Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཨ་རི་གཞུང་གིས་རྒྱ་ནག་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཐོག་གནོན་ཤུགས་མུ་མཐུད་དེ་སྤྲོད་ངེས་ཡིན་པ་གསུངས་འདུག

དེའང་ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback ལགས་ཀྱིས་ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཐོག་གནོན་ཤུགས་མུ་མཐུད་དེ་སྤྲོད་ངེས་ཡིན་པ་གསུངས་འདུག་པ་དང་སྦྲགས། ལྷག་དོན་ལོ་ངོ་ ༢༥ ལྷག་གི་རིང་ལ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་ཆབ་སྲིད་བཙོན་པ་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ད་ལྟའི་གནས་སྟངས་སོགས་ཀྱི་ཐོག་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པའང་གསུངས་འདུགསྐུ་ཚབ་སྐུ་ཞབས་ Sam Brownback ལགས་ཀྱིས་ད་དུང་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་གཏོགས་བྱེད་བཞིན་པའི་ཁྲོད་འདིར་མང་ཚོགས་ནས་ཀྱང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐད་ལའང་དོ་སྣང་ཇེ་ཆེར་འགྲོ་མུས་ཡིན་པར་མངོན་གསལ་གནང་འདུགབོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo ཡིས་བོད་ནང་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབ་སོགས་འཕེལ་རྒྱས་འགྲོ་བཞིན་ཡོད་པར་ཇི་ལྟར་བཤད་ཀྱང་། དོན་དངོས་ཐོག་བོད་ནང་ལ་ཆོས་ལུགས་ཀྱི་གནང་སྒོ་ཁག་ཕྱག་བསྟར་གནང་རྒྱུ་དང་དེ་འབྲེལ་བཀའ་མོལ་གནང་བའི་རང་དབང་མེད་སྐོར་ནན་གསུང་གནང་ཡོད་པ་རེད། དེ་བཞིན་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་གང་ཡང་མེད་པར་མགྱོགས་མྱུར་གློད་བཀྲོལ་དགོས་པའི་བསྒྲགས་གཏམ་ཤིག་སྤེལ་གནང་འདུག་པ་དང་། བསྒྲགས་གཏམ་དེའི་ནང་དུ་གྲོས་ཚོགས་འཐུས་མི་དེ་རྣམས་ཀྱིས་༸ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་གནང་བ་དང་སྦྲགས། དེ་ནི་བོད་མིའི་འགྲོ་བ་མིའི་རང་དབང་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་མ་ཟད་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་བཏང་བའི་ཆེས་ཉེན་ཚབས་ཅན་གྱི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུགད་དུང་བསྒྲགས་གཏམ་སྤེལ་བའི་ནང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་ཡིག་གི་དགོངས་དོན་ཁག་ལ་བརྩི་མེད་རྡོག་རོལ་བཏང་བའི་གནས་དོན་ལ་ཐུགས་འཚབ་ཆེན་པོ་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་ཆོས་དད་རང་དབང་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམ་སྒྲུག་གནང་རྒྱུའི་ཐོག་ཐེ་གཏོགས་གང་ཡང་མེད་པར་བོད་མི་རང་ཉིད་ནས་གནང་འཇུག་དགོས་པར་གནོན་ཤུགས་སྤྲད་འདུག ལྷག་པར་དུ་གྲོས་ཚོགས་འཐུས་མི་དེ་དག་གིས་རྒྱ་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་དྲུག་གི་ནང་བོད་ནང་ལ་ཆོས་ཕྱོགས་ཀྱི་ལྟེ་གནས་ཁག་གི་གནང་སྒོར་དམའ་འབེབས་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་བཏང་དང་གཏོང་མུས་ཡིན་སྐོར་ནན་བརྗོད་གནང་འདུག་པ་དང་། ཁྱད་པར་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ཆ་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པ་དང་། རྒྱ་ནག་གིས་བྱེད་ཉེས་རྣམས་གསལ་སྟོན་གནང་དགོས་པ་སོགས་ཀྱི་དགོས་འདུན་སྟོན་གནང་འདུགཨི་ཊ་ལིའི་གྲོས་འཐུས་ཚོས་༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པའི་བསྒྲགས་གཏན་ཆེད་སྤེལ་གནང་བ་དང་འབྲེལ་ཏེ་ཇི་ནི་ཝའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཁོང་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་ཨི་ཊ་ལི་ནི་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཆེས་ཐོག་མར་ཏོག་དབྱིབས་གཉན་རིམས་མཆེད་པའི་རྗེས་སུ་འཛམ་གླིང་རྒྱལ་ཁབ་རྣམས་ལས་ཁྱབ་གདལ་ཤུགས་ཆེ་ཤོས་ཕོག་ཡུལ་ཡོ་རོབ་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས་གཉན་འཕྲང་གི་དུས་སྐབས་འདིར་ཨི་ཊ་ལིའི་གྲོགས་ཕོ་མོ་ཚོའི་ཆེས་ཤིན་ཏུ་བརྩེ་བའི་ནང་མི་ཉེ་འབྲེལ་གྱི་ཚེ་སྲོག་ཤོར་བར་གདུང་སེམས་མཉམ་བསྐྱེད་དང་ནད་དེས་མནར་བའི་ནད་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བར་བསྔོ་སྨོན་ཞུས་འདུག ཁོང་གིས་ད་དུང་ཨི་ཊ་ལིའི་གཞུང་མང་ཡོངས་ཀྱིས་བོད་མིའི་བདེན་པ་དང་འཚེ་བ་མེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ནས་ད་བར་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ང་ཚོའི་ངོས་ནས་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྱོན་ནས་འབོད་སྐུལ་གནང་བ་ལྟར་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པ་དང་། བོད་མིའི་ཆོས་དད་རང་དབང་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམ་སྒྲུག་གནང་རྒྱུའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པས་ཐེ་གཏོགས་གང་ཡང་མི་བྱེད་པར་བོད་མི་རང་ཉིད་ནས་གནང་འཇུག་དགོས་པའི་གནད་དོན་ལ་དོ་སྣང་བྱེད་པའི་རེ་བ་ཡོད་ཅེས་གསུངས་འདུགགཞན་ཡང་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དགོས་པའི་ཡོངས་ཁྱབ་ཀྱི་བརྙན་ཐུག་ཞིག་སྤྱི་ཚོགས་དྲྭ་ལམ་བརྒྱུད་སྤེལ་གནང་འདུག་པ་དང་། བརྙན་ཐུང་དེའི་ནང་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ Warren Entsch ལགས་དང་ལྕམ་སྐུ་ Susan Templeman ལགས། དེ་བཞིན་སྐུ་ཞབས་ Nick McKin ལགས་བཅས་རྣམ་པ་གསུམ་གྱིས་ད་རེས་ཨོ་སི་ཊོ་ལི་ཡ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་གིས་༸པན་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་བཙན་ཁྲིད་གསང་ཉར་བྱས་ཡོད་སྟབས་མི་མང་གིས་ད་བར་ལོ་ངོ་ ༢༥ རིང་གནས་སྟངས་ཇི་ཆགས་སོགས་ཤེས་ཐུབ་ཀྱི་མེད་སྐོར་གསུངས་པ་མ་ཟད། ཨོ་སོ་ཊོ་ལི་ཡའི་གཞུང་ལ་༸ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་གང་ཡིན་མང་ཚོགས་ལ་གསལ་བཟོ་གནང་དགོས་པ་དང་ལྷག་དོན་རྒྱ་ནག་གཞུང་ལ་ཐད་ཀར་རིན་པོ་ཆེ་མཆོག་གློད་བཀྲོལ་བཏང་ནས་ཁོང་གི་དགོན་པ་བཀྲིས་ལྷུན་པོར་ཕྱིར་ཕེབས་འཇུག་དགོས་པ། དེ་བཞིན་གུས་བརྩི་ཐོག་ནས་ཆོས་ལུགས་ཀྱི་མཛད་འགན་བཞེས་འཇུག་དགོས་པར་གནོན་ཤུགས་སྤྲོད་དགོས་ཞེས་གཞེན་བསྐུལ་བསྐྱར་ནན་གནང་འདུག

