Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་དོན་རྒྱབ་སྐྱོར་བ་གཉིས་ལ་རྒྱ་གར་གྱི་ཚད་མཐོའི་སྤྱི་དམངས་ཀྱི་གཟེངས་རྟགས་ཐོབ་འདུག

འདི་ལོའི་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེགས་རྟགས་མཐོ་ཤོས་གཉིས་བ། Padma Vibhushan ཞེས་པ་དེ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་བ། བོད་དོན་རྒྱ་སྐྱོར་བ། འདས་བོ་དམ་པ་སྐུ་ཞབས George Fernandes ལགས་ལ་ཕུལ་ཡོད་པ་དང་། དེ་བཞིན་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་བཞི་བ། Padma Shri ཞེས་པ་དེ། བོད་ཀྱི་ནང་དོན་རིག་པའི་མཁས་དབང་། ཨ་རིའི་བོད་ཁང་གི་འགན་འཛིན། སྐུ་ཞབས་ Robert Thurman ལགས་སུ་ཕུལ་ཡོད་པ་རེད། དེ་ཡང་ཁ་སང་རྒྱ་གར་གྱི་སྤྱི་དོན་རྒྱལ་ཁབ་དབུ་བརྙེས་བའི་ཉིན་མོ་དང་བསྟུན། ལོ་འཁོར་གྱི་བྱས་རྗེས་ཅན་གྱི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་གྲོས་འབུལ་སའི་ཆེད་མཁས་བའི་ཁོངས་སུ་བོད་ཀྱི་རྩ་དོན་དང་ཆོས་རིག་འཛིན་སྐྱོང་གི་སྒང་ལ་ལོ་མང་གི་རིང་ཕྱག་ལས་རྒྱ་ཆེར་གནང་མཁན་གྱི་སྐུ་ཞབས་ George Fernandes ལགས་དང་སྐུ་ཞབས་ Robert Thurmanལགས་གཉིས་ཀྱང་གཟེགས་རྟགས་བཞེས་མཁན་གྱི་ཁོངས་སུ་ཡོད་པར་བོད་མི་རྣམས་ཀྱིས་དགའ་སྤྲོ་ཆེན་པོ་གནང་གི་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་བ་ཁོང་གཉིས་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེགས་རྟགས་ཕུལ་བའི་གནས་ཚུལ་དང་འབྲེལ་ནས། འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཞོན། ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་ཁོང་གཉིས་བོད་དོན་དང་འབྲེལ་བ་བྱུང་སྟངས་དང་། ཐེངས་འདིའི་གཟེངས་རྟགས་དེ་ཁོང་གཉིས་ལ་ཐོབ་པར་བོད་མི་ཚོས་ངོས་འཛིན་བྱེད་ཕྱོགས་བཅས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཁོང་གཉིས་ནི་བོད་ཀྱི་རྩ་དོན་དང་ཆོས་རིག་འཛིན་སྐྱོང་གི་ཐད་ནས་ཕྱག་ལས་རྒྱ་ཆེར་གནང་མཁན་གྱི་ཕུལ་བྱུང་གི་བོད་དོན་རྒྱབ་སྐྱོར་བ་གཉིས་ཡིན་ཙང་། ཐེངས་འདིར་ཁོང་གཉིས་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེངས་རྟགས་ཐོབ་པ་དེ་ནི་བོད་མི་རྣམས་ཀྱིས་དགའ་སྤོབས་སྐྱེ་འོས་བའི་གནད་དོན་ཞིག་སྐོར་དང་འགྲེལ་བརྗོད་གནང་སོང་། རྩ་བའི་ན་ནིང་སྤྱི་ལོ་ ༢༠༡༩ ལོར་སྐུ་ཞབས George Fernandes