Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཐེ་ཝན་ནང་༸གོང་ས་མཆོག་གི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་པ།

རིང་མིན་ཟླ་བ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུ་གྱ་ལྔར་བདག་གིར་བཞེས་ཀྱི་ཡོད་སྟབས་དེ་རིང་ཐེ་ཝན་ནང་མང་ཚོགས་ཀྱིས་དགའ་དད་སྤྲོ་གསུམ་སྒོ་གྱི་ནས་༸རྒྱལ་བའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་སོང་།དེ་རིང་ཐེ་ཝན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ ནས་ ༡༢ བར་དང་དེ་བཞིན་ཕྱག་ཚོད་ ༢ ནས ༣ པའི་བར་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ Yumeinu གཙོས་པའི་གྲོས་ཚོགས་འཐུས་མི་དང་། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས།  བོད་དོན་རྒྱབ་སྐྱོར་བ། དད་ལྡན་མང་ཚོགས་འཛོམས་པའི་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྔ་སྣུར་ངང་སྲུང་བརྩི་ཞུས་སོང་། སྐབས་དེར་ལྕམ་Yumeinu ལགས་ཀྱིས་རྒྱ་ནག་པེ་ཅིན་དུ་གནས་བཞུགས་བོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་བཟའ་ཟླ་སྐུ་ཞབས་ Wang Lixiong ལགས་ཀྱིས་བརྩམས་གནང་བའི་ཕྱག་དེབ་ཡང་སྲིད་ཅེས་པ་ཞིག་དབུ་འབྱེད་གནང་སོང་བ་མ་ཟད། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཕྱག་དེབ་དང་།  ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ཆེད་བཙུགས་གནང་ནས་ལོ་ངོ་ ༢༠ ཕྱིན་པའི་བརྙན་དེབ་སོགས་དཔེ་དེབ་ཁག་ཅིག་དབུ་འབྱེད་དང་།  དེ་བཞིན་ཚེ་རིང་འོད་ཟེར་ལགས་ཀྱིས་ཆེད་རྩོམ་གནང་བའི་སྙན་ངག་གྱེར་འདོན་གྱི་བརྙན་ཐུང་ཞིག་ཀྱང་གཟིགས་འབུལ་ཞུས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བརྙན་ལམ་བརྒྱུད་ཐེ་ཝན་དད་ལྡན་མང་ཚོགས་ཚོར་འདི་ལོར་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་བྱུང་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནི་བོད་མིི་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དང་ཕ་མ་ལྟ་བུ་ཆགས་ཡོད་པས་མགོན་པོ་མཆོག་ལས་བཀའ་དྲིན་ཆེ་བ་མེད་སྟབས།  འདི་ལོ་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་དེ་འོས་འཚམས་ཡིན་པར་བརྟེན་ཐེ་ཝན་མི་མང་གིས་དུས་རྟག་ཏུ་༸གོང་ས་མཆོག་ལ་དད་གུས་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུགད་དུང་ཐེ་ཝན་གྱིས་ཡུལ་དེའི་ནང་ཏོག་དབྱིབས་གཉན་རིམས་ཤུགས་ཆེར་ཁྱབ་གདལ་མི་འགྲོ་བར་སྟངས་འཛིན་ཧ་ཅང་ལེགས་པོ་གནང་ཡོད་པར་བསྔགས་བརྗོད་དང་ཐེ་ཝན་ལྟ་བུར་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ནང་ཞབས་སྟེགས་ངེས་པར་དུ་གནང་དགོས་སྐོར་གསུངས་ཡོད་པ་རེད།མཛད་སྒོའི་སྐུ་མགྲོན་གཙོ་བོ་རྣམས་ཀྱིས་གསུང་བཤད་གྲུབ་མཚམས་སུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་གྲྭའི་སློབ་མ་ཚོས་༸གོང་ས་མཆོག་༸སྐུ་ཚེ་ཁྲི་ལོ་བརྟན་པའི་བསྟོད་དབྱངས་དང་།  དེ་བཞིན་ཡུལ་དེའི་ནང་གནས་བཞུགས་བོད་མི་རྣམས་ཀྱིས་རྐང་བྲོ་གླུ་གཞས་གཟིགས་འབུལ་ཞུས་སོང་།གཞི་རྩའི་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༦ ཉིན་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་དྷརྨ་སཱ་ལཱ་གཙོས་འཛམ་གླིང་ས་ཕྱོགས་གང་སར་གནས་འཁོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་མཉམ་འཛོམས་ཐོག་དགའ་དད་སྤྲོ་གསུམ་གྱི་ངང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་སྲོལ་ཡོད་ཀྱང་། ད་ལན་ཏོག་དབྱིབས་གཉན་རིམས་རྐྱེན་པས་མང་ཚོགས་འདུ་འཛོམས་སོགས་བྱེད་ཆོག་གི་མེད་སྟབས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་གནས་ཐོག་༸སྐུའི་འཁྲུངས་སྐར་དང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བར་བོད་འབངས་ཡོངས་ཀྱིས་སྤྱི་མཐུན་བསོད་ནམས་གསོག་ཆེད་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མ་ཎི་ཡིག་དྲུག་སྟོང་ཚར་རེ་ལས་མ་ཉུང་བ་གསོག་གནང་ཡོང་བའི་གཞེན་སྐུལ་གནང་བ་ལྟར། ད་རེས་ཐེ་ཝན་དུའང་མཛད་སྒོ་གྲུབ་རྗེས་མང་ཚོགས་ཀྱིས་༸གོང་ས་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་ཉིན་གུང་མ་ཎི་གསོག་སྒྲུབ་གནང་འདུགདེ་བཞིན་དེ་རིང་ New Zealand གྱི་ Aukland གྲོང་ཁྱེར་ནང་ས་གནས་བོད་རིགས་མཐུན་ཚོགས་དང་ནིའུ་ཛི་ལེནཌ་བོད་ཀྱི་གྲོགས་པོ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཁུལ་དེར་ཡོད་པའི་བོད་མི་དང་། རྒྱ་བོད་མཐུན་ཚོགས་ཀྱི་ཚོགས་མི། བོད་དོན་རྒྱབ་སྐྱོར་བ་འཛོམས་པའི་ཐོག་རྐང་བྲོ་གླུ་གཞས་སོགས་གཟིགས་འབུལ་དང་༸སྐུའི་འཁྲུངས་སྐར་གྱི་མངར་ཟས་བགོ་འགྲེམས་གནང་སྟེ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུག

རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་ནང་གི་ཤེས་ཡོན་སློབ་གསོའི་རང་དབང་སྐོར་གླེང་བ།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༤ ཐོག་བོད་མིའི་སྐུ་ཚབ་ནས་ཉེ་བའི་ཆར་རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ཏེ་བོད་ནང་གི་བོད་མིའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སྙན་སེང་ཞུས་འདུག ཕྱི་ཟླ་ ༦ ཚེས་ ༣༠ ནས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༤  དབུ་འཛུགས་གནང་ཡོད་པ་དང་།  ཁ་སང་ཕྱི་ཚེས་ ༣ ཉིན་རྒྱལ་ཚོགས་ཀྱི་ཤེས་ཡོན་སློབ་གསོའི་རང་དབང་གི་དམིགས་བསལ་ཁེ་ལས་རྟོག་ཞིབ་པས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཁྲོད་ཀྱི་འཛམ་གླིང་སྤྱིའི་ཤེས་ཡོན་སློབ་གསོའི་རང་དབང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ལྷན་ཚོགས་སུ་སྙན་སྒྲོན་ཞུས་པ་དང་འབྲེལ་བགྲོ་གླེང་ལས་རིམ་གྱི་ཚོགས་དུས་སྐབས་སུད་སི་དོན་ཁང་གི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ Society  for Threatened People ཞེས་པའི་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པའི་མཚན་ཐོག་ནས་བོད་ནང་ཤེས་ཡོན་སློབ་གསོའི་རང་དབང་དང་འབྲེལ་བའི་གནས་སྟངས་རྒྱལ་ཚོགས་སུ་སྙན་སེང་ཞུས་འདུག སྐབས་དེར་སྐར་མ་གཅིག་དང་ཕྱེད་ཀའི་ཞུ་གཏུག་སྙན་སེང་སྐབས་ཁོང་གིས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ཏེ་བོད་ནང་རྒྱ་གཞུང་གིས་བོད་མིའི་ཐོག་དམ་དྲག་བྱེད་ཤུགས་ལྡབ་གཉིས་ཆེ་རུ་བཏང་བ་དེ་བོད་མི་ཚོས་མྱོང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་དམ་དྲག་འོག་བོད་ནང་བོད་མིའི་སྐད་ཡིག་དང་ཆོས་ཕྱོགས་ཀྱི་སློབ་གཉེར་རང་དབང་བཅས་ཀྱི་གནས་བབས་ནི་འཛམ་གླིང་ཁྱོན་ལ་ཏོག་དབྱིབས་གཉམ་རིམས་ཁྱབ་གདལ་མ་འགྲོ་སྔོན་ནས་ཆེས་ཞན་པོ་ཡོད་པ་མ་ཟད། ད་རེས་གཉན་རིམས་འདིའི་འོག་བོད་མིའི་ཚོའི་ཤེས་ཡོན་སློབ་གསོའི་རང་དབང་གི་གནས་བབས་དེ་བས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་དང་དེ་བཞིན་རྒྱ་ནག་གཞུང་གིས་བོད་མིར་མི་རིགས་དབྱེ་འབྱེད་ཀྱི་བྱེད་ཤུགས་ཆེ་རུ་བཏང་ཡོད་པའི་གནད་དོན་ཁག་ཆེད་འདོན་སྙན་སེང་ཞུས་འདུག དེ་བཞིན་འདས་པའི་ལོ་ངོ་ ༢༥ རིང་རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་སྟེ་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་རྒྱུའི་རང་དབང་ཡོངས་རྫོགས་མེད་པ་བཟོས་པའི་གནད་དོན་དང་འབྲེལ། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་གཞུང་ལ་གནོན་ཤུགས་ཀྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་མིའི་སྐད་ཡིག་སྲུང་སྐྱོབ་པ་བཀྲིས་དབང་ཕྱུག་ལགས་དང་བསོད་ནམས་དཔལ་ལྡན་ལགས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉ་སེང་སྒྲ་ལགས་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུས་འདུག་པ་མ་ཟད། ལྷག་པར་དུ་ཉེ་ཆར་རྒྱལ་ཚོགས་ཀྱི་ཤེས་ཡོན་སློབ་དམིགས་བསལ་ཁེ་ལས་རྟོག་ཞིབ་མི་སྣ་གཙོས་ཁེ་ལས་མི་སྣ་ ༤༩ ནས་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཤར་ཏུ་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ་ཏེ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་ཚོགས་མི་རྒྱལ་ཁབ་ཁག་ལ་རྒྱ་ནག་ཐོག་དམིགས་བསལ་ཚོགས་དུས་ཤིག་བསྐོང་ཚོགས་གནང་དགོས་པ་དང་རྒྱ་ནག་ཐོག་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་ཆེད་འཛུགས་དགོས་པའི་དགོས་འདུན་ཆེད་འདོན་གནང་བ་ལྟར་དོན་འཁྱོལ་ཕྱག་བསྟར་ཡོང་བའི་འབོད་སྐུལ་ཞུས་འདུག རྩ་བའི་ཐེངས་འདིའ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ནས་ཕྱི་ཟླ་ ༧ ཚེས་ ༢༠ བར་ཚོགས་ཀྱི་ཡོད་པ་རེད། འདི་ལོ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་སྔ་ལོའི་ཚོགས་དུས་ ༤༣ པ་དེ་དུས་ཚོད་གཅིག་གི་ནང་ཆ་ཚང་ཚོགས་ཐུབ་མེད་པ་དང་། ད་ལན་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༤༤ པའི་ཚོགས་འདུ་འགྲོ་ལུགས་དང་ལས་རིམ་ཁག་ཀྱང་རྣམ་ཀུན་དང་མི་འདྲ་བ་གནང་དགོས་བྱུང་འདུག་པ་མ་ཟད། དེ་བཞིན་ཚོགས་་འདུ་མང་དག་ཅིག་དྲྭ་ལམ་ཐོག་ཚོགས་གནང་གི་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པས་ཧོང་ཀོང་གི་ཁྲིམས་གཞི་མེར་བསྲེགས་ཀྱིས་ངོ་རྒོལ།

དེ་རིང་སྔ་དྲོ།  བཞུགས་སྒར་གྱི་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ།  རྡ་སར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་གི་འོག   རྒྱ་ནག་གིས་ཁ་ཉིན་ནས་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཞེས་པ་ཞིག་གསར་དུ་ལག་བསྟར་བྱེད་བཞིན་པའི་ཁྲིམས་གཞི་དེ་མེར་བསྲེགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་དང་། ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་སྐྱེད་གནང་སོང་།སྐབས་དེར། བཞུགས་སྒར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གིས་གཏན་འབེབས་བྱས་པའི་ཧོང་ཀོང་གི་ཁྲིམས་གཞི་དེའི་འོག་ཏུ།  ཧོང་ཀོང་མི་མང་གི་བདེ་འཇགས་ལ་དཀའ་ངལ་ཤུགས་ཆེར་འཕྲད་ཀྱི་ཡོད་པར་ངོ་སྤྲོད་ཀྱིས། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་བོད་ཀྱི་སྣོད་བཅུད་གཉིས་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་མ་ཟད། རྒྱ་ནག་འདི་ད་ལྟའི་རྒྱལ་སྤྱིའི་དཀའ་ངལ་ལ་ཡང་ཉེན་ཁ་ཆེན་པོ་ཞིག་ཡོད་པར་བརྟེན། རྒྱ་ནག་དེ་འཛམ་གླིང་སྟེང་གི་ན་ཚ་ཞིག་ཆགས་ཡོད་པ་རེད་ཅེས་བསྒྲགས་གཏམ་སྤེལ་སོང་།བོད་རང་བཙན་སློབ་ཕྲུག་ཚོགས་པའི་གསར་འགོད་བསྒྲགས་གཏམ་གྱི་ནང་དུ། ཐེངས་འདིར་རྒྱ་ནག་གིས་གཏན་འབེབས་བྱས་པའི་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཞེས་པའི་ནང་ཁ་བྲལ་དང་འཇིགས་སྐུལ་སོགས་ལ་རྒོལ་རྡུང་ཟེར་བ་ནི་རྒྱ་ནག་གིས་ལོ་མང་གི་རིང་ནས་བོད་ཁུལ་གཙོ་བྱས་པའི་ཤིན་ཅང་དང་ནང་སོག་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་བྱུས་ཀྱི་འབྲུ་དོན་དང་གཅིག་མཚུངས་ཡིན་སྟབས། རྒྱ་ནག་གི་ཁྲིམས་གཞི་འདིའི་དམིགས་ཡུལ་ནི་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་དང་འོས་བསྡུ་སོགས་ཀྱི་སྐབས་སུ་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་པར་འཁོད་དེ། རྒྱ་ནག་གཞུང་གིས་དབྱིན་ཡུལ་དང་མཉམ་དུ་བཞག་པའི་མཉམ་འབྲེལ་གྱི་བསྒྲགས་གཏམ་དེར་བརྩི་བཀུར་དང་རྒྱལ་སྤྱིའི་སྤྱི་མང་གི་ཐོབ་ཐང་ལ་གོང་བཀུར། གཞན་ཡང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་བྱེད་རྒྱུ་སོགས་ཀྱི་དགོས་འདུན་ཁག་ཅིག་ཀྱང་བཏོན་འདུག དེ་རིང་གི་ལས་འགུལ་དེ་དང་འབྲེལ་ནས། འདི་གའི་གསར་འགོད་པས་ལས་འགུལ་ཁྲོད་མཉམ་ཞུགས་གནང་མཁན་གྱིི་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་ཧོང་ཀོང་གི་ཁྲིམས་གཞི་དེ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིར་རྒྱ་ནག་དམར་ཤོག་གཞུང་གིས་བཙན་དབང་གི་ཐོག་ནས་ཧོང་ཀོང་གི་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་དེ་ལག་བསྟར་བྱས་པ་དེ་ནི་རྒྱ་ནག་སྲིད་གཞུང་ཧོང་ཀོང་གི་རང་དབང་དང་མང་གཙོ་ལ་ཞེད་སྣང་གིས། ནམ་ཞིག་རྒྱ་ནག་གི་དབང་ཆ་ཡོད་ཚད་ཤོར་ཉེན་ཡོད་པའི་དོགས་གཞིའི་འོག་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཞེས་པ་དེ་ལག་བསྟར་བྱས་ཡོད་ནའང་། ཧོང་ཀོང་མི་མང་གིས་མུ་མཐུད་དུ་འཐབ་རྩོད་བྱེད་རྒྱུ་ཡིན་པ་ངེས་བ་རེད་ཅེས་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་ཧོང་ཀོང་ནང་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གནས་བབ་ཅིག་བྱུང་ན་སྙམ་པའི་རྨི་ལམ་ལྟ་བུ་ཞིག་ཡོད་པ་རེད། ཡིན་ནའང་དེ་རིང་གི་ཧོང་ཀོང་གི་གནད་དོན་འདིའི་ཐོག་ནས། ང་ཚོས་དེ་ལྟ་བུའི་རྨི་ལམ་དེ་མངོན་འགྱུར་འབྱུང་དུ་མེད་པ་ཞིག་ཡིན་པ་ར་འཕྲོད་ཡོད་ལུགས་ཀྱིས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ནམ་ཡང་ཡིད་ཆེས་བྱ་རྒྱུ་མེད་པའི་འབོད་སྐུལ་གནང་སོང་། གཞི་རྩའི་རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་འཆར་གསར་བ་དེ་ལག་བསྟར་བྱེད་འགོ་ཚུགས་པ་ནས། ཧོང་ཀོང་གི་ནང་དུ་སྔར་བཞིན་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་མང་པོ་བྱུང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་གིས་ཁྲིམས་གཞི་དེར་བསྐྱར་ཞིབ་བྱེད་རྒྱུའི་འབོད་སྐུལ་ཞུས་པ་བཞིན། དབྱིན་ཡུལ་དང་ཨོ་གླིང་སོགས་ཀྱིས་ཧོང་ཀོང་གི་མི་སེར་རྣམས་ཁུལ་དེའི་རང་རྒྱལ་དུ་ལེན་རྒྱུར་ཐུགས་བསམ་བཞེས་བཞིན་ཡོད་པ་ཡང་ཡོངས་གྲགས་གནང་ཡོད་པ་རེད།