ནག་སེལ་གཤེད་བཅོམ་གྱི་ཁ་གཡང་འོག་བོད་མི་རྣམས་བཙོན་འཇུག་བྱེད་བཞིན་པ།

ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་གཞུང་གིས་ནག་སེལ་གཤེད་བཅོམ་ཞེས་པའི་ལས་གཞི་བརྒྱུད། བོད་ནང་དུ་ཞི་བའི་སྒོ་ནས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་བོད་མི་རྣམས་ལ་དྲགས་གནོན་བྱེད་བཞིན་པའི་ཁྲོད། ཕྱི་ལོ་ ༢༠༡༨ ལོར་ལས་གཞི་དེ་སྤེལ་འགོ་བཙུགས་པ་ནས་ད་བར་བོད་མི་ ༥༡ ཙམ་ལ་ལོ་ ༩ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་མྱོས་རྫས་ནག་ཚོང་དང་། ཁྲིམས་འགལ་གྱིས་རྒྱན་རའཇོག་བྱེད་མཁན།  དེ་བཞིན་ནག་ཉེས་གྱི་བྱ་སྤྱོད་གཞན་འགོག་ཆེད་དུ་ཡིན་ཟེར་བས་ནག་སེལ་གཤེད་བཅོམ་ཞེས་པའི་ལས་གཞི་དེ་འགོ་བཙུགས་ཡོད་པ་དེ་ལྟར་ཡང་། བོད་ནང་དུ་ཆ་མཚོན་ན་ཆོས་དད་རང་དབང་དང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་ས་གནས་ཁག་ཏུ་རྒྱ་གཞུང་གི་དཔོན་རིགས་ཀྱི་ལྐོག་རྔན་ལེན་མཁན་རྣམས་ཐེར་འདོན་གནང་སྟེ་ས་གནས་སྲིད་གཞུང་ལ་ཞུ་གཏུགས་བྱེད་མཁན་ལ་ནག་སེལ་གཤེད་བཅོམ་གྱི་ཁྲིམས་གཞི་ལག་བསྟར་་འོག་ནས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་སྐོར་དང་འབྲེལ། བོད་མི་དེ་དག་ལས་ཉུང་མཐར་ ༥༡ ཙམ་ལ་ལོ་ ༩ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མངོན་གསལ་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས། རྒྱ་ནག་གཞུང་གིས་ལོ་མང་ནས་བོད་ནང་ཞི་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པའི་ཐོག་ལ། ནག་སེལ་གཤེད་བཅོམ་ཞེས་པའི་ལས་གཞི་ལག་བསྟར་ཐོག་ནས་བོད་ནང་རྒྱ་ནག་དམར་པོའི་གཞུང་ལ་དགའ་ཞེན་མི་བྱེད་མཁན་རྣམས་་ཉེས་ཅན་པར་ངོས་འཛིན་གྱིས་ནག་ཚོགས་ཁྲིམས་ཆད་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལས་གཞི་དེ་བརྒྱུད་རྒྱ་གཞུང་གི་སྲིད་བྱུས་དང་མི་མཐུན་པའི་བསམ་བློ་ཁྱེར་མཁན་དང་བྱ་སྤྱོད་སྤེལ་མཁན་བོད་མི་རྣམས་ལོགས་སུ་བཀར་ཏེ།  ཉེས་ཅན་པ་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་སྐོར་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེ་མཚམས་འཇོག་གིས་དྲང་བདེན་མ་ཡིན་པའི་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་གསུངས་འདུག རྩ་བའི་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༨ ལོ་ནས་འགོ་བཙུགས་ཏེ་ལོ་གསུམ་རིང་སྤེལ་འཆར་ཡོད་པའི་ནག་སེལ་གཤེད་བཅོམ་ཞེས་པའི་ལས་གཞི་དེ་བཞིན་མྱོས་རྫས་ནག་ཚོང་སོགས་ཀྱི་ནག་ཉེས་འགོག་ཐབས་ཆེད་དུ་ཡིན་ཟེར་ཡོད་ཀྱང་། དེ་སྔ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབས་ཚོགས་པའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུ། བོད་ནང་ལས་གཞི་དེ་ལག་བསྟར་དང་འབྲེལ། བོད་རང་སྐྱོང་ལྗོང་ཟེར་བའི་སྤྱི་བདེ་ལས་ཁུངས་ཀྱི་བརྡ་ཁྱབ་བཏང་བའི་ནང་དུ་བོད་ནང་དུ་ལས་གཞི་དེའི་འོག   ཁོར་ཡུག་སྲུང་སྐྱོབ་དང་། སྐད་ཡིག་རང་དབང་། དེ་བཞིན་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་དུ་མང་ཚོགས་ཀྱི་སྐུ་ཚབ་ཡིན་ཟེར་མཁན་ཚོགས་སྒེར་ཚང་མ་ནག་ཚོགས་སུ་ངོས་འཛིན་བྱེད་རྒྱུ་ཡིན་པ་སོགས་འཁོད་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་སོགས་ཀྱི་ནང་དུ། ཕྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ། རྒྱ་ནག་དབུས་གཞུང་གི་དཔོན་རིག་ཁག་ཅིག་ལས་གཞི་དེ་ལག་བསྟར་ཇི་ལྟར་བྱས་མིན་ཆེད་རྟོག་ཞིབ་སྐོར་བསྐྱོད་སྐབས། ས་གནས་མགོ་ཁྲིད་རྣམས་ལ་ལས་གཞི་དེའི་ནང་དུ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་རྣམས་ལ་ཡང་རྒྱུག་པ་ལེབ་རྡུང་བྱེད་དགོས་སྐོར་བཤད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༡༡ ནང་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཡིས་ཀྱང་འགྲེལ་བརྗོད་གཅིག་མཚུངས་བྱས་ཡོད་པ་སོགས་འཁོད་ཡོད་པ་རེད། དེ་བཞིན་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་དུའང་ནག་སེལ་གཤེད་བཅོམ་གྱི་ལས་གཞིའི་འོག་བོད་མིར་དམིགས་གསལ་གྱི་དམ་དྲག་གཅིག་མཚུངས་བྱེད་བཞིན་པའི་ཁྲོད། བོད་ཀྱི་ཞིང་འབྲོག་མང་ཚོགས་ཁྲོད་ལ་ལས་གཞི་དེའི་སྐོར་དྲིལ་བསྒྲགས་ཀྱི་ཚོགས་འདུ་འཚོགས་པའི་སྐབས་སུ། དཔེར་ན་ཁམས་སྡེ་དགེ་ནང་དུ་ས་གནས་བོད་མི་སྐྱ་སེར་རྣམས་ལ་མེ་མདའ་ཁྱེར་བའི་དམག་མིས་མཐའ་སྐོར་ཏེ་བཙན་དབང་གིས་མང་ཚོགས་རྣམས་ཚོགས་འདུར་ཞུགས་དུ་བཅུག་ཡོད་པ་ཡོངས་གྲགས་གནང་འདུག དེ་བཞིན་ཉིན་ཤས་སྔོན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་སྤེལ་བའི་ནང་དུ། ཉེ་ཆར་བོད་དིང་རི་དང་གཞིས་ཀ་རྩེ་སོགས་ཀྱི་ས་ཁུལ་ནང་དུ་ནག་སེལ་གཤེད་བཅོམ་ཞེས་པའི་ལས་བཞི་ལག་བསྟར་བྱེད་མུས་ཁྲོད། རྒྱ་གར་དང་བལ་ཡུལ་སོགས་ཕྱིའི་རྒྱལ་ཁབ་ནང་དུ་ནང་མི་ཉེ་འབྲེལ་ཡོད་མཁན་བོད་མིའི་ཁྱིམ་ཚང་ ༤༠༠༠ ནས་ ༥༠༠༠ ཙམ་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་པ་དང་། རྩ་བའི་ད་བར་ལས་གཞི་དེའི་འོག་བོད་མི་ཁྱོན་ ༤༠༠ ཙམ་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཟིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད།

