Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨ་རིའི་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་འདུག

ཁ་སང་ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་རྩོལ་བཅས་ཀྱི་གནད་དོན་དང་འབྲེལ་བའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་ Robert A. Destro  མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བའི་གསལ་བསྒྲགས་སྤེལ་སོང་།

༸གོང་ས་མཆོག་དྲྭ་ཐོག་བརྒྱུད་སྲིད་འཛིན་ཟུར་པ་ཨབ་དུལ་ཀཱ་ལམ་མཆོག་འཁྲུངས་ནས་ལོ་ངོ་ ༨༩ འཁོར་བའི་མཛད་སྒོར་དབུས་བཞུགས་མཛད་པ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་གཤེགས་དམ་པ་ཨེ་པི་ཇེ་ཨབ་དུལ་ཀཱ་ལམ་མཆོག་གི་རྒྱལ་སྤྱིའི་ཐེབས་རྩ་ལས་ཁང་གིས་གོ་སྒྲིག་འོག་སྲིད་ཟུར་པ་དམ་པ་དེ་ཉིད་འཁྲུངས་ནས་ལོ་ངོ་ ༨༩ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་དྲྭ་ཐོག་གི་མཛད་སྒོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་དང་མི་རིགས་གང་འདྲ་ཞིག་ཡིན་རུང་མི་ཚེ་བདེ་སྐྱིད་དང་སེམས་ནང་ཞི་བདེ་ཡོང་བར་འཚེ་བ་མེད་པ་དང་བྱམས་སྙིང་རྗེ་ཉམས་ལེན་གནང་དགོས་གལ་ཡིན་པར་བཀའ་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་སྲིད་འཛིན་དམ་པ་ཨབ་དུལ་ཀཱ་ལམ་མཆོག་གི་མཛད་རྗེས་ཁག་དྲན་གསོ་གནང་བ་དང་འབྲེལ། སྲིད་འཛིན་དམ་པ་ཁོང་ནི་མི་ཚང་དཀྱུས་མ་ནས་འཚར་ལོངས་བྱུང་བའི་གང་ཟག་ཁྱད་པ་ཅན་ཞིག་དང་ཚན་རིག་ལ་དོ་དབྱིངས་ཆེ་ལ་རང་ཚུགས་བརྟན་པའི་སྲིད་འཛིན་ཞིག་ཡིན་པར་བཀའ་སྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་རྒྱ་གར་འདི་ནི་མི་ལོ་སྟོང་ཕྲག་གསུམ་གོང་ནས་རིག་གནས་ཀྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་རྒྱ་གར་གྱི་རྒྱལ་ཁབ་ནི་ཆོས་ལུགས་མཐུན་སྒྲིལ་ཟེར་བ་དེ་ཡོང་རྒྱུ་ཡོད་པའི་དཔེ་མཚོན་བཟང་ཤོས་ཤིག་ཡིན་པ་དང་། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་འབྲེལ་ནས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་ཉམས་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཆགས་ཡོད་པ་ནི་གཟི་བརྗིད་གནང་འོས་ཡིན་པ་བཀའ་སྩལ་བ་དང་ཆབས་ཅིག ལྟ་གྲུབ་དེ་དག་ཉམས་ལེན་གནང་བར་རིགས་ལམ་ཐོག་ནས་གཏན་ལ་ཕབ་ཏེ་ཕྱག་བསྟར་གནང་རྒྱུ་དེ་རླབས་ཆེན་ཞིག་ཡིན་པ་བཀའ་སྩལ་སོང་།༸གོང་ས་གིས་དེང་གི་ཆར་འཛམ་གླིང་འདིའི་ནང་འཚེ་བ་དང་འབྲེལ་ནས་འཁྲུག་རྩོད་རིམ་པར་བྱུང་བའི་རྒྱུ་རྐྱེན་ནི་བྱམས་བརྩེ་མ་འདང་བར་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་བཞིའི་ནང་གི་གཅིག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་མཛད་རྒྱུ་དེ་ཡིན་པ་དང་། འཚེ་བ་མེད་པ་དང་བྱམས་བརྩེའི་ལྟ་གྲུབ་ནི་འཛམ་གླིང་སྤྱིའི་སྐྱེ་འགྲོ་ཀུན་གྱི་བདེ་སྐྱིད་ཀྱི་རྩ་བ་ཞིག་ཡིན་པར་བཀའ་སྩལ་ཡོད།༸གོང་ས་མཆོག་གི་བཀའ་སློབ་གྲུབ་མཚམས་སུ་རྒྱ་གར་ནས་ཡིན་པའི་སློབ་མ་ Shrinatti ཡིས་འཛམ་གླིང་གི་ཁོར་ཡུག་དེ་ཆགས་འཇིག་གི་ཉེན་ཁར་ལྷུང་ཡོད་སྟབས། སློབ་མ་ཞིག་གི་ངོས་ནས་གང་ཞིག་བྱེད་ཐུབ་བམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དེང་དུས་ཀྱི་སློབ་སྦྱོང་ཟེར་བའི་ནང་ཕྱིའི་དངོས་པོ་ཡར་རྒྱས་དང་འཛུགས་སྐྲུན་སོགས་ཀྱི་སློབ་སྦྱོང་ཁོ་ན་ལས་སེམས་ཀྱི་ཞི་བདེའི་སྐོར་ཧ་ལམ་མེད་པར་བརྟེན་དེང་དུས་ཀྱི་སློབ་སྦྱོང་དེའི་རྐྱེན་པས་ང་དང་ངའི་འདོད་དོན་ཆེད་དུ་དམག་གི་སྟོབས་ཤུགས་དང་གོ་མཚོན་གྱི་སྟོབས་ཤུགས་དང་འབྲེལ་ནས་དབང་ཆར་འཐབ་རྩོད་བྱ་རྒྱུའི་གནད་དོན་རིམ་པ་འབྱུང་བཞིན་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། དེ་ལྟ་བུའི་གོ་མཚོན་གྱི་འཁྲུག་རྩོད་དེ་མུ་མཐུད་ནས་གནས་ཚེ་འཛམ་གླིང་གི་ཞི་བདེ་དེ་རྒྱུན་རིང་པོར་གནས་རྒྱུ་ཁག་པོ་ཡིན་སྟབས། རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་འབྲེལ་ནས་གྲོས་མོལ་བྱ་རྒྱུ་དང་ལྷག་པར་དུ་སེམས་ཞི་བདེ་ཡོང་ཐབས་སུ་དྲུག་པ་ཡིད་ཀྱི་རྣམ་ཤེས་སྐོར་ལ་ཐུགས་སྣང་གནང་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་སོང་།དབྱིན་ཡུན་ནས་ཡིན་པའི་སློབ་མ་ཞིག་གིས་ཏོག་དབྱིབས་ནད་དུག་གི་དུས་སྐབས་འདིར་རང་ཉིད་ནས་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་དང་གཞན་ལ་རོགས་པ་ཇི་ལྟར་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་རྒྱ་གར་ནང་ལ་ནད་དུག་ཕོག་མཁན་གྱི་གྲངས་ཚད་མང་པོ་ཡོད་ཀྱང་དྲག་སྐྱེད་བྱུང་བ་མང་པོ་ཡོད་པ་ནི་གནས་ཚུལ་བཟང་པོ་ཞིག་ཡིན་པ་དང་། སྤྱིར་རང་ཉིད་སྒེར་ལ་གནས་ཚུལ་དེ་འདྲ་འཕྲད་ཚེ་སེམས་ཞུམ་ནས་མ་བཞུགས་པར་སྙིང་སྟོབས་ཆེན་པོས་གཞན་གཅེས་ཀྱི་དགོངས་པ་ཆེ་བཞེས་གནང་དགོས་གལ་ཡིན་པར་ལམ་སྟོན་སྩལ་ཡོད།གཞི་རྩའི་སྲིད་འཛིན་ཟུར་པ་ཨབ་དུལ་ཀཱ་ལམ་མཆོག་འཁྲུངས་ནས་ལོ་ངོ་ ༨༩ འཁོར་བའི་དུས་དྲན་སྲུང་བརྩིའི་དྲྭ་ཐོག་གི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་ལམ་སྟོན་དེ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བོད་སྐད་དང་དབྱིན་སྐད། རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་སྒྱུར་གནང་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་གནད་དོན་བཟོ་མཁན་ཚོར་དགག་བྱ་བྱེད་རྒྱུ་ཡིན་པ་བརྗོད་འདུག