སུད་སི་ནང་བོད་མི་དང་བླངས་པ་ལྔས་བོད་དོན་རྐང་འཁོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས།

ཉེ་ཆར་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དང་འབྲེལ་ནས་བོད་མི་གནས་སྡོད་ས་ཁུལ་གང་སར་གཅིག་རྗེས་གཉིས་མཐུད་ཀྱིས་བོད་དོན་ལས་འགུལ་འདྲ་མིན་སྤེལ་བཞིན་པའི་ཁྲོད་འདིར་དེ་རིང་སུད་སི་ནང་སླར་བོད་མི་དང་བླངས་པ་ལྔས་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་གོ་ལ་ཧྲིལ་པོའི་མང་ཚོགས་སྟོང་ཕྲག་དུ་མའི་ཚེ་སྲོག་ཤོར་བའི་འགན་ཡོངས་རྫོགས་རྒྱ་གཞུང་ནས་འཁྱེར་བཅུག་དགོས་ཞེས་པའི་འབོད་སྐུལ་འོག་དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ས་གནས་ Zug ནས་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པ་རེད། སྤྱིར་ད་རེས་ཀྱི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ནང་བོད་མི་མིག་དམར་ལགས་ཀྱིས་གཙོས་པའི་སྦན་ནས་ཡིན་པ་པདྨ་ལགས་དང། ཉེ་ཆར་བོད་དོན་གོམ་བགྲོད་ལས་འགུལ་སྣེ་ཁྲིད་གནང་མཁན་བོད་མི་བློ་བཟང་ལགས། དེ་བཞིན་སྦར་སིལ་ནས་ཡིན་པ་བློ་བཟང་ལགས། བསོད་ནམས་ལགས་བཅས་བོད་མི་དང་བླངས་པ་ལྔས་དེ་རིང་ས་གནས་ཛུག་ནས་དབུ་འཛུགས་ཀྱིས་ལུ་ཛན་དང་ཨརའོ། སྦན། ཕྷིར་སྦུག ལའོ་ཛན། དེ་ནས་མཐར་ཇི་ནི་ཝ་བཅས་སུ་སུད་སིའི་གྲོང་ཁྱེར་ཆེ་ཁག་དྲུག་ནང་སྐོར་སྐྱོད་གནང་རྒྱུ་རེད་འདུགལམ་བར་དུ་ཁོང་རྣམས་གཙོ་བོ་སུད་སི་གཙོས་རྒྱལ་སྤྱིའི་གཞུང་མང་ལ་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་རྐྱེན་པས་འཛམ་གླིང་ཀུན་ལ་དོ་ཕོག་བཏང་བའི་འགན་ཡོངས་རྫོགས་རྒྱ་གཞུང་ནས་འཁྱེར་དགོས་པ་བཟོ་རྒྱུ་གཙོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང། ༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་གློད་བཀྲོལ། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་བཅས་ཀྱི་དགོས་འདུན་དོན་ཚན་བཞི་ཅན་ཞིག་བརྒྱུད་བསྒྲགས་གནང་རྒྱུ་རེད་འདུགལྷག་པར་དུ་ཐེངས་འདིའི་ལས་འགུལ་སྣེ་ཁྲིད་གནང་མཁན་མིག་དམར་ཚེ་རིང་ལགས་ཀྱིས་ རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་གཉན་རིམས་འདིས་འཛམ་གླིང་ཁྱོན་ཡོངས་སུ་མང་ཚོགས་སྟོང་ཚོ་མང་པོའི་ཚེ་སྲོག་འཕྲོག་པ་དང། དཔལ་འབྱོར་ལ་དོ་ཕོག་བཏང་བའི་གནད་དོན་འདི་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོགས་སྒེར་ཁག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གནད་དོན་ཞིག་བཟོ་ཐུབ་པ་གནང་དགོས་ཞེེས་གསུངས་ཡོད་པ་རེད།  སྤྱིར་སུད་སི་ནང་རྒྱལ་ཡོངས་སུ་ཁྱིམ་སྡོད་བཀའ་རྒྱ་ལྷོད་ཡངས་སུ་བཏང་རྗེས་ཐོག་མར་སུད་སི་གནས་སྡོད་བོད་མི་ཚེ་རིང་དབང་འདུས་ལགས་ཀྱིས་བོད་དོན་ལས་འགུལ་དབུ་འཛུགས་གནང་བ་དང་། དེ་རྗེས་ཉེ་ཆར་བོད་མི་བློ་བཟང་ལགས་ཀྱིས་སྣེ་ཁྲིད་འོག་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། དེ་བཞིན་སླར་ཡང་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་བཅས་བོད་མི་སྒེར་ནས་སྤེལ་བའི་བོད་དོན་ལས་འགུལ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།  

རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཁྲོད་རྒྱ་ནག་གིས་བོད་རིགས་དམག་མི་ཆེད་གཏོང་མངོན་གསལ།

