Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨ་རིའི་གྲོས་ཚོགས་གོང་མས་ཤིན་ཅང་ནས་ཐོན་པའི་དངོས་ཟོག་བཀག་སྡོམ་གྱི་གྲོས་ཆོད་བཞག་པ།

ཨ་རིའི་གྲོས་ཚོགས་གོང་མས་ཁ་སང་རྒྱ་ནག་གིས་ཤིན་ཅང་ཁུལ་དུ་མི་མང་བཀག་སྐྱིལ་གྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པར་སྐྱོན་བརྗོད་གནང་སྟེ་ཁུལ་དེ་ནས་ཐོན་པའི་དངོས་ཟོག་ཡོངས་རྫོགས་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་གསར་པ་ཞིག་སྤྱི་མོས་ཐོག་ནས་གཏན་འབེབས་གནང་འདུགཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ཡོངས་ནས་རྒྱ་ནག་གིས་ཤིན་ཅང་ཁུལ་གྱི་མི་མང་རྣམས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་ནས་བཟོ་ལས་ཐོན་སྐྱེད་རྒྱུ་ཆ་སྐྲུན་གྱི་ཡོད་པ་དང་དེ་བཞིན་ཡུ་གུར་མི་མང་གིས་མཚོན་པའི་གཞན་གྲངས་ཉུང་མི་རིགས་ལ་དོགས་ཟོན་བྱ་ར་དང་མི་རིགས་ལྡེབ་གསོད་དང་མུ་མཐུད་ཉེས་འཛུགས་བྱེད་བཞིན་ཡོད་སྐོར་མངོན་གསལ་གྱིས་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ལུགས་དེར་དགག་བྱ་ནན་མོ་གནང་སྟེ་ཤིན་ཅང་ནས་ནང་འདྲེན་གནང་རྒྱུའི་དངོས་ཟོག་ཡོངས་རྫོགས་ཨ་རིའི་ནང་ཚོང་འབྲེལ་གནང་རྒྱུར་བཀག་སྡོམ་གྱི་ཁྲིམས་གཞི་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་འདུགཐེངས་འདིའི་གྲོས་འཆར་འདོན་མཁན་སྐུ་ཞབས་ Marco Rubio ལགས་དང་ Jeff Merkley ལགས་རྣམ་གཉིས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་ཤིན་ཅང་དང་འབྲེལ་བའི་དངོས་ཟོག་བཀག་སྡོམ་གྱི་གྲོས་ཆོད་དེས་རྒྱ་ནག་དང་སྒོས་ཤིན་ཅང་གི་ངལ་རྩལ་བསྒྱུར་བཀོད་ནས་ཁེ་འབབ་བྱུང་མཁན་རྒྱལ་སྤྱིའི་ཚོང་ལས་ཁང་ཁག་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་རྒྱུ་ཡིན་པ་མ་ཟད་ཨ་རིའི་ངོས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་རིགས་ལ་ནག་ཉེས་འགེལ་བཞིན་པ་དག་ལ་མིག་ལོང་བ་ལྟར་སྡོད་རྒྱུ་མིན་པ་ལྟར་དེ་བཞིན་བཟོ་ཚོང་ཁང་གཞན་ལའང་ཚུན་མིན་གྱི་བྱ་སྤྱོད་ཚབས་ཆེན་དག་ནས་ཁེ་འབབ་ལོངས་སུ་སྤྱོད་འཇུག་རྒྱུ་མིན་སྐོར་ནན་བརྗོད་གནང་འདུགདེ་བཞིན་ Merkley ལགས་ཀྱིས་རྒྱ་གཞུང་ནས་ཡུ་གུར་དང་གཞན་ཤིན་ཅང་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་བཙན་ཤེད་ཀྱིས་ངལ་རྩལ་བསྒྱུར་བཀོད་དང་མནར་གཅོད་གཏོང་བ། སྐྱེ་སྒོ་བཀག་པ། རང་གི་ཆོས་ཕྱོགས་དང་རིག་གཞུང་གོམས་སྲོལ་སོགས་དོར་རྒྱུར་གནོན་ཤུགས་སྤྲོད་བཞིན་པ་ལུང་འདྲེན་གྱིས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་པ་མ་ཟད། ད་དུང་ཨ་རིའི་བཟོ་ཚོང་མཉམ་སྦྲེལ་དག་ནས་རྒྱ་ནག་གིས་ལོག་པར་སྤྱོད་བཞིན་པའི་བྱ་སྤྱོད་དག་ནས་ཁེ་འབབ་རྩ་བ་ནས་ལེན་རྒྱུ་མེད་པ་དང་ཨ་རིའི་ཅ་དངོས་ཉོ་མཁན་དག་ལས་ཀྱང་ལྷོད་གཡེང་ཐོག་བྲན་གཡོག་ངལ་རྩོལ་ནས་བྱུང་བའི་ཐོན་ཟོག་ཉོ་རྒྱུ་མེད་པའི་དྲན་སྐུལ་གནང་ཡོད། ཤིན་ཅང་ནས་བཟོ་སྐྲུན་བྱས་པའི་ཐོན་ཟོག་ཡོངས་རྫོགས་རྒྱལ་སྤྱིའི་བཟོ་ཚོང་ཁང་མང་པོ་དང་ཐད་ཀར་འབྲེལ་བ་གཏིང་ཟབ་ཡོད་པ་དང་སྔ་ལོར་ཨ་རིའི་གཞུང་གིས་ཡུ་གུར་མི་རིགས་དང་འབྲེལ་བའི་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་སྐབས་རྒྱལ་སྤྱིའི་བཟོ་ཚོང་ཁང་ཆེ་གྲས་ Nike  དང་ Coca-Cola གཉིས་ཀྱིས་ཁྲིམས་འཆར་དེ་འགོག་ཐབས་སླད་འབད་བརྩོན་ཤུགས་ཆེ་བྱེད་མཁན་གཙོ་གྲས་ཆགས་ཀྱི་ཡོད་པ་རེད། ཤིན་ཅང་གི་གནད་དོན་ཐོག་ཨ་རིས་རེས་གཟའ་མིག་དམར་ཉིན་གལ་ཏེ་ཤིན་ཅང་ནང་ཡོད་པའི་ཨ་རིའི་བཟོ་ཚོང་ཁང་ནས་ཁུལ་དེར་ཚོང་ལས་མུ་མཐུད་གནང་བ་ཡིན་ན་དེ་ནས་ཨ་རིའི་ཁྲིམས་དང་འགལ་སྲིད་པའི་ཉེན་བརྡ་དང་དེའི་རྐྱེན་གྱིས་འབྲས་སུ་ངན་པ་ཡོང་རྒྱུ་ཡིན་པར་ནན་བརྗོད་གནང་ཡོད། དེ་བཞིན་ཁ་སང་རྒྱ་གཞུང་གིས་ཤིན་ཅང་གི་གནད་དོན་དང་འབྲེལ་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་ཡོད་ཚུལ་གྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཐེངས་བརྒྱད་པ་ཆེད་བཏོན་བྱས་འདུག རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ཚན་པས་བཏོན་པའི་རྒྱབ་ཤ་དཀར་པོའི་ཁ་བྱང་ལ་ཤིན་ཅང་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་བརྩི་སྲུང་བྱེད་བཞིན་པ་ཞེས་བཀོད་འདུག་ཅིང་། དེའི་ནང་ས་གནས་ཡུལ་མིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་། དཔལ་འབྱོར་དང་རིག་གཞུང་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་ཐོབ་ཐང་དང་འབྲེལ་བའི་སྡེ་ཚན་བདུན་གྱི་ཐོག་ནས་ངོ་སྤྲོད་བྱས་འདུག རྒྱ་ནག་རྒྱལ་ཁབ་དེ་ཤིན་ཅང་ཡུ་གུར་རང་སྐྱོང་ས་ཁུལ་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་མཚོན་པའི་ཕྱི་ལོ་ ༢༠༡༦ ནས་བཟུང་ས་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་ཅིའི་ཐད་ནས་ཚད་མཐོའི་ཡར་རྒྱས་རྒྱུན་སྲིང་ནས་ཕྱིན་ཡོད་ཚུལ་བརྗོད་འདུག

ལྕམ་སྐུ་ Uzra Zeya ལགས་ཨ་རི་གཞུང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་དྲུང་ལས་ལ་བསྐོ་གཞག་གནང་འདུག