ལགས་དགོངས་པ་རྫོགས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས། ཁོང་ནི་ལོ་ངོ་ལྔ་བཅུའི་རིང་གི་གྲོགས་པོ་རྙིང་གྲས་ཤིག་ཡིན་པ་མ་ཟད། གོ་སྐབས་ནམ་ཤར་ལ་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པར་བཀའ་གནང་སྟེ། ཁོང་གི་ཤུལ་ལུས་ཀྱི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་དམ་པ་གང་མགྱོགས་སླར་ཡང་སྐུ་འཁྲུངས་རྒྱུའི་ཐུགས་སྨོན་བསྩལ་ཡོད་པ་རེད། དེ་བཞིན་སྐུ་ཞབས་ Robert Thurman ལགས་ཀྱང་སྤྱི་ནོར་༸གོང་ས་མཆོག་ལ་ཐུགས་མཉེས་བོ་གནང་མཁན་གྱི་སྐྱེ་བོ་ཞིག་ཡིན་པ་མ་ཟད། མགོན་པོ་གང་གི་ལམ་སྟོན་འོག་ནས་རབ་ཏུ་བྱུང་སྟེ་བོད་ཀྱི་ནང་དོན་རིག་པའི་སྐོར་ལ་གསན་བསམ་སློབ་གཉེར་གནང་མྱོང་མཁན་ཞིག་ཡིན་པ་མ་ཟད། སྤྱི་ལོ་ ༡༩༨༦ ལོར་མགོན་པོ་གང་གི་ལམ་སྟོན་གྱི་འོག་ནས་ཨ་རིའི་བོད་ཁང་གསར་འཛུགས་བྱས་ཏེ་རྗེས་སུ་བོད་ཁང་གི་འགན་འཛིན་ཡང་གནང་མྱོང་མཁན་གྱི་བོད་ཀྱི་ཆོས་རིགས་འཛིན་སྐྱོང་གི་ཐད་ནས་བྱས་རྗེས་ཡོད་མཁན་ཞིག་ཡིན་པ་རེད། གཞི་རྩའི་རྒྱ་གར་གྱི་པདྨ་གཟེགས་རྟགས་ཞེས་པ་འདི་ནི་སྤྱི་ལོ་ ༡༩༥༤ ལོ་ནས་རྒྱ་གར་སྲིད་གཞུང་གིས་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། གཟེགས་རྟགས་འདི་ནི་རྒྱ་གར་གཙོ་བའི་ཡུལ་ཕྱོགས་འདྲ་མིན་གྱི་ནང་དུ་ཆོས་དཔའ་རིག་གསུམ་གྱི་ཐོག་ནས་སྤྱི་ཚོགས་ནང་གཞན་དྲིང་མི་འཇོག་པའི་བྱས་རྗེས་རླབས་ཆེན་འབུལ་མཁན་གྱི་སྐྱེ་བོ་རྣམས་ལ་འབུལ་སྲོལ་ཡོད་པ་ལྟར། འདི་ལོར་། Padma Vibhushan གྱི་གཟེགས་རྟགས་བཞེས་མཁན་༧ དང་ Padma Shri གཟེགས་བཞེས་མཁན་ ༡༡༨ བྱུང་ཡོད་པ་རེད། ད་ལྟའི་བར་དུ་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་གཟེགས་རྟགས་འདི་བཞེས་མཁན་གཉིས་ལས་བྱུང་ཡོད་པ་རེད། དེ་ཡང་། སྤྱི་ལོ་ ༢༠༠༩ ལོར། ཝ་ན་བོད་ཀྱི་མཐོ་སློབ་ཀྱི་ཉེ་བའི་རིག་བདག དགེ་བཤེས་ངག་དབང་བསམ་གཏན་ལགས་སུ་རྩོམ་རིག་གི་ཁོངས་ནས་ Padma Shri གཟེགས་རྟགས་ཐོབ་པ་དང་། སྤྱི་ལོ ༢༠༡༨ ལོར། ལྷ་རྗེ་ཞིང་གཤེགས་དམ་པ། ཡེ་ཤེས་དོན་ལྡན་ལགས་སུ་སྨན་གྱི་ཕྱོགས་ནས་སྤྱི་ཚོགས་ཞབས་ཞུ་ཞུས་པའི་མཚན་ཐོག་ནས་ Padma Shri ཞེས་པའི་གཟེངས་རྟགས་ཕུལ་ཡོད་པ་རེད།

རྒྱའི་ལོ་གསར་དང་བསྟུན་རྒྱ་རིགས་ཐོབ་ཐང་རྩོད་ལེན་པ་ཁག་གཅིག་གློད་བཀྲོལ་དགོས་པའི་ཞུ་སྐུལ།

