ཅིག་གིས་རྒྱ་གར་གྱི་གྲུ་བ་རྣམས་ལ་ལས་ཀ་སྤྲོད་ཀྱི་མེད་པ་དེ་ནི་རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་བྱེད་རྒྱུའི་འཐབ་བྱུས་ཤིག་ཡིན་པར་བསྒྲགས་འདུགསྐུ་ཞབས་ Abhijeet Sangle ལགས་ཀྱིས་རྒྱ་གར་གྱིས་ཕྱི་སྲིད་བློན་ཆེན་ Jaishankar མཆོག་ལ་ཡང་དམིགས་བསལ་གྱིས་ཞུ་ཡིག་ཅིག་ཕུལ་ནས། བློན་ཆེན་མཆོག་གིས་རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས་རྟོག་ཞིབ་གནང་སྟེ་འཕྲལ་དུ་ཐག་གཅོད་ནན་མོ་ལེན་དགོས་བར་སྐུལ་མ་གནང་འདུགདེ་བཞིན་ཞུ་ཡིག་དེའི་ནང་དུ་རྒྱ་ནག་གི་གཞུང་འབྲེལ་མ་ཡིན་པའི་རྒྱ་གར་གྱི་གྲུ་བ་བཀག་སྡོམ་གྱི་བཀའ་རྒྱ་དེའི་ཁྲོད་དུ། རྒྱ་གར་གྱི་གྲུ་བ་ ༢༠༠༠༠ ལྷག་གིས་སྔར་གྱི་ལས་གནས་ཤོར་བཞིན་པ་མ་ཟད། གྲུ་བ་རྣམས་ཀྱིས་རང་ཉིད་ཀྱི་ལས་གནས་ཤོར་བཞིན་པར་སེམས་འཚབ་ཆེན་པོ་བྱེད་བཞིན་པར་མངོན་གསལ་གྱིས། རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་ཀྱིས་གནད་དོན་དེར་ཞིབ་ཚགས་ཀྱིས་གཟིགས་ཞིབ་གནང་ནས། རྒྱ་གར་གྱི་གྲུ་བ་རྣམས་ཀྱི་ལས་གནས་སྲུང་སྐྱོབ་བྱེད་རྒྱུའི་འབོད་སྐུལ་གནང་འདུག རྒྱ་གར་གྱི་ Times of India གསར་ཁང་གིས་འབྲེལ་ཡོད་ཀྱི་གྲུ་བ་རྣམས་ལ་གནད་དོན་དེར་བཅར་འདྲི་ཞུས་པའི་ནང་དུ། རྒྱ་ནག་གིས་གཞུང་འབྲེལ་མིན་པའི་ཐོག་ནས་རྒྱ་གར་གྱི་གྲུ་བ་རྣམས་མཚོ་འགག་གང་ས་ནས་ཟུར་ཕུད་བྱེད་བཞིན་པ་དང་། གནད་དོན་དེ་ནི་རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ལས་རྒྱ་ནག་གི་གྲུ་བ་རྣམས་ཀྱི་ལས་གནས་ལ་ཁེ་བཟང་སྤྲོད་བཞིན་པའི་གནད་དོན་ཞིག་ཡིན་པར་བསྒྲགས་འདུགགསར་ཁང་གིས་རྒྱ་གར་གྱི་མཚོ་འགྲུལ་གྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Amitabh Kumar ལགས་སུ་དེར་འབྲེལ་གྱི་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་བར་དུ་རྒྱ་ནག་གཞུང་འབྲེལ་གྱིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་དང་འབྲེལ་བའི་ཐག་བཅད་བྱས་ཡོད་པའི་བཀའ་མོལ་གང་ཡང་བྱུང་མེད་པ་དང་། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ནས་ཀྱང་དེར་འབྲེལ་གྱི་གནད་དོན་གང་ཡང་གླེང་སློང་མ་བྱུང་བར་ལུང་འདྲེན་གྱིས། གཅིག་བྱས་ན་གནད་དོན་དེ་ནི་རྒྱ་གར་གྱི་གྲུ་བ་སྒེར་བ་རེ་ཟུང་གི་དགོངས་ཚུལ་ཡིན་སྲིད་པས་ཁོང་གི་ངོས་ནས་མི་སྒེར་རེ་རེའི་དགོངས་ཚུལ་ལ་བདག་པོ་རྒྱག་ཐབས་མེད་པར་གསུངས་འདུག གཞི་རྩའི་རྒྱ་ནག་གིས་རྒྱ་གར་གྱི་གྲུ་བ་རྣམས་ཟུར་ཕུད་བྱེད་བཞིན་པའི་གནད་དོན་དེ་ནི་འདི་ལོའི་ལོ་འགོ་ནས་འཕྲད་ཡོད་པ་དང་། གནད་དོན་དེ་དང་འབྲེལ་ནས་རྒྱ་གར་གྱི་གྲུ་བ་ ༤༠ ལྷག་གིས་རྒྱ་ནག་གི་བྱེད་བབ་དེར་གདོང་ཐུག་བྱེད་དགོས་བྱུང་ཡོད་འདུག

ཀེ་པི་ཊལ་གྱོན་ཆས་བཟོ་ཚོང་ཁང་གིས་བོད་ལ་རང་དབང་དགོས་ཞེས་པའི་གྱོན་ཆས་གསར་བཏོན་ལ་རྒྱ་རིགས་ཚོས་སྐྱོན་བརྗོད།

ཉི་ཧོང་གི་ Kapital ཞེས་པའི་གྱོན་ཆས་བཟོ་ཚོང་ཁང་གིས་ཉེ་ལམ་ Free Tibet འམ་བོད་ལ་རང་དབང་དགོས་ཞེས་པའི་གྱོན་ཆས་ཀྱི་ཚན་པ་གསར་པ་བཏོན་གནང་བ་དང་སྦྲགས་ཏེ་རྒྱ་རིགས་མང་ཚོགས་ཁག་ཅིག་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུགཉིན་ཤས་གོང་ལ་བརྒྱུད་ལམ་ཁག་ཏུ་ Kapital བཟོ་ཚོང་ཁང་གིས་ཉེ་ལམ་ཟླ་ ༦ ཚེས་ ༢༣ ཉིན་ freewheelin’ KAPITAL ism ཞེས་གྱོན་ཆས་ཀྱི་ཚན་པ་གསར་པ་ཆེད་བཏོན་གནང་བ་དང་དེའི་ནང་སྟོད་ཐུང་སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་དེ་བཞིན་སྟོད་ཐུང་དང་རྐང་སུག་སོགས་ཀྱི་སྟེང་ Free Tibet འམ་བོད་ལ་རང་དབང་དགོས་ཞེས་པའི་ཡིག་འབྲུ་ཆེད་བཀོད་གནང་ཡོད་སྟབས་དྲྭ་རྒྱའི་ཐོག་རྒྱ་རིགས་ཚོས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་ཉི་ཧོང་ལ་ཁ་རྡུང་བཏང་ནས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བཏོན་འདུགབཟོ་ཚོང་ཁང་གི་གྱོན་ཆས་ཚན་པ་དེ་ཆབ་སྲིད་ཀྱི་ལངས་ཕྱོགས་མིན་པར་དེ་སྔ་ཚོགས་པའི་ Tibetan Freedom Concerts