ཉེ་ཆར་ཟླ་གོང་མའི་ཕྱི་ཚེས་ ༡༥ དགོང་མོ་ལ་དྭགས་གྷལ་ཝན་ཡུལ་ཀླུང་དུ་ཆགས་པའི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཤོར་རྐྱེན་དེང་སྐབས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཇེ་ཆེར་ཕྱིན་པའི་ཁྲོད་འདིར་ཕྱོགས་གཉིས་པོའི་དབར་དམག་འཁྲུག་ལངས་སྲིད་པའི་གནས་སྟངས་ཆགས་ཡོད་པ་དང་འབྲེལ། རྒྱ་ནག་གཞུང་ཕྱོགས་ནས་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་འདིའི་ཁྲོད་བོད་རིགས་དམག་མི་ཕོན་ཆེ་བཏང་དང་གཏོང་བཞིན་པ་མངོན་གསལ་གནང་སྟེ་གནད་དོན་དེ་ནི་ཆེས་བློ་འཚབ་གནང་གཞིར་གྱུར་ཡོད་པ་གསུངས་འདུགརྒྱ་གར་ལྷོ་ཕྱོགས་ Auroville ནང་དུ་བཅའ་བཞུགས་བོད་རིག་པའི་མཁས་པ་སྐུ་ཞབས་ Claude Arpi ལགས་ཀྱིས་ཁ་སང་ rediff བརྒྱུད་ལམ་ཐོག་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བར་ཟླ་སྔོན་ཚེས་ ༡༥ གོང་མོ་ལ་དྭགས་གྷལ་ཝན་ཡུལ་ཀླུང་དུ་ཆགས་པའི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཤོར་རྐྱེན་རྒྱ་གར་གྱི་དམག་དཔོན་ Santosh Babu ལགས་གཙོས་པའི་དམག་མི་ ༢༠ ཚེ་སྲོག་ཤོར་ཡོད་པ་ཡོངས་གྲགས་གནང་བའི་གནས་ཚུལ་སྤེལ་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་དམག་མི་ཇི་ཙམ་རྐྱེན་འདས་གྲོངས་སུ་ཕྱིན་ཡོད་པ་ད་བར་ཡོངས་གྲགས་ཞུས་མེད་ཀྱང་རྗེས་སུ་ Twitter དྲྭ་ལམ་ཐོག་གནས་ཚུལ་ཞིག་ཕྱི་གྱར་བྱུང་བའི་ནང་ཚེས་ ༡༥ ཉིན་ Galwan དམག་འཁྲུག་ནང་འདས་གྲོངས་སུ་ཕྱིན་པའི་རྒྱ་ནག་གི་དམག་མི་ ༣༨  ཀྱི་མིང་ཐོ་དང་དམག་མི་དེ་དག་རྒྱ་ནག་གི་ས་ཁུལ་གང་ནས་ཡིན་པ་སོགས་མངོན་གསལ་གནང་བའི་ཁོངས་ནས་མི་ ༨ བོད་ནས་ཡིན་སྐོར་བརྗོད་པ་བཞིན་མི་བརྒྱད་པོ་དེ་དག་གི་མིང་ལ་ལྷག་པ་དང་ཚེ་རིང་། སྐལ་བཟང་སོགས་བོད་པའི་མིང་འཁོད་ཡོད་པ་དང་། ད་ལྟའི་ཆར་གནས་ཚུལ་དེ་ཁུངས་ལྡན་ཡིན་མིན་རྩད་གཅོད་གནང་དཀའ་ནའང་རྒྱ་ནག་གཞུང་གིས་བོད་དམག་ཆེད་གཏོང་གི་དམག་འཐབ་པར་ཐེ་ཚོམ་གང་ཡང་མེད་པར་རྟོགས་ཐུབ་རྒྱུ་ཡོད་པ་གསུངས་འདུག དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་འདྲ་པར་ཕོན་ཆེ་དང་འབྲེལ་ནས་གནས་ཚུལ་སྤེལ་བར་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གི་གོ་ཚོན་དང་བཅས་དམག་སྦྱོང་ཤུགས་ཆེན་པོ་སྤེལ་བཞིན་པ་མ་ཟད། ས་གནས་བོད་རིག་མང་ཚོགས་ལས་གྲུབ་པའི་ཞོགས་འདེགས་དཔུང་དམག་རུ་ཁག་གསར་པ་ལྔ་ཙམ་ཆེད་འཛུགས་བྱས་ཡོད་པ་དང་། དེང་དུས་འཕྲུལ་ཆས་ལྡན་པའི་རུ་ཁག་གཅིག་དང་རི་འཛེགས་རུ་ཁག་གཅིག དེ་བཞིན་མྱུར་སྐྱོབ་དང་འབྲེལ་མཐུད་རུ་ཁག་བཅས་ཡོད་པ་དེ་ཉེན་ཆར་བོད་ཁུལ་གྱི་རྒྱ་ནག་བཅིངས་བཀྲོལ་དམག་གི་དམག་དཔོན་གཞོན་པ་དང་དམར་ཤོགས་ཚོགས་པའི་ངོ་ཚབ་པ་ Zhang Xiejie ཟེར་བས་སྣེ་ཁྲིད་འོག་ཞོགས་འདེགས་དཔུང་དམག་རུ་ཁག་གསར་པ་ལྔ་པོ་དེ་དག་གི་རུ་སྒྲིག་མཛད་སྒོ་ཚོགས་པ་དང་སྐབས་དེར་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཚོས་བོད་ནང་བརྟན་ལྷིང་དང་ས་མཚམས་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་ཁུལ་ལ་བློ་འགུལ་ཐབས་བྱེད་བཞིན་ཡོད་པ་དང་། བོད་རིགས་དེ་དག་ལ་གླ་ཕོགས་ཡག་པོ་སྤྲད་ནས་དམག་འཐབ་ལ་ཞུགས་བཅུག་པ་གསལ་རྟོགས་བྱུང་སྐོར་མངོན་གསལ་གནང་འདུགསྐུ་ཞབས་ Claude Arpi ལགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༢༢ དང་ ༣༦ ནང་གསལ་ཞོགས་འདེགས་དཔུང་དམག་དེ་དག་གི་ལས་འགན་གཙོ་བོ་ནི་དམག་གི་གྲ་སྒྲིག་དང་རྒྱལ་སྲུང་། དེ་བཞིན་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་ལས་དོན་གཉེར་དགོས་སྐོར་འཁོད་ཡོད་པ་མ་ཟད་ཕྱི་ལོ་ ༢༠༡༦ ལོ་ནས་ཟུང་ཞོགས་འདེགས་དཔུང་དམག་དེ་རྒྱ་ནག་དམར་ཤོག་གཞུང་གི་བཅིངས་བཀྲོལ་དམག་གི་ཐད་དཀར་བཏང་འཛིན་འོག་ཡོད་སྟབས་རྒྱ་ནག་ལ་ཞོགས་འདེགས་དཔུང་དམག་ས་ཡ་ ༨ ཙམ་ཡོད་པ་དང་འབྲེལ་ནས་འཛམ་གླིང་ཁྱོན་ཡོངས་སུ་གཞུང་འབྲེལ་དམག་དཔུང་ཡོད་པའི་ཐོག་ལ་ཞོགས་འདེགས་དཔུང་དམག་མང་ཤོས་ཡོད་མཁན་གྲས་ཤིག་ཡིན་པ་སོགས་མངོན་གསལ་གནང་འདུག ལྷག་པར་དུ་སྔ་ལོའི་ཕྱི་ཟླ་ ༧ དང་ ༩  ནང་ལྷ་ས་དང་པེ་ཅིང་དབར་བརྙན་འཕྲིན་བརྒྱུད་ཚོགས་འདུ་ཚོགས་པའི་ནང་བོད་ཁུལ་གྱི་བཅིངས་བཀྲོལ་དམག་དཔུང་དང་བོད་ཁུལ་གྱི་ཞོགས་འདེགས་དཔུང་དམག་ནང་དུ་དམག་མི་གསར་འཇུག་བྱེད་རྒྱུའི་ཐོག་གྲོས་བསྡུར་བྱས་ཡོད་པ་དང་འབྲེལ། རྗེས་སུ་བོད་ལྗོངས་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་བར་རྒྱ་ནག་ཁྱོན་ཡོངས་ཀྱི་ཞོགས་འདེགས་དཔུང་དམག་ནང་འཛུལ་ཞུགས་ཀྱི་འགྲན་བསྡུར་ནང་བོད་ཁུལ་གྱི་ཞོགས་འདེགས་དཔུང་དམག་གི་ཟིན་ཐོ་གསར་པ་བཞག་ཡོད་པ་དང་། འགྲན་བསྡུར་ནང་འཛུལ་ཞུགས་ཆེད་དམར་ཤོག་ཚོགས་པའི་ལྟ་གྲུབ་གསལ་པོ་ཤེས་དགོས་པ་དང་། དམག་འཁྲུག་སྐབས་སེམས་ཞི་བར་གནས་ཐུབ་པ་སོགས་ཀྱི་ཐད་ལ་རྟོག་ཞིབ་ནན་པོ་བྱས་པ་ལྟར། བོད་ཁུལ་གྱི་ཞོགས་འདེགས་དཔུང་དམག་ནང་དུ་འཛུལ་ཞུགས་བྱེད་མཁན་རྣམས་ནས་འཇོན་ཐང་དང་སྤྱོད་ཚུལ་ཡག་པོ་ཡོད་དགོས་པའི་ཁར་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པ་སོགས་འཁོད་ཡོད་སྐོར་གསུངས་འདུགསྤྱིར་བོད་ཁུལ་གྱི་དམག་དཔུང་ནང་དམག་སྤྱི་དང་དམག་སྤྱི་གཞོན་པ། དེ་བཞིན་མདའ་དཔོན་སོགས་ཀྱི་གོ་གནས་ཡོད་མཁན་བོད་རིགས་མང་དག་ཅིག་ཡོད་པ་སོགས་གནད་དོན་ཁག་ལུང་འདྲེན་དང་འབྲེལ། མ་འོངས་པར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་འབྱུང་ཚེ་བོད་རིགས་དམག་མི་ཕོན་ཆེ་ཞིག་དེར་མཉམ་ཞུགས་གནང་ངེས་ཡིན་པ་མ་ཟད། གནས་ཚུལ་ཐོན་ཁག་ལ་གཞིགས་ན་བོད་མི་ཁག་ཅིག་ནས་མཉམ་ཞུགས་བྱེད་བཞིན་པ་མངོན་རྒྱུ་ཡོད་སྟབས། རྒྱ་གར་གྱི་ངོས་ནས་བོད་པའི་དམག་མི་དང་ལྷན་དུ་འཁྲུག་འཛིང་གནང་བློ་རྩ་བ་ནས་མེད་པར་བརྟེན་དེ་ནི་བོད་དང་རྒྱ་གར་དབར་གྱི་འབྲེལ་ལམ་ཐད་ལ་གནོད་གཞི་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེའི་ཐོག་བཞེངས་ཕྱོགས་གང་ཡོད་དམ་ཞེས་བཀའ་འདྲི་གནང་འདུག