འདས་ལོ་ ༢༠༡༩ ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་སྤྱི་དམངས་ཀྱི་རང་དབང་སྲུང་སྐྱོབ་གནང་མཁན་རྒྱ་རིགས་ཁྲིམས་རྩོད་པ་གསུམ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་གཉེར་མཁན་གཅིག་བཅས་ཁྱོན་མི་བཞི་འཛིན་བཟུང་གིས་མུ་མཐུད་བཀག་ཉར་འོག་བཞག་ཡོད་པ་ལྟར། ཉེ་ཆར་དེ་དག་གི་བཟའ་ཟླ་རྣམས་ནས་བརྙན་ཐུང་རེ་འདོན་སྤེལ་གྱིས་ཁོང་རྣམས་ཀྱི་ཟླ་བོའི་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་བསགས་མེད་སྟབས་འཕྲལ་མར་གློད་བཀྲོལ་བཏང་ནས་ཁོང་རྣམས་ནང་མི་དང་ལྷན་རྒྱའི་ལོ་གསར་གཏོང་འཇུག་དགོས་པའི་ཞུ་སྐུལ་གནང་འདུག རྩ་བའི་ཟླ་བ་སྔོན་མའི་ཚེས་ཤར་ནས་རྒྱ་གཞུང་གིས་རྒྱ་ནག་གི་ཤར་ཕྱོགས་ཞིང་ཆེན་ Fujian ཡི་མཚོ་ཁའི་གྲོང་ཁྲེར་ Xiamen ནང་གི་མང་གཙོའི་ཚོགས་འདུ་ཞིག་གི་ནང་མཉམ་ཞུགས་གནང་མཁན་རྒྱ་རིགས་ཁྲིམས་རྩོད་པ་དང་མང་གཙོ་དོན་གཉེར་བ་ཁག་གཅིག་འཛིན་བཟུང་བཀག་ཉར་བྱས་ནས་དམ་དྲག་ཤུགས་ཆེ་བྱས་ཡོད་པ་མ་ཟད། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་རྒྱ་གཞུང་གིས་རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ Ding Jiaxi གཙོས་པའི་གཞན་ཁྲིམས་རྩོད་པ་ཁག་གཅིག་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཅས་མི་གྲངས་བཅུ་གཉིས་ལྷག་འཛིན་བཟུང་བཀག་ཉར་གྱིས་རྒྱལ་ཁབ་མགོ་རྟིང་སློག་པར་བརྒྱུད་སྐུལ་བྱས་པའི་ནག་ཉེས་བཙུགས་ཡོད་པ་རེད། ཉེ་ཆར་རྒྱའི་བཀག་ཉར་འོག་ཡོད་པའི་རྒྱ་རིགས་ཁྲིམས་རྩོད་པ་གསུམ་གྱི་སྐུ་ཟླ་ནས་རྒྱའི་ལོ་གསར་སླེབས་ལ་ཉེ་དུས་དང་བསྟུན་དེ་འབྲེལ་གནད་དོན་ཐོག་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་བརྒྱུད་བརྙན་ཐུང་རེ་འདོན་སྤེལ་གྱིས་རྒྱ་གཞུང་གིས་དྲང་བདེན་མིན་པར་འཛིན་བཟུང་བཀག་ཉར་འོག་བཞག་པའི་རང་ཉིད་ཀྱི་ཟླ་བོའི་གནས་སྟངས་ཐོག་སེམས་འཚབ་ཀྱིས་རྣམ་པ་ཆེད་འདོན་གནང་འདུག རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ Ding Jiaxi གཙོས་པའི་ཁྲིམས་རྩོད་པ་གཞན་གཉིས་ཀྱི་སྐུ་ཟླ་སོ་སོས་བརྙན་ཐུང་རེ་རེ་བརྒྱུད་ནས་རང་ཉིད་ཀྱི་ཟླ་བོའི་རང་བཞིན་བཟང་པོ་ཡོད་པ་དང་། རྒྱ་གཞུང་གིས་ཟླ་བོ་དེ་དག་ལ་ནག་ཉེས་གང་ཡང་བསགས་མེད་པར་ཁྲིམས་ཆད་བཏང་བ་དེར་དོགས་གཞི་ཡོད་ཅེས་གསུངས་པ་མ་ཟད་ཁོང་རྣམས་རྒྱའི་ལོ་གསར་སྐབས་རང་ཉིད་ནང་མི་དང་ལྷན་དུ་མཉམ་རོལ་བྱེད་འཇུག་དགོས་པའི་ཞུ་སྐུལ་གནང་འདུག ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པ་ Yaqiu Wang ལགས་ཀྱིས་རྒྱ་ནག་གཞུང་ནས་རྒྱའི་ལོ་གསར་ཚེས་ཀྱི་དུས་སྐབས་སུ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་མང་དག་ཅིག་ཁྲིམས་འགལ་ཐོག་འཛིན་བཟུང་བཀག་ཉར་གྱིས་རང་གི་ནང་མི་དང་ལྷན་དུས་ཆེན་སྲུང་བརྩི་ཞུ་རྒྱུར་དམ་དྲག་བྱེད་བཞིན་པ་མ་ཟད། རྒྱ་གཞུང་གིས་ད་ཆ་སྒེར་གྱི་འདུ་འཛོམས་ཁག་ལའང་ཁྲིམས་འགལ་གྱི་བྱེད་སྒོར་ངོས་འཛིན་བྱས་དང་བྱེད་བཞིན་པའི་གནས་ཚུལ་དེ་ཇེ་མང་དུ་འགྲོ་བཞིན་ཡོད་པར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག ཁོང་རྣམས་འཕྲལ་མར་གློད་བཀྲོལ་གཏོང་དགོས་གལ་ཡིན་པ་གསུངས་འདུག ཁོང་གིས་ད་དུང་སྤྱིར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་འཛིན་བཟུང་བཀག་བསྐྱིལ་བྱེད་རྒྱུ་དེས་རྒྱ་ནག་དམར་ཤོག་ཚོགས་པ་དང་དེའི་བསམ་བློ་རྣམས་ཇི་ལྟར་འཇིགས་སྣང་ཆེན་པོ་ཡོད་མེད་ཀྱི་དཔེ་མཚོན་ཙམ་ཞིག་གསལ་འདོན་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། པེ་ཅིང་གཞུང་ནས་རྒྱའི་ལོ་གསར་པར་དགའ་བསུ་ཞུས་ཐོག་དོན་མེད་བཙོན་འཇུག་བྱས་པའི་རྒྱ་རིགས་མང་ཚོགས་རྣམས་གློད་བཀྲོལ་བཏང་ནས་རྒྱ་ནག་རང་དབང་ལྡན་པ་ཞིག་ཆགས་ཐབས་སླད་མདུན་བསྐྱོད་གནང་གལ་ཡིན་པ་གསུངས་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་མང་གཙོའི་ཉིན་མོ་ཐེངས་ ༧༡ པ་སྲུང་བརྩི་ཞུས་སོང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡ པོའི་ཚེས་ ༢༦ ཉིན་མོ་སྟེ་དེ་སྔ་ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཏན་ལ་ཕབས་ཏེ་རྒྱལ་ཁབ་དེ་སྤྱི་མཐུན་མང་གཙོར་གྱུར་ནས་ལོ་ངོ་ ༧༡ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་མདུན་ཐང་དུ་བཀའ་བློན་རྣམ་པ་གཙོ་བྱས་པའི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས་ལྷན་འཛོམས་ཀྱིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་ཀྱིས་རྒྱ་གར་རྒྱལ་གླུ་བླངས་བའི་ཐོག་ཉིན་མོ་དེ་སྲུང་བརྩི་ཞུས་པ་དང་སྦྲགས།  སྐབས་དེར་སྲིད་སྐྱོང་གི་ལས་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དེ་རིང་གི་ཉིན་མོ་དང་བསྟུན།  བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་པ་དང་འབྲེལ།  