རྒྱ་ནག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དང་དོན་གཉེར་བ་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གིས་ངོ་རྒོལ་ཤུགས་ཆེ་གནང་བ་དང་སྦྲགས། ཁ་སང་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་ནས་འགྲོ་བ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་གནད་དོན་བཟོ་མཁན་ཚོར་རྒྱ་ནག་གིས་དགག་བྱ་བྱེད་རྒྱུ་ཡིན་པར་གསར་འགོད་གསལ་བསྒྲགས་སྤེལ་འདུག སྤྱིར་ཁ་སྔོན་ཚེས་ ༡༣ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༣ བཅས་ལོ་གསུམ་རིང་གི་ཚོགས་མི་འདེམས་སྒྲུག་སྐབས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནས་རྒྱ་ནག་གཙོས་པ་ཀི་སི་ཏན་དང་བལ་ཡུལ། དེ་བཞིན་ Uzbekistan བཅས་རྒྱལ་ཁབ་ཀྱི་ཚོགས་མི་འདེམས་ཐོན་བྱུང་བ་ལྟར་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་དོན་གཉེར་བ་སོགས་ནས་རྒྱ་གཞུང་གིས་དེ་གའི་དབང་སྒྱུར་འོག་ཡོད་པའི་མི་རིགས་དག་གི་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་བསྟུད་མར་གཏོང་བཞིན་པའི་ངན་བྱུས་ལུང་འདྲེན་དང་སྦྲགས། རྒྱ་ནག་སླར་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བར་ངོ་རྒོལ་ཤུགས་ཆེ་གནང་ཡོད་པ་རེད། དེས་ན་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་ཀྱིས་གནད་དོན་དེའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བར་རྒྱ་ནག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དེ་བཟང་ཕྱོགས་ཐོག་ནས་ཡར་རྒྱས་དང་སྲུང་སྐྱོབ་མུ་མཐུད་ཞུ་རྒྱུ་ཡིན་པ་དང་སྒོས་འགྲོ་བ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་གནད་དོན་བཟོ་མཁན་ཚོར་དགག་བྱ་བྱེད་རྒྱུ་ཡིན་ཞེས་བཤད་འདུག ད་དུང་ད་ལན་གྱི་འོས་འདི་བརྒྱུད་རྒྱལ་སྤྱིའི་ཚོགས་པ་ཁག་ནས་རྒྱ་ནག་གི་བྱེད་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་པ་མ་ཟད་སྒོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ད་ལན་ཙམ་མིན་པར་ཡུན་རིང་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱོད་དེ་སྐྱོན་བརྗོད་དང་འཐབ་རྒོལ་བྱེད་ཀྱི་ཡོད་པར་བརྗོད་འདུག ལྷག་པར་དུ་ད་ལན་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་ཁོངས་སུ་འདེམས་ཐོན་བྱུང་བར་སྐྱོན་བརྗོད་གནང་བ་ནི་དྲང་བདེན་མ་རེད་ཅེས་བརྗོད་འདུག གཞི་རྩའི་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བའི་གནད་དོན་ཐོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ད་ལན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིར་རྒྱ་ནག་གཙོས་ཨུ་རུ་སུ་དང་། ཁུ་བ་འདེམས་ཐོན་བྱུང་བ་དེས་ཨ་རི་ནས་ལོ་ངོ་གཉིས་གོང་ནས་ལྷན་ཁང་གི་ཚོགས་མི་ནས་ཕྱིར་འཐེན་གྱི་ཐག་གཅོད་གནང་བ་དེ་བདེན་པ་དག་སྐྱེལ་བྱས་ཡོད་པ་ཞིག་རེད་ཅེས་གསུངས་འདུག དེ་བཞིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལྟ་ཞིབ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པའི་འགན་འཛིན་སྐུ་ཞབས་ Hillel Neuer ལགས་ཀྱིས་རྒྱ་ནག་དང་པ་ཀི་སི་ཏན། བལ་ཡུལ། དེ་བཞིན་ Uzbekistan འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བ་དེར་སྐྱོན་བརྗོད་དང་འབྲེལ་ནས་ད་ལན་གྱི་ཉིན་མོ་དེ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་ནག་ཞིག་རེད་ཅེས་གསུངས་འདུག རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཐད་མཁས་པ་སྐུ་ཞབས་ Brahma Chellany ལགས་ཀྱིས་རྒྱ་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་གཅིག་ལྷག་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་བཀག་ཉར་དང་བོད་ནང་གི་བོད་མིའི་ཐོག་མནར་གཅོད་གཏོང་བཞིན་པའི་ཁར་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བ་ནི་ལྷན་ཁང་དེ་འབྲེལ་མེད་ཞིག་ཏུ་འགྱུར་བཞིན་ཡོད་པ་གསུངས་འདུག  རླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་འདས་པའི་དུས་ཡུན་ནང་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་ཐེངས་བཞི་བྱས་ཀྱང་། བོད་གཙོས་ཤར་ཏུར་ཀི་སི་ཏན་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་སྟབས། རྒྱ་ནག་གི་བྱེད་ཕྱོགས་དེ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཆ་ནས་འགྲིག་གི་མེད་པར་གསུངས་པ་མ་ཟད། རྒྱལ་སྤྱིའི་ཁྲོད་རྒྱ་ནག་ནས་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་བྱེད་སྐབས་རྒྱ་གཞུང་གིས་རྒྱ་ནག་ནང་མོལ་གྱི་གནད་དོན་རེད་ཅེས་བརྗོད་ཀྱི་ཡོད་པར་བརྟེན་སུས་འགྲོ་བ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་གནད་དོན་བཟོ་ཡི་ཡོད་མེད་མངོན་གསལ་ཆགས་ཡོད་ཅེས་གསུངས་སོང་།