ཨ་རིའི་གྲོས་ཚོགས་གོང་མས་ཟླ་བ་འདིའི་ཚེས་ ༡༣ ཉིན་ལྕམ་སྐུ་ Uzra Zeya ལགས་འོས་གྲངས་ ༧༣ ཐོབ་པའི་ཐོག་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་དམངས་བདེ་འཇགས་དང་མང་གཙོ་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་དྲུང་ལས་་ལ་བསྐོ་གཞག་གནང་འདུག ལས་སྣེ་འདིའི་ཐོག་ལ་ཕེབས་མཁན་རྣམས་རྣམ་ཀུན་བོད་གནད་དང་འབྲེལ་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་ཡང་བཞེས་སྲོལ་ཡོད་པ་ལྟར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Blinken མཆོག་གིས་གང་མགྱོགས་ལྕམ་སྐུ་ Zeya ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་དངོས་སུ་བསྐོ་གཞག་གནང་སྟེ་གནད་ཆེའི་ཕྱག་ལས་དེ་དབུ་འཛུགས་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག རྩ་བའི་རྒྱ་གར་དང་ཨ་རིའི་མི་སེར་འདྲེས་མ་ཡིན་པའི་ལྕམ་སྐུ་ Uzra Zeya ལགས་ནི་ཨ་རིའི་སྲིད་འཛིན་སྐབས་མི་འདྲ་བ་ལྔ་དང་། གླིང་ཕྲན་བཞིའི་ནང་ཁྱོན་ཞབས་ལོ་ ༢༨ རིང་ཕྱི་སྲིད་ཀྱི་ཐུགས་འགན་འདྲ་མིན་བཞེས་མྱོང་ཡོད་པ་དང་དེ་བཞིན་ཨ་ར་བིག་དང་ཕ་རན་སི། སི་པེ་ནིཤ་བཅས་ཀྱི་སྐད་གདངས་བདེ་པོ་ཡོད་པ་རེད། ཁོང་གིས་ཨ་རི་གཞུང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོའི་འགྲོ་བ་མིའི་ཐོབ་ཐང་གི་དྲུང་ཆེ་ལས་ཚབ་གནང་མྱོང་ཡོད་པ་མ་ཟད་ལས་གནས་དེའི་ཁྲོད་ཁོང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གཞུང་གི་སྐུ་ཚབ་གནང་སྟེ་རྒྱ་ནག་དང་ཨི་ཇིབ་ཊ། བྷ་རན་སོགས་དང་ལྷན་དི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གྲོས་མོལ་ལྷན་ཚོགས་རིམ་ཁག་སྣེ་འཁྲིད་གནང་མྱོང་ཡོད་པ་རེད། དེ་བཞིན་ཁོང་གིས་རྒྱ་ནག་གི་གྲོ་ཁྱེར་ Kunming ནང་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༧ པར་ཨ་རི་དང་རྒྱ་ནག་གི་སྐུ་ཚབ་དབར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༨ པ་དེ་སྣེ་འཁྲིད་གནང་སྐབས་སུ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་ལ་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་གྲུབ་འབྲས་སུ་རྒྱ་ནག་གི་དམིགས་ཡུལ་ལྟར་དོན་འབྲས་གང་ཡང་སོན་གྱི་མེད་སྟབས། རྒྱ་ནག་གཞུང་གི་ངོས་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་ཞུ་དགོས་པའི་དགོས་འདུན་བཏོན་པ་མ་ཟད། འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གནང་རྐྱེན་སྐབས་དེར་ལོ་དྲུག་རིང་རྒྱ་ནག་གི་བཙོན་ཁང་དུ་བཙོན་འཇུག་གནང་བའི་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱི་གནད་དོན་འབུར་འདོན་གྱིས་གླེང་སློང་གནང་ཡོད་པ་རེད།གཞི་རྩའི་ཨ་རིརི་སྲིད་འཛིན་ཟུར་པ་ Donald Trump མཆོག་གིས་ཁོང་གི་ལས་ཡུན་ཁྱུར་ལ་རན་སྐབས་སྐུ་ཞབས་ Robert Destro ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Destro ལགས་ཨ་རིའི་ཕྱིད་ལས་ཁུངས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བཅས་ཀྱི་ཕྱག་རོགས་དྲུང་ཆེ་ཡིན་པ་ལྟར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དབུས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཁོང་ལས་སྣེ་དེར་བསྐོ་གཞག་གནང་བར་དགའ་བསུ་ཞུས་པ་དེ་ལྟར་ཡང་ལས་སྣེ་དེར་མ་མཐར་དྲུང་ལས་ཀྱི་གོ་གནས་ལྡན་པ་ཞིག་བསྐོ་དགོས་གལ་ཆེ་བའི་རེ་སྐུལ་ཞུས་ཡོད་པ་རེད།

ཁེལ་ལི་ཕོ་ནི་ཡར་བོད་མི་གཉིས་ཀྱིས་བོད་དོན་གོམ་བགྲོད་དབུ་འཛུགས། 

ཨ་རིའི་ California ནང་དུ་བཅའ་བཞུགས་བོད་མི་བསྟན་འཛིན་རང་སྒྲོལ་ལགས་དང་བསྟན་འཛིན་ཐོགས་མེད་ལགས་རྣམ་གཉིས་ཀྱིས་ཁ་སང་ཚེས་ ༡༢ ཉིན་དབུ་འཛུགས་ཀྱིས་ཁེལ་ཕོ་ནི་ཡ་ཁུལ་གྱི་ Richmond གྲོང་ཁྱེར་ནས་མངའ་སྡེའི་རྒྱལ་ས་ Sacremento ནང་དུ་རྟེན་གཞི་བྱས་པའི་མངའ་སྡེའི་གྲོས་ཚོགས་བར་དུ་དགོས་འདུན་ཚན་བཞི་དང་འབྲེལ་ནས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག རླུང་འཕྲིན་ཁང་གིས་བོད་དོན་གོམ་བགྲོད་པ་གཉིས་ནས་གོམ་བགྲོད་ཀྱི་ཉི་མ་དང་པོ་དེ་འཇུག་སྒྲིལ་གནང་བ་དང་བསྟུན་བསྟན་འཛིན་རང་སྒྲོལ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ཁོང་རྣམ་པ་གཉིས་ནས་རང་ཉིད་བཙན་བྱོལ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་མི་རེ་ངོ་རེར་དམིགས་བསལ་གྱི་འགན་རེ་ཡོད་པ་དང་། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་ཚོགས་སྒེར་ཁག་ཅིག་གིས་བོད་དོན་ཆེད་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་བཞིན་པ་ལྟར་ད་ལན་ཨ་རི་ནང་དུ་གང་ཐུབ་ཅི་ཐུབ་ཞུ་རྒྱུའི་བསམ་བློ་ཡོད་པ་ལྟར་འབད་བརྩོན་ཞུས་ཏེ་ལས་འགུལ་འདི་སྤེལ་བ་ཡིན་ཞེས་གསུངས་སོང་།དེ་བཞིན་ཚེས་ ༡༢ ཉིན་གྱི་སྔ་དྲོར་ལས་འགུལ་དབུ་འཛུགས་གནང་སྐབས་སུ་ས་གནས་བོད་མི་ཙམ་མ་ཟད་རིཅ་མོནྡྲ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་དང་ El Cerrito གྲོང་ཁྱེར་སྤྱི་ཁྱབ་པ། དེ་བཞིན་རིཅ་མོནྡྲ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི། མངའ་སྡེ་དང་ས་གནས་གྲོས་ཚོགས་འཐུས་མི་དང་སྐུ་ཚབ་སོགས་གནད་ཡོད་མི་སྣ་ཁག་ཅིག་ནས་རྒྱབ་སྐྱོར་ཚུལ་དུ་ཆེད་ཕེབས་གནང་ཡོད་པ་རེད། ཁོང་གཉིས་ནས་སྤྱི་ལེ་ ༡༦༠ ཙམ་གྱི་གོམ་བགྲོད་དེ་འཇུག་སྒྲིལ་སྐབས་ Sacremento ནང་དུ་ California མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐུག་འཕྲད་གནང་གཏན་ཁེལ་ཡོད་པ་དང་། གོ་སྐབས་དེ་དང་བསྟུན་མངའ་སྡེའི་གྲོས་ཚོགས་གོང་འོག་གི་འཐུས་མི་གང་མང་དང་མཇལ་འཕྲད་ཞུས་ནས་བོད་དོན་ཞུ་གཏུག་གནང་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པར་གསུངས་སོང་། རྩ་བའི་སྔ་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་རིམ་ ༡༩ དེ་ཐོག་མར་ཁྱབ་བརྡལ་བྱུང་སྟེ་རྒྱ་གར་དང་ཨ་རི་གཙོ་གྱུར་འཛམ་གླིང་ཁྱོན་ཡོངས་ལ་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་ཕོག་པ་དང་འབྲེལ། རྒྱལ་སྤྱིའི་རྒྱལ་ཁབ་མང་དག་ཅིག་ནས་རྒྱ་ནག་ལ་གཟིགས་ཕྱོགས་མི་ལེགས་པ་ཆེ་རུ་ཕྱིན་ཡོད་པ་མ་ཟད་དེས་ཀྱང་རྒྱལ་ཁབ་མང་པོས་རྒྱ་ནག་དང་འབྲེལ་ལམ་སྡུག་ཏུ་བཏང་ཡོད་པ་རེད། ཨ་རི་དང་སུད་སི། ཁེ་ན་ཌ། རྒྱ་གར་སོགས་འཛམ་གླིང་རྒྱལ་ཁབ་གང་སར་ཡོད་པའི་བོད་མི་སྒེར་དང་ཚོགས་པ་ཁག་ནས་རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་རག་ཐབས་ཆེད་དུ་རྐང་འཁོར་སྐོར་སྐྱོད་དང་གོམ་བགྲོད་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་ལྟར་ཉེ་ཆར་ཁེ་ན་ཌ་ནང་དུ་བོད་མི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་༸སྐུའི་འཁྲུངས་སྐར་ཉིན་མོར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་པ་དེ་འཇུག་སྒྲིལ་གནང་ཡོད་པ་རེད།