ཨ་རིའི་རོགས་ཚོགས་ཀྱིས་བོད་མིར་ཛ་དྲག་ངལ་སེལ་སླད་རོགས་དངུལ་བྱེ་བ་གསུམ་ལྷག་གནང་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་། འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་བཅས་ནས་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ནད་དུག་དེའི་ཛ་དྲག་ངལ་སེལ་སླད་ཨ་རིའི་རོགས་ཚོགས་ཀྱིས་བཀའ་འཁྲོལ་བྱུང་བའི་རོགས་དངུལ་སྤྱད་དེ་བཙན་བྱོལ་བོད་མིར་རོགས་འདེགས་ཞུ་ཕྱོགས་ཀྱི་ཐད་ལ་གསར་འགོད་གསལ་བསྒྲགས་ཤིག་སྐོང་ཚོགས་གནང་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱི་དུས་ཚིགས་འདིར་བཙན་བྱོལ་བོད་མིར་འཕྲད་པའི་དཀའ་ངལ་ལ་སྒྲིག་འཛུགས་ཀྱིས་རོགས་འདེགས་ཞུ་ཕྱོགས་དང་ལམ་སྟོན་གནང་ཕྱོགས་ཁག་ཞིབ་ཕྲ་ངོ་སྤྲོད་གནང་དང་འབྲེལ། ནད་དུག་འདི་དང་འབྲེལ་ནས་བཙན་བྱོལ་བོད་མིའི་དཀའ་སྡུག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་དེ་ PRM ཞེས་ཨ་རིའི་རོགས་ཚོགས་ཁང་ལ་སྙན་སེང་ཞུས་པ་ལྟར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ PRM རོགས་ཚོགས་ཀྱིས་རོགས་དངུལ་གནང་རྒྱུ་བཀའ་ཁྲོལ་བྱུང་ཡོད་པ་གསུངས་སོང། སྐབས་དེར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ PRM རོགས་ཚོགས་ནས་ཐེངས་འདིར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་གཞིར་དམིགས་ཏེ་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་ཆེད་ཧིན་སྒོར་བྱེ་བ་གཉིས་དང་འབུམ་བཞི་བཅུ་ཞེ་གསུམ་ལྷག་དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་ཆེད་བལ་སྒོར་བྱེ་བ་གཅིག་དང་འབུམ་སུམ་བཅུ་སོ་བདུན་ལྷག་རོགས་དངུལ་གནང་ཡོད་སྐོར་གསུངས་པ་དང་འབྲེལ། རོགས་དངུལ་དེ་དག་བཙན་བྱོལ་བོད་མིའི་རྒན་གསོ་ཁང་དང་རྒས་འཁོགས། བོད་མི་ཉམ་ཐག་དང་སློབ་ཕྲུག་བཅས་ལ་བཟའ་འབྲུ་མཁོ་སྒྲུབ་ཞུ་རྒྱུ་གཙོས་ཛ་དྲག་སྨན་བཅོས་དང་སྨན་ཞབས་པ། དེ་བཞིན་དོགས་ཡོད་ཟུར་འཇོག་ཁང་གི་མཐུན་འགྱུར་བསྐྲུན་རྒྱུའི་སླད་དུ་བེད་སྤྱོད་གནང་རྒྱུ་ཡིན་སྐོར་གྱི་ཞིབ་ཕྲ་ངོ་སྤྲོད་གནང་སོང་། གཞན་ཡང་གསར་འགོད་ལྷན་ཚོགས་དེའི་ཐོག་དཔལ་འབྱོར་བཀའ་བློན་མཆོག་གིས་ཆེས་ཛ་དྲག་གི་དུས་ཚིགས་འདིར་བོད་མི་ཚོས་རང་ཉིད་ཀྱི་འཕྲོད་བསྟེན་ལ་བདག་གཅེས་གནང་བ་བརྒྱུད་སེམས་ཞི་བར་གནས་ཐབས་སུ་ཁ་འདོན་དགེ་སྦྱོར་གནང་དགོས་པའི་ལམ་སྟོན་གནང་བ་དང་སྦྲགས། སྤྱིར་བཙན་བྱོལ་བོད་མིའི་གནས་སྟངས་དེ་ཡར་རྒྱས་སུ་འགྲོ་བཞིན་ཡོད་སྟབས། དཔལ་འབྱོར་ལས་རང་ཉིད་ཀྱི་འཕྲོད་བསྟེན་དེ་གལ་ཆེ་བ་ཞིག་ཡིན་པ་མ་ཟད། སྒྲིག་འཛུགས་ནས་རོགས་དངུལ་བགོ་འགྲེམས་གནང་བའི་སྐབས་སུ་གཞན་རྟེན་གྱི་བསམ་བློ་དེ་དོར་ནས་དགོས་ངེས་ཅན་ཞིག་ཡོད་པ་མ་གཏོགས་རོགས་དངུལ་མི་ལེན་བར་ཐབས་ཤེས་གནང་དགོས་སྐོར་གསུངས་སོང། དེ་བཞིན་སྐབས་དེར་འཆར་འགོད་འགན་འཛིན་གྱིས་བཙན་བྱོལ་བོད་མིའི་སུད་ཚོང་བའི་འཚོ་རྟེན་ཡར་རྒྱས་སླད་མ་འོངས་ལམ་ཕྱོགས་དང་། ལྷག་པར་དུ་རྒྱ་གར་མངའ་སྡེ་ཁག་གི་གནས་བབ་དང་འབྲེལ་ནས་ས་ཚིགས་དམར་རྟགས་ཅན་གྱི་མངའ་སྡེ་ཁག་གི་ནང་དུ་ཚོང་རྒྱག་རྒྱུའི་འཆར་གཞི་ཞིག་ཡོང་ཐབས་མེད་སྐོར་དང་། ལྗང་ཁུའི་རྟགས་ཅན་གྱི་མངའ་སྡེའི་ནང་དུ་བོད་མི་སུད་ཚོང་བ་རྣམས་ལ་སྐྱེད་ཀ་མེད་པའི་སྒོ་ནས་བུན་གཡར་གནང་རྒྱུ་ཡིན་པ་གསུངས་སོང་།  