མང་གཙོ་ལས་འགུལ་བ་རྣམས་ལ་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་འོས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ཉིན་ཟླ་འདིའི་ཚེས་ ༡༢ ཉིན། CZECH སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ VACLAV HAVEL མཆོག་གིས་ཆེད་འཛུགས་གནང་བའི་ FORUM 2000 ཞེས་ཕྱི་ལོ་ ༢༠༠༠ ཐམ་པའི་ཞི་བདེའི་གླེང་སྟེགས་ཀྱི་གོ་སྒྲིག་འོག རྒྱ་ནག་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དོན་བགྲོ་གླེང་ཞིག་གི་ཐོག་ཚོགས་ཞུགས་ཀྱིས། རྒྱ་ནག་གིས་བོད་དང་ཤིན་ཅང་གི་གཙོ་བྱས་པའི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་གཏམ་བཤད་གནང་འདུག

རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིར་སླར་འདེམས་ཐོན།

རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་སླར་འདེམས་ཐོན་བྱུང་ཡོད་ཀྱང་། དེ་སྔའི་འོས་གྲངས་དང་བསྡུར་ན་ཐེངས་འདིར་འོས་ཐོབ་ཀྱི་གྲངས་འབོར་དེ་བརྒྱ་ཆ་ ༢༥ ཙམ་ཞིག་ཆགས་འདུགདེ་ཡང་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ལམ་ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་སུ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༧༣ ཐོག་རྒྱ་ནག་སླར་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་འདེམས་ཐོན་བྱུང་ཀྱང་ཐེངས་འདིའི་འོས་ཐོབ་ཀྱི་གྲངས་འབོར་དེ་ ༡༣༠ ལས་བྱུང་མེད་པ་རེད། དེ་སྔ་ཕྱི་ལོ་ ༢༠༡༦ ལོའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་འོས་འཕེན་སྐབས་རྒྱ་ནག་ལ་ཁྱོན་འོས་གྲངས་ ༡༨༠ བྱུང་ཡོད་སྟབས་ད་ལན་དེ་སྔ་དང་བསྡུར་ན་འོས་གྲངས་ཀྱི་བརྒྱ་ཆ་ ༢༥ ཆགས་པའི་ཐོག་ནས་རྒྱ་ནག་དེ་པ་ཀིས་ཏན་དང་། བལ་ཡུལ། Uzbekistan བཅས་ཀྱི་རྒྱལ་ཁབ་ལས་འོས་གྲངས་ཉུང་བ་བྱུང་ཡོད་སྐོར་བཀོད་འདུག རྒྱ་ནག་ལ་འོས་གྲངས་དེ་ཙམ་མཐོ་པོ་རག་མེད་པ་ནི་རྒྱལ་སྤྱིའི་གཙོས་རྒྱལ་ཚོགས་ཁྲོད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད་གནང་མཁན་རིམ་པ་བྱུང་རྐྱེན་དང་སྒོས་འདི་ལོའི་ཟླ་བ་ ༦ པའི་ནང་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་རང་དབང་གི་ཆེད་ལས་པ་ ༥༠ ལྷག་གིས་རྒྱ་ནག་གིས་བོད་གཙོས་ཤིན་ཅང་། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་གཏོང་བར་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གིས་རྒྱ་ནག་གི་བྱེད་ཕྱོགས་དག་ལ་རྟོག་ཞིབ་ཀྱིས་ལྷན་ཚོགས་ཚོགས་དགོས་པ་གསུངས་ཡོད་པ་རེད། རྩ་བའི་རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་འཛིན་ལ་འགྲེལ་བརྗོད་གསར་པ་བྱེད་ཐབས་ཀྱི་ཀུན་སློང་ཡོད་པའི་ཐོག་ཆེད་མངགས་བོད་ནང་ཡར་རྒྱས་ཀྱི་ལས་གཞི་ལ་ཁ་གཡར་ནས་རྒྱ་གཞུང་གིས་འབྲོག་པ་དག་བཙན་དབང་གིས་གནས་སྤོར་བྱེད་བཅུག་རྒྱུ་དང་དེ་བཞིན་ཉེ་ལམ་བོད་མི་ཞིང་འབྲོག་འབུམ་ལྔ་ལྷག་ཙམ་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཙན་དབང་གིས་བཅུག་གི་ཡོད་སྟབས་རྒྱ་གཞུང་གི་སྲིད་བྱུས་དེས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་ཚོར་སེམས་ཁྲལ་བྱ་གཞི་ཞིག་ཏུ་གྱུར་གྱི་ཡོད་པར་བཀོད་འདུག