ཨ་རིའི་གཞུང་གིས་སླར་ཡང་རྒྱ་ནག་གི་བཟོ་ལས་ཁང་༡༤ ཐོ་གཞུང་ནག་པོའི་ནང་བཅུག་འདུག

ཨ་རིའི་གཞུང་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དམ་དྲག་སྔར་ལྷག་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས། སླར་ཡང་རྒྱ་ནག་གི་བཟོ་ལས་ཁང་བཅུ་བཞི་ཐོ་གཞུང་ནག་པོའི་ནང་བཅུག་འདུགདེ་ཡང་ཨ་རིའི་ CNBC གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས ༩ ཉིན། ཨ་རིའི་གཞུང་གི་ཚོང་ལས་སྡེ་ཚན་གྱིས་རྒྱ་ནག་གི་བཟོ་ཚོང་ཁང་༡༤ ཡིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རྒྱ་ནག་གི་དྲག་གནོན་གྱི་དྲིལ་བསྒྲགས་རིགས་ལག་བསྟར། དེ་བཞིན་ཡུ་གུར་མི་མང་བཀག་སྐྱིལདང་ཀ་རྫཀི་སོགས་ཀྱི་མཚོན་པའི་ཁ་ཆེ་གྲགས་ཉུང་མི་མང་ལ་འཕྲུལ་ལས་ཀྱི་གསང་ཞིབ་སོགས་བྱེད་བཞིན་པ་དང་འབྲེལ་ནས་ཐོ་གཞུང་ནག་པོའི་ནང་དུ་བཅུག་ཡོད་པར་འགྲེལ་བརྗོད་གནང་འདུག ཐེངས་འདིར་ཨ་རིའི་ངོས་ནས་བཀག་འགོག་བྱས་པའི་བཟོ་ཚོང་ཁང་དེ་དག་གི་ནང་དུ། འཕྲུལ་ལས་རིགས་ཀྱི་བཟོ་ཚོང་ཁང་དང་བརྡ་འཕྲིན་བཟོ་ལས་སོགས་ཀྱི་མཚོན་པའི་ཤིན་ཅང་གི་ Lianhai Chuangzhi ཞེས་པའི་བརྡ་འཕྲིན་འཕྲུལ་ལས་ཁང་དང་། ཧྲིན་ཀྲུན་གྱི་ Cobber བརྡ་འཕྲིན་ཁང་དང་ Hua’antai  ཞེས་པའི་གསང་ཞིབ་འཕྲུལ་ལས་ཁང་། དེ་བཞིན་པེ་ཅིང་གི་ Sailing བརྡ་འཕྲིན་ཁང་དང་ཁྲིན་ཏོའུ་ Xiwu བདེ་འཇགས་ལམ་ལུགས་ཀྱི་མཉམ་ལས་ཁང་སོགས་ཡིན་འདུག ཨ་རིའི་ཚོང་ལས་སྡེ་ཚན་གྱི་དྲུང་ཆེ་ Gina Raimondo ལགས་ཀྱིས་བསྒྲགས་གཏམ་གྱི་ནང་དུ་གསུངས་བ་ལྟར་ན། ཨ་རིའི་ཚོང་ལས་སྡེ་ཚན་གྱིས་རྒྱ་ནག་གིས་ཤིན་ཅང་གི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དང་། དེ་བཞིན་ཨ་རིའི་འཕྲུལ་རིགས་བེད་སྤྱོད་ཀྱིས་རྒྱ་ནག་གི་དམག་སྟོབས་དེང་རབས་ཅན་ཏུ་བསྒྱུར་བའི་རྩོད་འདོན་སོགས་ལ་བློ་ཐག་རྦབ་ཆོད་ཀྱིས་ལངས་ཕྱོགས་འཁྲེགས་པོ་འཛིན་རྒྱུ་ཡིན་ལུགས་གསལ་འདུགཨ་རིའི་སྲིད་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་ཐོ་གཞུང་ནག་པོའི་ནང་དུ་བཅུག་པ་དང་འབྲེལ་ནས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ། Wang Wenbin ཟེར་བས་རྒྱ་ནག་གིས་ངོས་ནས་ཐབས་ཤོས་ཡོད་རྒུ་བཏོན་ནས་བཟོ་ཚོང་ཁང་དེ་དག་གི་ཁྲིམས་མཐུན་གྱི་ཐོབ་ཐང་དང་བཟོ་ལས་ཁང་གི་དགོས་འདུན་སོགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཚུལ་དང་སྦྲགས།  ཨ་རིའི་ངོས་ནས་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་ཐེ་གཏོགས་བྱས་པ་དེར་ངོས་ལེན་མེད་ཅེས་དགག་གཞག་བྱས་འདུགགཞི་རྩའི་ཨ་རིའི་ཚོང་ལས་སྡེ་ཚན་གྱིས་རྒྱ་ནག་གི་བཟོ་ཚོང་ཁག་ལ་བཀག་སྡོམ་བྱས་པའི་ནང་དུ་བཟོ་ལས་ཁང་ ༣༤་ཚུད་ཡོད་པ་དང་། དེ་དག་ལས་ཁག་ཅིག་ཨུ་རུ་སུ་དང་ཨེ་རན་སོགས་སུ་ཨ་རིའི་ཡོ་ཆས་ཕྱིར་ཚོང་བྱེད་མཁན་དང་། གཞན་ལྔ་ནི་རྒྱ་ནག་གི་དམག་སྟོབས་དེང་རབས་ཅན་ཏུ་བསྒྱུར་རྒྱུའི་ལས་གཞི་དང་ཐད་ཀར་འབྲེལ་བ་ཡོད་མཁན་མ་ཟད། གཞན་ཁག་གཅིག་ནི་ཨ་རིའི་གཞུང་གིས་ཐོ་གཞུང་ནག་པོའི་ནང་བཅུག་ཟིན་པའི་ཚོང་ལས་ཁང་ལ་ཕྱིར་ཚོང་གི་མཐུན་སྦྱོར་བྱེད་མཁན་གྱི་བཟོ་ཚོང་ཁག་ཆགས་ཡོད་པར་འཁོད་འདུག འོན་ཀྱང་། རྒྱ་ནག་གིས་དུས་རྒྱུན་ནས་ཤིན་ཅང་མི་མང་བཀག་སྐྱིལ་དང་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པ་དེ་ནི་ཤིན་ཅང་གི་ཁ་བྲལ་བ་དང་འཇིགས་སྐུལ་བ་རྣམས་སྟངས་འཛིན་བྱེད་ཐབས་ཤིག་དང་། བཀག་སྐྱིལ་བྱེད་དོན་ནི་ཁ་ཆེ་བ་རྣམས་ཀྱིས་རྒྱ་ནག་ཧན་མི་རིགས་དང་ཁ་ཆེ་བ་རྣམས་ཀྱི་བར་དུ་དབྱེན་དཀྲུག་མི་སློང་བའི་ཆེད་དུ་ཡིན་ཚུལ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་ཨ་རིའི་བྷེ་ཊན་སྲིད་གཞུང་གི་བྱེད་བབ་དེ་ནི་རྒྱ་ནག་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་གདོང་ལེན་གནང་རྒྱུར་དམིགས་པ་ཞིག་ཡིན་པ་དང་། དེ་སྔ་ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་སྲིད་འཛིན་ཟུར་བ། སྐུ་ཞབས་ Trump འཛིན་སྐྱོང་གིས་ཀྱང་རྒྱ་ནག་གི་གསང་ལས་དང་འབྲེལ་བའི་བཟོ་ལས་ཁང་ཆེ་གྲས་ཁག་ཅིག་ཐོ་གཞུང་ནག་པོའི་ནང་དུ་བཅུག་ཡོད་པ་རེད། སྤྱིར་ཨ་རིའི་ཐོ་གཞུང་ནག་པོའི་ནང་བཅུག་ཟིན་པའི་ཚོང་ལས་ཁང་རྣམས་ཀྱིས་ཨ་རི་དང་ཚོང་ལས་བྱེད་པར་ཨ་རིའི་ཚོང་ལས་སྡེ་ཚན་ནས་ཆོག་མཆན་ཞུ་དགོས་པ་མ་ཟད། དྲི་རྩད་རིམ་པ་མང་པོ་བརྒྱུད་དགོས་སྟབས། ཐེངས་འདིར་བཀག་འགོག་བྱས་པའི་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་ལ་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་མངོན་གསལ་གནང་འདུག  

 ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གི་སང་ལོའི་ཨོ་རྩལ་ལ་འཛུལ་ཞུགས་མི་བྱེད་རྒྱུའི་ཚད་མཐོའི་གྲོས་ཆོད་བཞག་འདུག