         ཅེཀ་གྲོས་ཚོགས་ཀྱི་འཐུས་མི ༡༦ གིས་རྒྱ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་༡༦ གིས་རྒྱ་གཞུང་གིས་ད་བར་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ།  ཅེཀ་གཞུང་དང་ཡོ་རོབ་མཐུན་ཚོགས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་ངོས་ནས། རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་ཁག་གལ་ཆེར་བཟུང་ནས་དོ་སྣང་བྱ་དགོས་པའི་ནན་སྐུལ་བྱས་འདུག དེ་ཡང། ༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གི་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་དུས་ཚིགས་ཀྱི་སྔ་རོལ་དང་བསྟུན། ཉིན་ཤས་ནང་ནུབ་ཕྱོགས་ཡུལ་ཁག་ཅིག་གི་གྲོས་ཚོགས་འཐུས་མི་ཁག་གི་བསྒྲགས་གཏམ་རིམ་པའི་གནས་ཚུལ་ཐོན་བཞིན་པའི་ཁྲོད། ཁ་སང་སླར་ཡང་ཡོ་རོབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Frantisek Kopriva མཆོག་གིས་སྣེ་ཁྲིད་པའི་ཡུལ་དེའི་གྲོས་ཚོགས་གོང་མའི་འཐུས་མི་༣་དང་འོག་མའི་འཐུས་མི་༡༣་བཅས་ཁྱོན་གྲོས་ཚོགས་འཐུས་མི་༡ གིས་མཚན་རྟགས་འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག ད་རེས་ཀྱི་བསྒྲགས་གཏམ་འདིའི་ནང། གྲོས་ཚོགས་འཐུས་མི་རྣམ་པས། རྒྱ་ནག་དེ་བཞིན་ད་བར་མུ་མཐུད་ནས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཆེས་ཞན་ཤོས་ཨང་གཉིས་པ་དང་། དེ་བཞིན་འཛམ་གླིང་མང་ཚོགས་ཀྱི་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་ཚབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཐེར་འདོན་གནང་བ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་ད་བར་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་སྐུ་འཁོར་རྣམས་བཙན་ཁྲིད་ཀྱིས་ལོ་༢༥ རིང་གར་སོང་ཆ་མེད་དུ་བཏང་བའི་གནད་དོན་འདི་ནི། ༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམས་ཀྱི་རང་དབང་རྡོག་རོལ་བཏང་བ་ཙམ་ཞིག་མིན་པར།  བོད་མི་རྣམས་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གི་ཐོབ་ཐང་དང་རང་དབང་འཕྲོག་པའི་གནད་དོན་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག ལྷག་པར་དུ་གྲོས་ཚོགས་འཐུས་མི་རྣམ་གྱིས་རྒྱ་གཞུང་གིས་༸པཎ་ཆེན་པོ་ཆེ་མཆོག་གི་ཐོག་སྤེལ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེར་ཡོད་ཅེས་ནན་བརྗོད་དང་འབྲེལ། ཅེཀ་གཞུང་དང་ཡོ་རོབ་མཐུན་ཚོགས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་ངོས་ནས། རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེ་གལ་ཆེར་བཟུང་བའི་ཐོག་དོ་སྣང་བྱ་དགོས་པའི་ནན་སྐུལ་བྱས་འདུག་པ་མ་ཟད། དེ་བཞིན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་འཁོར་རྣམས་གློད་བཀྲོལ་ཡོང་བ་དང་། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ངོས་འཛིན་གྱི་ཆོས་ཕྱོགས་བྱེད་སྒོར་ཐེ་བྱུས་བྱེད་འཚམས་འཇོགས་རྒྱུ་བཅས་ཀྱི་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་རེ་འདུན་ཡང་བཏོན་འདུག རྩ་བའི་འདི་ལོའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༡་པའི་འཁྲུངས་སྐར་གྱི་དུས་ཚིགས་དང་བསྟུན།  བོད་མི་དང་རྒྱལ་སྤྱིའི་ནང་གི་ཚོགས་སྡེ་ཁག་༡༥༩་དང་དེ་བཞིན་གྲོས་ཚོགས་འཐུས་མི་བཅས་ཀྱིས་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་ཆེད་རྒྱལ་ཚོགས་དང་རྒྱ་གཞུང་ལ་ཞུ་གཏུགས་དང་བསྒྲགས་གཏམ་རིམ་པ་སྤེལ་ཡོད་པ་རེད། ཡང་དེ་བཞིན་ཁ་སང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ། འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་རྒྱལ་སྤྱིའི་ཁྲོད་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་སྒེར་ཁག་ཡོངས་ཀྱི་ངོས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གི་བཙོན་འཇུག་བྱས་ནས་ལོ་ ༢༥ འཁོར་བའི་དུས་རབས་ཀྱི་བཞི་ཆ་གཅིག་ཕྱིན་ཟིན་པའི་དུས་ཚིགས་སྲུང་བརྩི་དང་སྦྲགས། 25 Actions for 25 Years ཞེས་པའི་ལོ་ཁོར་མོ་གཅིག་གི་ལས་འགུལ་ཞིག་དབུ་འཛུགས་གནང་རྒྱུའི་གསལ་སྒྲགས་གནང་འདུག རྒྱལ་སྤྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལོ་ཁོར་མོ་གཅིག་གི་ལས་འགུལ་འདིའི་ནང་།  ཕྱི་ཟླ་ ༥ པའི་ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས། རང་རང་སོ་སོའི་སྡོད་ཁྱིམ་ནས་མར་མེ་སྒྲོན་པའི་ལས་འགུལ་དེ་གཙོ་བྱས་པའི་ལོ་ཁོར་མོ་གཅིག་གི་རིང་དྲ་རྒྱའི་ཐོག་སྐུ་པར་དང་བརྙན་པར་བརྒྱུད་སྤེལ་དང་། ལྷག་པར་དུ་ Google Map ཞེས་པའི་གྱི་མཉེན་ཆས་བརྒྱུད་བོད་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པས་ངོ་རྒོལ་གནང་རྒྱུ་སོགས་གོ་སྒྲིག་གནང་ཡོད་པ་རེད་འདུག

ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཁྲོད་སླར་ཡང་རྒྱ་མི་ལས་བཟོ་བ་མང་པོ་བོད་ཁུལ་དུ་འབྱོར་བ།

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་བོད་ཁུལ་གྱི་རྒྱ་རིགས་ལས་བཟོ་བ་མང་པོ་ཞིག་ཕྱིར་རྒྱ་ནང་དུ་ལོག་ཡོད་ནའང་། ད་ཆ་རྒྱ་ནག་གི་ལས་བཟོ་བ་མང་པོ་སླར་ཡང་བོད་ཁུལ་གྱི་ཆུ་མཛོད་གསར་རྒྱག་གི་ས་ཚིགས་ཁག་ཏུ་ཕྱིར་སླེབ་བཞིན་ཡོད་པ་རེད། དེ་ཡང་ལྟེ་གནས་ཁང་གིས། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཀྱིས་གསལ་བསྒྲགས་བྱས་པར་གཞིགས་ན། རྒྱ་ནག་གི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་ཆ་ཤས་སུ་གྱུར་བའི་བོད་ལྷོ་ཁ་ཁུལ་གྱི་ཡར་ཀླུང་གཙང་བོའི་འགྲམ་རྒྱུད་ཀྱི་ཆུ་མཛོད་ Jiacha ཞེས་པའི་ལས་གཞིའི་ཁྲོད། རྒྱ་ནག་གི་བཟོ་ལས་བ་རྣམས་སླར་ཡང་ཕྱིར་བོད་ཁུལ་དུ་ལོག་ནས་ལས་ཞུགས་བྱེད་རྒྱུ་ཡིན་པར་འཁོད་ཡོད་པ་ལྟར། འདི་ལོའི་ཟླ་བ་ ༣ བའི་ཟླ་སྟོད་དུ་རྒྱ་རིགས་ལས་བཟོ་བ་ ༢༤ དངོས་སུ་བོད་ཁུལ་གྱི་ཆུ་མཛོད་གསར་རྒྱག་གི་ས་ཚིགས་སུ་བཏང་ཡོད་པར་འཁོད་འདུག རྩ་བའི་རྒྱ་ནག་དང་བོད་ཁུལ་དུ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་མི་མང་གི་འགྲུལ་བཞུད་ཉུང་ཉུང་ཡིན་ནའང་། ཐེངས་འདིའི་རྒྱ་ནག་གི་ཆུ་མཛོད་གསར་རྒྱག་གི་ལས་བཟོ་བ་རྣམས་ཡོན་ནན་ནས་ཟླ་བ་ ༣ པའི་ཚེས་ ༣ ཉིན་བོད་ཁུལ་སྨར་ཁམས་སུ་འབྱོར་བ་དང་། ཟླ་བ་ ༣ པའི་ཚེས ༥ཉིན་ལྷ་སར་འབྱོར་ཡོད་པ་རེད། གཞི་རྩའི་རྒྱ་ནག་གིས་བོད་ཁུལ་གྱི་ས་ཆ་གང་སར་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྣ་མང་ཞིག་བཙུགས་ཡོད་པ་ལྟར། དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་ནགས་ཆུ་རུ་ཡང་རྒྱ་ནག་གིས་ Yagen དང་ Lenggu ཞེས་པའི་ཆུ་མཛོད་ཆེ་ཁག་གསར་རྒྱག་གི་ལས་གཞི་འགོ་བཙུགས་ཡོད་པ་ལྟར། འདི་ལོའི་ཟླ་བ་ ༢ པའི་ཚེས་ ༩ ཉིན། གནམ་གྲུ་བརྒྱུད་ནས་རྒྱ་ནག་གི་ལས་བཟོ་བ་སྐོར་ཞིག་ཆུ་མཛོད་གསར་རྒྱག་གི་ས་ཚིགས་ཁག་ཏུ་འབྱོར་ཡོད་པ་མ་ཟད། ཟླ་བ་ ༢ བའི་ཚེས་ ༡༣ ཉིན། ཡོན་ནན་དང་ཟི་ཁྲོན་ཁུལ་དུ་ཡང་མེ་འཁོར་བརྒྱུད་ནས་རྒྱ་ནག་གི་བཟོ་ལས་བ་མང་པོ་ཞིག་བོད་ཁུལ་དུ་འབྱོར་བ་དང་། ཟླ་ ༢ བའི་༢༧ ཉིན་ཡང་རྒྱ་ནག་གི་གྲོང་ཁྱེར་ཧྲན་ཞི་ནང་གི་རྒྱ་ནག་གི་བཟོ་ལས་བ་མང་པོ་ཞིག་བོད་མཚོ་སྔོན་བརྒྱུད་ནས་བོད་ཁུལ་གྱི་ཆུ་མཛོད་གསར་རྒྱག་གི་ས་ཚིགས་སུ་འབྱོར་ཡོད་པ་མ་ཟད། ཟླ་བ་གསུམ་པའི་ནང་དུ། སྒེར་གྱི་རླངས་འཁོར་བརྒྱུད་ནས་ལྷོ་ཁའི་ཆུ་མཛོད་ Jiacha ཁུལ་དུ་མི་མང་པོ་བསླེབས་ཡོད་པར་ཤེས་རྟོག་བྱུང་འདུག གཞན་ཡང་ལྟེ་གནས་ཁང་གིས། རྒྱ་ནག་གིས་བོད་ཁུལ་གྱི་གཙང་བོ་ཁག་གི་རྒྱུད་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་མངོན་གསལ་གནང་བ་དང་འབྲེལ། བོད་ལྷོ་ཁ་ཁུལ་གྱི་ཆུ་མཛོད་དེར་རྒྱ་ནག་གི་དམངས་སྒོར་ཐེར་འབུམ་ ༧།༨ ལྷག་ཆེད་གཏོང་བྱས་ཏེ། འདི་ལོའི་ཟླ་བ་ ༦ པའི་ནང་དུ་དངོས་སུ་གློག་འདོན་འགོ་འཛུགས་བྱེད་རྒྱུའི་འཆར་གཞི་བཏང་ཡོད་པ་དང་། འདི་ལོའི་ཏོག་དབྱིབས་རིམས་ནད་ཀྱི་སྐབས་སུ་རྒྱ་ནག་གི་བཟོ་ལས་བ་མང་པོ་ཕྱིར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཕྱིན་ཡོད་སྟབས། རྒྱ་ནག་གི་བཟོ་ལས་ཁང་གིས་བོད་ཀྱི་བཟོ་ལས་བ་རྣམས་ལ་གླ་དངུལ་ཆུང་ངུ་རེ་སྤྲད་ནས་ལས་ཞུགས་བྱེད་དུ་བཅུག་པ་རེད་འདུག གཞི་རྩའི་རྒྱ་ནག་གིས་བོད་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་རྒྱ་བསྐྱེད་བྱེད་བཞིན་པ་འདིས། གཅིག་ནས་བོད་ཁུལ་གྱི་ཞིང་འབྲོག་མང་པོ་བཙན་ཤེད་ཀྱིས་གནས་སྤོར་བྱེད་དུ་འཇུག་གི་ཡོད་པ་དང་། གཉིས་ནས་བོད་ནང་གི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ངན་ཤུགས་ཐེབས་ནས་ཆུ་ལོག་རྒྱུག་པ་དང་རི་ཉིལ་བ་སོགས་ཀྱི་གནད་དོན་བྱུང་བཞིན་པ་མ་ཟད། བོད་ཀྱི་གཙང་ཆུ་ཁག་ལ་རྟེན་བཞིན་པའི་རྒྱ་གར་དང་འབར་མ་སོགས་ཀྱི་མཚོན་པའི་ཁྱིམ་མཚེས་རྒྱལ་ཁབ་མང་དག་ཅིག་ལ་ཡང་ཡང་རང་བཞིན་གྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།

  ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་དགོས་བར་སྐུལ་བ།

ཁ་ཉིན་ཕྱི་ཚེས་ ༡༢ ཉིན་ཨ་རིའི་རྒྱལ་སྤྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བ་དང་འབྲེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་འབྲེལ་མཐུད་མི་སྣ་བསྐོ་བཞག་དོགས་བར་སྐུལ་མ་གནང་འདུག དེ་ཡང་བསྒྲགས་གཏམ་དེའི་ནང་བོད་ཀྱི་གནད་དོན་གྱི་འབྲེལ་མཐུད་མི་སྣ་བསྐོ་བཞག་བྱ་རྒྱུ་དེ་ནི་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་དོན་ཁྲིམས་འཆར་ནང་གསལ་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡ ཚེས ༢༠ ནས་ད་བར་ས་མིག་སྟོང་པར་ལུས་ཡོད་སྐོར་གསུངས་པ་དང་འབྲེལ།  རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྱི་གྲས་སུ་ཡོད་པ་སྐུ་ཞབས་ Gary Bauer ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་ངོ་བོ་མཚོན་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ནག་གསུབ་གཏོང་ཐབས་བྱེད་བཞིན་ཡོད་སྟབས། ང་ཚོས་ཆོས་དད་རང་དབང་ཡོངས་སུ་སྲུང་སྐྱོབ་གནང་བའི་སྒོ་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ལོངས་སུ་སྤྱད་དེ་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་དགོས་པ་གསུངས་འདུག དེ་བཞིན་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྱི་གྲས་སུ་ཡོད་པའི་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྩ་གཏོར་གཏོང་ཐབས་བྱེད་མཞིན་པའི་ཁར། ༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་གཏོགས་བྱས་དང་བྱེད་བཞིན་ཡོད་པ་གསལ་འདོན་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་མཐུན་སྒྲིལ་གྱི་སྲོལ་ཡིག་པ་ཁ་ལ་གཡར་ནས་བོད་ཀྱི་དགོན་སྡེ་ཁག་ལ་ཕྱོགས་ཡོངས་ནས་སྟངས་འཛིན་ནན་པོ་བྱས་པ་དང་། གསང་མྱུལ་གྱི་འཕྲུལ་ཆས་སོགས་སྤྱད་དེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོས་ཆོས་དད་རང་དབང་རྡོག་རོལ་ཆེན་པོར་གཏོང་བཞིན་ཡོད་སྟབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུ་དུས་ལ་བབ་ཡོད་པ་གསུངས་འདུག ད་དུང་བསྒྲགས་གཏམ་དེའི་ནང་དུ་རྒྱལ་སྤྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་སྙན་ཐོའི་ནང་དུའང་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དང་། དེ་བཞིན་ International Religious Freedom Act ཞེས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་སྒྲིག་དང་འབྲེལ་ནས་ཨ་རིའི་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གཞུང་འབྲེལ་མི་སྣ་དག་ལ་སྟངས་འཛིན་དང་བཀག་སྡོམ་བྱ་དགོས་པ་དང་། དེ་བཞིན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་ཀྱི་སྙན་ཐོ་རིམ་པར་བཏོན་ཡོད་པར་གསུངས་འདུག  

ཏཱ་ལའི་བླ་མའི་དགེ་རྩས་ཊན་ཌཱ་སྨན་ཁང་ལ་ཉེན་སྲུང་ཡོ་ཆས་རང་འགྲིགས་ལྔ་བརྒྱ་ཐམ་པ་ཞལ་འདེབས་གནང་འདུག

