Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སློབ་ཕྲུག་ཚོ་གུང་སེང་རིང་ཆོས་ལུགས་ཀྱི་གནང་སྒོར་ཞུགས་མི་ཆོག་པའི་བསྒྲགས་གཏམ།

རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་སློབ་ཕྲུག་ཚོ་དགུན་ཁའི་གུང་གསེང་སྐབས་སུ་ཆོས་ལུགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་དོན་ཚན་བདུན་ཡོད་པའི་བརྡ་ཁྱབ་ཅིག་བཏང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ཉེ་ཆར་དགུན་ཁའི་གུང་གསེང་དང་སྟབས་བསྟུན་རྒྱ་གཞུང་གིས་ལྷ་སའི་ནང་གི་སློབ་གྲྭ་ཞིག་གི་ཁྱིམ་བདག་ཕ་མ་ཚོར་ཕྲུ་གུ་ཚོས་གུང་གསེང་རིང་བྱེད་མི་ཆོག་པ་དོན་ཚན་བདུན་ཅན་ཡོད་པའི་བརྡ་ཁྱབ་ཅིག་བཏང་ཡོད་པ་དང་། དེའི་ནང་འདས་ལོའི་གྲུབ་འབྲས་དང་ཡར་རྒྱས་གཏོང་དགོས་པའི་རིགས། ལྷག་པར་དུ་ཕ་མ་ཚོའི་ངོས་ནས་གུང་གསེང་རིང་བོད་རིགས་སློབ་ཕྲུག་ཚོར་ཁྱིམ་ཚང་ནང་རྒྱལ་ཞེན་དང་རང་བྱུང་ཁོར་ཡུག་དང་འབྲེལ་བའི་ལྟད་མོའི་རིགས་སྟོན་དགོས་པ་དང་དེ་བཞིན་ཕ་མ་དང་ལྷན་དུ་རང་ཁྱིམ་གྱི་ལས་ཀའི་རིགས་གཉེར་བཅུག་དགོས་པ་བཅས་ཆེད་བཀོད་བྱས་འདུག བརྡ་ཁྱབ་དེའི་ནང་མི་ཆོག་པའི་དོན་ཚན་ཁག་གི་ནང་དུ་ཕྲུ་གུ་ཚོ་གུང་གསེང་རིང་ཆོས་ཕྱོགས་ཀྱི་གནང་སྒོ་དང་ས་ཐག་རིང་པོར་འཁྲིད་མི་ཆོག་པ། གལ་སྲིད་དེ་ལྟར་བྱས་ཚེ་མཇུག་འབྲས་ཇི་ཡོང་ཕ་མ་ཚོས་འགན་འཁུར་དགོས་པ། དྲྭ་རྒྱ་བེད་སྤྱོད་གཏོང་ཡུལ་གྱི་ཟ་ཁང་སོགས་ཀྱི་ནང་བསྐྱོད་མི་ཆོག་པ་དང་རྒྱུན་དུ་གྲི་དང་གོ་མཚོན་རིགས་མཉམ་འཁྱེར་མི་ཆོག་པ། ཕྲུ་གུ་གཞན་ལ་གནོད་པའི་རིགས་བྱེད་མི་ཆོག་པ་དང་དེ་བཞིན་ཕ་མའི་ངོས་ནས་འགོས་ནད་རིགས་ནས་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་དོན་ཚན་ཁག་གཅིག་བཀོད་འདུག རྩ་བའི་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་བོད་རིགས་སློབ་ཕྲུག་ཚོར་དབྱར་ཁ་དང་དགུན་ཁའི་གུང་གསེང་སྐབས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་གོང་ཞུས་ཀྱི་བརྡ་ཁྱབ་དང་དམ་དྲག་བྱས་པ་དེ་ད་ལན་ཐེངས་དང་པོ་ཆགས་ཀྱི་མེད་པ་རེད། འདས་ལོ་ ༢༠༡༨ དང་ ༢༠༡༩  གཉིས་སུའང་དམ་དྲག་བྱས་མྱོང་ཡོད་པ་མ་ཟད་རྒྱ་གཞུང་གིས་དེ་སྔ་ ༢༠༡༨ ལོའི་ས་ག་ཟླ་བ་མ་ཤར་བའི་གོང་དུ་ཆབ་མདོ་གྲོང་ཁྱེར་ནང་གི་ཕྲུ་གུ་དང་ཕ་མ་ཚོར་ས་ག་ཟླ་བའི་རིང་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང་བཀའ་རྒྱ་དེ་ལོ་ལྟར་བོད་རང་སྐྱོང་ལྗོངས་ཁུལ་དུ་ས་ག་ཟླ་བའི་གོང་དུ་གཏོང་སྲོལ་ཡོད་པ་ཞིག་དང་།གལ་ཏེ་སྒྲིག་སྲོལ་འགལ་མཁན་རིགས་བྱུང་ཚེ་དེ་ལ་ཐག་གཅོད་ནན་པོ་བྱ་རྒྱུའི་ཉེན་བརྡ་སོགས་བཏང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་ནས་བོད་ཕྲུག་རྣམས་ཆོས་ལུགས་ཀྱི་གནང་སྒོ་ཁག་ནང་ཞུགས་རྒྱུར་དམ་དྲག་བྱེད་བཞིན་པ་དེ་ནི་རྒྱལ་ཚོགས་ཀྱི་གཞི་རྩའི་ཆོས་དད་རང་དབང་གི་འབྲུ་དོན་དང་སྒོས་རྒྱ་གཞུང་གིས་དེ་སྔ་ཕྲུ་གུའི་ཐོབ་ཐང་དང་འབྲེལ་བའི་གཏན་འབེབས་བྱས་པའི་ཁྲིམས་སྒྲིག་དག་ལ་རྩིས་མེད་རྡོག་རོལ་བཏང་བ་ཅིག་མཚོན་གྱི་ཡོད་པར་སྐྱོན་བརྗོད་གནང་སྟེ་རྒྱ་གཞུང་ནས་ཕྲུ་གུ་ཚོ་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཏུ་ཞུགས་རྒྱུ་ཐད་ལ་བཀག་སྡོམ་རྩ་བ་ནས་བྱེད་ཆོག་གི་མེད་པར་མངོན་གསལ་གནང་འདུག

རྡོར་གདན་དུ་ཚོགས་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ལེགས་པར་མཇུག་སྒྲིལ།