ཁ་སང་ཡུ་རོབ་གྲོས་ཚོགས་ཀྱི་དབུས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་སྒོས་སུ་ཧོང་ཀོང་དང་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ། དེ་བཞིན་བོད་དང་སོག་པོ་སོགས་སུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གོང་འཕེལ་མ་ཕྱིན་བར་དུ་ཡུ་རོབ་ཁུལ་གྱི་དཔོན་རིགས་ཁག་དང་ཁུལ་དེའི་ལྟེ་གནས་འདྲ་མིན་གྱི་འཐུས་ཚབ་རྣམས་ཀྱིས་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་འབོད་རྩིས་མེད་ཀྱིས་མཉམ་ཞུགས་མི་གནང་བའི་གྲོས་འཆར་ཞིག་བཞག་གནང་འདུག གཞི་རྩའི་ཁ་སང་གི་གྲོས་འཆར་དེར་འདས་བའི་ཉིན་གཉིས་ཀྱི་ནང་དུ་གྲོས་ཚོགས་ཀྱི་དབུས་སུ་བགྲོ་གླེང་རིམ་པ་བྱས་ཏེ་གྲོས་འཆར་གྱི་མ་ཟིན་གྲ་སྒྲིག་གནང་བ་ལྟར། ཁ་སང་གྲོས་ཚོགས་འཐུས་མི་༥༧༨ གྱིས་ཆོས་འཆར་དེར་རྒྱབ་སྐྱོར་དང་༢༩ ཡིས་དགག་གཞག་བྱས་པ་བརྒྱུད་ནས་ཡུ་རོབ་རྒྱལ་ཁོངས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་བྱེད་རྒྱུ་མིན་པའི་གྲོས་འཆར་དེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་འདུག དེ་རིང་ France 24 ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཐེངས་འདིར་ཡུ་རོབ་ཀྱི་གྲོས་ཚོགས་དབུས་སུ་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་བྱེད་རྒྱུ་མིན་པའི་གྲོས་ཆོད་བཞག་པ་དེ་ནི་ཡུ་རོབ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་མཚོན་རྟགས་ཤིག་ཡིན་པར་ལུང་འདྲེན་གྱིས། དེ་སྔོན་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་དཔོན་རིགས་ཁག་ཅིག་རྒྱ་ནག་དང་ཡུ་རོབ་ཏུ་འགྲོ་སྐྱོད་བཀག་སྡོམ་གྱི་གནད་དོན་བྱུང་སྟེ་ཕན་ཚུན་ལ་སྙིང་ནད་རྩོད་རེས་བྱས་ཡོད་པར་མངོན་གསལ་གནང་བ་མ་ཟད། ཡུན་རིང་ནས་གྲོས་བསྡུར་བྱས་པའི་ཚོང་དོན་གྱི་མ་འཛུགས་གནས་བབ་དེ་ཡང་ཡོངས་སུ་འགག་ཡོད་པར་འགྲེལ་བརྗོད་གནང་འདུགདེ་བཞིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Zhao Lijian གྱིས་ཀྱང་ཡུ་རོབ་གྱི་གྲོས་འཆར་དེ་དང་འབྲེལ་ནས་ལན་འདེབས་བྱས་པའི་ནང་དུ། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་བའི་ཆེད་འཕྲལ་དུ་ནོར་འཁྲུལ་རང་བཞིན་གྱི་གྲོས་ཆོད་དེ་བསྐྱར་བཅོས་བྱེད་དགོས་བའི་སྐུལ་མ་བྱས་ཡོད་པ་དང་དེ་བཞིན་རྒྱ་ནག་གི་ཧོང་ཀོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཐེངས་འདིར་ཡུ་རོབ་གྲོས་ཚོགས་སུ་མང་མོས་ཀྱི་གྲོས་ཆོད་བཞག་པ་དེ་ནི་ཆབ་སྲིད་ཀྱི་གཡོ་སྒྱུ་རང་བཞིན་ཞིག་དང་རྒྱལ་ཁབ་ཕྱོགས་གཉིས་ལ་ཁེ་ཕན་ལྡན་པའི་མཉམ་འབྲེལ་ལ་བཀག་རྒྱ་བཟོས་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག གཞན་ཡང་གསར་ཁང་གིས་ཐེངས་འདིའི་ཡུ་རོབ་ཀྱི་གྲོས་ཆོད་དེར་ཡུ་རོབ་རྒྱལ་ཁབ་འཇར་མན་དང་ཧྥ་རིན་སི་སོགས་ཀྱི་གཙོ་རྒྱུགས་ཀྱི་ཆབ་སྲིད་ཚོགས་པའི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དང་འབྲེལ་ནས། གྲོས་ཆོད་དེའི་ནང་དུ་གཙོ་བོ་རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་གྱིས་མི་མང་གི་གཞི་རྩའི་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་དང་། དེ་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་ Apple Daily ཞེས་པའི་གསར་ཁང་བཀག་སྡོམ་གྱིས་དེར་འབྲེལ་གྱི་ལས་ཀྱི་སྣེ་མོ་བ་རྣམས་འཛིན་བཟུང་བྱས་པར་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་མ་ཟད། ཐེངས་འདིའི་གྲོས་ཆོད་བརྒྱུད་ནས་བསྐྱར་དུ་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ཡུ་རོབ་ཏུ་ཡོང་རྒྱུར་བཀག་སྡོམ་དགོས་བ་སོགས་ཀྱི་དོན་ཚན་ཁག་ཅིག་འཁོད་ཡོད་པར་གསལ་འགྲེལ་གནང་འདུག གཞི་རྩའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་གཞིགས་ནས། ཨ་རི་དང་དབྱིན་ཡུལ་གྱི་གྲོས་ཚོགས་ནང་དུ་རྒྱ་ནག་ཏུ་བསྡུ་རྒྱུའི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་བྱེད་དགོས་བའི་གྲོས་འཆར་ཡང་བཏོན་ཡོད་པ་ལྟར། ད་ཆ་བོད་རིགས་དང་ཡུ་གུར་བ། དེ་བཞིན་ཧོང་གོང་དང་ནང་སོག་མི་མང་གིས་གོ་སྐབས་ནམ་ཤར་ལ་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་གཞི་རྩའི་ཆ་རྐྱེན་ཚང་མེད་པའི་སྐྱོན་བརྗོད་དང་ལས་འགུལ་སྣ་མང་སྤེལ་མུས་ཡིན་པ་རེད།

བལ་གཞུང་གིས་སྐྱབས་བཅོལ་བོད་མིར་སྲུང་སྐྱོབ་གནང་རྒྱུ་ངོས་ལེན་གནང་མེད་པར་སྐྱོན་བརྗོད།  