རྒྱ་ནག་ལ་འོས་གྲངས་དེ་ཙམ་ཕོན་ཆེ་བྱུང་མེད་པའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཐེངས་འདིར་རྒྱ་ནག་སླར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་དུ་འདེམས་ཐོན་བྱུང་བར་བློ་འགྱོད་ཡོད་པ་མ་ཟད། ད་ལན་འོས་གྲངས་ཆག་པ་དེས་རྒྱ་གཞུང་གིས་བོད་གཙོས་ཤིན་ཅང་དང་། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དག་གོ་རིམ་ལྡན་པ་དང་ཚབས་ཆེན་ངང་ནས་རྡོག་རོལ་གཏོང་བཞིན་པས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་དེར་མོས་མཐུན་མེད་པ་མངོན་གྱི་ཡོད་པ་དང་ཆབས་ཅིག རྒྱལ་སྤྱིའི་རྒྱལ་ཁབ་ནས་རྒྱ་ནག་གི་བྱེད་ཕྱོགས་དེ་རྒྱ་ནག་རང་ཉིད་ཀྱིས་འགན་ཁུར་ཐབས་ཤིག་བཟོ་དགོས་པ་གསུངས་འདུགརྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་ Dolkun Isa ལགས་ཀྱིས་ཡུ་གུར་གཙོས་བོད་དང་ཧོང་ཀོང་། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དངོས་སུ་གནང་མཁན་རྣམས་ནས་ད་ལན་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་སླར་འདེམས་ཐོན་བྱུང་བར་བློ་ཕམ་ཡོད་པར་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་གཏོང་མཁན་རྒྱ་ནག་ལྟ་བུ་བསྐྱར་དུ་འདེམས་ཐོན་གནང་བ་ནི་རྒྱལ་ཚོགས་ཀྱི་ལོ་རྒྱུས་ཁྲོད་ནོར་འཁྲུལ་ཆེན་པོ་བཟོས་ཡོད་པ་གསུངས་འདུག གནད་དོན་འདིའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གཞུང་ནས་བོད་ཀྱིས་གཙོས་པའི་རྒྱའི་དབང་སྒྱུར་འོག་ཡོད་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ནི་རྒྱལ་སྤྱིའི་ཁྲོད་ར་འཕྲོད་ལན་མང་བྱུང་ཡོད་པ་དང་། བོད་ནང་ལ་མཚོན་ན་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ལོ་ལྟར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་འདིར་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བ་ནི་རྒྱལ་ཚོགས་ཀྱི་མཚན་གནས་ལ་སྣང་ཆུང་གནང་ཡོད་པར་གསུངས་འདུག ད་དུང་ཁོང་གིས་ད་ཆ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཉུང་དུ་འགྲོ་བཞིན་པས་རྒྱལ་སྤྱིའི་རྒྱལ་ཁབ་ཡོངས་ནས་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་དང་རྒྱ་ནག་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་དག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་མཉམ་འབྲེལ་གྱིས་རྒྱ་ནག་ལ་གདོན་ལེན་གནང་དགོས་པ་གསུངས་འདུག རྩ་བའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་མིར་འོས་འདེམས་བྱུང་བའི་ཁོངས་སུ་པ་ཀིས་ཏན་དང་། བལ་ཡུལ། དེ་བཞིན་ Uzbekistan བཅས་ཀྱི་རྒྱལ་ཁབ་ཀྱང་ཆགས་ཀྱི་འདུག འོན་ཀྱང་རྒྱལ་ཁབ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་ཀྱི་ལོ་རྒྱུས་ནི་དེ་ཙམ་ལེགས་པོ་མེད་པས་འདས་པའི་དུས་ཡུན་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་བྱེད་ཕྱོགས་ལ་ཚོགས་མི་རྒྱལ་ཁབ་ནས་སྐྱོན་བརྗོད་དང་འདྲི་རྩད་གནང་མཁན་ཡང་བྱུང་ཡོད་པ་རེད།