རྒྱ་གར་མངའ་སྡེ་བྷི་ཧཱར་གྱི་གྷ་ཡ་རྫོང་དུ་ཆགས་པའི་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་འདི་ལོའི་ཟླ་ ༡ ཚེས་ ༢ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་ ༣༠༠༠༠ ལྷག་ལ་ཆོས་འབྲེལ་བཀའ་དྲིན་བསྩལ་བ་དང་བསྟུན་ཉིན་ལྟར་ཆོས་འབྲེལ་གྲུབ་རྗེས་༸རྗེ་བདག་ཉིད་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་སླད་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚོགས་ཡོད་པ་ལྟར་དེ་རིང་སྨོན་ལམ་ཆེན་མོ་ལེགས་པར་མཇུག་སྒྲིལ་གནང་སོང་། ཉིན་གྲངས་དྲུག་རིང་གི་སྨོན་ལམ་དེའི་ཐོག་བྱེས་བཞུགས་ཀྱི་དགོན་སྡེ་འདྲ་མིན་ནས་གྲྭ་བཙུན་ཆིག་ཁྲི་ལྷག་མཉམ་ཞུགས་དང་། ཚོགས་མགོན་དུ་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་གཙོས་པའི་གདན་ས་ཁག་གི་མཁན་རིན་པོ་ཆེ་མཆོག་རྣམ་པ་མཉམ་ཞུགས་ཐོག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་ཞི་བར་གཤེགས་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་སླད་སྨོན་ལམ་གསུང་འདོན་དང་དགོན་སྡེ་ཁག་གི་དགེ་བཤེས་རྣམ་པར་དམ་འཇོག་དང་རྟགས་གསལ་སོགས་གནང་ཡོད་པ་རེད། གཞི་རྩའི་༸གོང་ས་མཆོག་གིས་བཀའ་ཆོས་བསྩལ་སྐབས་སུ་ཨ་ཕི་རི་ཀ་དང་བྷང་ལ་དེ་ཤའི་བཙན་བྱོལ་བ་ཚོར་གཟིགས་རྟོག་གནང་མཁན་རྒྱལ་ཚོགས་ཀྱི་ཚོགས་པར་སྨོན་ལམ་ཆེད་ཞལ་འདེབས་བྱུང་ཁག་ནས་རོགས་པ་གནང་ཐུབ་ཚེ་ཡག་པོ་ཡོད་སྐོར་གྱི་བཀའ་བསྩལ་བ་ལྟར་ཁ་སང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་གིས་འབུམ་ལྔ་བཅུ་མ་རྩར་བཞག་སྟེ་དད་ལྡན་སེར་སྐྱ་མི་དང་ནས་ཞལ་འདེབས་ཇི་ནང་ཐོག་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་གིས་ཁ་སྣོན་གནང་སྟེ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ལ་ཧིན་སྒོར་ས་ཡ་གཅིག་ཞལ་འདེབས་སུ་འབུལ་གཏན་འཁེལ་སྐོར་ཡོངས་ཁྱབ་གནང་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཟུར་པ་ཧོང་ཀོང་ནང་གི་རྒྱ་གཞུང་གི་འགོ་ཁྲིད་དུ་བསྐོས་འདུག

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཧོང་ཀོང་གི་ཁུལ་དུ་ཡོད་པའི་དེ་གའི་གཞུང་གི་འགོ་ཁྲིད་མཐོ་ཤོས་ Wang Zhimin ཞེས་པ་དེ་རྒྱ་ནག་ཏུ་ཕྱིར་འཐེན་གྱིས། ཁོང་གི་ལས་ཚབ་ཏུ་བདེ་འཇགས་ཀྱི་སྒང་ལ་ལས་ཀའི་ཉམས་མྱོང་ཡོད་པའི་དམར་ཤོག་གི་དཔོན་རིགས་རྒན་པ་དང་དེ་སྔ་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེའི་ལས་ཁུར་བྱས་མྱོང་ཡོད་པའི་ Luo Huining བསྐོ་བཞག་བྱས་འདུག དེ་རིང་ཨ་རིའི་ New York times གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་ནང་དུ་ཟླ་ངོ་བདུན་གྱི་རིང་ལ་སྤྱི་ཚོགས་བརྟན་བརླིང་མེད་པར་གཞུང་ལ་ངོ་རྒོལ་གྱི་བྱ་འགུལ་བསྟུད་མར་སྤེལ་ཡོད་བའི་ཁྲོད། པེ་ཅིན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དགོས་བའི་སྐུལ་དུ་མ་བཏང་ཡོད་ནའང་། མི་མང་གི་ངོ་རྒོལ་ལས་འགུལ་མཚམས་མ་ཆད་པ་མ་ཟད། ཉེ་ལམ་ཁུལ་དེའི་རྫོང་རིམ་པའི་འོས་བསྡུའི་ནང་རྒྱ་ནག་གི་དམར་ཤོག་ཚོགས་པར་ཕྱོགས་གཏོགས་བྱེད་མཁན་གྱི་འོས་དམིགས་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་པར་བརྟེན། ད་ཆ་རྒྱ་ནག་གཞུང་གིས་ཧོང་ཀོང་ཁུལ་གྱི་རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་Wang Zhimin ལས་གནས་ནས་ཕྱིར་ཕུད་བཏང་ཡོད་སྐོར་འཁོད་འདུག གསར་ཁང་གིས། རྩ་བའི་ Wang Zhimin གྱིས་མི་ལོ་བཅུ་ཕྲག་འགའ་ཤས་ཀྱི་ནང་དུ་ཧོང་ཀོང་ཁུལ་གྱི་གྲོང་ཁྱེར་གྱི་ཚོང་དོན་དང་མཐོ་རིམ་གྱི་དཔོན་རིགས་རྣམས་དང་ལྷན་དུ་ལས་ཀ་བྱས་ཡོད་ནའང་། རྒྱ་ནག་གི་ཉེས་ཅན་ཕྱིར་སྤྲོད་ཀྱི་ཁྲིམས་འཆར་རྐྱེན་པས་ཁུལ་དེའི་ནང་འདས་པའི་ཟླ་ངོ་མང་པོར་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་བྱུང་བ་དེར་ཁོང་གི་སྟངས་འཛིན་བྱེད་མ་ཐུབ་པ་མ་ཟད། ཁུལ་དེའི་རྫོང་རིམ་པའི་འོས་བསྡུའི་སྐབས་པེ་ཅིན་ཕྱོགས་གཏོགས་ཀྱི་འོས་དམིགས་ལ་རྒྱལ་ཁ་ཐོབ་ངེས་ཀྱིས་འདེངས་ཚོད་དང་བཅས་འོས་བསྡུའི་ལས་དོན་དེ་འགོག་ཐབས་བྱས་མེད་སྟབས། འོས་བསྡུའི་ཁྲོད་མང་གཙོ་ཚོགས་པར་གྲོས་ཚོགས་ཀྱི་ཞབས་སྟེགས་བརྒྱ་ཆ་ ༨༧ ལྷག་ཐོབ་པར་བརྟེན། རྒྱ་ནག་གིས་ཁོང་གི་ལས་མཚམས་འཇོག་ཏུ་བཅུག་པ་ཞིག་ཡིན་པར་བརྗོད་འདུག ཧོང་ཀོང་གི་རྒྱ་ནག་གི་གཙུག་ལག་སློབ་གྲྭའི་ཆབ་སྲིད་ཆེད་མཁས་བ་ Willy Lam ཟེར་བས་ཀྱང་། Wang Zhimin གིས་ཧོང་ཀོང་ཁུལ་གྱི་གྲོང་ཁྱེར་ནང་གི་མི་མང་གི་རང་གཤིས་ལ་རྒྱུས་ལོན་བྱེད་མ་ཐབས་པར་ཕམ་ཉེས་ཐེངས་མང་བྱུང་བར་བརྟེན། པེ་ཅིན་སྲིད་གཞུང་གིས་གཅིག་བྱས་ན་སྔོན་མ་ནས་ཁོ་ལས་གནས་ལས་རྩ་དགོངས་གཏོང་རྩིས་ཡོད་པར་བརྗོད་འདུག རྩ་བའི་Wang Zhimin གི་ལས་ཚབ་ཏུ་གསར་དུ་བསྐོ་བཞག་བྱས་པའི་ Luo Huining ནི་ སྤྱི་ལོ ་༢༠༡༠ ལོར་མཚོ་སྔོན་ཞིང་ཆེན་གྱི་སྲིད་སྐྱོང་དུ་བདམས་ཐོན་བྱུང་བ་དང་། དེ་རྗེས་༢༠༡༣་ལོར་ཁུལ་དེའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་པ་ལྟར། ཁོས་ལས་གནས་དེའི་ཁྲོད་མཚོ་སྔོན་ཁུལ་གྱི་བོད་མིའི་ཐོག་ངན་ཇུས་ལྡན་པའི་སྲིད་བྱུས་མང་པོ་ལག་བསྟར་དོ་ནན་བྱས་བར་བརྟེན། རྗེས་སུ་རྒྱ་ནག་སྲིད་གཞུང་གིས་ཁོང་ལྐོག་ཟ་རུལ་བཟུང་གི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པའི་ཧྲན་ཞི་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་ལྟར་། ཁོ་པས་ལས་དོན་དེའི་ཁྲོད་ཁུལ་དེའི་ནང་གི་འགོ་ཁྲིད་མཐོ་གྲས་མང་པོ་གནས་དབྱུང་བཏང་ཡོད་པ་རེད། Luo Huining ནི་ད་ལྟའི་འཆར་རང་ལོ་ ༦༥ ལ་སླེབས་ཏེ་རྒལ་ཡོལ་འགྲོ་རན་པ་དང་། ལྷག་པར་ཉེ་ཆར་རང་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་དཔལ་འབྱོར་ཚོགས་ཆུང་གི་ཚོགས་གཙོ་གཞོན་པར་བསྐོས་ཟིན་མ་ཐག་ཡིན་པ་ལྟར། ཁོང་ད་རེས་བློ་བུར་དུ་ཧོང་ཀོང་ནང་གི་རྒྱ་གཞུང་གི་འགོ་ཁྲིད་མཐོ་ཤོས་སུ་བསྐོས་པ་དེར་དཔྱད་ཞིབ་པ་མང་པོ་ཧང་སང་དགོས་པ་ཞིག་ཏུ་གྱུར་ཡོད་པ་དེ་ལྟར་ཡང། ཁོང་གིས་ད་རེས་ཀྱི་ལས་གནས་གསར་པ་དེའི་ཁྲོད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཧོང་ཀོང་ནང་མགྱོགས་མྱུར་ངང་སྤྱི་ཚོགས་བརྟན་བརླིང་ཡོང་བའི་རེ་བ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡ་ནང་དུ་མེའི་གནོད་འཚེ་ཚབས་ཆེན་ཕོག་པར་ཐུགས་འཚབ་མཛད་པ།

ཨོ་སི་ཊོ་ལོ་ཡའི་ནང་དུ་ལོ་རྒྱུས་ཁྲོད་མེའི་གོད་ཆག་ཚབས་ཆེན་ཕོག་པའི་རྐྱེན་གྱིས་མི  ༢༠ ལྷག་གི་ཚེ་སྲོག་ཤོར་བ་མ་ཟད་རི་དྭགས་སྲོག་ཆགས་ས་ཡ་ ༥༠༠ ལྷག་གི་ཚེ་སྲོག་ཤོག་བའི་ཆེས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་ལྟར། དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་ཉིན་མཐའ་མའི་ཐོག་མེའི་འཇིག་པའི་གོད་ཆག་ཚབས་ཆེན་ཕོག་པར་ཐུགས་འཚབ་ཡོད་པའི་བཀའ་སློབ་བསྩལ་འདུག ༸གོང་ས་མཆོག་གིས་དེ་རིང་འཇམ་དབྱངས་ཆོས་འཁོར་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བཀའ་དྲིན་སྩོལ་བཞིན་པའི་ཁྲོད་འཛམ་བུ་གླིང་འདིའི་ཐོག་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཞིག་ཡིན་པ་དང། དེའི་ཁྲོད་གོ་ལའི་ཚ་དྲོད་འཕེལ་བའི་རྐྱེན་གྱིས་ས་ཆ་ཁ་ཤས་ནང་དུ་ཆུའི་འཇིག་པའི་དབང་གིས་ཆུ་ལོག་གི་ངལ་བ་དང་། ད་ལྟ་ཨོ་སི་ཊོ་ལི་ཡ་ལྟ་བུར་ཚ་དྲོད་རྒྱས་ཏེ་མེ་སྐྱོན་གྱི་དཀའ་ངལ་ཆེས་ཛ་དྲག་འཕྲད་བཞིན་པའི་འོག་མི་དང་སྲོག་ཆགས་ས་ཡ་མང་པོའི་ཚེ་སྲོག་ཤོར་བར་ཐུབས་འཚབ་ཡོད་པའི་བཀའ་བསྩལ་བ་དང་སྦྲགས་ཏེ་ཚང་མས་བསྔོ་སྨོན་གསུང་འདོན་གནང་དགོས་པ་མ་ཟད་སླད་མར་ངལ་བ་དེ་ལྟར་མི་འཕྲད་པའི་ཆེད་དུ་ཁོར་ཡུག་ཐོག་ཐུགས་སྣང་གནང་གནད་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་སྤྱིར་ལོ་ལྟར་ཨོ་སི་ཊོ་ལི་ཡ་ནང་དུ་ད་ལྟའི་དུས་ཚོད་སྐབས་སུ་མེའི་འཇིག་པ་གོད་ཆག་འཕྲད་ཀྱི་ཡོད་ཀྱང། ཐེངས་འདིའི་མེ་སྐྱོན་ནི་རྣམ་ཀུན་མེའི་འཇིག་པ་དང་མི་འདྲ་བར་དུས་ཚོད་གང་ཙམ་སྔོན་དུ་བྱུང་བ་དང་། ཨོ་སི་ཊོ་ལི་ཡ་ནང་གི་མངའ་སྡེ་འདྲ་མིན་དྲུག་ཙམ་ནང་གི་ས་ཁོངས་ཁྱོན་ Acre ས་ཡ་ ༡༤ ཙམ་ཚུད་པའི་འོག་མིའི་སྡོད་ཁྱིམ་ ༡༥༠༠ ལྷག་མེས་འཚིགས་ཡོད་པ་མ་ཟད། མི་ ༢༠ ལྷག་རྐྱེན་འདས་སུ་གྱུར་བ་དང་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག དེ་བཞིན་རི་དྭགས་སྲོག་ཆགས་ས་ཡ་ ༥༠༠ ལྷག་གི་ཚེ་སྲོག་ཤོག་བའི་ཆེས་ཛ་དྲག་གི་གནས་སྟངས་གྱུར་ཡོད་པ་རེད། ལོ་ཤས་སྔོན་ནས་དབུ་འཛུགས་གནང་བའི་བོད་མི་ཆབ་སྲིད་བཙོན་པ་དང་དེ་དག་གི་འབྲེལ་ཆགས་ནང་མི་གཞིས་སྤོས་ཀྱི་ལས་ཆར་སོགས་ཀྱི་ཁྲོད་དེང་སྐབས་ཨོ་སི་ཊོ་ལི་ཡ་ནང་དུ་བོད་མི་མང་དག་ཅིག་བཅའ་སྡོད་གནང་བཞིན་ཡོད་སྟབས། རླུང་འཕྲིན་ཁང་གིས་དེ་རིང་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་སུ་ཞལ་པར་བརྒྱུད་དེ་ད་ལྟའི་མེ་སྐྱོན་གྱི་གནས་སྟངས་དང་ལྷག་པར་དུ་བོད་མི་རྣམས་ལ་གནོད་སྐྱོན་ཕོག་ཡོད་མེད་སོགས་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་པར་ཁོང་གིས་ད་ལྟའི་ཆར་ Victoria ས་ཁུལ་ནང་དུ་བོད་པའི་ཁྱིམ་ཚང་གཅིག་ལ་མེ་སྐྱོན་ཤོར་བ་མ་གཏོགས་དེ་མིན་བོད་མི་རྣམས་ལ་མེའི་གོད་ཆག་གང་ཡང་ཕོག་མེད་སྐོར་གསུངས་སོང་། རྩ་བའི་དེང་སྐབས་ America ནང་གི་དང་བླངས་མེ་གསོད་རུ་ཁག་ Australia ནང་དུ་ཕྱག་རོགས་གནང་བར་ཆེད་སྐྱོད་གནང་བཞིན་ཡོད་པར་མ་ཟད་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ཨོ་སི་ཊོ་ལི་ཡར་གདུང་སེམས་མཉམ་བསྐྱེད་དང་དཔལ་འབྱོར་གྱི་རོགས་རམ་སོགས་གནང་ཐབས་གནང་མུས་རེད་འདུག

ངོས་ལ་དགའ་མོས་བྱེད་མཁན་ཚོས་ངོས་ཀྱིས་བཤད་པ་རྣམས་སེམས་ལ་བཟུང་སྟེ་ལག་བསྟར་བྱེད་དགོས་ཞེས་བཀའ་བསྩལ་བ།

དེ་རིང་ཕྱི་ལོ་ ༢༠༢༠ ལོ་ཟླ་ ༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཀའ་ཆོས་དང་བཀའ་དབང་མཇུག་སྒྲིལ་མཛད་བསྟུན་ངོས་ལ་དགའ་མོས་བྱེད་མཁན་ཚོས་ངོས་ཀྱིས་བཤད་པ་རྣམས་སེམས་ལ་བཟུང་སྟེ་ལག་བསྟར་བྱེད་དགོས་ཞེས་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་དེ་རིང་འཇམ་དབྱངས་ཆོས་འཁོར་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བསྩལ་བ་དང་སྦྲགས་ཏེ་བསྟན་པ་སྤྱི་མཚན་དང་གང་ཟག་དགོས་ཚན་གྱི་ངོ་སྤྲོད་བསྩལ་བ་མ་ཟད་ང་ཚོ་ཚང་མས་དུས་ནས་དུས་སུ་སེམས་ཅན་ཐམས་ཅད་ལ་ཕན་བཏགས་ཕྱིར་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ། དེ་བཞིན་བསྟན་པ་སྤྱི་མཚན་ཉམས་ལེན་གནང་དགོས་པ་དང་། ལྷག་པར་དུ་རིམ་བཞིན་ཤེར་རབ་ཀྱི་གྲོགས་དང་སྟོང་རྟེན་འབྱུང་གི་ལྟ་བར་བསམ་བློ་བཏང་ནས་གཞན་ཕན་བསྒྲུབ་དགོས་པའི་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་གོ་ལའི་ཚ་དྲོད་ཇེ་ཆར་འཕེལ་བཞིན་པའི་ཁྲོད་འགྲོ་བ་མི་དང་དུད་འགྲོ་སེམས་ཅན་དག་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པའི་གནད་དོན་ཁག་ལ་ཐུགས་འཚབ་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ང་ཚོས་དེ་འབྲེལ་འཕྲད་པའི་ངལ་བ་ཁག་མི་བྱུང་བར་རྣམ་ཀུན་ནས་ཁོར་ཡུག་ཐོག་ལ་ཐུགས་སྣང་གནང་གནད་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། མགོན་པོ་༸གང་ཉིད་མཆོག་གིས་ང་ཚོས་རྒྱུན་དུ་རང་ཉིད་ཀྱི་སེམས་རྒྱུད་མ་ཞི་བ་དེ་རིམ་པས་ཞི་བར་བཟོ་ཐབས་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ལ་དགའ་མོས་བྱེད་མཁན་ཚོས་ངོས་ཀྱིས་བཤད་པ་རྣམས་སེམས་ལ་བཟུང་སྟེ་ལག་བསྟར་བྱེད་དགོས་པ་ལས་༸གོང་ས་མཆོག་གི་༸སྐུ་པར་ལ་སྐྱབས་སུ་མཆིས་ཞེས་བརྗོད་པ་ཙམ་ལས་དེ་མིན་བཀའ་གང་བསྩལ་བ་རྣམས་ལ་ཉམས་ལེན་མ་གནང་ཚེ་ཕན་ཐོགས་དེ་ཙམ་མེད་སྐོར་བཀའ་ནན་བསྩལ་སོང་། ༸གོང་ས་མཆོག་གིས་ད་དུང་བོད་གངས་ཅན་ལྗོངས་འདིར་སངས་རྒྱས་ཀྱི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དར་ཁྱབ་བྱུང་བ་ཅིག་ཆགས་ཡོད་པ་དང་སྒོས་ནང་པ་མིན་པ་རྣམ་དཔྱོད་ཅན་གྱི་མི་མང་པོས་དེར་ཡིད་དབང་འཕྲོག་ནས་དོ་སྣང་གནང་གི་ཡོད་པ་ལྟར། བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་བོད་ཙམ་མ་ཡིན་པར་ནང་པའི་ཡུལ་གྲུ་ཡོངས་ལ་ཁྱབ་ཐུབ་པའི་ནུས་པ་ལྡན་ཡོད་པ་དང་བསྟན་པ་དེ་ཡུན་རིང་གནས་ནས་འགྲོ་བ་ཡོངས་ལ་ཕན་པའི་ཐུགས་སྨོན་མཛད་ཀྱི་ཡོད་པ་ལྟར་ཆོས་ཞུ་བ་ཚོས་ཀྱང་དེ་ལྟར་སྨོན་ལམ་གནང་དགོས་པ་བཀའ་བསྩལ་ཡོད། གཞི་རྩའི་༸གོང་ས་མཆོག་གིས་རྡོར་གདན་གྱི་ཆོས་འབྲེལ་དེ་ཟླ་ ༢ ཚེས་ ༢ ནས་དབུ་འཛུགས་གནང་བ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། ཕྱི་ཚེས་ ༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་དེ་བཞིན་ཕྱི་ཚེས་ ༤ ཉིན་འདས་ལོར་བསྩལ་བའི་འཇམ་དབྱངས་ཆོས་འཁོར་གྱི་འཕྲོ་སྐྱོ་འཇམ་དཔལ་ནང་སྒྲུབ་དང་། སྒྲོལ་དཀར་རྗེ་གནང་། ཁ་སང་ཚེས་ ༥ ཉིན་༸རྗེ་བཙུན་མ་ནག་མའི་བཀའ་དབང་བསྩལ་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་༸གོང་ས་མཆོག་ཕྱི་ཚེས་ ༡༦ འམ་ ༡༧ ཉིན་གྷ་ཡ་ནས་བྷི་ཧཱར་གྱི་གྲོང་ཁྱེར་པཊ་ན་དང་། དེ་བཞིན་པཊ་ན་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལི་དང་། དེ་རྗེས་བཞུགས་སྒར་དུ་ཆིབས་༸ཞལ་བསྒྱུར་གནང་མཛད་རྒྱུ་རེད་འདུག

རྫ་དབོན་པོ་སྡེ་པའི་བོད་མི་སུམ་ཅུ་ལྷག་ཟླ་ཕྱེད་རིང་བཀག་བསྐྱིལ།

ཉེ་ཆར་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༡ ནང་ལ་སེལ་ཤུལ་རྫོང་རྫ་སྨད་དབོན་པོ་སྡེ་པའི་ནང་དུ་བོད་དོན་ལས་འགུལ་དང་འབྲེལ་བོད་མི་ཁག་གཅིག་སྔ་རྗེས་སུ་འཛིན་བཟུང་བྱས་པའི་ཁྲོད་ནས་ད་ལྟའི་ཆར་ས་གནས་དང་འབྲེལ་བའི་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བར་གཞིགས་ཚེ་དབོན་པོ་སྡེ་པའི་སེར་སྐྱ་སུམ་ཅུ་བརྒལ་བ་ཅིག་ཟླ་ཕྱེད་རིང་བཀག་བསྐྱིལ་བྱས་འདུག སྔ་ལོ་ཕྱི་ཟླ་ ༡༡ ཚེས་ ༧ དང་ ༡༨ དེ་བཞིན་ཚེས་ ༢༡ བཅས་ལ་ཁམས་སེར་ཤུལ་རྫོང་རྫ་དབོན་པར་རྒྱ་གཞུང་གིས་དགེ་འདུན་པ་ལྔ་དང་མི་སྐྱ་མི་གཉིས་བཅས་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་སུ་དེ་འབྲེལ་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་རྒྱུས་ལོན་མ་ཐུབ་པར་ལྷག་ཡོད་པའི་ཁྲོད། དེ་རིང་རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་བྱ་བྲལ་ཁང་ཚན་དབོན་པོ་དགོན་གྱི་དགེ་འདུན་པ་བྱམས་པ་ཡོན་ཏན་ལགས་ཀྱིས་ས་གནས་བོད་མི་བརྒྱུད་ནས་ཕྱི་ཟླ་ ༡༡ ཚེས་ ༢༤ ནས་ཕྱི་ཟླ་ ༡ ཚེས་ ༣ བར་སེར་ཤུལ་རྫོང་རྫ་དབོན་པོ་ནང་དུ་གནས་སྟངས་ཇི་ཆགས་སོགས་དང་འབྲེལ་བའི་འཚོལ་སྒྲུབ་གནང་སྐབས་སུ་སེར་སྐྱ་སུམ་ཅུ་བརྒལ་བ་ཅིག་ལ་རྩམ་པ་གཅིག་པོ་མ་གཏོགས་ཟས་གང་ཡང་མ་སྤྲད་པར་ཟླ་བ་ཕྱེད་རིང་བཀག་ཉར་བྱས་ཡོད་པ་དང་། ཁོང་རྣམས་ནི་དོགས་ཡོད་མི་སྣ་དང་དྲྭ་རྒྱ་དང་འབྲེལ་བ་ཡོད་པ། དེ་བཞིན་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པ་དང་༸གོང་ས་མཆོག་གི་༸སྐུ་པར་བཤམས་ཡོད་པ། སྐད་ཆ་བཤད་སྟངས་ནོར་བ་དང་ཆབ་སྲིད་དང་འབྲེལ་མེད་སྤྱིར་བཏང་གི་རྙོག་གླེང་ཅན་ཞིག་ཡིན་པ་གསུངས་སོང་། དེ་བཞིན་གྲྭ་བ་མང་པོ་ཞིག་ལ་བསམ་བློའི་སློབ་གསོ་དགོས་ཚུལ་གྱིས་ཟླ་ཕྱེད་རིང་ཉིན་ལྟར་བསམ་བློ་སྒྱུར་བཀོད་ཀྱི་སློབ་གསོའི་ཚོགས་འདུ་ཚོགས་པ་དང་མང་ཚོགས་ལ་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དེ་རིགས་ལྷག་མི་ཆོག་པའི་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། དབོན་པོ་སྡེ་པའི་ཡུལ་མི་དང་སྡེ་པ་གཞན་གྱི་མི་སོགས་སེར་སྐྱ་མང་པོ་ཞིག་གི་ཁ་པར་སྔོག་གཤེར་བྱས་ཡོད་པ་དང་ཉེན་རྟོག་ཁང་ལ་འབོད་དེ་འདྲི་རྩད་ཀྱིས་ཡིག་ཆ་ཁག་གཅིག་ལ་མིང་རྟགས་བཀོད་བཅུག་པ་སོགས་ཀྱི་གནས་སྟངས་བྱུང་འདུག