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཐོག་བལ་ཡུལ་གཞུང་ནས་ཡུལ་དེའི་ནང་གི་བོད་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་རྒྱལ་ཚོགས་ཀྱི་ལམ་སྟོན་གནང་དོན་ལྟར་ངོས་ལེན་གནང་མེད་པར་སྐྱོན་བརྗོད་གནང་འདུགདེ་རིང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་མཇུག་སྒྲིལ་གནང་གི་ཡོད་པ་དང་བསྟུན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མཐུན་ཚོགས་སམ་ International Federation for Human Rights དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་བར་འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་གནང་སྐབས་སུ་རྒྱལ་ཚོགས་ཀྱི་ངོས་ནས་བལ་ཡུལ་གཞུང་ལ་ཡུལ་དེའི་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ལམ་སྟོན་ཁག་ཅིག་ཆེད་བཏོན་གནང་ཡོད་པ་དེ་ལྟར་ནའང་བལ་ཡུལ་གཞུང་ནས་རྒྱལ་ཚོགས་ཀྱི་ལམ་སྟོན་དེ་དག་ལ་ངོས་ལེན་གནང་མེད་པར་སྐྱོན་བརྗོད་གནང་འདུགབསྒྲགས་གཏམ་ནང་འཁོད་པར་བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་བོད་མིར་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་གསལ་འདོན་དང་འབྲེལ་ཏེ་བལ་ཡུལ་གཞུང་གིས་ད་བར་བལ་ཡུལ་ནང་གནས་སྡོད་བོད་མི་ཉིས་ཁྲི་ལྷག་ཡོད་པ་དེ་དག་ལ་ཐོ་འགོད་དང་བདེན་པ་ཁུངས་སྐྱེལ་ཐོག་ངོས་འཛིན་ཡིག་ཆ་མཁོ་སྤྲོད་གནང་རྒྱུ་མཚོན་པའི་ངོ་སྤྲོད་རྒྱབ་གཉེར་གནང་རྒྱུར་ཁས་ལེན་གནང་མེད་པ་དང་རྒྱུ་མཚན་འདིར་བརྟེན་བོད་མི་དེ་དག་ལ་ཡུལ་ཁྲིམས་ནང་གསལ་བའི་ཤེས་ཡོན་དང་ཕྱག་ལས། སྨན་པ་དང་གཞུང་གི་ཕྱག་ལས་སོགས་གནང་རྒྱུའི་ཐོབ་ཐང་མེད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་མེད་པར་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་མི་རྣམས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་བཞིན་པ་དེས་ཁོང་ཚོའི་ཚེ་སྲོག་ལ་ཉེན་ཁ་ཆགས་ཀྱི་ཡོད་པ་དང་འདང་ངེས་མེད་པའི་ཁྲིམས་ཀྱི་གནས་བབས་འོག་མང་ཚོགས་རྣམས་ནག་ཉེས་ཀྱི་ཡུལ་དུ་བསྒྱུར་སླ་བ་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བརྡལ་གཤིག་གཏོང་སླ་བ་ཆགས་ཀྱི་ཡོད་པར་ལུང་འདྲེན་གནང་སྟེ་ད་ཆ་ཡིག་ཆ་མ་འདང་བ་འདི་ནི་བོད་མི་སྐྱབས་བཅོལ་བར་འཕྲད་བཞིན་པའི་དཀའ་ངལ་དག་གི་རྩ་བ་དེ་ཆགས་ཀྱི་ཡོད་པར་མངོན་གསལ་གནང་འདུགསྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྡེ་ཚན་གྱི་འགན་ཁུར་བཞེས་མཁན་སྐུ་ཞབས་ Kai Muller ལགས་ཀྱིས་རྒྱལ་ཚོགས་ཀྱི་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བསྐྱར་ཞིབ་སྐབས་སུ་རྒྱལ་ཚོགས་ཀྱིས་བཏོན་པའི་ལམ་སྟོན་གྱི་དོན་ཚན་ཁག་ལ་བལ་ཡུལ་གཞུང་ནས་ངོས་ལེན་མ་གནང་པ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་བློ་འཚབ་ཆེན་པོ་བཟོས་ཡོད་སྐོར་གསུངས་ཏེ་བལ་ཡུལ་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་གིས་བལ་ཡུལ་ནང་ཡུན་རིང་བཞུགས་པའི་བོད་མི་དང་དེ་བཞིན་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་མི་རྣམས་ཀྱི་ཚེ་སྲོག་སྐྱོབ་སླད་ཐབས་ལམ་འཚོལ་རྒྱུར་ཁས་ལེན་ཞུ་དགོས་པའི་འབོད་སྐུལ་གནང་འདུག དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Adilur Rahman Khan ལགས་ཀྱིས་རྒྱལ་ཚོགས་ཀྱི་ལམ་སྟོན་ནང་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ཡུལ་དེར་བཞུགས་འཐུས་གནང་བར་བསྔགས་བརྗོད་གནང་ཡོད་ཀྱང་དེ་ཙམ་གྱིས་འདང་གི་མེད་ཅིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལྟར་སྐྱབས་བཅོལ་བ་བཞུགས་འཇུག་པར་ངེས་པར་དུ་ཁོང་ཚོའི་བདེ་འཇགས་ཐོག་འགན་ལེན་བྱེད་དགོས་ཀྱི་ཡོད་པར་ནན་བརྗོད་གནང་བ་མ་ཟད་བལ་ཡུལ་གཞུང་གིས་ཛ་དྲག་ཐོག་ནས་གོམ་པ་མདུན་སྤོས་ཀྱིས་བོད་མི་རྣམས་ཀྱི་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ་དང་བརྩི་སྲུང་ཞུ་དགོས་སྐོར་གསུངས་འདུགགོང་ཞུས་ཚོགས་པ་གཉིས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་བལ་ཡུལ་ནང་ཡོངས་གྲགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དགོངས་ཚུལ་གསུངས་པ་དང་ཡང་ན་བོད་རྒྱལ་ཁབ་མཚོན་པའི་དངོས་པོ་འགྲེམས་སྟོན་དང་ཆབ་སྲིད་ཀྱི་བྱེད་སྒོ་སྤེལ་མཁན་བོད་མི་དག་གང་བྱུང་དུ་འཛིན་བཟུང་དང་སུན་གཙེར་བཟོ་བཞིན་ཡོད་པ་མ་ཟད། བོད་མི་དག་ལ་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དུས་སྟོན་སྲུང་བརྩི་ཞུ་རྒྱུར་དམིགས་བསལ་དམ་དྲག་གིས་ད་ཆ་མང་ཚོགས་འདུ་འཛོམས་སོགས་ཀྱང་མུ་མཐུད་བཀག་སྡོམ་བྱེད་བཞིན་པར་ཆེས་བཏོད་གནང་འདུགརྒྱལ་ཚོགས་ཀྱིས་ཆེད་དུ་བཏོན་པའི་ལམ་སྟོན་དེས་བལ་ཡུལ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བོད་ནས་བྲོས་བྱོལ་དུ་ཕེབས་པའི་བོད་མི་རྣམས་བཙན་དབང་གིས་རྒྱ་གཞུང་གི་དབང་སྒྱུར་འོག་ ཕྱིར་ལོག་གནང་མི་ཆོག་པའི་རྩ་དོན་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་བ་དང་དེ་བཞིན་བལ་ཡུལ་གཞུང་གིས་བོད་མི་རྣམས་དང་ཡུལ་དེའི་གྲངས་ཉུང་མི་རིགས་རྣམས་ལ་རོགས་རམ་མི་གནང་བའི་རྩ་ཁྲིམས་ལ་བསྒྱུར་བཅོས་དགོས་པའི་སྐུལ་མ་གནང་ཡོད། འོན་ཀྱང་བལ་ཡུལ་གཞུང་གིས་ལམ་སྟོན་དེའི་ནང་ནས་ཁག་ཅིག་ངོས་ལེན་གནང་ཡོད་པ་དེ་དག་ལག་བསྟར་གནང་ཚེ་ད་ཆ་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་རྣམས་ལ་འཕྲད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཁག་ཅིག་ཉུང་དུ་འགྲོ་རྒྱུ་ཡིན་པར་འགྲེལ་བརྗོད་གནང་འདུག་པ་མ་ཟད། ལམ་སྟོན་བོད་མི་རྣམས་ཀྱི་གཏམ་བརྗོད་དང་ཞི་མཐུན་འདུ་འཛོམས་ཀྱི་རང་དབང་། གཞན་ཡང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་བཅས་སྲུང་སྐྱོབ་གནང་རྒྱུ་བཅས་ཚུད་ཡོད་པ་རེད། གཞི་རྩའི་བལ་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་ཆེར་སོང་བའི་རྗེས་སུ་བོད་མི་རྣམས་ནས་རྒྱ་ནག་ལ་ངོ་རྒོལ་གནང་རྒྱུའི་ལས་འགུལ་དག་ལ་བཀག་སྡོམ་བྱས་པ་དང་དེ་བཞིན་ཆོས་ལུགས་དང་རིག་གཞུང་དང་འབྲེལ་བའི་མཛད་སྒོ་ཁག་ལའང་བཀག་འགོག་བྱེད་ཀྱི་ཡོད་པ་རེད། སྤྱིར་དེང་སྐབས་བལ་ཡུལ་དུ་གནས་སྡོད་གནང་མཁན་བོད་མི་ཉིས་ཁྲི་ཙམ་ཡོད་པར་ཚོད་དཔག་གནང་བཞིན་ཡོད།

བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཞེས་སྲུང་བརྩི།

ཁེ་ན་ཌའི་ཨོན་ཊ་རོའི་མངའ་སྡེར་ལོ་ལྟར་༸སྐུའི་འཁྲུངས་སྐར་གྱི་ཟླ་བ་སྟེ་ཕྱི་ཟླ་ ༧ པ་དེ་ Tibetan Heritage Month བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཞེས་སྲུང་བརྩི་ཞུ་རྒྱུ་གཏན་འབེབས་གནང་དོན་ལྟར་འདི་ལོར་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཐེངས་དང་པོ་དེ་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།གཞི་རྩའི་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཞེས་སྲུང་བརྩི་ཞུ་རྒྱུ་བྱུང་བ་དེ་ནི་སྔ་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༩ ནང་ལ་ཁེ་ན་ཌའི་ཨོན་ཊ་རོའི་མངའ་སྡེའི་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་བོད་ཀྱི་སྐྱེས་མ་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་ཡུལ་དེའི་གྲོས་ཚོགས་སུ་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཞེས་སྲུང་བརྩི་ཞུ་རྒྱུ་དང་འབྲེལ་བའི་ཁྲིམས་འཆར་ཞིག་ཆེད་འདོན་གནང་བར་གྲོས་ཚོགས་འཐུས་མི་རྣམ་པས་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་ཐོག་གཏན་འབེབས་གནང་བ་ཞིག་ཡིན་པ་རེད། སྐབས་དེར་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་ཕྱི་ཟླ་བདུན་པ་འདི་ཁེ་ན་ཌའི་ཆེས་མཐོའི་མི་སེར་ཡིན་པ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཚིགས་ཁྱད་པར་ཅན་དང་བསྟུན་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་བ་ནི་བོད་མི་རིགས་ཀྱི་སོར་ཆུད་ཀྱི་མཚོན་རྟགས་ཤིག་ཆགས་ཀྱི་ཡོད་པར་གསུངས་ཡོད། འདི་ག་རླུང་འཕྲིན་ཁང་གིས་ད་རེས་ཁེ་ན་ཌའི་ཨོན་ཊ་རོའི་མངའ་སྡེར་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཐེངས་དང་པོ་དེ་སྲུང་བརྩི་ཞུ་བཞིན་པ་དང་འབྲེལ་ཏེ་བུ་འཁྲིད་དཀར་པོ་ཆེ་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ང་ཚོ་བོད་པ་རྣམས་ཕྱིའི་ལུང་པ་འདྲ་མིན་ནང་གནས་བཞིན་ཡོད་སྟབས་སོ་སོའི་མི་རིགས་ཀྱི་ངོ་བོ་མ་བརླག་པ་གནང་གལ་ཏུ་ངོས་འཛིན་ཐོག་ས་གནས་ཨོན་ཊ་རོའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཡིན་པའི་དབང་ཚད་དང་། ལྷག་པར་དུ་དོ་བདག་རང་ཉིད་བོད་པ་ཞིག་ཀྱང་ཡིན་པའི་འགན་ཆགས་ཀྱི་ཡོད་པར་བརྟེན་ས་གནས་སུ་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་སྲུང་བརྩི་ཞུ་ཐུབ་སླད་ལོ་གཅིག་ལྷག་གི་རིང་སྐུ་ལས་སྐྱོན་སྐོར་དྲན་གསོ་གནང་སོང་། ཁོང་ནས་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཞེས་པ་དེ་གྲོས་ཚོགས་ནས་གཏན་འབེབས་ཟིན་པའི་ཁྲིམས་ཤིག་ཆགས་ཀྱི་ཡོད་སྟབས་ས་གནས་གཞུང་ནས་བོད་པའི་མི་རིགས་དང་རིག་གཞུང་ལ་ཆེ་མཐོང་དང་ངོས་འཛིན་ཡོད་པའི་མཚོན་རྟགས་ཤིག་ཀྱང་ཆགས་ཡོད་པ་དང་། བོད་མིའི་ངོས་ནས་གོ་སྐབས་འདི་དམ་འཛིན་གནང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད། ད་རེས་ཁེ་ན་ཌའི་ཨོན་ཊ་རོའི་མངའ་སྡེའི་ནང་དུ་ཆེས་ཐོག་མ་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་སྲུང་བརྩི་དང་འབྲེལ་བའི་ལས་རིམ་ཐོག་མ་དེ་ཕྱི་ཚེས་ ༤ ཉིན་དྲྭ་ཐོག་བརྒྱུད་གནང་ཡོད་པ་ལྟར་སྐབས་དེར་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་དང་ཨོན་ཊ་རོའི་མངའ་སྡེའི་གྲོས་ཚོགས་འཐུས་མི་བོད་ཀྱི་སྐྱེས་མ་བུ་འཁྲིད་དཀར་པོ་ཆེ་ལགས་གཙོས་ས་གནས་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་སོགས་ནས་བོད་མཐོ་སྒང་ནས་ཨོན་ཊ་རོ་བར་ཞེས་པའི་བརྗོད་གཞི་འོག་ཁེ་ན་ཌ་དང་བོད་མིའི་དབར་གྱི་འབྲེལ་བའི་བྱུང་རིམ་དང་ས་གནས་བོད་རིགས་ཚོགས་པ་ཁག་གི་ལོ་རྒྱུས་སོགས་ཀྱི་ཐོག་ལ་གླེང་མོལ་གནང་འདུག གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་ཚེ་རིང་དབང་རྒྱལ་ལགས་སུ་ཞལ་པར་བརྒྱུད་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་སྲུང་བརྩི་དང་འབྲེལ་མཛད་རིམ་སྐོར་རྒྱུས་ལོན་ཞུས་པའི་སྐབས་སུ་ཁུལ་དེར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཐུགས་འགན་བཞེས་པའི་ཐོག་བོད་ཀྱི་རིག་གཞུང་དང་འབྲེལ་བའི་མཛད་རིམ་སྣ་མང་ཞིག་གོ་སྒྲིག་གནང་རྒྱུ་དང་། ལྷག་དོན་ཟླ་ ༧ ཚེས་ ༡༠ ཉིན་གངས་ལྗོངས་ཆོས་ལྡན་གླིང་གིས་གོ་སྒྲིག་ཐོག་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་འབྲེལ་བའི་མཛད་རིམ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཕྱི་ཚེས་ ༡༩ ནས་ ༢༣ བར་གློག་བརྙན་གཟིག་འབུལ་གྱི་མཛད་རིམ་ཞིག་ཀྱང་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད། དེ་བཞིན་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ཚེས་ ༢༦ ནས་ ༣༠ བར་ཡར་ཐོན་ཚོང་ལས་གཉེར་བཞིན་པའི་བོད་པའི་གཞོན་སྐྱེས་ཁག་ཅིག་དང་གླེང་མོལ་གྱི་ལེ་ཚན་དང་། ཨོན་ཊ་རོའི་ས་གནས་བེུད་ལྷན་ཚོགས་དང་ས་གནས་མདོ་མདོ་ཁམས་ཆུ་བཞི་སྒང་དྲུག་གཉིས་ཀྱིས་ཕྱི་ཚེས་ ༡༤ རེས་གཟའ་ལྷག་པ་ལྷག་དཀར་དང་བསྟུན་བོད་ཆོལ་ཁ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཆས་གོས་འགྲེམས་སྟོན་དང་གཞས་སྣ་འཁྲབ་སྟོན་སོགས་ཀྱི་མཛད་རིམ་གོ་སྒྲིག་ཞུ་འཆར་འདུག གཞི་རྩའི་ཁེ་ན་ཌའི་རྒྱལ་ཁབ་དེ་ནི་བོད་མི་ཚོར་སྐྱབས་བཅོལ་གྱི་རོགས་གནང་མཁན་ཕྱིའི་རྒྱལ་ཁབ་ཐོག་མའི་གྲས་ཤིག་ཡིན་པ་དང་དེའི་ནང་ནས་ཡུལ་དེའི་ཨོན་ཊ་རོའི་མངའ་སྡེ་ལྟ་བུར་མཚོན་ན་ཁེ་ན་ཌ་ནང་བོད་མི་ཐོག་མ་འབྱོར་སའི་ས་ཚིགས་ཤིག་ཡིན་པ་མ་ཟད་ད་ལྟའི་ཆ་ལ་མངའ་སྡེ་དེའི་ནང་ཁྱོན་བོད་མི་དྲུག་སྟོང་ལྷག་གནས་སྡོད་བྱེད་བཞིན་ཡོད་པ་རེད། མངའ་སྡེ་དེའི་གྲོས་ཚོགས་ནས་ཕྱི་ཟླ་བདུན་པ་འདི་བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་ཞེས་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་གནང་བ་ནི་ད་བར་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་ཕྱིའི་རྒྱལ་ཁབ་ཅིག་ནས་བོད་ཀྱི་མི་རིགས་དང་རིག་གཞུང་ལ་ཆེ་མཐོང་དང་སྦྲགས་ལོ་ལྟར་སྲུང་བརྩི་ཞུ་རྒྱུའི་དུས་ཚིགས་ཤིག་ཁྲིམས་ཐོག་ནས་གཏན་འབེབས་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གི་དགུན་དུས་ཨོ་རྩལ་ལ་འཛུལ་ཞུགས་མི་བྱ་རྒྱུའི་གྲོས་འཆར་འཇོག་འཆར།