བོད་ཀྱི་རང་དབང་མཚན་ཚོགས་དང་བསྟུན་ནས་ཆེད་དུ་བཟོས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུགགཞི་རྩའི་བཟོ་ཚོང་ཁང་དེས་དུས་རྒྱུན་དྲྭ་རྒྱའི་ཐོག་སྐྱོན་འཛུགས་འདྲ་མིན་བྱེད་སྐབས་དེར་སྣང་མེད་ལྟ་བུར་བཞག་གི་ཡོད་ཀྱང་། ད་ལན་སྐྱོན་འཛུགས་དང་ངོ་རྒོལ་བྱེད་སྐབས་བཟོ་ཚོང་ཁང་གིས་རང་ཉིད་ཀྱི་དྲྭ་གནས་ཐོག་འདྲ་པར་རྣམས་རང་སོར་བཞག་ཡོད་ཀྱང་། Instagram ཐོག་འདྲ་པར་དེ་དག་བསུབས་ཡོད་པ་མ་ཟད་དྲྭ་ངོས་སུ་ཡོད་པའི་འདྲ་པར་རྣམས་ཕྱིར་འཐེན་གནང་འདུགད་ཆ་རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁར་ད་རེས་ཀྱི་གནད་དོན་དེས་དཀའ་རྙོག་བཟོ་རྒྱུ་ཡིན་པར་བརྗོད་མཁན་འདུག སྤྱིར་རྒྱ་ནག་གིས་དུས་ཀུན་ཏུ་རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་རྒྱལ་སྤྱིའི་བཟོ་ཚོང་ཁང་ནས་བོད་གཙོས་ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་མིང་འབོད་དང་དེ་འབྲེལ་གྱི་གནད་དོན་ལ་རྒྱབ་སྐྱོར་གནང་ཚེ་བཟོ་ཚོང་ཁང་དེ་དག་གི་ངོས་ནས་རྒྱ་ནག་ནང་མ་འཛུགས་གནང་མི་ཆོག་པར་བཀག་སྡོམ་གྱི་སྡིགས་ར་སོགས་སྐུལ་གྱི་ཡོད་པ་རེད།

ཞི་ཅིན་ཕིང་གིས་ལྷ་སའི་ལྟ་སྐོར་ཁྲོད་ས་གནས་ཀྱི་དཔུང་དམག་དང་ཐུག་འཕྲད།

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༢༡ དང་ ༢༢ བཅས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་ཀོང་པོ་ཉིང་ཁྲི་དང་རྒྱལ་ས་ལྷ་ས་སོགས་སུ་གསང་དབང་དམ་པོའི་ཐོག་ནས་ལྟ་སྐོར་དུ་བསྐྱོད་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་ཡར་ཀླུངས་གཙང་པོར་ལྟ་སྐོར་དང་། ཀོང་པོའི་གྲོང་ཁྱེར་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ལས་གཞི། དེ་བཞིན་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལ་ལྟ་སྐོར་བྱས་པ་སོགས་ཀྱི་གནས་ཚུལ་ཙམ་ལས་ཐོན་མེད་ཀྱང་། ད་ཆ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་གཙོས་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་སྐོར་དེའི་ཁྲོད་རྒྱལ་ས་ལྷ་ས་གཙོས་ས་གནས་དེ་དག་གི་དཔུང་དམག་དང་ཐུག་འཕྲད་ཀྱིས་གཏམ་བཤད་སྤེལ་འདུགསྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཉིང་ཁྲི་བཅས་སུ་ལྟ་སྐོར་དུ་བསྐྱོད་སྐབས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjia དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་ཆེ་དགྲ་ལྷ། གཞན་ཡང་རྒྱ་ནག་རང་ནས་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དཔུང་དམག་སྡེ་ཚན་གྱི་འགོ་གཙོ་གཞོན་པ་  Zhang Youxia དང་རྒྱ་ནག་གི་དཔལ་འབྱོར་དང་ཚོང་འབྲེལ་གྱི་སྲིད་བློན་གཞོན་པ་ལིའུ་ཁཱ། དེ་བཞིན་རྒྱ་ནག་དབུས་གཞུང་གི་འཆར་འགོད་ལས་ཁང་འགན་འཛིན་དང་དབུས་གཞུང་གི་དྲུང་ཆེ་སོགས་མཉམ་དུ་ཁྲིད་ཡོད་པ་མ་ཟད། ཁོ་པ་རྣམས་ནས་ལྷ་ས་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དཔུང་དམག་ཁག་གི་འཐུས་ཚབ་དང་ཐུག་འཕྲད་སྐབས་ཞི་ཅིན་ཕིང་གིས་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔུང་དམག་གི་ནུས་སྟོབས་སྔར་ལྷག་ཆེ་རུ་གཏོང་དགོས་པ་མ་ཟད། དཔུང་དམག་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡར་རྒྱས་གོང་འཕེལ་ལ་དམིགས་ཏེ་དུས་རྟག་ཏུ་གྲ་སྒྲིག་ཨང་གསར་བྱོས་ཤིག་ཅེས་སོགས་བཤད་འདུགརླུང་འཕྲིན་ཁང་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ད་རེས་ཞི་ཅིན་ཕིང་དང་མཉམ་དུ་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་དེ་དག་ཁྲིད་དོན་གང་ཡིན་སོགས་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་རྒྱ་ནག་གཞུང་ནས་རྒྱུན་དུ་བོད་སྐྱོང་རྒྱུའི་ཐབས་བྱུས་ཁོངས་སུ་བརྟན་ལྷིང་དང་འཕེལ་རྒྱས་མཐའ་མཚམས་སོགས་ཡོད་པ་ལྟར་ཞི་ཅིན་ཕིང་དང་མཉམ་དུ་ཡོད་པའི་འགོ་ཁྲིད་དེ་དག་ནི་ལས་གཞི་དེ་དག་དང་འབྲེལ་བ་ཡོད་པ་སོགས་གསུངས་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་དཔུང་དམག་སྡེ་ཚན་གྱི་འགོ་གཙོ་གཞོན་པ་ Zhang Youxia