ད་ལྟའི་ཆར་ཆེས་གཉན་འཕྲང་གི་དུས་སྐབས་འདིར་འཛམ་གླིང་ཁྱོན་ལ་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་ཆེད་དུ་ཕྱག་ལས་གནང་མཁན་སྨན་པ་དང་སྨན་ཞབས། འབྲེལ་ཡོད་ལས་བྱེད་དང་བཅས་པར་ཉེ་བར་མཁོ་བའི་ཁ་རས་དང་ཉེན་སྲུང་ཡོ་ཆས་རང་འགྲིགས་སམ་ Personal Protective Equipment ཞེས་པ་དེ་རག་ཐབས་དཀའ་བའི་གནས་སྟངས་སུ་གྱུར་ཡོད་པ་མ་ཟད། ལྷག་དོན་རྒྱ་ནག་གིས་བཟོས་པའི་ཁ་རས་དང་ཉེན་སྲུང་ཡོ་ཆས་དེ་དག་སྤུས་ཚད་ཞན་རྐྱེན་རྒྱ་གར་གཙོས་རྒྱལ་ཁབ་གཞན་ཁག་གཅིག་གིས་རྒྱ་ནག་ལ་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། རྒྱ་གར་ལྟ་བུར་ཆ་མཚོན་ན་དེང་སྐབས་སྨན་ཁང་ཆེ་ཁག་ཏུ་ཕྱག་ལས་གནང་མཁན་སྨན་པ་དང་སྨན་ཞབས། དེ་བཞིན་ཞབས་ཞུ་བའི་འབྲེལ་ཡོད་ལས་བྱེད་ཁག་ལ་ཆེས་ཉེ་བར་མཁོ་བའི་ཉེན་སྲུང་ཡོ་ཆས་རང་འགྲིགས་ཀྱི་མཐུན་རྐྱེན་ཞན་པའི་ངལ་བ་འཕྲད་བཞིན་ཡོད་པ་དང་འབྲེལ། ཁ་སང་ཕྱི་ཚེས་ ༡༢ ཉིན་ཏཱ་ལའི་བླ་མའི་དགེ་རྩས་བཞུགས་སྒར་ཉེ་ཁྲིས་སུ་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་སྨན་ཁང་ཊན་ཌཱ་ལ་ཉེན་སྲུང་ཡོ་ཆས་རང་འགྲིགས་ལྔ་བརྒྱ་ཐམ་པ་ཞལ་འདེབས་གནང་འདུགརླུང་འཕྲིན་ཁང་གིས་ཏཱ་ལའི་བླ་མའི་དགེ་རྩའི་ལས་འཆར་འགན་འཛིན་འཛུམ་ཆུང་བཀྲིས་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཉེན་སྲུང་ཡོ་ཆས་རང་འགྲིགས་ལྔ་བརྒྱ་ཐམ་པ་གསོལ་བསྩལ་གནང་བའི་རྒྱབ་ལྗོངས་དང་བཅས་ངོ་སྤྲོད་གནང་བ་དང་སྦྲགས། དེ་བཞིན་ཏཱ་ལའི་བླ་མའི་དགེ་རྩའི་ངོས་ནས་རྒྱ་གར་ཡུལ་མི་ཉམ་ཐག་དང་དབུལ་ཕོངས་གྲོང་རྡེལ་གནས་སྡོད་རྒྱ་གར་མང་ཚོགས། དེ་བཞིན་ས་གནས་གཞན་ནས་ཡོང་བའི་ཉིན་གླར་བརྟེན་པའི་རྒྱ་གར་བ་རྣམས་ལ་ཐེམ་སྤང་གི་དུས་སྐབས་སུ་སྐམ་ཟས་སོགས་བགོ་འགྲེམས་མང་དག་ཅིག་གནང་ཡོད་སྐོར་གསུངས་སོང་། རྩ་བའི་༸གོང་ས་མཆོག་གིས་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་ཆེད་ PM cares fund ཞེས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་གནང་ཕྱིར་ཉེ་ཆར་གསར་འཛུགས་གནང་བའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་མ་དངུལ་གྱི་ཞལ་འདེབས་གནང་བ་དང་། དེ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ཀྱིས་ཉིན་གཅིག་གི་གསོལ་ཕོགས་བསྡུ་རུབ་ཀྱིས་ཐབས་རྩར་ཞལ་འདེབས་གནང་ཡོད་པ་རེད།དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་འདིར་ང་ཚོས་བྱམས་བརྩེ་ཀུན་ནས་བླངས་པའི་ཐོག་རིམས་ནད་དེར་གདོང་ལེན་བྱེད་དགོས་པར་བཀའ་བསྩལ་བ་དང་རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་པ་ཁོ་ནས་གདོང་ལེན་བྱེད་དགོས་པའང་སྟོན་གྱི་ཡོད་སྐོར་སོགས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད།

རྫོང་ཆོས་གྲྭ་ཚང་གིས་ས་གནས་རྒྱ་གར་དཔོན་རིགས་གདན་ཞུས་ཀྱིས་བསྔོ་སྨོན་གསུང་འདོན།

རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་ནང་རྟེན་གཞི་བྱས་པའི་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ས་གནས་ཀྱི་སྤྱི་ཁྱབ་རྒྱ་གར་དཔོན་རིགས་ MLA HP Manjunath མཆོག་དབུ་བཞུགས་ཀྱིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་བསྔོ་སྨོན་གསུང་འདོན་དང་། རྒྱ་གར་ཡུལ་མི་ཚོར་སྐམ་ཟས་བགོ་བགྲེམས་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུགདེ་རིང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ཁ་སང་རྫོང་དཀར་ཆོས་སྡེ་གྲྭ་ཚང་གིས་ས་གནས་ཀྱི་སྤྱི་ཁྱབ་རྒྱ་གར་དཔོན་རིགས་སྐུ་ཞབས་མ་ཇུ་ནཱཐ་མཆོག་གདན་ཞུས་ཀྱིས་ད་བར་ཏོག་དབྱིབས་གཉན་རིམས་ཀྱིས་འཆི་རྐྱེན་བྱུང་བ་དག་ལ་བསྔོ་སྨོན་དང་ནད་མནར་བཞིན་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བ། གཉན་རིམས་གྱི་འཇིགས་པ་མྱུར་དུ་ཞི་ཕྱིར་རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མཛད་སྒོ་སྟབས་བདེ་ཞིག་ཚོགས་འདུགསྐབས་དེར་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་མཆོག་གིས་སྐུ་ཞབས་མ་ཇུ་ནཱཐ་མཆོག་ལ་འཚམས་འདྲི་དང་སྦྲགས། རྒྱ་གར་གཞུང་མང་ནས་བོད་མིར་རྒྱབ་སྐྱོར་དང་རོགས་རམ་མུ་མཐུད་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་ཞིག་ཕུལ་འདུག་པ་དང་། ལྷག་པར་དུ་ཉེ་ལམ་ཧིན་སྒོར་འབུམ་ ༢༠༠ ལྷག་གི་ལམ་བཟོའི་ལས་གཞིར་རོགས་སྐྱོར་དང་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་སླད་མར་བོད་མིར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུགད་ཆ་ཏོག་དབྱིབས་གཉན་རིམས་རྐྱེན་པས་འཛམ་གླིང་སྤྱི་ལ་དཀའ་ངལ་འཕྲད་བཞིན་སྟབས་གྲྭ་ཚང་གི་ངོས་ནས་ད་བར་ཁྱིམ་ཚང་ ༢༢༠༠ ལྷག་ཙམ་ལ་སྐམ་ཟས་བགོ་འགྲེམས་དང་དབུས་དང་མངའ་སྡེའི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཕུལ་ཡོད་པ་དང་། དེ་བཞིན་རྒྱ་གར་དང་ས་གནས་བོད་རིགས་རྒན་གསོ་ཁང་། དྭ་ཕྲུག་གསོ་སྐྱོང་ཁང་། ཉེན་རྟོག་པ་སོགས་ལ་གཉན་རིམས་སྔོན་འགོག་སླད་ཁ་རས་དང་ལག་ཤུབས། དེ་བཞིན་ལག་འཁྲུའི་དུག་སེལ་ཆུ་སོགས་མཐུན་འགྱུར་ཞུས་པ་རྣམས་སྙན་སེང་ཞུས་འདུགསྐུ་ཞབས་མ་ཇུ་ནཱཐ་མཆོག་གིས་སྐབས་དེར་རྫོང་ཆོས་གྲྭ་ཚང་ནས་ད་ལན་ཙམ་མིན་པར་དུས་ནས་དུས་སུ་ཉམ་ཐག་ཚོར་རོགས་རམ་གནང་རྒྱུ་དང་ལྷག་པར་བོད་མི་ཚོས་རྒྱ་གར་གྱི་ཡུལ་མིར་རོགས་སྐྱོར་གནང་བཞིན་པར་བསྔགས་བརྗོད་དང་སྦྲགས། ཧུན་སུར་རབ་རྒྱས་གླིང་གི་གཞིས་སྒར་གྱི་ལམ་བཟོ་དང་ཆུ་མཛོད་སོགས་ཀྱི་ལས་འཆར་གང་མགྱོགས་བསྒྲུབ་པར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུགབསྔོ་སྨོན་གྱི་མཛད་སྒོ་གྲུབ་མཚམས་སུ་གྲྭ་ཚང་ནས་རྒྱ་གར་ཡུལ་མི་ཉམ་ཐག་ཁྱིམ་ཚང་ ༡༠༠༠ ལྷག་ལ་སྐམ་ཟས་བགོ་བགྲེམས་གནང་ཡོད་པ་རེད།གཞི་རྩའི་ད་ལན་གཉན་རིམས་རྐྱེན་པས་རྒྱ་གར་རྒྱལ་ཡོངས་ནང་ཁྱིམ་སྡོད་བཀའ་རྒྱ་དང་མང་ཚོགས་ནས་ངེས་པར་དུ་སྤྱི་ཚོགས་རྒྱང་བཀྱེད་བསྟེན་དགོས་པའི་ལམ་སྟོན་སོགས་ཕེབས་ཡོད་པ་རེད། རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་སྐུ་ཞབས་མ་ཇུ་ནཱད་མཆོག་དང་མཁན་རིན་པོ་ཆེ་མཆོག་གཙོས་འབྲེལ་ཡོད་དགེ་འདུན་པ་དང་། ༸དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་མཛོད། དེ་བཞིན་ཧུན་སུར་རབ་རྒྱས་གླིང་ས་གནས་་འགོ་འཛིན། འབྲེལ་ཡོད་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་ལས་བྱེད་བཅས་པར་ཁ་རས་གྱོན་ཐོག་མཉམ་ཞུགས་གནང་འདུག