རྒྱ་ནག་གི་སྒྱུ་རྩལ་བ་ཞིག་གིས་གངས་རིན་པོ་ཆེའི་ཐོག་སྒྱུ་རྩལ་གྱི་འགྲེམས་སྟོན་བྱེད་འཆར་ལ་སྐྱོན་བརྗོད།

རྒྱ་ནག་གི་སྒྱུ་རྩལ་བ་ Zhang Huan ཟེར་བ་དེ་ཡིས་རིང་མིན་ཟླ་བ་རྗེས་མའི་འགོ་སྟོད་དུ་གནས་ཆེན་གངས་རིན་པོ་ཆེའི་ཐོག་རླུང་དར་དང་ཁོང་གིས་བཟོ་སྐྲུན་བྱས་པའི་སྒྱུ་རྩལ་གྱི་དངོས་རིགས་ཁག་ཅིག་འགྲེམས་སྟོན་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་ཁྲོད་ཟི་ཁྲོན་ཞིན་ཆེན་ནང་ཡོད་པའི་བོད་པའི་སྒྱུ་རྩལ་བ་ Kwong Laowu ལགས་དང་། པེ་ཅིན་དུ་ཡོད་པའི་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སོགས་ཀྱིས་སྐྱོན་བརྗོན་བརྗོད་གནང་འདུག

༸གོང་ས་མཆོག་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལ་དགའ་བསུའི་གསུང་འཕྲིན་བསྩལ་འདུག