ཨ་རིའི་གྲོས་ཚོགས་སུ་ཧོང་ཀོང་གི་རང་སྐྱོང་ཁྲིམས་འཆར་གཏན་འབེབས།

དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་མི་ལོ་ ༢༣འཁོར་བའི་དུས་དྲན་གྱི་ཉིན་གཅིག་སྔ་རོལ་དུ་རྒྱ་ནག་གཞུང་ངོས་ནས་ཧོང་ཀོང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཞི་དངོས་སུ་གཏན་འབེབས་བྱས་པ་ལྟར། ཨ་རིའི་གྲོས་ཚོགས་ནས་ཁྲིམས་གཞི་དེའི་ཐོག་སེམས་འཚབ་དང་བཅས་ཁྲིམས་འཆར་གསར་པ་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་བརྒྱུད། ཧོང་ཀོང་གི་རང་སྐྱོང་གནས་བབ་རྩིས་མེད་རྡོག་རོལ་བྱེད་མཁན་དང་ཁུལ་དེར་དྲག་གནོན་གྱི་བྱ་སྤྱོད་སྤེལ་མཁན་དང་ལྷན་དུ་ངན་པ་ལག་འབྲེལ་བྱེད་མཁན་གྱི་དངུལ་ཁང་རྣམས་ལ་ཉེས་ཆད་གཅོད་རྒྱུ་ཡིན་པ་བཟོས་འདུགདེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཕྱི་ཚེས་ ༡ ཉིན་ཧོང་ཀོང་གི་རང་སྐྱོང་ཁྲིམས་འཆར་ཞེས་པ་ཞིག་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་བ་དང་སྦྲགས། ཨ་རིའི་སྲིད་འཛིན་མཆོག་གི་མཚན་རྟགས་བཀོད་ཆེད་སྲིད་འཛིན་ལས་ཁུངས་སུ་ཕུལ་ཟིན་འདུགཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi ལགས་ཀྱིས་དེ་འབྲེལ་སྤྱི་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གིས་ཧོང་ཀོང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཞི་ཞེས་པ་གཏན་འབེབས་བྱས་པ་དེ་ཡིས། སྤྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་དུས་མི་ལོ་ལྔ་བཅུའི་རིང་ལ་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་གི་གནས་བབ་ཅིག་སྤྲོད་རྒྱུར་འགན་ལེན་བྱས་པ་དང་ཡོངས་སུ་འགལ་ཡོད་པ་དང་། རྒྱ་ནག་གི་ཁྲིམས་གཞི་དེ་ཡིས་ད་ཡོད་ཀྱི་ཧོང་ཀོང་མི་མང་གི་གཞི་རྩའི་རང་དབང་ལ་རྡོག་རོལ་ཐེབས་ངེས་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད། ཨ་རིའི་སྲིད་འཛིན་ཀྱིས་ཐེངས་འདིའི་ཧོང་ཀོང་གི་རང་སྐྱོང་ཁྲིམས་འཆར་གཙོས་ཧོང་ཀོང་གི་གནད་དོན་དང་འབྲེལ་བའི་ཁྲིམས་གཞི་གཏན་འབེབས་ཟིན་པ་རྣམས་ཀྱི་འབྲུ་དོན་ཡོངས་སུ་ལག་བསྟར་བྱས་ཏེ། རྒྱ་ནག་ཐོག་ཐབས་ཇུས་ལྡན་པའི་ལངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས་པའི་གཞེན་སྐུལ་གནང་འདུགརྩ་བའི་ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་དེ་མ་བཏོན་སྔོན། ཧོང་ཀོང་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཞི་གཟེར་བར་ངོ་རྒོལ་སླད་ཧོང་ཀོང་གི་དམིགས་བསལ་གྱི་གནས་བབ་མེད་པར་བཟོ་འགོ་བཙུགས་ཏེ་ཧོང་ཀོང་གི་ཁུལ་དུ་རྒྱལ་སྲུང་བ་ཕྱིར་གཏོང་བྱེད་རྒྱུ་མཚམས་འཇོག་དང་། དེ་བཞིན་ཁུལ་དེར་ཚན་རྩལ་མཐོ་བའི་ཐོན་རྫས་ཀྱི་རིགས་མཁོ་འདོན་བྱེད་རྒྱུར་ཡང་ཚད་བཀག་བྱས་ཡོད་པ་རེད་འདུག དེ་བཞིན་དབྱིན་ཡུལ་གྱི་སྲིད་བློན་ Boris Johnson ལགས་ཀྱིས་ཀྱང་ཁ་སང་། རྒྱ་ནག་གིས་ཐེངས་འདིར་བཙན་དབང་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ལག་བསྟར་བྱས་པ་དེ་ནི་དབྱིན་ཡུལ་དང་རྒྱ་ནག་གཉིས་ཀྱིས་སྤྱི་ལོ་ ༡༩༨༥ ལོར་མཉམ་འབྲེལ་གྱིས་བསྒྲགས་གཏམ་སྤེལ་བའི་འབྲུ་དོན་དང་འགལ་བ་མ་ཟད། རྒྱ་ནག་གིས་སྐབས་དེར་ཧོང་ཀོང་ལ་འགན་ལེན་བྱེད་རྒྱུའི་ཁྲིམས་སྒྲིག་ཁག་ལ་ཡང་འགལ་ཡོད་སྟབས། དབྱིན་ཡུལ་གྱིས་ཧོང་ཀོང་མི་སེར་ས་ཡ་གསུམ་ཙམ་དབྱིན་ཡུལ་དུ་བླངས་ནས་རིམ་བཞིན་མི་སེར་ལག་འཁྱེར་སྤྲོད་རྒྱུ་ཡིན་པ་ཡང་གསལ་བསྒྲགས་གནང་ཡོད་མ་ཟད།  ཨོ་གླིང་རྒྱལ་ཁབ་ཀྱིས་ཀྱང་ཧོང་ཀོང་མི་སེར་ལ་བསམ་གཞིགས་ཀྱིས།  ཧོང་ཀོང་བ་རྣམས་ཨོ་གླིང་རྒྱལ་ཁབ་ཏུ་ནང་འདྲེན་བྱེད་རྒྱུར་བསམ་བློ་གཏོང་གི་ཡོད་པ་ཕྱིར་བསྒྲགས་གནང་འདུགདེ་བཞིན་ཧོང་ཀོང་གི་མང་གཙོ་འཐབ་རྩོད་པ། སྐུ་ཞབས་ Simon Cheng ལགས་ཀྱིས་དབྱིན་ཡུལ་གྱི་གསར་ཁང་། The Guardian  ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ཆ་རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ལག་བསྟར་བྱེད་བཞིན་ཡོད་པའི་དུས་སྐབས་འདིར། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་དུ་བཙན་བྱོལ་གྱི་གྲོས་ཚོགས་ཤིག་འཛུགས་རྒྱུར་གྲོས་བསྡུར་བྱེད་ཀྱི་ཡོད་ཚུལ་ངོ་སྤྲོད་དང་བཅས། རྒྱ་ནག་རྒྱལ་ཁབ་ལ་མང་གཙོ་ནི་སུས་ཀྱང་འགོག་ཐབས་མེད་པ་ཞིག་ཡིན་པའི་བརྡ་ལན་སྤྲོད་རྒྱུ་ཡིན་པར་མངོན་གསལ་གནང་འདུག ཁོང་གིས་ད་དུང་དབྱིན་ཡུལ་གྱི་ངོས་ནས་ཧོང་ཀོང་གི་མི་སེར་མང་པོ་གཏད་སྡོད་ཀྱི་ལག་འཁྱེར་སྤྲོད་རྒྱུ་ཡིན་པར་བརྟེན། ཧོང་ཀོང་གི་མི་མང་སྟོང་ཕྲག་མང་པོ་དབྱིན་ཡུལ་དུ་ཡོང་རྒྱུ་ངེས་བ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་བཙན་བྱོལ་གྱི་གྲོས་ཚོགས་ཤིག་བཙུགས་པ་ཡིན་ན་དེས་ཧོང་ཀོང་མི་མང་གི་ངོ་ཚབ་མཚོན་ཐུབ་པ་ཞིག་ཡིན་པ་མ་ཟད། སྲིད་དབང་སྒེར་གཅོད་ཀྱི་རྒྱ་ནག་སྲིད་གཞུང་ལ་བརྡ་ལན་གསལ་བོ་ཞིག་སྤྲོད་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་གནང་འདུགགཞི་རྩའི་ད་ལྟ་ཆའི་ཧོང་ཀོང་གི་ནང་དུ་རྒྱ་ནག་གི་ཁྲིམས་གཞི་དེར་ངོ་རྒོལ་བྱེད་མཁན་མང་པོ་བྱུང་གི་ཡོད་པར་བརྟེན།་ ཧོང་ཀོང་གི་ཉེན་རྟོགས་པས་མི་མང་པོ་འཛིན་བཟུང་བྱེད་ཀྱི་ཡོད་པའི་ཁྲོད། ཧོང་ཀོང་གི་མང་གཙོ་དོན་གཉེར་གྱི་ལས་འགུལ་བ་རྣམས་ཕྱི་ཕྱོགས་སུ་བྲོས་བྱོལ་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད་པ་ལྟར།  ཀོང་ཧོང་གི་མང་གཙོ་ཚོགས་པ་ཆེད་འཛུགས་གནང་མཁན་གྱི་ན་གཞོན། Nathan Law ལགས་ཀྱང་ཕྱི་ཕྱོགས་སུ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་། ཁོང་གིས་གསར་ལམ་ཁག་ཏུ། ད་ཆ་རྒྱ་ནག་གི་ཁྲིམས་གཞི་དེའི་རྐྱེན་གྱིས་ཧོང་ཀོང་གི་ནང་དུ་ཁྲག་དྲི་བྲོ་བའི་རིག་གནས་གསར་བརྗེ་ཞིག་གི་འགོ་ཚུགས་ཡོད་པར་ངོ་སྤྲོད་ཀྱིས།  ཧོང་ཀོང་མི་མང་གིས་ནམ་ཡང་མང་གཙོའི་འཐབ་རྩོད་ལ་མགོ་བོ་སྒུར་རྒྱུ་མིན་ཞེས་ཡོངས་གྲགས་གནང་འདུག