ཁྲིད་པ་དེས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཙམ་མ་ཟད་རྒྱ་གཞུང་གིས་བོད་ནང་མེ་འཁོར་ལྕགས་ལམ་གྱིས་གཙོས་པའི་དམག་དོན་དང་འབྲེལ་བའི་ཐབས་བྱུས་ཀྱི་ལས་གཞི་འདྲ་མིན་སྤེལ་བཞིན་པ་དང་འབྲེལ་བ་ཡོད་པ་སོགས་གསུངས་བྱུང་། དེ་བཞིན་ཞི་ཅིན་ཕིང་གི་ལྟ་སྐོར་ཁྲོད་ས་གནས་མི་མང་ལ་རྒྱ་ནག་གཞུང་ནས་ད་བར་བོད་ནང་ལ་འཛུགས་སྐྲུན་རྒྱ་སྐྱེད་ཆེན་པོ་བཏང་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཡོངས་ལ་སྤྲོ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ཡིན་ཞེས་སོགས་གཏམ་བཤད་བྱས་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་བོད་དང་རྒྱ་ནག་ཐོག་གི་གནད་དོན་དཔྱད་ཞིབ་པ་ཁུ་ཚུར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་དེ་འབྲེལ་དཔྱད་ཞིབ་གནང་པའི་ལེ་ཚན་ནང་ཞི་ཅིན་ཕིང་གིས་དེ་སྔ་ཕྱི་ཟླ་དྲུག་པར་བོད་མཚོ་སྔོན་ཁུལ་དུ་སྤེལ་བའི་གཏམ་བཤད་དང་། ད་རེས་རྒྱལ་ས་ལྷ་ས་དང་ཀོང་པོའི་ཁུལ་དུ་སྤེལ་བའི་གཏམ་བཤད་གཉིས་ཀྱི་རྨང་གཞི་གཅིག་པ་ཡིན་པ་དང་། དེ་ཡང་གཙོ་བོ་རྒྱ་ནག་གཞུང་ནས་བོད་ནང་ལ་ཡོད་པའི་བོད་མི་ཚོར་ཟས་གོས་གནས་མལ་གྱི་མཐུན་རྐྱེན་ཡོད་ན་བོད་ཀྱི་གནས་ཚུལ་མཇུག་སྒྲིལ་བ་ལྟ་བུར་ངོས་འཛིན་བྱེད་བཞིན་པ་ནི་ནོར་འཁྲུལ་ཞིག་ཡིན་པར་གསུངས་འདུག གཞི་རྩའི་ཞི་ཅིན་ཕིང་ད་རེས་བོད་ཀྱི་རྒྱལ་ས་ལྷ་ས་ཙམ་མ་ཟད་ལྷག་པར་དུ་རྒྱ་གར་དང་ས་ཐག་ཉེ་བའི་བོད་ཀྱི་ཉིང་ཁྲི་ས་གནས་སུ་བསྐྱོད་པ་དེ་ནི་གནད་འགག་ཅིག་ལ་ངོས་འཛིན་དང་འབྲེལ་ཏེ་རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་ཅིག་ནས་འདི་ནི་རྒྱ་དཀར་ནག་གཉིས་ཀྱི་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྐོར་གསུངས་པ་མ་ཟད། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་སྡེ་ཚན་གྱི་སློབ་དཔོན་ Srikanth Kondapalli ལགས་ཀྱིས་ཞི་ཅིན་ཕིང་དངོས་སུ་རྒྱ་གར་བྱང་ཤར་གྱི་ས་གནས་དང་ཐག་ཉེ་བའི་བོད་ཀྱི་ཉིང་ཁྲི་ཁུལ་དུ་བསྐྱོད་པ་དེ་ཁུལ་དེར་ཡོད་པའི་མེ་འཁོར་ལྕགས་ལམ་ཁག་ལ་ལྟ་ཞིབ་སོགས་ཀྱི་ཆེད་དུ་ཡིན་སྟབས། རྒྱ་ནག་གི་ངོས་ནས་རིང་མིན་རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཆགས་པའི་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་རྙོག་གླེང་བཟོ་རྒྱུའི་འཆར་གཞི་ཡོད་པ་གསལ་པོ་རེད་ཅེས་གསུངས་འདུགཁོང་གིས་དཔྱད་གཏམ་ནང་ད་དུང་རྒྱ་ནག་གཞུང་ནས་བོད་ནང་འཛུགས་སྐྲུན་བྱས་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་ས་གནས་གཞན་ཁག་དང་བོད་གཉིས་ཀྱི་དཔལ་འབྱོར་གྱི་གནས་བབ་ལ་ཁྱད་པར་ཆེན་པོ་ཡོད་པ་དང་ལྷག་དོན་རྒྱ་ནག་རང་ཉིད་ཀྱི་དགོས་མཁོར་གཞིགས་ཏེ་ཆུ་མཛོད་གསར་རྒྱག་ལས་གཞིའི་ཁྲོད་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་གཏོང་བཞིན་པའི་གནད་དོན་ཆེད་བཀོད་ཀྱིས་སྐྱོན་བརྗོད་ནན་པོ་གནང་འདུགདེ་བཞིན་བོད་དོན་ཆེད་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་ཀྱིས་དེ་རིང་ཞི་ཅིན་ཕིང་གིས་ལྷ་སར་ལྟ་སྐོར་བྱས་པ་དང་འབྲེལ་བའི་དཔྱད་གཏམ་ཞིག་འདོན་སྤེལ་གནང་བར་དུས་རྒྱུན་བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་རྒྱ་ནག་གི་འགོ་ཁྲིད་ Wang Yang གཏོང་སྲོལ་ཡོད་ཀྱང་། ད་རེས་ཞི་ཅིན་ཕིང་དངོས་སུ་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་པ་དེས་བོད་ཀྱི་གནད་དོན་དེ་རྒྱ་ནག་ལ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མཚོན་པ་དང་ལྷག་པར་དུ་རྒྱ་གར་གྱི་ངོས་ནས་བལྟས་ན། ཞི་ཅིན་ཕིང་ཡར་ཀླུངས་གཙང་པོ་དང་དེའི་ཉེ་འཁོར་ལ་ལྟ་ཞིབ་བྱས་པ་དེས་རྒྱ་ནག་གཞུང་གི་འཆར་གཞིའི་ནང་ཡོད་པའི་ཆུ་མཛོད་གསར་རྒྱག་ ལས་གཞི་ཁག་རྒྱུན་འཁྱོངས་ཀྱི་བརྡ་ལན་ཞིག་ཀྱང་མཚོན་སྟབས། ཁོར་ཡུག་དང་བདེ་འཇགས་ཀྱི་ཆ་ནས་རྒྱ་གར་ལ་མཚོན་ན་དོ་སྣང་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད་ཉིང་ཁྲི་དང་ལྷ་སའི་མེ་འཁོར་ལྕགས་ལམ་ལ་ལྟ་ཞིབ་དང་དཔུང་དམག་གི་འཐུས་ཚབ་ཁག་དང་ཐུག་འཕྲད་བྱས་པ་དེས་རྒྱ་གར་བྱང་ཤར་ཁུལ་གི་གནད་དོན་དང་འབྲེལ་རྒྱ་གར་གྱི་ངོས་ནས་ཐུགས་སྣང་གནང་དགོས་པའི་གནད་དོན་གལ་ཆེན་ཞིག་རེད་ཅེས་གསུངས་འདུགཉེ་ཆར་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཉིང་ཁྲི་བཅས་སུ་ལྟ་སྐོར་བྱེད་བཞིན་སྐབས་རླུང་འཕྲིན་ཁང་གིས་བོད་ཀྱི་གྲོགས་པོ་རྒྱ་གར་གྱི་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས་ Vijay Kranti ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་ཞི་ཅིན་ཕིང་གི་ལྟ་སྐོར་འདི་དང་ཉེ་ཆར་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་སྐབས་ཀྱི་གཏམ་བཤད་སོགས་ཕྱོགས་གང་ནས་བལྟས་ཀྱང་། ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གི་དམག་མི་ལ་དྭགས་ཁུལ་བཙན་འཛུལ་བྱེད་མ་ཐུབ་པའི་ཕམ་ཉེས་ཀྱི་གནད་དོན་དང་། ད་ལྟའི་༸གོང་ས་མཆོག་གི་མཚན་སྙན་གཟི་བརྗོད་ཁྲོད་མ་འོངས་པར་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཐུབ་མིན་གྱི་འཇིགས་སྣང་ཁྲོད་ད་རེས་ཞི་ཅིན་ཕིང་རང་ཉིད་ཀྱི་ངོ་སྲུང་དང་སྣང་བརྙན་བསྐྱར་གསོ་ཐུབ་རྒྱུར་དམིགས་པ་ཞིག་རེད་ཅེས་གསུངས་ཡོད།སྲིད་འཛིན་ཞི་ཅིན་ཕིང་དེ་སྔ་ ༢༠༡༡ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ངོ་བོའི་ཐོག་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་བ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སར་སྐྱོད་མྱོང་ཡོད་པ་མ་ཟད། སྐབས་དེར་ཁོ་པས་ཕོ་བྲང་པོ་ཏ་ལའི་མདུན་ནས་གཏམ་བཤད་སྤེལ་བའི་ཁྲོད་གྲངས་ཉུང་མི་རིགས་ཡོངས་དང་འབྲེལ་བ་དམ་ཟབ་ཐོག་ཏཱ་ལའི་རུ་ཚོགས་ཟེར་བའི་ཁ་བྲལ་གྱི་ལས་དོན་མཐའ་དག་ལ་གདོང་ལེན་བྱེད་དགོས་པ་སོགས་བཤད་ཡོད་པ་དང་། ཁོ་པ་རྒྱ་ནག་གི་སྲིད་འཛིན་ཆགས་པའི་རྗེས་སུ་འདི་ལོའི་ཕྱི་ཟླ་ ༦ པ་ནང་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་མདོ་སྨད་རྐང་ཚ་དང་ཟི་ལིང་གྲོང་ཁྱེར་བཅས་སུ་སྐོར་བསྐྱོད་བྱས་པ་མ་ཟད། ད་རེས་རྒྱ་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་དེ་བཏང་ནས་ལོ་ ༧༠ འཁོར་བའི་དུས་ཚིགས་སྲུང་བརྩི་དང་འབྲེལ་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་དང་ཀོང་པོ་ཁུལ་དུ་བསྐྱོད་ཡོད་པ་རེད།

པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས་པའི་སྐྱོན་བརྗོད་ཀྱི་ཞུ་གཏུག

ཉེ་བའི་ཆར་ཡོ་རོབ་མཐུན་ཚོགས་དང་དབྱིན་ཡུལ་གྱིས་མཚོན་པའི་རྒྱལ་སྤྱིའི་ཁྲོད་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་རིང་མིན་རྒྱ་ནག་ནང་འཚོགས་རྒྱུའི་ཕྱི་ལོ་ ༢༠༢༢ པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་སྐྱོན་བརྗོད་ཀྱིས་གླེང་སློང་ཇེ་མང་དུ་གནང་བཞིན་པའི་ཁྲོད་འདིར་འདི་ག་སུད་སུ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་མཉམ་འབྲེལ་ཐོག་ནས་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ནས་རྒྱལ་སྤྱིའི་དཔལ་འབྱོལ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་རྩ་བའི་ལམ་སྟོན་དང་འགལ་ཏེ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་རྒྱ་ནག་ཚོགས་གནང་རྒྱུར་ཐག་གཅོད་གནང་བའི་ནོར་འཕྲུལ་ཅན་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་ཞུ་གཏུག་གནང་འདུགཐེངས་འདིའི་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ལ་སྐྱོན་བརྗོད་ཀྱི་ཞུ་གཏུག་དེ་ཟླ་ ༧ ཚེས་ ༢༣ ཉིན་ཉི་ཧོང་གི་འཛམ་གླིང་ཨོ་རྩེད་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་དང་བསྟུན་སུད་སིར་རྟེན་གཞི་བྱས་པའི་སུད་བོད་མཛའ་འབྲེལ་ཚོགས་པས་སྣེ་ཁྲིད་པའི་འོག་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས། སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་མི་མང། སུད་སི་ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱིས་སུད་སི་རྒྱལ་ས་སྦན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་གོང་འཕེལ་འབྲེལ་མཐུད་ལས་ཁང་ལ་ཞུ་གཏུག་གནང་ཡོད་པ་རེད།ཐེངས་འདིའི་ཞུ་གུཏུག་གི་ལས་འགུལ་སྣེ་ཁྲིད་གནང་མཁན་སུད་བོད་འཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Thomas