ཆོས་ཞུ་བ་ཚོས་སྤྱི་ཚོགས་རྒྱང་ཁྱད་ཀྱི་བཀའ་རྒྱ་ལས་མི་འདའ་བ་གནང་དགོས་པའི་གཞེན་བསྐུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༦ དང་ ༡༧ ཉིན་གཉིས་ཀྱི་རིང་སྔ་དྲོར་རྒྱ་གར་གྱི་ཆུ་ཚོད་ ༨ ནས་ ༩༌༣༠ བར་བཀའ་ཆོས་ཞིག་བསྩལ་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་ལྟར། ཆོས་ཞུ་བ་ཚོས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བར་བཀའ་ཆོས་གསན་གཟིགས་གནང་དགོས་པའི་གཞེན་བསྐུལ་འདུགདེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་བཀའ་ཆོས་དང་འབྲེལ་བའི་བཀའ་ཁྱབ་ཅིག་སྤེལ་བར་གཞིགས་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་ཀྱི་རིང་ལ་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་བཞི་པ་གཉིས་ཀྱི་བཀའ་འཁྲིད་དང་འབྲེལ་ཏེ་ད་ལྟའི་ཆར་དུས་ཀྱི་ཆེས་གཉན་འཕྲང་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་ལྟར། སྤྱིར་ནད་ཡམས་གཏན་མེད་དུ་མ་ཞི་བར་དང་ལྷག་པར་བཀའ་ཆོས་ཉིན་གཉིས་ཀྱི་རིང་ཚོགས་པ་དང་དགོན་སྡེ་ཆེ་ཆུང་སོགས་ཅི་འདྲ་ཞིག་ཡིན་རུང་ཡོངས་གྲགས་ཀྱི་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་སྒོས་སུ་ཆོས་ཞུ་བ་རྣམས་ནས་ཕན་ཚུན་བར་ཐག་བཅད་དེ་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བ་གནང་དགོས་པ་མ་ཟད། ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ནས་བཀའ་ཆོས་ཀྱི་ཆེད་ཐོག་མར་ཡར་འཛོམས་པའི་སྐབས་དང་ཁྱད་པར་དངོས་གཞི་བཀའ་ཆོས་སྩོལ་སྐབས། དེ་བཞིན་མར་འགྲོལ་སྐབས་བཅས་ཀྱིས་གཙོས་བཀའ་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ་དོ་གལ་ཆེན་པོས་བཏང་འཛིན་ཆེས་ཆེར་གནང་དགོས་པའི་གཞེན་བསྐུལ་གནང་འདུགདེ་བཞིན་ད་ལྟའི་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རང་གཞན་ཀུན་ནས་དོན་མེད་ཀྱི་གླེང་གཞི་མི་ཡོང་བ་དང་། ལྷག་དོན་གཉན་རིམས་སྔོན་འགོག་གི་ལག་ལེན་རྣམས་ལ་ལྷོད་ཡངས་མི་ཡོང་བའི་ཐུགས་འགན་ཆེ་བཞེས་གནང་དགོས་ཞེས་བསྐྱར་ནན་གནང་འདུག རྩ་བའི་གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་མང་ཚོགས་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྩེ་བའི་ཐོག་ནས་ཕྱི་ཚེས་ ༡༦ དང་ ༡༧ ཉིན་དྲྭ་ལམ་ཐད་གཏོང་བརྒྱུད་སྩལ་གཏན་འཁེལ་བའི་བཀའ་ཆོས་དེ་རྒྱ་སྐད་དང་ཧིན་སྐད། སོག་སྐད། དེ་བཞིན་ཝི་ཏི་ནམ་དང་ར་ཤཱི་ཡ། ཀོ་རི་ཡ། ཉི་ཧོང་། སི་པིན་། འཇར་མན། ཕོར་ཅི་གྷད། ཧྥ་རན། ཨི་ཏྲ་ལི་བཅས་ཀྱི་སྐད་ཐོག་གསུང་སྒྱུར་གནང་རྒྱུ་རེད་འདུག

Latest news