གཟའ་འཁོར་འདི་ནང་བོད་མི་ཏོག་དབྱིབས་གཉན་རིམས་ཕོག་མཁན་བཅིུག་བྱུང་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་དེ་རིང་ཉིན་རྒྱབ་གསར་འགོད་གསལ་བསྒྲགས་སྤེལ་བར་འདས་པའི་གཟའ་འཁོར་འདི་ནང་རྒྱ་བལ་གཉིས་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་བཅིུག་ལ་ Covid-19 གཉན་རིམས་ཕོག་ཡོད་པ་ཡོངས་གྲགས་གནང་སོང་།བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོད་འགྲུས་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་གཉིས་དབུ་བཞུགས་ཐོག་གསར་འགོད་གསལ་བསྒྲགས་གནང་བར་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ལྟའི་ཆར་རྒྱ་བལ་གཉིས་ནང་གི་བོད་མིའི་སྤྱི་ཚོགས་གནས་སྟངས་སྐོར་འགྲེལ་བརྗོད་གནང་སྐབས་འདས་པའི་གཟའ་འཁོར་འདི་ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ཁོ་ན་ནས་རང་ལོ་ ༡༢ ནས་ ༨༣ བར་གྱི་བོད་མི་ཁྱོན་ ༨ ལ་ནད་རྟགས་ཐོན་པ་དང་དེ་བཞིན་སྦེལ་ཀོབ་ནས་རང་ལོ་ ༤༡ ཅན་གྱི་སྐྱེས་པ་ཞིག་དང་། རྒྱལ་ས་ལྡི་ལི་ནས་བེུད་རང་ལོ་ ༢༤ དང་ ༣༤ ཡིན་པ་གཉིས་བཅས་ལ་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་སྐོར་གསུངས་སོང་། ད་ལྟའི་ཆར་མོན་གྷོ་འདོད་རྒུ་གླིང་གི་བོད་མི་བརྒྱད་པོ་དེ་དག་དང་སྦེལ་ཀོབ་ཀྱི་བོད་མི་གཅིག་པོ་དེ་རྣམས་རྫོང་གི་ཏོག་དབྱིབས་སྨན་ཁང་དུ་ཟུར་འཇོག་གནང་མུས་ཡིན་པ་དང་། ལྡི་ལི་ནང་གི་བེུད་གཉིས་པོ་དེ་རང་ཁྱིམ་དུ་ཟུར་འཇོག་གནང་བཞིན་པ་དེ་ལྟར་ཡང་། ཁོང་རྣམ་པར་གཉན་རིམས་ཀྱི་ནད་རྟགས་ཐོན་པ་མ་གཏོགས་དེ་མིན་ཛད་དྲག་གི་གནས་སྟངས་གང་ཡང་མེད་པར་འགྲེལ་བརྗོད་གནང་ཡོད། སྤྱིར་ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཁྱོན་ ༥༣ བྱུང་བའི་ཁོངས་ནས་གཉིས་འདས་གྲོངས་སུ་གྱུར་ཡོད་པ་དང་། བོད་མི་ ༢༥ དྲག་སྐྱེད་བྱུང་བ། དེ་བཞིན་གཉན་རིམས་ཀྱིས་མནར་བཞིན་པ་ ༢༦ ཡོད་པ་རེད། དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པ་དང་གྲངས་ཐོ་ཚན་པའི་ལས་བྱེད་ནས་ནད་པར་དངོས་སུ་དཀའ་ངལ་གང་འཕྲད་བཞིན་པ་དང་དེ་དག་ལ་གདོང་ལེན་གནང་ཕྱོགས་ཐད་ལམ་སྟོན་གནང་ཡོད་པ་མ་ཟད། སྨན་པ་གཉིས་ཀྱིས་བོད་མི་རྣམས་ལ་གཉན་རིམས་ཁྱབ་གདལ་ཁྲོད་མུ་མཐུད་ཡིད་གཟབ་གནང་དགོས་པ་དང་སྤྱིར་ད་ཆར་ས་གནས་སོ་སོར་ཕྱིར་ཕེབས་གནང་བའི་བོད་མི་རྣམས་ལ་ཉུང་མཐར་ཉིན་ ༡༤ རིང་འགོག་དབྱེ་ཟུར་འཇོག་གནང་བཞིན་པ་དེ་ལྟར་ཡང་། རབ་བྱུང་ན་ལྷག་འཁྲོལ་ཉིན་ ༡༤ དེའི་རིང་རང་ཁྱིམ་དུ་བཞུགས་ཏེ་ཁྱོན་ཉིན་ ༢༨ རིང་ཟུར་བཞུགས་གནང་གནད་ཡིན་པའི་འབོད་སྐུལ་གནང་ཡོད།

དབྱིན་ཡུལ་གཞུང་གིས་ཧོང་ཀོང་གི་མི་འབོར་ས་ཡ་གསུམ་མ་ཟིན་ཙམ་ལ་མི་སེར་ལག་ཁྱེར་སྤྲོད་འཆར།