Buchli ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ནས་རང་ཉིད་རྩ་བའི་ལྟ་གྲུབ་སྲུང་སྐྱོབ་གནང་ཐུབ་མེད་པ་རེད། མཐུན་ཚོགས་ནས་དེ་སྔ་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་རྩེད་འགྲན་ཚོགས་རྗེས་སུ་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཡར་རྒྱས་འགྲོ་བའི་རེ་བ་དང་ཡིད་ཆེས་གནང་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་དེ་བཞིན་རྒྱ་ནག་ཐོག་ཡིད་ཆེས་བློས་འགེལ་གནང་ཡོད། འོན་ཀྱང་དོན་དངོས་ཐོག་ ༢༠༠༨ ལོའི་རྩེད་འགྲན་རྗེས་བོད་ནང་དྲག་གནོན་དང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་སྡུག་ཏུ་ཕྱིན་ཡོད་པ་རེད། རྒྱ་གཞུང་གིས་དེ་ལྟ་བུའི་སྤེལ་བཞིན་པའི་བྱ་སྤྱོད་དང་གནས་སྟངས་ཁག་མཐོང་བཞིན་དུ་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་མིག་བཙུམ་ནས་བསྐྱར་དུ་ ༢༠༡༥ ལོར་༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དེ་རྒྱ་ནག་ཏུ་འཚོགས་རྒྱུར་ཐག་གཅོད་གནང་བ་རེད། དེསན་བྱ་སྤྱོད་དེས་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཆེས་ཞན་པའི་ནག་ཉེས་བགས་པ་ཞིག་ཆགས་པར་བརྟེན་ད་ལན་ང་ཚོས་འབྲེལ་ཡོད་སུད་སིར་ཡོད་པའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་འབྲེལ་མཐུད་ལས་ཁུངས་བརྒྱུད་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ལ་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་རིན་ཐོབ་ཐང་གི་ལྟ་གྲུབ་སྲུང་སྐྱོབ་གནང་རྒྱུའི་འགན་འཁྲི་ཡོད་པར་དྲན་སྐུལ་བསྐྱར་ནན་གནང་ཆེད་ཞུ་གཏུག་གི་ལས་འགུལ་དེ་སྤེལ་ཡོད་སྐོར་གསུངས་ཡོད། སྐབས་དེའི་ཞུ་གཏུག་དང་འབྲེལ་ནས་ཚོགས་པ་བཞིས་སྤྱིར་བསྒྲགས་སྤེལ་བར་རྒྱ་གཞུང་ནས་བོད་དང་ཧོང་ཀོང། ཤར་ཏུ་ཀི་སིཐན། ནང་སོག་བཅས་ནང་གི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པ་རྒྱལ་སྤྱིིའི་ཨོ་ལམ་པིཀ་མཐུན་ཚོགས་ཀྱི་ངོས་ནས་ཤེས་བཞིན་དུ་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུ་ལས་ལྡོག་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དེ་རྒྱ་ནག་ཏུ་གནང་རྒྱུའི་བདག་དབང་གནང་བ་ནི་མཐུན་ཚོགས་ཀྱི་རྩ་བའི་བཞེངས་ཕྱོགས་དང་ཡོངས་སུ་འགལ་བ་ཡོད་པ་མ་ཟད་ལྷག་པར་དུ་རྒྱལ་སྤྱིའི་ཨོ་རྩེད་མཐུན་ཚོགས་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་ཡར་རྒྱས་མཐུན་ཚོགས་ཀྱི་རྩ་བའི་ལམ་སྟོན་དང་འགལ་བ་ཞིག་ཀྱང་ཆགས་ཡོད་པར་སྐྱོན་བརྗོད་གནང་འདུག གཞི་རྩའི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་འཚོགས་རྒྱུའི་གནད་དོན་དང་འབྲེལ་ནས་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ། དེ་བཞིན་ནི་ཐར་ལན་ཌི་ལ་སོགས་པའི་རྒྱལ་སྤྱིའི་གཞུང་ཚོགས་མང་དག་ཅིག་གིས་རྒྱ་ནག་གཞུང་གིས་བོད་མི་གཙོས་ཡུ་གུར་མི་རིགས་བཅས་གྲངས་ཉུང་ཐོག་གཉེར་བཞིན་པའི་བྱ་སྤྱོད་དེ་དག་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཡིན་པར་སྐྱོན་བརྗོད་ཀྱིས་འགྲེལ་བརྗོད་སྔ་རྗེས་སུ་གནང་བའི་ཐོག་རྒྱ་ནག་ཏུ་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་གནང་རྒྱུའི་གནས་བབ་མེད་པ་དང་། རྒྱལ་སྤྱིའི་དབུ་ཁྲིད་གཙོས་རྩེད་འགྲན་པ། དེ་བཞིན་གོ་སྒྲིག་གནང་མཁན་ཡོངས་ནས་དགུན་དུས་ཨོ་རྩེད་ལ་རྒྱབ་སྐྱོར་གནང་མཚམས་འཇོག་དགོས་ཞེས་བསྒྲགས་གཏམ་རིམ་ཁག་སྤེལ་ཡོད་པ་མ་ཟད། རྒྱལ་སྤྱིའི་ས་གནས་གང་སར་དེ་འབྲེལ་རྣམ་པ་འདྲ་མིན་ཐོག་ནས་ལས་འགུལ་རབ་དང་རིམ་པ་སྤེལ་མུས་ཡིན་པ་དང་། ལྷག་དོན་ཉེ་བའི་ཆར་ཡུ་རོབ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་དང་དབྱིན་ཡུལ་གྲོས་ཚོགས་སུ་སྤྱི་མོས་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་དང་འབྲེལ་ཕྱི་འབྲེལ་དཔོན་རིགས་དང་གཞུང་འབྲེལ་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གི་འགྲན་ཚོགས་དེར་ཞུགས་རྒྱུ་མེད་པའི་ཞུ་སྐུལ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་ལྟ་སྐོར་ཁྲོད་བོད་ནང་གི་ཕྱིའི་འཛུགས་སྐྲུན་རྒྱ་སྐྱེད་ཁོ་ནར་མ་དམིགས་པར་གྲོས་མོལ་བསྐྱར་གསོ་ཐུབ་པ་ཞིག་བྱེད་དགོས་ཞེས་གསུངས་སོང་།

ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་གྱི་འགན་འཁུར་ནས་ད་རེས་ཆེས་ཐོག་མ་བོད་ཀྱི་ཀོང་པོ་ཉིང་ཁྲི་དང་དེ་བཞིན་རྒྱལ་ས་ལྷ་ས་སོགས་སུ་གསང་བའི་ཐོག་ནས་ལྟ་སྐོར་དུ་བསྐྱོད་པ་དང་། ཕྱི་ཚེས་ ༢༡ ཉིན་བོད་ཀྱི་ཉིང་ཁྲིའི་སྨན་གླིང་གནམ་ཐང་དུ་འབྱོར་རྗེས་ཁུལ་དེའི་ཉང་ཆུའི་ཟམ་ཆེན་དུ་བསྐྱོད་དེ་ཡར་ཀླུང་གཙང་པོ་ལ་ལྟ་སྐོར་དང་། དེ་རྗེས་ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་དང་ཀོང་པོའི་སྤྱི་གླིང་བཅས་སུ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལས་འཆར། འཛུགས་སྐྲུན་གྱི་ལས་གཞི་སོགས་ལ་རྟོག་ཞིབ་བྱས་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༢༢ ཉིན་ཉིང་ཁྲིའི་མེ་འཁོར་འབབ་ཚུགས་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བཅས་ལ་ལྟ་སྐོར་བྱས་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་དེ་ཕོ་བྲང་པོ་ཏ་ལ་དང་བར་སྐོར། དེ་བཞིན་དཔལ་ལྡན་འབྲས་སྤུངས་དགོན་པ་བཅས་སུ་སྐུ་སྲུང་བས་མཐའ་སྐོར་ནས་ལྟ་སྐོར་བྱས་ཡོད།སྐབས་དེར་ཞི་ཅིན་ཕིང་གིས་ས་གནས་མི་མང་ཚོ་ལ་གཏམ་བཤད་བྱས་པར་ཁོ་པ་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ངོ་བོའི་ཐོག་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་བ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་མྱོང་ཡོད་པ་དྲན་གསོ་དང་སྦྲགས་ཏེ་འདི་ལོ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བ་དང་དེ་བཞིན་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ ༧༠ འཁོར་བའི་དུས་ཚིགས་དང་བསྟུན་སླར་ལྷ་སར་ཡོང་བ་ཞིག་ཡིན་པ་དང་། རྒྱ་ནག་གིས་མ་འོངས་པར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཡོངས་ལ་སྤྲོ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་མ་ཟད། མང་ཚོགས་རྣམས་ནས་རྒྱ་ནག་གི་ལྟ་བ་ལ་བརྩི་བཀུར་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁར་སྐྱོད་དགོས་ཞེས་སོགས་བཤད་འདུགརླུང་འཕྲིན་ཁང་གིས་ཐེངས་འདིའི་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་སྐོར་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པར་ཞི་ཅིན་ཕིང་གི་ལྟ་སྐོར་འདི་ད་ལྟའི་རྒྱ་དཀར་གཉིས་ཀྱི་གནད་དོན་ཙམ་མིན་པར་གཙོ་བོ་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ནས་ཡོང་བ་ཞིག་ཡིན་སྟབས། སྲིད་འཛིན་ཞི་ཅིན་ཕིང་གིས་ད་རེས་བོད་ནང་དུ་ལྟ་སྐོར་བྱས་ཡོད་པའི་ཁྲོད་བོད་ནང་གི་ཕྱིའི་འཛུགས་སྐྲུན་རྒྱ་སྐྱེད་ཁོ་ནར་མ་དམིགས་པར་བོད་མིའི་མངོན་འདོད་གང་ཡིན་པ་ངེས་ཤེས་རྙེད་པའི་ཐོག་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཐུབ་པ་ཞིག་བྱེད་དགོས་པར་གསུངས་སོང་།དེ་བཞིན་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཞི་ཅིན་ཕིང་གསང་བའི་འོག་བོད་ཀྱི་རྒྱལ་ས་ལྷ་སར་སྐྱོད་དོན་དང་ད་བར་བརྒྱུད་ལམ་ཁག་ཏུ་ཐོན་པའི་ཞི་ཅིན་ཕིང་གི་གཏམ་བཤད་སོགས་དང་འབྲེལ་བཀའ་ལན་གནང་བར་ཞི་ཅིན་ཕིང་གི་ས་གནས་མི་མང་ལ་གཏམ་བཤད་བྱས་ཡོད་པ་དེས་ད་བར་རྒྱ་ནག་གཞུང་ནས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་སྟེ་ལོ་ ༧༠ འཁོར་བའི་སྐབས་འདིར་བོད་ནང་ལ་འཛུགས་སྐྲུན་དང་མི་མང་ལ་བདེ་སྐྱེད་སྐྲུན་ཐུབ་ཡོད་སྐོར་ཕྱིར་རྣམ་པ་ཐབས་དང་། ལྟ་སྐོར་དེའང་ཉིང་ཁྲི་ནས་འགོ་བཙུགས་པ་དེས་རྒྱ་དཀར་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་གནད་དོན་ཐད་རྒྱ་ནག་གི་སྟོབས་ཤུགས་མངོན་གསལ་བྱེད་ཐབས་སོགས་ལ་དམིགས་ཡོད་པར་གསུངས་ཡོད།ད་རེས་ཞི་ཅིན་ཕིང་གི་ལྟ་སྐོར་འདིའི་ཁྲོད་རྒྱ་ནག་གི་དཔལ་འབྱོར་དང་ཚོང་འབྲེལ་གྱི་སྲིད་བློན་གཞོན་པ་ལིའུ་ཁཱ་ཟེར་བ་དེ་ཁྲིད་ཡོད་པར་བལྟས་ན་རྒྱ་ནག་གཞུང་ནས་མུ་མཐུད་ཚོང་དང་འཛུགས་སྐྲུན་ལ་དོ་སྣང་བྱས་པ་མ་གཏོགས་བོད་མིའི་དངོས་ཡོད་ཀྱི་དཀའ་ངལ་ལ་ལྟ་རྟོག་བྱ་རྒྱུ་ཁག་པོ་ཆགས་ཡོད་པར་གཟིགས་ཚུལ་བྱུང་ཞེས་གསུངས་སོང་།གཞི་རྩའི་སྲིད་འཛིན་ཞི་ཅིན་ཕིང་དེ་སྔ་ ༢༠༡༡ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ངོ་བོའི་ཐོག་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་བ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་མྱོང་ཡོད་པ་མ་ཟད་སྐབས་དེར་ཁོང་གིས་ཕོ་བྲང་པོ་ཏ་ལའི་མདུན་ནས་གཏམ་བཤད་ཁྲོད་གྲངས་ཉུང་མི་རིགས་ཡོངས་དང་འབྲེལ་བ་དམ་ཟབ་ཐོག་ཏཱ་ལའི་རུ་ཚོགས་ཟེར་བའི་ཁ་བྲལ་གྱི་ལས་དོན་མཐའ་དག་ལ་གདོང་ལེན་བྱེད་དགོས་པ་སོགས་བཤད་ཡོད། ད་རེས་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་ས་དང་ལྷག་པར་དུ་རྒྱ་གར་དང་ས་ཐག་ཉེ་བའི་བོད་ཀྱི་ཉིང་ཁྲི་ས་གནས་སུ་བསྐྱོད་པའི་གནད་དོན་དང་འབྲེལ་ཏེ། རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་ཅིག་ནས་འདི་ནི་རྒྱ་དཀར་གཉིས་ཀྱི་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྐོར་གསུང་མཁན་འདུགདེས་ན་རླུང་འཕྲིན་ཁང་གིས་བོད་ཀྱི་གྲོགས་པོ་རྒྱ་གར་གྱི་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས་ Vijay Kranti ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་ཞི་ཅིན་ཕིང་གི་ལྟ་སྐོར་འདི་དང་ཉེ་ཆར་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་སྐབས་ཀྱི་གཏམ་བཤད་སོགས་ཕྱོགས་གང་ནས་བལྟས་ཀྱང་། ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གི་དམག་མི་ལ་དྭགས་ཁུལ་བཙན་འཛུལ་བྱེད་མ་ཐུབ་པའི་ཕམ་ཉེས་ཀྱི་གནད་དོན་དང་། ད་ལྟའི་༸གོང་ས་མཆོག་གི་མཚན་སྙན་གཟི་བརྗོད་ཁྲོད་མ་འོངས་པར་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཐུབ་མིན་གྱི་འཇིགས་སྣང་ཁྲོད་ད་རེས་ཞི་ཅིན་ཕིང་རང་ཉིད་ཀྱི་ངོ་སྲུང་དང་སྣང་བརྙན་བསྐྱར་གསོ་ཐུབ་རྒྱུར་དམིགས་པ་ཞིག་རེད་ཅེས་གསུངས་ཡོད། ཁོང་ནས་ཞི་ཅིན་ཕིང་གི་ལྟ་སྐོར་དེས་བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་གཏང་དཀའ་བ་དང་། བོད་མི་དེ་དག་གིས་ད་བར་བོད་ཀྱི་གནད་དོན་གསོན་པོར་ཉར་ཚགས་ཐུབ་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ད་ལྟའི་ཆར་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་སོ་སོའི་རྩ་དོན་གྱི་སྙིང་པོ་དེ་དོར་བཞིན་ཡོད་པ་ནི་ང་བོད་ཀྱི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་ཡོད། ཞི་ཅིན་ཕིང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཉིན་གྲངས་གསུམ་གྱི་རིང་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་མདོ་སྨད་རྐང་ཚ་དང་ཟི་ལིང་གྲོང་ཁྱེར་བཅས་སུ་སྐོར་བསྐྱོད་བྱས་ཡོད་པ་དང་། འདི་ལོ་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བ་དང་ལྷག་པར་དུ་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ ༧༠ འཁོར་བའི་དུས་སྐབས་དང་བསྟུན་ཏེ་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་རྣམ་པ་འདྲ་མིན་ཐོག་ནས་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་དང་འབྲེལ། ས་གནས་མང་ཚོགས་ཐོག་སྔར་ལྷག་དམ་དྲག་རིགས་ཀྱང་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད།

ཨ་རིའི་ཕྱི་སྲིད་དྲུང་གཞོན་མཆོག་རྒྱ་ནག་ལ་འཚམས་གཟིགས་ཕེབས་སྐབས་བོད་དོན་ངེས་པར་དུ་གླེང་དགོས་པའི་འབོད་སྐུལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་རྒྱ་ནག་ལ་འཚམས་གཟིགས་ཕེབས་གཏན་འཁེལ་བ་ལྟར། ཁོང་གིས་ཐེངས་འདིའི་འཚམས་གཟིགས་སྐབས་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚབ་ལྷན་གྲོས་མོལ་མ་བྱས་བར་དུ་ཨ་རིའི་ངོས་ནས་དུས་ནམ་ཡང་ཁ་ཁུ་སིམ་པོར་གནས་མེད་པ་གསལ་པོ་བཟོ་དགོས་ཞེས་གསུངས་འདུགཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་ལྕམ་ Sherman