རྒྱ་ནག་གཞུང་གིས་ཧོང་ཀོང་མང་ཚོགས་ཀྱི་རང་དབང་ལ་རྡོག་རོལ་དང་ལྷག་པར་ཉེ་ལམ་ཁུལ་དེའི་ནང་གི་ Apple Daily ཞེས་པའི་གསར་ཁང་བཙན་དབང་གི་སྒོ་རྒྱག་ཏུ་བཅུག་པའི་གནད་དོན་དང་འབྲེལ། དེ་རིང་ཡུ་རོབ་གྲོས་ཚོགས་ནང་འདི་ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་བྱེད་རྒྱུ་མིན་པ་དང་། དེ་བཞིན་ཧོང་ཀོང་གི་འབྲེལ་ཡོད་ཆེས་མཐོ་དཔོན་རིགས་ཁག་ཅིག་ལ་ཁུལ་དེའི་སྤྱི་ཚོགས་རང་དབང་ལ་དོ་ཕོག་བཏང་བའི་ཉེས་མིང་འོག་ཡུ་རོབ་ཁུལ་དུ་འགྲོ་སྐྱོད་བཀག་འགོག་དགོས་པའི་གྲོས་ཆོད་ཞིག་འཇོག་རྒྱུ་རེད་འདུགདེ་ཡང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུ་རོབ་ཀྱི་གྲོས་ཚོགས་དབུས་སུ་ཁ་སང་དང་ཁ་ཉིན་ཉིན་གཉིས་ཀྱི་རིང་ལ་གྲོས་ཆོད་གྲོས་འཆར་དེའི་མ་ཟིན་གྲ་སྒྲིག་གནང་ཡོད་པ་དང་། ཡུ་རོབ་ཀྱི་མཐུན་ཚོགས་དང་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་སུ་འབུལ་འཆར་ཡོད་པའི་གྲོས་ཆོད་གྲོས་འཆར་དེ་མང་མོས་ཀྱི་གཏན་འབེབས་ཐུབ་པའི་ཚོད་དཔག་གནང་བཞིན་འདུག ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་མཐོང་བའི་གྲོས་འཆར་གྱི་མ་ཟིན་ནང་དུ།  ཡུ་རོབ་གྲོས་ཚོགས་ཀྱིས་ཡུ་རོབ་མཐུན་ཚོགས་ལ་ཞུ་སྐུལ་གྱིས་ཧོང་ཀོང་གི་མཐོ་རིམ་དཔོན་རིགས་ཁག་གཅིག་ཡུ་རོབ་ཏུ་འགྲོ་སྐྱོད་བཀག་སྡོམ་གྱི་ཐོ་གཞུང་གཏན་འབེབས་གནང་བའི་ནང་དུ། ཧོང་ཀོང་གི་གྲོང་ཁྱེར་སྤྱི་ཁྱབ་པ། Carrie Lam Cheng  དང་། ཁྲིམས་ཁང་གི་དྲུང་ཆེ། Teresa Cheng དང་གཞན་ཡང་བདེ་འཇགས་དྲུང་ཆེ་ Chris Tang དང་ཉེན་རྟོག་ཁང་གི་འགོ་གཙོ་ཟུར་བ། Stephen Lo དང་སྤྱི་ཁྱབ་དྲུང་ཆེ་ John Lee Ka-chiu་སོགས་ཀྱི་མཚོན་པའི་མི་དྲུག་གི་མཚན་གཞུང་བཀོད་ཡོད་པ་མ་ཟད། དེ་བཞིན་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་དང་འབྲེལ་བའི་ Zheng Yanxiong ཟེར་བ་དང་།  Xia Baolong དང་ Zhang Xiaoming ཟེར་བ་སོགས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་གི་ཀྱང་ཡུ་རོབ་ཁུལ་དུ་འགྲོ་སྐྱོད་བཀག་སྡོམ་གྱི་ཐོ་གཞུང་དུ་གསལ་ཡོད་པར་ཡོངས་གྲགས་གནང་འདུག ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་འཆར་གྱི་མ་ཡིག་གི་ནང་དུ་དབྱིན་ཡུལ་དང་ཨོ་གླིང་། དེ་བཞིན་ཁ་ན་ཊ་སོགས་ཀྱིས་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་སོགས་ཀྱི་མྱུར་སྐྱོབ་ཀྱིས་ཁུལ་སོ་སོའི་རྒྱལ་ཁོངས་སུ་ལེན་རྒྱུ་སོགས་ཀྱི་མཚོན་པའི་དོན་ཚན་ ༢༨ འཁོད་ཡོད་པ་དང་། གྲོས་འཆར་དེ་བརྒྱུད་ནས། རྒྱ་ནག་གི་ནང་དུ་དངོས་བདེན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་དུ་མ་ཕྱིན་བར་དུ།   ཡུ་རོབ་ཁུལ་གྱི་ཕྱི་འབྲེལ་གྱི་དཔོན་རིགས་དང་གཞུང་འབྲེལ་གྱི་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་གདན་ཞུ་ཁག་རྩིས་མེད་ཀྱིས་རྒྱ་ནག་ཏུ་བཅར་རྒྱུ་མིན་པར་གསལ་ཡོད་འདུགཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་གཞུང་འབྲེལ་གྱི་གྲོས་འཆར་དང་འབྲེལ་ནས་འཇར་མན་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Engin Eroglu ལགས་ཀྱིས། ཡུ་རོབ་གྲོས་ཚོགས་ཀྱི་གྲོས་འཆར་དེ་བརྒྱུད་ནས་ཡུ་རོབ་གྲོས་ཚོགས་ཀྱིས་ལངས་ཕྱོགས་གསལ་བོ་འཛིན་དགོས་བར་སྐུལ་མ་གནང་བ་དང་ལྷན་དུ། རྒྱ་ནག་གི་ཁུལ་དེའི་དབང་བསྒྱུར་གྱི་འོག་ཏུ་ཡོད་པའི་བོད་མི་རིགས་དང་ནང་སོག་མི་རིགས་ལ་དྲག་གནོན་བྱེད་བཞིན་པ་དང་། དེ་བཞིན་ཡུ་གུར་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པ། དེ་བཞིན་ཀོང་ཧོང་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་བཞིན་པ་སོགས་དང་འབྲེལ་ནས། རྒྱ་ནག་ཏུ་རྒྱལ་སྤྱིར་ཆེ་མཐོང་ཡོད་པའི་ཨོ་རྩལ་འགྲན་ཚོགས་དེ་བསྡུ་རུ་འཇུག་ཐབས་མེད་པ་དང་། ཡུ་རོབ་ཀྱི་ངོས་ནས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕང་གི་དྲིལ་བསྒྲགས་ཀྱི་དམིགས་འདུན་སྒྲུབ་ཐབས་སུ་བེད་སྤྱོད་བྱེད་དུ་འཇུག་ཐབས་བྲལ་བའི་སྐྱོན་བརྗོད་དྲག་པོ་གནང་འདུག གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་འཆར་དེ་ནི་གཙོ་བོ་རྒྱ་ནག་གིས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་བཞིན་པ་དང་། དེ་བཞིན་ཁུལ་དེར་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་གསར་ཁང་ཁག་གི་རང་དབང་ལ་དོ་ཕོག་ཆེན་པོ་གཏོང་བཞིན་པ་དེར་སེམས་འཚབ་ཡོད་པའི་རྣམ་པ་སྟོན་ཐབས་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། གྲོས་འཆར་དེ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཧོང་ཀང་གི་ནང་དུ་ལྟ་རྟོག་གི་དམིགས་བསལ་གྱི་སྐུ་ཚབ་ཅིག་བསྐོ་བཞག་ཡོང་བར་ཤུགས་སྣོན་གྱི་འབོད་སྐུལ་དང་། དེ་བཞིན་ཟླ་བ་ ༧ པའི་ཚེས་ ༡ ཉིན་ནི་ཀོང་ཧོང་ལ་རྒྱབ་སྐྱོར་གྱི་ཉི་མར་གཏན་འབེབས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་སྐོར་གྱི་སྡོམ་བརྒྱབས་འདུགཡང་དེའི་བར་ན་ཁ་སང་དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་དབུས་སུ། དབྱིལ་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་ཀྱིས་དབྱིན་ཡུལ་གྱི་གྲོས་ཚོགས་ཀྱིས་རྒྱ་ནག་གིས་བོད་ནང་དང་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་རྩ་གཏོར་གཏོང་གི་ཡོད་པའི་ཐད་ནས་ངོས་འཛིན་བྱས་པ་བརྟེན་ནས་དབྱིན་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་ལྔ་རྒྱ་ནག་ཏུ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་ལུང་འདྲེན་གནང་སྟེ། ཞི་ཅིན་ཕང་གིས་ཉེ་ཆར་རང་ཕྱི་ལོག་གི་སྟོབས་ཤུགས་གང་ཞིག་གིས་རྒྱ་ནག་ལ་གནོད་ཤུགས་སྤྲོད་ཐབས་བྱས་པ་ཡིན་ན། དེ་དག་ཡོད་ཚད་རྒྱ་ནག་གི་ལྕགས་རི་རིང་མོའི་གྱང་ངོས་སུ་མགོ་བོ་རྡུང་རྒྱུ་ཡིན་པའི་ཉེན་བརྡ་བཏང་བར་བལྟས་ན་ད་དུང་ཤིན་ཅང་དང་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་ཁས་ལེན་བྱེད་ཀྱི་མེད་དུས། རྒྱ་ནག་གིས་ཇི་སྲིད་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་སྲུང་མ་བྱས་བར་དུ། དབྱིན་ཡུལ་གྱི་ཕྱི་འབྲེལ་དཔོན་རིགས་རྣམས་ཀྱིས་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་ལ་འཛུལ་ཞུགས་བྱེད་རྒྱུ་མཚམས་འཇོག་དགོས་བའི་གྲོས་ཆོད་ཅིག་འཇོག་དགོས་བའི་ཞུ་སྐུལ་གནང་འདུག གཞི་རྩའི་རྒྱ་ནག་གི་ནང་དུ་སང་ལོའི་དགུན་དུས་སུ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་ཐག་གཅོད་དེར། བོད་མི་རྣམས་ཀྱི་སྣེ་ཁྲིད་པའི་ཐོག  ཡུ་གུར་ཁ་ཆེ་མི་རིགས་དང་ནང་སོག་མི་རིགས། དེ་བཞིན་ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་༡༨༠ ལྷག་གིས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཏེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་རྒྱ་ནག་ཏུ་འགྲན་ཚོགས་དེ་བསྡུ་རྒྱུའི་ཐོབ་ཐང་སྤྲོད་ཐབས་མེད་པའི་ལས་འགུལ་སྣ་མང་སྤེལ་ཡོད་པ་དང་། ད་ཆ་རྒྱལ་སྤྱིའི་སྲིད་གྲོས་ཚོགས་རིམ་པའི་ནང་དུ་ཡང་རྒྱ་ནག་ནང་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་ལ་འཛུལ་ཞུགས་བྱེད་རྒྱུ་ཕྱིར་འཐེན་དགོས་བའི་གླེང་སློང་རིམ་པ་བྱུང་བཞིན་པ་རེད་འདུག

རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་པོས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།

ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་གཞུང་འབྲེལ་གྱི་ཊྲི་ཊར་དྲྭ་གནས་ཐོག་༸གོང་ས་མཆོག་དགུང་གྲངས་ ༨༦ བདག་གིར་བཞེས་པའི་༸སྐུའི་འཁྲུངས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ང་ཚོར་རང་གི་ཉིན་རེའི་མི་ཚེ་འདི་བག་ཡོད་དང་བྱམས་བརྩེ་ཅན། དེ་བཞིན་བསམ་ཤེས་ཐོག་ནས་སྐྱེལ་དགོས་པའི་སེམས་འགུལ་ཐེབས་ཡོད་པས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་འདུགདེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་ཀྱང་ཨ་རིའི་གྲོས་ཚོགས་འོག་མའི་ཚབ་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཁྲུངས་སྐར་གྱི་དམིགས་བསལ་འཚམས་འདྲི་ཞུས་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག་པ་དང་དེའི་ནང་ལྕམ་སྐུ་མཆོག་ནས་ད་ལན་བོད་མི་ཚོ་དང་དེ་མིན་བོད་ཀྱི་གྲོགས་པོ་ཧ་ཅང་མང་པོ་དང་མཉམ་དུ་༸སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུ་རྒྱུ་བྱུང་བ་འདི་ནི་དགའ་སྤོབས་ཀྱི་རང་བཞིན་ཞིག་ཡིན་པ་དང་འཁྲུངས་སྐར་དུས་ཆེན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡོངས་ལ་༸སྐུ་ཉིད་ཀྱི་ཐུགས་རེ་དང་ཆོས་ཕྱོགས་ཀྱི་བསླབ་བྱ་གནང་བ་ཁག་དྲན་གསོ་ཞུ་རྒྱུའི་གོ་སྐབས་དམིགས་བསལ་ཅན་ཞིག་ཡིན་ལ། དེ་བཞིན་ཞི་བདེ་ལ་དགའ་བའི་མི་ཚོས་རྒྱ་ནག་གཞུང་གི་ཐེ་གཏོགས་མེད་པའི་ཐོག་ནས་བོད་མི་རྣམས་ལ་རང་གི་ཆོས་དང་སྐད་ཡིག་དེ་བཞིན་རིག་གཞུང་བཅས་ལ་དམ་དྲག་མེད་པའི་ཐོག་ནས་གཅེས་སྲུང་བྱེད་ཐུབ་རྒྱུར་རྒྱབ་སྐྱོར་གྱི་ཆོད་སེམས་བརྟན་པོ་གཏོང་དགོས་པའི་ཉིན་མོ་ཞིག་ཀྱང་ཡིན་སྟབས། ཨ་རིའི་གྲོས་ཚོགས་གོང་འོག་གི་ཆབ་སྲིད་ཚོགས་པ་གཉིས་ཀའི་ངོས་ནས་རྒྱ་ནག་ལ་འགན་འཁྲི་འཛུབ་སྟོན་དང་བོད་མི་དམངས་ལ་རྒྱབ་སྐྱོར་མཚོན་ཆེད་ད་ཆ་ཨ་རིའི་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ནང་འཁོད་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་རྒྱུ་སོགས་ཀྱི་མཚོན་པའི་གདོང་ལེན་སྣ་མང་ཞིག་གནང་ཡོད་པ་མ་ཟད། ང་ཚོས་མུ་མཐུད་བོད་དོན་རྒྱབ་སྐྱོར་ཆེད་ནུས་པ་ལྡན་པའི་ལས་དོན་སྤེལ་རྒྱུ་ཡིན་ཞེས་གསུངས་འདུགད་དུང་ཁོང་གིས་དེ་རིང་གི་དམིགས་བསལ་ཉིན་མོ་དེར་དེ་སྔ་རྡ་རམ་ས་ལར་གྲོས་ཚོགས་ཀྱི་ཚོགས་མིའི་སྐུ་ཚབ་ཀྱི་འགོ་ཁྲིད་ཀྱི་ངོ་བོའི་ཐོག་ནས་བཅར་རྒྱུ་བྱུང་བ་དེ་སླར་ཡང་དྲན་བཞིན་ཡོད་ཅེས་དང་དེ་གར་ཁོང་རྣམ་པར་༸གོང་ས་མཆོག་ནས་སྣེ་ལེན་ཞུས་པའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད་ལ་དེ་བཞིན་བོད་མིའི་མངོན་འདོད་ངོ་མ་ཇི་ཡིན་བོད་མི་སྤྱི་དང་སྒོས་བོད་ཕྲུག་ཚོའི་དམིགས་ལམ་ནས་ཐད་ཀར་ཤེས་རྟོགས་ཐུབ་པའི་གོ་སྐབས་ཀྱང་བྱུང་སྐོར་གསུངས་སོགས་གསུངས་ཏེ། ༸གོང་ས་མཆོག་གི་༸སྐུའི་འཁྲུངས་བརྒྱུད་བོད་མི་དང་འཛམ་གླིང་ཡོངས་ལ་བདེ་སྐྱིད་དང་བདེ་ཐང་། སྲུང་སྐྱོབ་བཅས་ཡོང་བའི་སྨོན་འདུན་ཞུས་པ་དང་ཆབས་ཅིག་ཐུགས་རྗེ་ཆེ་ཞུས་འདུགདེ་དེ་བཞིན་ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ Ned Price ལགས་ཀྱིས་ཉིན་རེའི་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་ཐོག་དེ་རིང་གི་གནས་ཚུལ་གལ་ཆེ་ཤོས་ནི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་རྒྱུ་འདི་ཡིན་ཞེས་གསུངས་འདུག  སྐབས་དེར་སྐུ་ཞབས་ Ned Price ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་གཟི་བྱིན་དང་བྱམས་བརྩེའི་རང་བཞིན་གྱིས་ང་ཚོ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད་ཅེས་དང་༸གོང་ས་མཆོག་གི་ཞི་བདེ་དང་བྱམས་བརྩེ་འདྲ་མཉམ་སོགས་རླབས་ཆེན་གྱི་དགོངས་པ་ཁག་མཉམ་སྤྱོད་གནང་མཁན་གོ་ལ་འདིའི་སྟེང་གི་བོད་མིའི་སྤྱི་ཚོགས་དང་གཞན་ཡང་འཛམ་གླིང་གི་ཡུལ་གྲུ་གཞན་དུ་གནས་པ་ཚང་མར་བསྔགས་བརྗོད་ཞུས་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་༧སྐུ་ཚེ་ཡུན་དུ་བརྟན་པར་རེ་སྨོན་ཞུ་མཁན་ཚོ་དང་ལྷན་དུ་ང་ཚོས་ཀྱང་དེ་དོན་ཞུ་བཞིན་ཡོད་པ་གསུངས་འདུགརྩ་བའི་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། ཐེ་ཝན་གྱི་སྲིད་འཛིན་ལྕམ་ Tsai Ing wen མཆོག་དང་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་རྣམ་གཉིས་ཀྱི་དབུས་པའི་ཆེས་མཐོའི་བློན་ཆེན་ཁག་ཅིག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད་པའི་ཁྲོད། ཁ་སང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་རྣམ་གཉིས་ནས་རང་ཉིད་ཀྱི་ངོ་དེབ་ཐོག་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཏེ། སྐུ་ཞབས་ Genius ལགས་ཀྱིས་ཁོང་ནས་མུ་མཐུད་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་རྒྱུ་དང་སྒོས་འཛམ་གླིང་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གོང་འཕེལ་གཏོང་རྒྱུའི་ཆོས་སེམས་བརྟན་པོ་ཡོད་ཅེས་གསུངས་པ་མ་ཟད། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ Manish Sisodia མཆོག་ནས་༸གོང་ས་མཆོག་གི་བཀའ་དགོངས་འོག་ལྡི་ལི་ཁུལ་གྱི་སློབ་གྲྭ་ཁག་ནང་བདེ་སྐྱིད་སྐྲུན་ཐབས་སམ་ Happiness Curriculum ཞེས་པའི་བསླབ་གཞི་དབུ་འབྱེད་གནང་ཐུབ་པ་འདི་གཟི་བརྗིད་དང་། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གི་བྱམས་བརྩེ་དང་ཕན་སེམས། དེ་བཞིན་བག་ཡོད་རང་བཞིན་དག་ནི་འགྲོ་བ་མིའི་རིགས་ལ་སེམས་འགུལ་ཐེབས་གཞིར་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་འདུགགཞི་རྩའི་འདི་ལོའང་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་བཙན་བྱོལ་རྒྱ་གར་ནང་མང་ཚོགས་ཕོན་ཆེ་འདུ་འཛོམས་ཀྱིས་དགའ་དད་སྤྲོ་གསུམ་ངང་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གནང་ཐབས་བྲལ་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་ས་གནས་སོ་སོའི་ནང་སྔ་ཐོག་བསང་གསོལ་དང་སྨོན་ལམ་གསུང་འདོན། དེ་བཞིན་དཀར་སྐྱོང་གནས་བབ་བརྒྱུད་དེ་ཉིན་གང་བོར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་དེ་སྲུང་བརྩི་ཞུས་ཡོད་པ་མ་ཟད། དྲྭ་ཐོག་བརྒྱུད་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲིའི་བརྙན་པར་འདོན་སྤེལ་དང་དེ་བཞིན་བོད་མིའི་ཚོགས་སྒེར་ཁག་ནས་གཞིས་མི་ཉམ་ཐག་དང་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་ལ་སྐམ་ཟས་བགོ་འགྲེམས་བརྒྱུད་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཡོད་པ་རེད། དེའི་ཁྲོད་བཞུགས་སྒར་རྡ་རམ་ས་ལར་མཚོན་ན། ཁ་སང་སྔ་ཐོག་༸གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ ༸སྐྱབས་རྗེ་ཡོངས་འཛིན་མཆོག་སྤྲུལ་གླིང་རིན་པོ་ཆེ་མཆོག་གིས་བདེ་ལེགས་སྨན་ཁང་གི་བརྟག་དཔྱད་དང་ཛ་དྲག་སྨྱུར་སྐྱོབ་ཚན་པ་གཉིས་དབུ་འབྱེད་གནང་འདུག་པ་དང་། སྐབས་དེར་རིན་པོ་ཆེ་མཆོག་གིས་ཁོང་༸སྐུའི་འཁྲུངས་སྐར་ཉིན་མོ་སྟེ་དུས་ཚིགས་ཁྱད་པར་ཅན་ཞིག་ལ་བདེ་ལེགས་སྨན་ཁང་དུ་ཕེབས་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་འབྲེལ། བཙན་བྱོལ་བོད་མི་རྣམས་ད་ཆ་རྒྱལ་ཁབ་ཡོད་པའི་མི་རིགས་དག་དང་དཔུང་པ་མཉམ་གཤིབ་ཀྱིས་མི་ཚོགས་ཁྲོད་དུ་འགྲེང་ཐུབ་པ་ནི་གཙོ་བོ་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་སྟབས་བོད་མི་ཚོས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་ཁོང་གི་བཀའ་གསུང་བསྒྲུབ་རྒྱུ་ནི་བོད་མི་ཚང་མའི་འགན་འཁྲི་ཡིན་པ་མ་ཟད། བོད་ཀྱི་ཆེས་ཛ་དྲག་གཉན་འཕྲང་ཅན་གྱི་དུས་སྐབས་སུ་ཚང་མས་འགན་འཁུར་མཉམ་ལེན་བྱ་དགོས་ཞེས་གཞེན་སྐུལ་གནང་འདུག ཕྱོགས་མཚུངས་ཁ་སང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་བརྩམས་པའི་ཨ་རི་བ་བླ་མ་དཀར་པོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་ཁ་སང་བོད་མི་ཚོང་པ་ཚོའི་ཅ་དངོས་ཉོ་སའི་ལྟེ་གནས་རྒྱ་གར་ Punjab མངའ་ཁོངས་ཀྱི་རྒྱལ་ས་ Ludhiana ནང་། རྒྱ་གར་ཚོང་པ་ཚོགས་པའི་འཐུས་མི་དང་ཚོང་པ་སོགས་ཁག་ཅིག་ནས་མངར་ཟས་བགོ་འགྲེམས་ཐོག་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཏེ་ ༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་འདུག ཕྱོགས་མཚུངས་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གི་སོ་ན་ཌ་གྲོང་སྡེ་ནང་ཁ་སང་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བཀྲ་ཤིས་ཕུན་ཚོགས་ཞེས་པའི་ཤར་པ་ཞིག་གིས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

Latest news