བོད་མའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སང་སྔ་དྲོར། འདི་ལོའི་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ཚོགས་པར་ཐོབ་ཡོད་པ་ལྟར། མགོན་པོ་གང་ཉིད་མཆོག་གིས་ཚོགས་པ་དེའི་རྒྱུན་ལས་འགན་འཛིན་ David Beasley ལགས་ཀྱི་མཚན་ཐོག་ཏུ་དགའ་བསུའི་གསུངས་འཕྲིན་ཞིག་སྩལ་ཏེ། ཐེངས་འདིའི་གཟེགས་རྟགས་དེ་ནི་ཚོགས་པ་དེའི་འཛམ་གླིང་ནང་གི་དབུལ་ཕོངས་ཀྱི་ལྟོགས་སྐོམ་ཉུང་འཕྲི་ལ་ཕན་ནུས་རླབས་ཆེན་བསྒྲུབས་ཡོད་པར་ངོས་འཛིན་གནང་བ་ཞིག་ཡིན་པར་བཀའ་སྩལ་འདུག མགོན་པོ་གང་ཉིད་མཆོག་གིས། འཛམ་གླིང་ནང་གི་དཀའ་རྙོག་དང་གོད་ཆག་གི་སྐབས་སུ་མི་མང་ལ་ལྟོགས་སྐོམ་དང་དབུལ་ཕོངས། དེ་བཞིན་ཟས་བཅུད་ཀྱི་མ་འདང་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བཀའ་གནང་བ་དང་འབྲེལ། རྒྱལ་སྤྱིའི་འབྲུ་རིགས་འཆར་འགོད་ཚོགས་པས་དུས་ལྟར་གནོད་ཐེབས་ཀྱི་ས་ཁུལ་ཁག་གི་དཀའ་སྡུག་གིས་མནར་བའི་མང་ཚོགས་ལ་ཟས་རིགས་མཁོ་སྤྲོད་ཀྱིས་རོགས་འདེགས་རྒྱ་ཆེར་གནང་ཡོད་པར་བཀའ་སྩལ་ཏེ། ཐེངས་འདིར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་པས་འབྲུ་རིགས་འཆར་འགོད་ཚོགས་པར་ཞི་བདེ་གཟེངས་རྟགས་ཕུལ་བ་འདི་ཡིས་ང་ཚོར་འཛམ་གླིང་ནང་གི་དབུལ་ཕྱུག་སྙོམ་སྒྲིག་བྱེད་རྒྱུ་གལ་ཆེན་ཡིིན་པར་དྲན་གསོ་གནང་ཡོད་སྐོར་བཀའ་གནང་འདུག དེ་བཞིན་༧གོང་ས་མཆོག་གིས། ད་ལྟའི་འཛམ་གླིང་གི་འཕྲོད་བསྟེན་གྱི་དཀའ་ངལ་འདི་ནི་འགྲོ་བ་མི་ཡོངས་ལ་ཉེན་ཚབས་ཆེན་པོ་ཆགས་ཡོད་སྐོར་ངོ་སྤྲོད་དང་འབྲེལ། འགྲོ་བ་མི་ནི་བདེ་སྐྱིད་འདོད་ཀྱང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་དུས། འཛམ་གླིང་ནང་གི་ལྟོགས་སྐོམ་དང་དབུལ་ཕོང་གི་གནས་བབ་དེ་ནི་རྒྱལ་སྤྱིའི་མཉམ་ལས་བརྒྱུད་ནས་མ་གཏོགས་གཙང་སེལ་བྱེད་ཐབས་མེད་པ་ཞིག་ཡིན་པ་དང་གང་ཉིད་མཆོག་ནི་དུས་རྒྱུན་ནས་འགྲོ་བ་མིའི་གཅིག་གྱུར་ལ་ཐུགས་ཡིད་ཆེན་པོ་གནང་མཁན་ཞིག་ཡིན་པར་བརྟེན། ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ཚོགས་པར་འཛམ་གླིང་ཞི་བདེ་གཟེངས་རྟགས་ཐོབ་པ་དེ་ཡིས། རྒྱལ་སྤྱའི་ས་ཕྱོགས་གང་སར་སེམས་སྐུལ་གསར་བ་ཞིག་བསྐྱེད་དེ་འགྲོ་བ་མི་རྣམས་ལྟོགས་སྐོམ་གྱིས་འཆི་མི་དགོས་བའི་ཁོར་ཡུག་ཅིག་སྐྲུན་རྒྱུར་ཐུགས་རེ་ཆེན་པོ་ཡོད་སྐོར་བཀའ་གནང་འདུག གསུང་འཕྲིན་དེའི་མཇུག་ཏུ། མགོན་པོ་གང་ཉིད་མཆོག་གིས་གང་ཉིད་སྐུ་སྒེར་གྱི་ཐོག་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ཚོགས་པའི་ཚོགས་མི་དང་དང་ལས་བྱེད་རྣམས་ཀྱིས་མི་ཆོས་རིང་ལུགས་ཀྱི་ཕྱག་ལས་གནང་བར་བཀའ་དྲིན་ཆེན་པོ་ཡིན་སྐོར་བཀའ་སྩལ་འདུག ཡང་དེ་དང་ཆབས་གཅིག་༧གོང་ས་མཆོག་གིས་ཁེ་ཉིན་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོར།བརྙན་ལམ་ནས་གསུངས་འཕྲིན་ཐུང་ངུ་ཞིག་སྩལ་བའི་ནང་། འཛམ་གླིང་གི་སྐྱེ་འགྲོ་ཐམས་ཅད་བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པ་ཡིན་པ་གཅིག་པ་ཡིན་ནའང་། འགྲོ་བ་མི་ནི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་ཞིག་ཡིན་པ་དེ་ནི་དམིགས་བསལ་བ་ཞིག་ཡིན་སྐོར་བཀའ་གནང་བ་དང་འབྲེལ། འགྲོ་བ་མི་ཡིས་རྣམ་དཔྱོད་བེད་སྤྱད་དེ་རང་སེམས་ཞི་བདེར་བཀོད་ཐུབ་པ་ཡིན་ན། ཕྱི་ཡི་འགལ་རྐྱེན་རྣམས་ཀྱང་དགེ་བའི་གྲོགས་སུ་བསྒྱུར་ཐུབ་པ་ཞིག་ཡིན་པ་དང་། འདི་ལོའི་རིམས་ནད་ཀྱིས་འཛམ་གླིང་འདིར་དཀའ་ཆེན་ཆེན་པོ་སྤྲོད་བཞིན་པའི་དུས་སྐབས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་ཚན་རིག་པ་དང་། སྨན་པ། དེ་བཞིན་སྨན་ཞབས་པ་སོགས་ཀྱིས་རླབས་ཆེན་གྱི་ཕྱག་ལས་ཧུར་ཐག་གིས་གནང་བཞིན་པ་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་ཏེ། མགོན་པོ་གང་ཉིད་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཤིག་ཡིན་སྟབས། ཞོགས་པ་རྟག་པར་སྐྱེ་འགྲོ་ཐམས་ཅད་གང་མགྱོགས་རིམས་ནད་ལས་གྲོལ་ཐབས་སུ་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་སྐོར་བཀའ་གནང་འདུག