ཁ་སང་དབྱིན་ཡུལ་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་མི་ལོ་ ༢༣ འཁོར་བའི་དུས་དྲན་དང་བསྟུན་ནས། རྒྱ་ནག་གཞུང་གིས་བཙན་དབང་གི་ཐོག་ནས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ཞིག་ཧོང་ཀོང་གི་གཞི་རྩའི་ཁྲིམས་ཁོངས་སུ་བཅུག་པར་བརྟེན། ཧོང་ཀོང་གི་ནང་གི་མི་སེར་མང་པོའི་རྒྱ་ནག་གི་ཁྲིམགས་གཞི་དེར་ངོ་རྒོལ་སྐད་འབོད་རྒྱག་བཞིན་ཡོད་པ་མ་ཟད། ཕྱི་ལོག་གི་རྒྱལ་ཁབ་མང་པོས་ཀྱང་རྒྱ་ནག་གིས་ཁྲིམས་གཞི་དེ་བརྒྱུད་ནས་ཧོང་ཀོང་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ལ་དོ་ཕོག་ཆེན་པོ་གཏོང་ངེས་ཡིན་པར་སྐྱོན་བརྗོད་ཀྱིས། རྒྱ་ནག་གིས་ཁྲིམས་གཞི་དེར་བསྐྱར་ཞིབ་བྱེད་དགོས་བའི་འབོད་སྐུལ་གནང་ཡོད་པ་རེད།དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་དབྱིན་ཡུལ་གྱི་སྲིད་བློན་ Boris Johnson ལགས་ཀྱིས་ཡོངས་གྲགས་ཀྱིས་གསར་ལམ་དུ། རྒྱ་ནག་གིས་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་དེ་ལག་བསྟར་བྱས་པ་ཡིན་ན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཞི་རྩའི་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་སྟབས། དབྱིན་ཡུལ་གཞུང་གིས་ཧོང་ཀོང་གི་མི་སེར་ས་ཡ་གསུམ་མ་ཟིན་ཙམ་ལ་འདོད་པ་ཡོད་ཚེ། དབྱིན་ཡུལ་ནང་གཏན་སྡོད་བྱེད་ཆོག་པ་དང་རིམ་བཞིན་ཡུལ་དེའི་མི་སེར་བཞེས་རྒྱུའི་ཐོབ་ཐང་འབུལ་རྒྱུ་ཡིན་པ་གསུངས་འདུག དེ་ཡང་སྲིད་བློན་མཆོག་གིས་འཆར་གཞི་དེའི་ཁྲོད། ཧོང་ཀོང་དུ་གནས་སྡོད་བྱེད་བཞིན་པ་གང་ཞིག་ལ་དབྱིན་ཡུལ་གྱི་Passport འམ་འགྲུལ་བསྐྱོད་ལག་འཁྱེར་ཡོད་མཁན་ཧོང་ཀོང་གི་མི་སེར་འབུམ་གསུམ་དང་ཕྱེད་ཀ་ཙམ་དང་། དེ་བཞིན་འགྲུལ་བསྐྱོད་ལག་འཁྱེར་བཞེས་རྒྱུའི་ཆ་རྐྱེན་ཚང་བའི་ཧོང་ཀོང་གི་མི་སེར་གཞན་ས་ཡ་ ༢།༥ ལྷག་དབྱིན་ཡུལ་དུ་ལེན་རྩིས་ཡོད་པ་མ་ཟད།   དབྱིན་ཡུལ་གྱིས་ལོ་རྒྱུས་ཀྱི་ནང་དུ་བྱུང་མ་མྱོང་བའི་མཐོང་མཆན་གྱི་ལམ་ལུགས་ལ་བསྒྱུར་བཅོས་ཀྱིས་ག་ལེར་ཁོང་ཚོར་དབྱིན་ཡུལ་དུ་གཏན་སྡོད མི་སེར་ཡང་ཆགས་ངེས་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་དབྱིན་ཡུལ་གཞུང་གིས་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་གནང་རྗེས། དབྱིན་ཡུལ་གྱི་འགྲུལ་བསྐྱོད་ལག་འཁྱེར་ཡོད་མཁན་རྣམས་ལོ་རབས་བརྒྱད་ཅུའི་ནང་དབྱིན་ཡུལ་དུ་མཐོང་ཆེན་ཞུ་མི་དགོས་པར་ཟླ་བ་དྲུག་རིང་བསྐྱོད་ཆོག་པ་སོགས་ཀྱི་དམིགས་བསལ་གྱི་གནས་བབ་ཅིག་ཕུལ་ཡོད་པ་དང་། ད་ལྟའི་དབྱིན་ཡུལ་གཞུང་གི་འཆར་གཞི་ལྟར་བྱས་ན།  ཧོང་ཀོང་གི་མི་སེར་དེ་དག་ལོ་ལྔའི་རིང་དབྱིན་ཡུལ་ནང་སློབ་སྦྱོང་དང་ཕྱག་ལས་སོགས་གནང་ཆོག་པ་མ་ཟད། རིམ་པའི་ཁུལ་དེའི་ནང་གཏན་སྡོད་ཆོག་པ་མ་ཟད་ལོ་གཅིག་གི་རྗེས་སུ་མི་སེར་གྱི་ཐོབ་ཐང་འབུལ་འཆར་ཡོད་པ་རེད་འདུག དབྱིན་ཡུལ་གཞུང་གིས་ཧོང་ཀོང་གི་མི་སེར་མང་པོ་དུས་གཅིག་ཏུ་དབྱིན་ཡུལ་དུ་ལེན་རྩིས་ཡོད་ལུགས་ཀྱི་གསར་འགྱུར་ཐོན་མ་ཐག རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian གྱིས་དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་ཐེ་གཏོགས་མ་བྱེད་རོགས། ཧོང་ཀོང་གི་གནད་དོན་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་སྟབས་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་གཏོགས་བྱས་མི་ཆོག་ཅེས་ལན་འདེབས་གནང་བ་མ་ཟད། ཕྱོིགས་གཉིས་ཀྱི་གྲོས་མཐུན་ནང་དབྱིན་ཡུལ་གཞུང་ངོས་ནས་ཡུལ་དེའི་འགྲུལ་བསྐྱོད་ལག་འཁྱེར་ཡོད་མཁན་ཧོང་ཀོང་གི་མི་སེར་རྣམས་ལ་དབྱིན་ཡུལ་དུ་གཏན་སྡོད་ཐོབ་ཐང་སྤྲོད་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པ་ལྟར། ད་རེས་སྲིད་བློན་ Johnson ལགས་ཀྱི་ཐག་གཅོད་དེ་ནི་དབྱིན་ཡུལ་གཞུང་རང་ཉིད་ཀྱི་ལང་ཕྱོགས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འབྲུ་དོན་དང་འགལ་གྱི་ཡོད་པར་སྐྱོན་འཛུགས་བྱས་འདུག དེ་བཞིན་ཁ་སང་། མཉམ་འབྲེལ་རྒྱལ་ཚོགས་ཁྲོད་ཀྱི་རྒྱ་གར་གྱི་གཞུང་ཚབ་པ། སྐུ་ཞབས་ Rajiv Kumar Chander ལགས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དབུས་སུ། རྒྱ་གར་གྱི་ངོས་ནས་ད་ལྟའི་ཧོང་ཀོང་ནང་གི་རྒྱ་ནག་གི་བྱེད་བབ་དེར་ཞིབ་ཚགས་པོས་དོ་སྣང་བྱས་ཡོད་ལུགས་འགྲེལ་བརྗོད་གནང་བ་དང་འབྲེལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ད་ལྟའི་ཧོང་ཀོང་གི་གནད་དོན་དེར་དམིགས་ཚད་དང་ལྡན་ཞིང་དོ་དམ་པའི་ངང་ནས་བལྟ་དགོས་བའི་ཞུ་སྐུལ་གནང་འདུག གཞི་རྩའི་ཁ་སང་ཚེས་ ༡ སྟེ་དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་དུས་དྲན་གྱི་ཉིན་མོ་དང་བསྟུན་ནས་རྒྱ་ནག་གིས་ཧོང་ཀོང་གི་བདེ་འཇགས་ཞེས་པའི་ཁྲིམས་གཞི་ལག་བསྟར་བྱེད་འགོ་ཚུགས་མ་ཐག    ཧོང་ཀོང་མི་མང་སྟོང་ཁྲག་མང་མོས་ཁ་སང་ཡུལ་དེའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རྒྱ་ཆེར་སྤེལ་ཡོད་པ་དང་། སྐབས་དེར་ཁུལ་དེའི་ཉེན་རྟོག་པས་ཧོང་ཀོང་གི་མི་སེར་ ༣༧༠  ལྷག་འཛིན་བཟུང་བྱས་ཡོད་པ་རེད་འདུག    ད་ལྟའི་འཆར་རྒྱ་ནག་གིས་ཧོང་ཀོང་གི་བདེ་འཇགས་ཞེས་པའི་ཁྲིམས་དེའི་ནང་དོན་ཆ་ཚང་ཡོངས་གྲགས་གནང་མེད་ནའང་། ཁྲིམས་གཞི་དེའི་ཁྲོད་དུ་རྒྱལ་ཁབ་ཁ་བྲལ་དང་ཕྱི་འབྲེལ་སོགས་ཀྱི་ལས་དོན་དང་འབྲེལ་བའི་རིགས་ཉེས་ཅན་དུ་བརྩིས་ནས་མི་ཚེ་གང་བོར་བཙོན་འཇུག་བྱེད་རྒྱུ་ཡིན་པའི་དོན་ཚན་བཞི་མངོན་གསལ་གནང་ཡོད་སྟབས།  ད་ཆ་ཧོང་ཀོང་གི་མེ་སེར་རྣམས་ཀྱིས་སྔར་ཡོད་ཀྱི་ཚད་མཐོའི་རང་སྐྱོང་གི་གནས་བབ་དེར་དོ་ཕོག་ཆེན་པོ་ཐེབས་རྒྱུར་སེམས་ཁྲལ་ཆེན་བྱེད་བཞིན་པ་རེད།    

ཨ་རིའི་མཱེམ་ཧྥེ་གཙུག་ལག་སློབ་ཁང་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱབ་པ།