མཆོག་ཟླ་བ་འདིའི་ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་ཀྱི་རིང་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་རྒྱུ་ཡིན་པར་ཡོང་གྲགས་གནང་བ་མ་ཟད་ལྕམ་  Sherman མཆོག་གིས་རང་ཉིད་ཀྱི་འཕྲུལ་སྒྲའི་ཐོག་ཁོང་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ Sophie Richardson ལགས་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤ་ཡའི་ཞུ་གཏུག་འགན་འཛིན་ལྕམ་སྐུ་ Carolyn Nash ལགས། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འགན་འཛིན་ལྕམ་སྐུ་ Renee Xia ལགས་བཅས་རྣམ་པ་གསུམ་དང་ལྷན་བོད་ཀྱིས་གཙོས་པའི་ཤིན་ཅང་དང་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་བཀའ་བསྡུར་གནང་བ་དང་། ལྷག་དོན་ཨ་རིའི་ངོས་ནས་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གཙོས་འཛམ་གླིང་ཁྱོན་ཡོངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་མུ་མཐུད་འགྱུར་བ་མེད་པར་བཞེངས་ཕྱོགས་བརྟན་པོ་ཡོད་སྐོར་གསུངས་འདུགཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་སང་ལས་ཁང་གི་འཕྲུལ་སྒྲའི་དྲྭ་གནས་ཐོག་ལྕམ་སྐུ་མཆོག་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུས་པ་དང་འབྲེལ། ལྕམ་སྐུ་མཆོག་གིས་གསུངས་པ་བཞིན་ཨ་རིས་རྒྱ་ནག་གཙོ་གྱུར་འཛམ་གླིང་ཁྱོན་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འགྱུར་བ་མེད་པར་མུ་མཐུད་བཞེངས་ཕྱོགས་བརྟན་པོ་འཛིན་བཞིན་པའི་ཁྲོད་ད་རེས་ལྕམ་སྐུ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་དེ་ངེས་པར་དུ་གླེང་བའི་ཡིད་ཆེས་དང་རེ་བ་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚབ་ལྷན་གྲོས་མོལ་མ་བྱས་བར་དུ་ཨ་རི་ངོས་ནས་དུས་ནམ་ཡང་ཁ་ཁུ་སིམ་པོ་གནང་ཐབས་མེད་ཅེས་ནན་པོ་གསུངས་དགོས་པའི་འབོད་སྐུལ་ཞུས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་དུང་ད་ལྟའི་ཆར་རྒྱ་ནག་གིས་དེ་སྔ་བྱུང་མྱོང་མེད་པའི་བོད་ཀྱི་ཐུན་མིན་ལེགས་བྱང་དང་ཡུལ་སྲོལ་གོམས་གཤིས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་དང་སྤེལ་མུས་ཁྲོད་འདིར་ཨ་རི་གཞུང་གིས་གོ་སྐབས་ནམ་བྱུང་ལ་བོད་ཀྱི་གནད་དོན་ཐད་རྒྱ་ནག་ལ་སྔར་བཞིན་གནོན་ཤུགས་སྤྲོད་དགོས་པ་ནི་ཆེས་ཛ་དྲག་གི་གནད་དོན་ཞིག་ཡིན་པར་གསུངས་འདུགགཞི་རྩའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རེས་གཟའ་ལྷག་པ་སྟེ་ཕྱི་ཚེས་ ༢༡ ཉིན་གཞུང་འབྲེལ་གྱི་སྤྱི་བསྒྲགས་ཤིག་སྤེལ་བར་གཞིགས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་ཕྱི་ཚེས་ ༢༥ དང་ ༢༦ ཉིན་གྲངས་གཉིས་ཀྱི་རིང་རྒྱ་ནག་གི་ནུབ་བྱང་གྲོང་ཁྱེར་ Tianjin དང་ཕྱི་ཚེས་ ༢༧ ཉིན་དཀྱིལ་ཤར་ Oman རྒྱལ་ཁབ་ནང་ཉིན་གྲངས་གཅིག་གི་རིང་འཚམས་གཟིགས་གནང་རྒྱུ་དང་། ལྕམ་སྐུ་མཆོག་ནས་ Tianjin  དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་མཇལ་འཕྲད་གནང་གཏན་ཁེལ་ཡོད་པ་རེད་འདུགཁོང་ད་ལན་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་དོན་ནི། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་དངོས་སུ་མཇལ་འཕྲད་ཀྱིས་ཨ་རིའི་ཁེ་ཕན་དང་རིན་ཐང་ཁག་གོང་འཕེལ་གཏོང་ཐབས་དང་ལྷག་དོན་ཉེ་བའི་ལོ་ཤས་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་མུས་ཀྱི་གནད་དོན་མང་དག་ཅིག་གི་ཐད་ལ་འགན་འཁུར་ལྡན་པའི་ཕྱག་བསྟར་ཡོང་ཐབས་སོགས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་སྤྱི་དང་། སྒོས་ཨ་རིའི་ངོས་ནས་ཆེས་ཐུགས་འཚབ་ཡོད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་སྤྱོད་ཁག་ཅིག་གི་སྐོར་ལ་ཞལ་སངས་པོའི་ཐོག་ནས་བཀའ་བསྡུར་གནང་རྒྱུ་ཡིན་པར་གསུངས་འདུགསྤྱིར་ལྕམ་ Wendy Sherman མཆོག་གི་ཐེངས་འདིའི་རྒྱལ་དོན་འཚམས་གཟིགས་ནི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་རྒྱ་ནག་ནང་ཨ་རིའི་གནད་ཡོད་དཔོན་རིགས་མཐོ་གྲས་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

Latest news