རྒྱ་ནག་གཞུང་ཚབ་དང་རྒྱལ་ཚོགས་ལས་ཁུངས་སུ་ཞུ་གཏུག་དང་སྦྲགས་ཏེ་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།

མ་ནཱ་ལི་ནས་དབུ་འཛུགས་ཀྱིས་རྒྱལ་ས་ལྡི་ལི་བར་བོད་ནང་གི་དངོས་ཡོད་གནས་ཚུལ་དང་བོད་དོན་དང་འབྲེལ་བའི་དོན་གནད་གསུམ་གྱི་དགོས་འདུན་བརྒྱུད་བསྒྲགས་འོག་བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་བོད་མི་དང་བླངས་པ་གསུམ་པོ་ཁ་སང་ཕྱི་ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བདེ་འབྱོར་བྱུང་བ་དང་སྦྲགས། དེ་རིང་ཚེས་ ༩ ཉིན་ཁུལ་དེའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་དང་རྒྱལ་ཚོགས་ལས་ཁུངས་སུ་དགོས་འདུན་ཁག་འགྲེམས་སྤེལ་གནང་སྟེ་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད། དེའང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོ་དང་བསྟུན་རང་ལོ་ ༤༧ སོན་པ་ཚེ་རིང་དོན་གྲུབ་ལགས་དང་ ༤༥ སོན་པ་ཚེ་རིང་དབང་འདུས་ལགས། དེ་བཞིན་ ༦༥ ལ་སོན་པ་པཱ་ཆུང་བདག་ལགས་གསུམ་གྱིས་མ་ནཱ་ལི་ནས་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་ལྟར། དེ་དག་གི་ཁོངས་ནས་པཱ་ཆུང་བདག་ལགས་མ་ནཱ་ལི་ནས་སྤྱིལེ་ ༡༣༠ ཙམ་གྱི་ས་ཚིགས་ཤིག་ཏུ་འབྱོར་སྐབས་ལྷམ་བདེ་མིན་གྱི་རྐྱེན་གྱིས་ཞབས་ལ་ཆུ་ལྒང་ཐོན་པར་བརྟེན་གོམ་བགྲོད་ལ་ཞུགས་མ་ཐུབ་པར་ཕྱིར་གཟིམ་ཤག་ཏུ་ཕེབས་དགོས་བྱུང་བ་ལས་དེ་མིན་ཁོང་གི་ཕྱག་རོགས་གཉིས་པོ་དང་དང་བླངས་སློབ་མ་གཅིག་བཅས་བོད་མི་གསུམ་པོ་ཁོང་རྣམ་པའི་རེ་འདུན་བཞིན་རྒྱལ་ས་ལྡི་ལིར་བདེ་འབྱོར་བྱུང་འདུགགོམ་བགྲོད་པ་རྣམས་ཀྱིས་རྒྱ་གར་གྱི་ས་གནས་ས་ཐོག་ཏུ་བོད་དོན་དྲིལ་བསྒྲགས་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་དུ་འཇུག་དགོས་པ་དང་། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་གི་དགོངས་དོན་འོག་རྒྱ་ནག་གཞུང་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལྷན་དུ་ཞི་བའི་གྲོས་མོལ་གནང་དགོས་པ། དེ་བཞིན་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློག་བཀྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བརྒྱུད་བསྒྲགས་གནང་སྟེ་ཉིན་མ་རེ་ལ་སྤྱི་ལེ་ ༣༠ ནས་ ༤༠ བར་གོམ་བགྲོད་གནང་སྟེ་ཁ་སང་ཕྱི་ཚེས་ ༨ ཉིན་རྒྱལ་ས་ལྡི་ལིར་འབྱོར་གྱི་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༡༩ ཉིན་སྔ་དྲོ་ཚོུད་ ༩ ཐོག་ཞི་བའི་གོམ་བགྲོད་པ་དང་ལྡི་ལི་ཁུལ་དུ་གཉུག་མར་གནས་པའི་ཚོགས་སྐྱིད་ཁག་གི་ཚོགས་མི་རེ་རེ་དང་མང་ཚོགས་བཅས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་དང་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་ཞུ་སྙན་ཕུལ་བ་དང་། དེ་བཞིན་རྒྱ་ནག་གི་གཞུང་ཚབ་ཁང་དང་རྒྱལ་ཚོགས་ཀྱི་མདུན་དུ་དགོས་འདུན་ཁག་འགྲེམས་སྤེལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད།རླུང་འཕྲིན་ཁང་གིས་ཚེ་རིང་དོན་གྲུབ་ལགས་སུ་ཞལ་པར་བརྒྱུད་ཁོང་རྣམ་པའི་རེ་འདུན་ཡོད་པ་ལྟར་ཁ་སང་རྒྱལ་ས་ལྡི་ལིར་བདེ་འབྱོར་བྱུང་བ་དང་དེ་རིང་སྔ་དྲོར་རྒྱ་ནག་གི་གཞུང་ཚབ་ཁང་དང་རྒྱལ་ཚོགས་ལས་ཁུངས་སུ་དགོས་འདུན་ཁག་འགྲེམས་སྤེལ་དང་བཅས་ཐེངས་འདིའི་ལས་འགུལ་མཇུག་སྒྲིལ་གནང་བའི་ཉིན་མོར་དམིགས་བསལ་ཐུགས་ཚོར་ཇི་བྱུང་སོགས་ཀྱི་གནད་དོན་ཁག་ཅིག་གི་ཐོག་བཀའ་འདྲི་ཡོད།དེ་བཞིན་ཁ་སང་ཁོང་རྣམས་ལ་ཕེབས་བསུའི་སྣེ་ལེན་ཞུ་མཁན་གཙོ་གྲས་སུ་ཡོད་པ་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་མཆོག་ལ་དེ་ལྟར་སྣེ་ལེན་ཞུ་གནད་གང་ཡིན་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་དེ་ལྟར་གསུངས་སོང་།དེ་རིང་གོམ་བགྲོད་པ་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་དང་རྒྱལ་ཚོགས་ཀྱི་ལས་ཁུངས་ཁུལ་དུ་དགོས་འདུན་འཁོད་པའི་ཡིག་ཆ་འགྲེམས་སྤེལ་གནང་སྐབས་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་མཆོག་གི་གོ་སྒྲིག་འོག་ལྡི་ལི་ཁུལ་གྱི་ཚོགས་པ་ཁག་གི་ཚོགས་མི་རེ་རེ་ནས་གོམ་བགྲོད་པ་གསུམ་དང་ལྷན་དུ་ལྷན་བཅར་ཞུས་འདུགརྩ་བའི་ད་ལྟའི་ཏོག་དབྱིབས་རིམ་ནད་ཀྱི་ཛ་དྲག་དུས་སྐབས་སུ་མང་ཚོགས་འདུ་འཛོམས་ཐོག་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ་ཁག་པོ་ཡིན་སྟབས། འདས་པའི་དུས་སུ་ཁེ་ན་ཊ་དང་སུད་སི། དབྱིན་ཡུལ། ཨ་རི། ཨོ་སི་ཀྲོ་ལི་ཡ། ཧྥ་རན་སུ་སོགས་སུ་བོད་མི་ཁག་ཅིག་གིས་གོམ་བགྲོད་དང་། རྐང་འཁོར་སྐོར་སྐྱོད། དེ་བཞིན་རྒྱང་སྐྱོད་སོགས་བརྒྱུད་དེ་བོད་དོན་ལས་འགུལ་སྤེལ་ཡོད་པ་རེད།

ཁལ་མིག་གི་ནང་དུ་ནང་པའི་ཤེས་ཡོན་ལྟེ་གནས་ཤིག་གསར་འཛུགས་བྱེད་འཆར།

་ཆར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཨུ་རུ་སུ་ཁྱབ་ཁོངས་སུ་གཏོགས་པའི་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་དང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གི་དགོངས་འཆར་གྱི་འོག  ཁུལ་དེའི་ནང་དུ་ནང་པའི་ཤེས་ཡོན་ལྟེ་གནས་ཁང་ཞིག་འཛུགས་འཆར་ཡོད་པ་རེད་འདུག

Latest news