ལྷག་དོན་དམག་མི་རྣམས་ཀྱི་ལག་ཏུ་མེ་མདའ་དང་ཉེན་འགོག་གྱི་ལག་ཆ་འདྲ་མིན་སོགས་བཟུང་ནས་སྲང་ལམ་དུ་དམག་སྦྱོང་གིས་མི་མང་ལ་ཉིན་ལྟར་འཇིགས་བསྐུལ་བྱས་ཡོད་པ་དང་ཕྱི་ཟླ་ ༡༢ ཚེས་ ༡༢ ནས་སྣང་ཚུལ་ལ་དམག་མི་མང་པོ་ཞིག་རྫ་སྨད་ནས་ཕྱིར་ལོག་བྱུང་བ་མཐོང་ཡོད་པ་རེད་འདུག ད་ལྟའི་ཆར་དབོན་པོ་སྡེ་པའི་ནང་དམ་དྲག་ཤུགས་ཆེ་བའི་རྐྱེན་གྱིས་ས་གནས་ཀྱི་གནས་ཚུལ་དང་འབྲེལ་ཏེ་ས་གནས་ཀྱི་བོད་མི་མང་པོར་ཞལ་པར་དང་སྐད་འཕྲིན་སོགས་ཀྱི་བརྒྱུད་ནས་ཐེངས་མང་རྩད་གཅོད་ཞུས་ཀྱང་འབྲེལ་བ་ཞུ་རྒྱུ་དཀའ་བར་གྱུར་པ་མ་ཟད། སྤྱི་ཚོགས་དྲྭ་ལམ་ཡོངས་རྫོགས་བཀག་འགོག་བྱས་པར་མ་ཟད། མང་ཚོགས་ཁྲོད་དུ་ཉུལ་ཞིབ་རུ་ཁག་མི་སྣ་སོགས་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་སྟབས་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། གཞི་རྩའི་རྒྱ་གཞུང་གིས་དེ་སྔོན་ཕྱི་ཟླ་ ༡༡ ནང་དུ་རྫ་དབོན་པོ་སྡེ་བ་ནས་སྔ་རྗེས་སུ་འཛིན་བཟུང་བྱས་པའི་དགེ་འདུན་པ་ལྔ་དང་མི་སྐྱ་གཉིས་བཅས་ཐོག་མར་སེལ་ཤུལ་རྫོང་ལ་ཁྲིད་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་རྗེས་སུ་ནང་མི་ཚོ་དང་ཐུག་འཕྲད་བྱུང་ཡོད་མེད། ཁོང་རྣམ་པའི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་བཀའ་དྲིན་བསྩལ་བ།

དེ་རིང་སྔ་དྲོ་ཚོུད་ ༨ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་ཐང་ཆེན་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ ༣༠༠༠༠ ལྷག་ལ་འདས་ལོར་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་སོང་། ༸གོང་ས་མཆོག་གི་བཀའ་ཆོས་འདིའི་ཐོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་གསུམ་གྱིས་གཙོས་པའི་དགོན་སྡེ་གྲྭ་ཚང་ཁག་གི་གྲྭ་བཙུན་དང་འདི་བཞིན་ཁྱིམ་པ་ཕོ་མོ་མང་དག་ཅིག་བཀའ་ཆོས་ཞུ་བར་ཆེད་བཅར་ཞུས་ཡོད་པ་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གིས་རྡོ་རྗེ་གདན་གྱི་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བ་འདིས་ལྷོ་ཕྱོགས་ནས་བཅར་བའི་ཆོས་ཞུ་བ་ཚོར་ཆེད་མངགས་དགའ་བསུ་ཞུ་གི་ཡོད་ཅེས་ཞལ་ཤོབ་མཛད་པ་དང་སྦྲགས་ཏེ་ད་རེས་རྗེས་གནང་བསྩལ་བ་འདི་དྲྭ་རྒྱ་བརྒྱུད་དེ་ཡུལ་ལུང་མང་པོ་ཞིག་ཏུ་ཐད་སྲིང་འགྲོ་བཞིན་ཡོད་སྟབས་མི་རིགས་འདྲ་མིན་མང་པོས་ཐུགས་སྣང་ཆེན་པོས་གསན་གཟིགས་གནང་གི་ཡོད་པས་བླ་མའི་ངོས་ནས་ཕན་སེམས་ཀྱི་འདུན་པ་བཏང་བ་བཞིན་ཆོས་དད་ཅན་རྣམས་ཀྱིས་ཀུན་སློང་དྲགས་པོས་གསན་གཟིགས་གནང་ཚེ་དེ་དག་ལ་བྱིན་རླབས་འཐོབ་ངེས་ཡིན་པའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་ཡོད། དེ་བཞིན་༸གོང་ས་མཆོག་གིས་ཆོས་ཞུ་བ་སུམ་ཁྲི་ལྷག་ལ་རྗེས་གནང་གི་སྤྱི་བཤད་དང་འབྲེལ་ཏེ་རང་ཚོའི་རྒྱུད་ལ་ཡོད་པའི་བློ་འདི་ཐོག་མ་ཉིད་ནས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཞིག་ཡིན་ཀྱང་སྡུག་བསྔལ་སེལ་ཐབས་ལ་དོ་སྣང་གནང་གི་མེད་པ་དང་སྒོས་བདེ་སྡུག་མྱོང་མཁན་གཙོ་བོ་དེ་ཡིད་བློ་ཡིན་པར་བཀའ་བསྩལ་སོང་བ་མ་ཟད། ང་ཚོའི་ངོས་ནས་སྟོན་པ་བཅོམ་ལྡན་འདས་དང་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་སོགས་ལ་སྐྱབས་སུ་འགྲོ་གྱི་ཡོད་པ་ལྟར་སྐྱབས་སུ་འགྲོ་ས་དེ་དག་དག་པའི་གཞན་གཅེས་པའི་བྱང་ཆུབ་སེམས་ཉམས་བཞེས་གནང་སྟེ་སྤངས་རྟོགས་མཐར་ཕྱིན་པ་གྱུར་ཡོད་སྟབས་གནས་ཁྱད་པར་ཅན་འདིར་ཆོས་གྲོགས་མང་པོ་ཞིག་འདུས་ཡོད་པ་ཁྱེད་རང་ཚོས་དུས་དེ་རིང་ནས་བཟུང་སྟེ་བྱང་ཆུབ་ཀྱི་སེམས་བསྐྱེད་ཐོག་མི་ཚེ་འདི་ནས་ས་ལམ་གྲོལ་རྒྱུར་འབད་གནད་ཡིན་པ་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ནས་དབུ་འཛུགས་ཀྱིས་གནངས་ཕྱི་ཚེས་ ༦ བར་འཇམ་དབྱངས་ཆོས་སྐོར་འཕྲོ་སྐྱོང་མུ་མཐུད་མཛད་རྒྱུ་ཡིན་པ་རེད།

བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་མཁན་སྐུ་ཞབས་ Sandesh Meshram ལགས་གུ་ཇརཱཊ་མངའ་ཁུལ་དུ་འབྱོར་འདུག

བཞུགས་སྒར་དྷ་རྨ་ས་ལ་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བར་བོད་དོན་གོ་རྟོགས་ཀྱི་རྐང་འཁོར་སྐོར་བསྐྱོད་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Sandesh Meshram འམ་བོད་མིང་དུ་སྐུ་ཞབས་བསམ་གཏན་ཡེ་ཤེས་ལགས་དེ་རིང་ Gujurat མངའ་སྡེའི་ Surat གྲོང་ཁྱེར་ནང་དུ་འབྱོར་འདུག རླུང་འཕྲིན་ཁང་གིས་དེ་རིང་སྔ་དྲོ་ཞལ་པར་བརྒྱུད་སྐུ་ཞབས་ Sandesh Meshram ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ འདས་པའི་ཟླ་བ་གཅིག་ལྷག་ཙམ་གྱི་རིང་ལ་ཁོང་ནས་མངའ་སྡེ་འདྲ་མིན་ ༦ ཙམ་དང་གྲོང་ཁྱེར་མང་དག་ཅིག་གི་ནང་དུ་རྐང་འཁོར་སྐོར་བསྐྱོད་གནང་ཟིན་ཡོད་པ་དང་། ད་ལྟའི་ཆར་ Gujurat མངའ་སྡེའི་ནང་དུ་འབྱོར་རྗེས་མངའ་སྡེའི་ Bharukh གྲོང་ཁྱེར་དང། དེ་རིང་ Surat གྲོང་ཁྱེར་དུ་འབྱོར་གྱི་ཡོད་སྐོར་གསུངས་པ་དང་སྦྲགས་ཏེ་ད་བར་རྒྱ་གར་མང་ཚོགས་དང་བརྒྱུད་ལམ་ཁག་ནས་ཁོང་གི་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་བར་དོ་སྣང་དང་ངོས་ལེན་ཡག་པོ་གནང་གི་འདུག་ཅེས་ངོ་སྤྲོད་གནང་སོང་། ཁོང་གིས་ད་དུང་ཐེངས་འདིའི་སྐོར་བསྐྱོད་ཐོག་ཁོང་ནས་རྒྱ་གར་མང་ཚོགས་ཁྲོད་ “Free Tibet, Save India” འམ་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་འཇགས་ཞེས་པའི་ཐོག་ནས་རྒྱ་གར་སྐྱོབ་དགོས་པ་དང་། རྒྱ་གཞུང་གིས་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་གནད་དོན། དེ་བཞིན་༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་ Bharat Ratna ཕུལ་དགོས་པ་སོགས་ཀྱི་དབུས་པའི་བོད་དོན་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གོ་རྟོགས་སྤེལ་བཞིན་ཡོད་པ་གསུངས་སོང་། ལྷག་པར་དུ་ཁོང་གི་སྐོར་བསྐྱོད་ལས་འགུལ་གནང་བའི་ཁྲོད་དུ་རྒྱ་གར་མང་ཚོགས་ནས་རྒྱ་གར་ཡུལ་མི་ཞིག་གིས་བོད་དོན་ཆེད་འགན་འཁུར་དེ་ལྟར་བཞེས་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་བཀའ་འདྲི་ཡང་ཡང་གནང་གི་འདུག་སྟབས་ཁོང་ནས་རྒྱ་གར་མི་མང་རྣམས་ལ་བོད་དེ་རྒྱ་ནག་གིས་ཧམ་བཟུང་བྱས་པའི་རྐྱེན་གྱིས་ད་ལྟ་རྒྱ་ནག་དང་མཉམ་དུ་ས་མཚམས་ཀྱི་རྩོད་རྙོག་དང་ཆུའི་རྩོད་རྙོག དེ་བཞིན་དཔལ་འབྱོར་སོགས་ཀྱི་རྩོད་རྙོག་མང་དག་ཅིག་ཡོད་པས་བོད་ལ་རང་བཙན་ཐོབ་ཚེ་རྩོད་རྙོག་དེ་དག་རང་བཞིན་གྱི་མེད་པར་འགྱུར་བའི་ཆ་ནས་ཁེ་ཕན་མཐའ་མ་དེ་རྒྱ་གར་རང་ལ་རག་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་ཡོད་པ་གསུངས་ཡོད། རྩ་བའི་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་མཁན་སྐུ་ཞབས་ Sandesh Meshram ལགས་ཁོང་ད་ལྟའི་ཆར་ Nagpur བོད་དོན་རྒྱབ་སྐྱོར་ནང་མའི་ས་གནས་འབྲེལ་མཐུད་པའི་འགན་ཁུར་བཞེས་བཞིན་ཡོད་པ་དང་། འདས་པའི་ལོ་ངོ་ ༤༠ ཙམ་ནས་བོད་དོན་ལ་ཚོར་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་མཁན་རྒྱ་གར་ཡུལ་མི་ཞིག་ཡིན་པ་རེད། བསམ་གཏན་ཡེ་ཤེས་ལགས་ནས་ཐོག་མར་ཕྱི་ལོ་ ༡༩༩༦ ལོར་བཞུགས་སྒར་དྷ་རྨ་ས་ལ་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་འདུག་པ་མ་ཟད། ད་བར་བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་རྐང་འཁོར་སྐོར་བསྐྱོད་ཐེངས་གསུམ་གནང་མྱོང་ཡོད་པར་མ་ཟད། ད་རེས་རྐང་འཁོར་སྐོར་སྐྱོད་ཐེངས་བཞི་པ་འདི་འདས་ལོ་ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་ཚོུད་ ༡༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དབུ་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ ༡༢ ནང་ཕྱི་ལེ་ ༧༥༠༠ ལྷག་བརྒྱུད་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྟེ་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མཇུག་སྒྲིལ་གནང་གི་ཡོད་པ་རེད།