རྒྱ་ནག་གིས་རྒྱུན་དུ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་རྒྱལ་གྱི་ཤེས་ཡོན་ལྟེ་གནས་གང་སར་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་ཡན་ལག་མང་པོ་ཆེད་འཛུགས་བྱེད་ཐབས་བྱས་ཏེ། ཕྱོགས་གཅིག་ནས་རྒྱ་ནག་གི་འཁྱོགས་བཤད་དྲིལ་བསྒྲགས་ཁྱབ་སྤེལ་དང་ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་སྟེང་དུ་རྒྱ་ནག་དང་འབྲེལ་བའི་ཚོར་རྣོ་བའི་གནད་དོན་ཁག་ལ་གླེང་སློང་བྱེད་རྒྱུར་འགོག་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་ནའང་། འདས་བའི་ལོ་འགའི་རིང་ནས་བཟུང་ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོའི་ནང་ནས།  རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་ཇུས་ལྡན་པའི་ཁུང་ཙི་སློབ་གླིང་གི་ཡན་ལག་ཁང་མང་པོ་ཞིག་སྒོ་རྒྱག་བཞིན་ཡོད་པ་རེད།དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི། ལྕམ་ Blackburn  ལགས་ཀྱིས་འདི་ལོའི་ཟླ་བ་གསུམ་པའི་ནང་ཨ་རིའི་གྲོས་ཚོགས་ཀྱི་དབུས་སུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ལ་ཕྱི་གསལ་ནང་གསལ་དགོས་བའི་ཁྲིམས་འཆར་ཞིག་བཏོན་པ་མ་ཟད། ཁོང་གིས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་དུ་ཨ་རིའི་ཤེས་ཡོན་ལྷན་ཁང་གི་དྲུང་ཆེ། ལྕམ་ Betsy DeVos ལགས་ཀྱིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་བའི་སྤྱི་ཡོངས་ཀྱི་དགོས་ངེས་ཀྱི་གནད་དོན་ཁག་ཅིག་ལག་བསྟར་གནང་དགོས་བའི་སྐུལ་མ་གནང་ཡོད་པ་ལྟར།  ཁེ་ཉིན་ཚེས་༣༠ ཉིན་ཨ་རིའི་མངའ་སྡེ་ Tennessee རུ་རྟེན་གཞི་བྱས་པའི་Memphis གཙུག་ལག་སློབ་ཁང་གི་ནང་དུ་ཡོད་པའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་ཡན་ལག་དེ་སྒོ་རྒྱབ་འདུག ཁུལ་དེའི་ཁུང་ཙི་སློབ་གླིང་སྒོ་རྒྱབ་པ་དང་བསྟུན་ནས། ལྕམ་ Blackburn  ལགས་ཀྱིས་དུས་རྒྱུན་ནས་ཁུང་ཙི་སློབ་གླིང་གི་ནང་དུ་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་བྱེད་བཞིན་པ་རྣམས་ཀྱིས་རྒྱ་ནག་གིས་ཨ་རིའི་ཤེས་ཡོན་ལྟེ་གནས་ཁག་ཏུ་སིམ་འཛུལ་བྱེད་བཞིན་པ་ཤེས་རྒྱུ་གལ་ཆེན་པོ་ཡིན་པ་དང་། Memphis གཙུག་ལག་སློབ་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱག་ཏུ་བཅུག་པར་དགའ་བསུ་ཞུས་ཏེ།  ད་ནས་བཟུང་ཨ་རིའི་ཤེས་ཡོན་ལྟེ་གནས་ཀྱི་ནང་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་དྲིལ་བསྒྲགས་ཀྱི་རིགས་སྤེལ་དུ་འཇུག་རྒྱུ་མིན་པར་ཕྱིར་བསྒྲགས་ཀྱིས།  ཨ་རིའི་ངོས་ནས་རྒྱ་ནག་གི་གཉའ་གནོན་རང་བཞིན་གྱི་དྲིལ་བསྒྲགས་ལ་ནམ་ཡང་མགོ་སྒུར་རྒྱུ་མིན་ཞེས་གསུངས་འདུགཁོང་གིས་ད་དུང་། དབྱིན་ཡུལ་ནང་གི་ཤེས་ཡོན་ལྟེ་གནས་ཁག་ཅིག་གིས་ཀྱང་རྒྱ་ནག་སྲིད་གཞུང་དང་མཉམ་དུ་གན་ཡིག་བཞག་པའི་ཐོག་ནས་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་ཚོར་རྣོ་བའི་བརྗོད་བྱ་དང་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་ལ་གནོད་པའི་བྱ་འགུལ་གང་ཡང་མི་སྤེལ་རྒྱུའི་ཁས་ལེན་བྱས་ཡོད་པ་ཡོངས་གྲགས་ཀྱིས། ད་ཆ་རྒྱ་ནག་གིས་ག་ལེར་ཕྱི་ལོག་གི་རྒྱལ་ཁབ་ཁག་གི་ནང་དུ་ཡང་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་བགྲོ་གླེང་གི་རིགས་འགོག་ཐབས་བྱེད་བཞིན་ཡོད་པ་མ་ཟད། སྤྱི་ཡོངས་ཀྱི་རང་དབང་ལྡན་པའི་ཤེས་ཡོན་གྱི་ལྟེ་གནས་ཁག་ལ་ཡང་གནོད་ཤུགས་ཐེབས་བཞིན་པ་མངོན་གསལ་གནང་འདུག དེ་བཞིན་ཁང་གིས་སྤྱི་ལོ་ ༢༠༠༧ ནས་བཟུང་། ཨ་རིའི་ཁུལ་དུ་རྒྱ་ནག་གི་སློབ་མ་དང་ཉམས་ཞིབ་པ་༣༥༠༠༠༠ལྷག་འབྱོར་ཡོད་པ་མ་ཟད། དམིགས་བསལ་དུ་རྒྱ་ནག་བཅིངས་གྲོལ་དམག་མིའི་འཕྲུལ་ལས་བ་དང་ཚན་རིག་པ་༢༥༠༠ ལྷག་ལ་སློབ་ཡོན་སྤྲད་ནས་ཕྱི་ཕྱོགས་སུ་སློབ་སྦྱོང་བྱེད་ཀྱི་ཡོད་པ་མངོན་གསལ་དང་སྦྲགས།  མི་དེ་དག་ཡོད་ཚད་ནི་རྒྱ་ནག་དམར་ཤོག་གཞུང་ལ་བློ་སེམས་དཀར་བའི་མི་རྐྱང་རྐྱང་ཡིན་པ་དང་། ཨ་རིའི་ངོས་ནས་རྒྱ་ནག་གི་བཅིངས་གྲོལ་དམག་མིས་སློབ་ཡོན་གནང་བའི་སློབ་མ་དེ་དག་གིས་གསང་ཉུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད།  ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཤེས་བྱ་ཐོན་དངོས་རྐུ་འཁྱེར་བྱེད་ཀྱི་ཡོད་པ་ཡང་ཕྱིར་བསྒྲགས་གནང་འདུག དེ་བཞིན་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོག་བྱུང་བ་ལྟར་ན། རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་ཨ་རིའི་རང་དབང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་དེར་གཏོར་བཅོམ་གཏོང་རྒྱུར་དམིགས་ཡོད་པ་མ་ཟད། ཨ་རིའི་དེང་རབས་འཕྲུལ་ལས་གསར་བ་ཁག་རྐུ་འཁྱེར་བྱེད་བཞིན་ཡོད་པར་ཕྱིར་བསྒྲགས་གནང་བ་དང་འབྲེལ། ད་ཆ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ངོས་ནས་དཔལ་འབྱོར་དང་འབྲེལ་བའི་རྒྱ་ནག་གི་གསང་ཉུལ་གྱི་དོན་རྐྱེན་ ༡༠༠༠ དང་རྒྱལ་ཡོངས་འཕྲོད་བསྟེན་དང་འབྲེལ་བའི་དོན་རྐྱེན་ ༡༨༠ བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུག གཞི་རྩའི་སྔ་ལོ་ ༢༠༡༨ ལོར་ཨ་རི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ ༩༠ ཙམ་ཡོད་ཀྱང་ཉེ་བའི་ལོ་ཤས་ནས་བཟུང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ཁུང་ཙི་སློབ་གླིང་དེས་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་པར་སྐྱོན་བརྗོད་ཀྱིས་དྲིལ་བསྒྲགས་དང་གོ་རྟོགས་ཀྱི་ལས་འགུལ་མང་པོ་སྤེལ་དང་སྤེལ་མུས་ཁྲོད་ད་ཆ་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་གནང་མཁན་མང་པོ་བྱུང་ཡོད་པར་བརྟེན་རྒྱ་ནག་གི་ཁུང་ཙི་སློབ་གླིང་མང་པོ་སྒོ་རྒྱག་བཞིན་པ་རེད

Latest news