ཕྱི་ནང་གི་དད་ལྡན་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གནས་མཆོག་རྡོ་རྗེ་གདན་དུས་འཁོར་ཐང་ཆེན་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་བསྩལ་སོང་། དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨༌༠༠ ཡོལ་ཙམ་ལ་ བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་གསུང་ཆོས་ར་བར་ཆོས་ཞུ་བ་ ༣༠༠༠༠ ལྷག་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་བསྩལ་སྐབས་ཆོས་འབྲེལ་གྱི་སྤྱི་བཤད་དང་འབྲེལ་ཏེ་གནས་ཁྱད་པར་ཅན་རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཤིག་དང་།  སྒོས་སུ་སྟོན་པའི་གཏད་རབས་བདུན་དང་དཔལ་ནཱ་ལེནྡཱའི་མཁས་པའི་དབང་པོ་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་གཙོས་པའི་འཕགས་པ་ཐོགས་མེད་སྐུ་མཆེད་སོགས་ནས་སངས་རྒྱས་ཀྱི་བསྟན་པ་ལ་སྨན་པའི་མཛད་རྗེས་རླབས་ཆེན་བཞག་ཡོད་སྟབས། དུས་ད་ལྟ་ཡང་སངས་རྒྱས་ཀྱི་ཆོས་དེ་འདྲ་འདྲ་ནང་ནས་མི་འདྲ་ཞིག་ཆགས་ཡོད་པ་དང་ལྷག་པར་དུ་དེང་རབས་ལ་ཆ་མཚོན་ན་ཕྱིའི་དངོས་པོ་ཡར་རྒྱས་ཚད་མེད་པ་ཞིག་ཕྱིན་ཡོད་ཀྱང་དངོས་པོ་ཡར་རྒྱས་དེས་ཕྱིའི་ལུས་པོའི་བདེ་ཐང་ཡོང་བ་མ་གཏོགས་ནང་སེམས་ཁམས་མ་སྐྱིད་པ་ཡོང་བ་དེར་དོན་དམ་པའི་སྒོ་ནས་བཅོས་རྒྱུ་མེད་སྐོར་བཀའ་བསྩལ་དང་སྦྲགས། ང་ཚོས་ཡིད་བློ་མི་བདེ་བ་བཟོ་མཁན་རྒྱུ་རྐྱེན་གང་ཡིན་ལ་ངེས་པར་དུ་དཔྱད་ནས་ཡིད་བློའི་སྒོ་ནས་བདེ་སྐྱིད་འཚོལ་རྒྱུ་གལ་ཆེན་པོ་ཡིན་པ་ལམ་སྟོན་མཛད་ཡོད། དེ་བཞིན་༸གོང་ས་མཆོག་གིས་སྤྱིར་འཛམ་བུ་གླིང་གི་ཆོས་ལུགས་ཚང་མས་ལོ་ངོ་སྟོང་ཕྲག་རིང་མི་དུང་ཕྱུར་མང་པོ་ལ་ཕན་ཐོགས་གནང་ཡོད་པ་དང་དེའི་ཁོངས་ནས་སངས་རྒྱས་པའི་ཆོས་དེ་ཆོས་ལུགས་གཞན་དང་མི་འདྲ་བར་ཡིད་བློའི་རྣམ་གཞག་ཐོག་ལ་ཞིབ་རྒྱས་གསུངས་ཡོད་སྟབས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཚོས་ཚེ་འདིར་ཉིན་རེ་སེམས་ལ་ཞི་བདེ་བག་ཕེབས་ཡོང་བར་ནཱ་ལེནྡཱའི་གཞུང་ལས་གསུངས་པའི་སེམས་ཁམས་རིག་པར་ཐུགས་སྣང་གནང་ཚེ་དགེ་མཚན་ཡོད་སྐོར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་ད་དུང་བྱང་ཆུབ་སེམས་རྒྱུད་ལ་བསྐྱེད་ཚུལ་བཀའ་བསྩལ་དང་སྦྲགས། འཛམ་བུ་གླིང་ཞི་བདེ་ཡོང་བར་གཞན་ཕན་གྱི་སེམས་ཁོ་ན་དགོས་གལ་ཆེ་བ་ཡིན་པ་དང་། ཆོས་ཡོད་ཀྱང་རུང་མེད་ཀྱང་རུང་། ནང་པ་ཡིན་ཀྱང་རུང་མིན་ཀྱང་རུང་གཞན་ཕན་གྱི་བློ་དེ་འགྲོ་བ་ཀུན་ཀྱི་སེམས་རྒྱུད་ལ་ངེས་པར་དུ་དགོས་གལ་ཡིན་སྐོར་བཀའ་བསྩལ་བར་མ་ཟད་བྱང་ཆུབ་སེམས་ལ་ཤེས་རབ་ཀྱི་གྲོགས་དང་འཕྲད་ཚེ་འཕྲལ་ལ་བདེ་བ་ཐོབ་པ་ཙམ་མིན་པར་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་རྒྱུ་དང་། ཁྱད་པར་དུ་སེམས་དེ་ལྟ་བུ་བསྐྱེད་ན་འཕྲལ་ཡུན་གྱི་འདོད་དོན་ཐམས་ཅད་རང་བཞིན་གྱི་འགྲུབ་ཐུབ་རྒྱུ་ཡིན་སྐོར་བཀའ་བསྩལ་དང་ཆབས་ཅིག བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་དང་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་ཆེན་བཀའ་དབང་བསྩལ་ཡོད་པ་རེད། གཞི་རྩའི་སང་ཕྱི་ཚེས་ ༤ ནས་ ༦ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་ལོའི་མགོ་སྟོད་དུ་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་ཆོས་འབྲེལ་བསྩལ་བའི་འཕྲོས་སྐྱོང་མཛད་རྒྱུ་ཐུགས་གཏན་ཁེལ་ཡོད་པས་གསར་འགོད་པས་འཇམ་དབྱངས་ཆོས་སྐོར་གྱི་ངོ་སྤྲོད་དང་ཆོས་སྐོར་དེ་བསྩལ་དགོས་པའི་གནད་འགག་སོགས་ཀྱི་ཐོག་རྣམ་གྲྭ་དང་རྒྱུད་སྟོད་མཁན་ཟུར་སྐྱབས་རྗེ་བྱ་དོ་རིན་པོ་མཆོག་ ལ་བཀའ་འདྲི་ཞུས་ཡོད།

Latest news