རྒྱ་གར་རྒྱལ་ཁབ་དེ་ད་ཆ་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པས་འཛམ་བུ་གླིང་གི་མང་གཙོའི་རྒྱལ་ཁབ་མིག་དཔེ་འོས་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་། དེ་བཞིན་བཀའ་བློན་མཆོག་གིས་བོད་མིར་མཚོན་ན་བཙན་བྱོལ་ནང་རང་ཉིད་ཀྱི་རྩ་དོན་མི་ཉམས་རྒྱུན་འཛིན་གནང་ཐུབ་པ་དེ་རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ཡིན་པ་དང་།    བོད་མིའི་ངོས་ནས་རྒྱ་གར་གྱི་བཀའ་དྲིན་རྣམས་དྲན་པ་ཙམ་མ་ཟད།  བཀའ་དྲིན་འཇལ་རྒྱུར་བསམ་བློ་གཏང་དགོས་པ་དང་།  ལྷག་པར་དུ་ང་ཚོས་ངོས་ནས་རྒྱུ་དངོས་པོའི་ཐོག་བཀའ་དྲིན་འཇལ་ཐུབ་ཡ་མེད་ཀྱང་།  ཡང་སྒོས་དུས་རྒྱུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་པ་ལྟར།  ང་རང་ཚོའི་བོད་ཀྱི་ཐུན་མོངས་མ་ཡིན་པའི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་དེ་རྒྱ་གར་འཕགས་པའི་ཡུལ་ཆགས་ཀྱི་ཡོད་སྟབས།  དེ་འབྲེལ་གྱི་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་རྒྱ་གར་ནང་སླར་གསོ་གནང་རྒྱུར་ནུས་ཤུགས་གང་ཡོད་ཀྱིས་ཆ་ཤས་ལེན་དགོས་སྐོར་གསུངས་སོང་། བཀའ་བློན་མཆོག་གིས་ད་དུང་བར་ལམ་རྒྱ་གར་གཞུང་ནས་ནང་པ་སངས་རྒྱས་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དམིགས་བསལ་མཐོང་ཆེན་སྤྲོད་རྒྱུར་འགོ་འཛུགས་ཡོད་པ་དང་།  དེ་སྔ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་དེ་བཞིན་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་དམ་པ་རྣམ་གཉིས་ལ་རྒྱ་གར་གྱི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་  Padma Shri གཟེངས་རྟགས་ཕུལ་ཡོད་པ་དང་།  དེ་རིང་ཡང་གནས་ཚུལ་ཐོན་པར་གཞིགས་ན་ནེའུ་ཡོག་གི་བོད་ཁང་གི་འགན་འཛིན་དང་།  Columbia གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ།Robert Thurman ལགས་སུ་ Padma Shri གཟེངས་རྟགས་འབུལ་རྒྱུ་ཡིན་པས་ང་ཚོས་དེར་དགའ་སྒོམ་བྱེད་དགོས་ཡ་དང་སྙིང་ནས་ཐུགས་རྗེ་ཆེ་ཞུ་དགོས་བར་གསུངས་སོང་། གཞན་ཡང་རྒྱ་གར་གསར་འགོད་པས་བཀའ་བློན་མཆོག་ལ་ད་ཆ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ Coronavirus ཞེས་པའི་ནད་གཞི་སྐོར་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་ང་ཚོས་རྒྱ་གཞུང་དང་རྒྱ་རིགས་མི་མང་རྣམས་ལ་ད་ལྟ་འཕྲད་བཞིན་པའི་གནས་སྟངས་ཛ་དྲག་དེའི་འོག་ནད་གཞི་དེ་མྱུར་ནས་འགོག་ཐབས་སུ་སྐུལ་སློང་བྱེད་དགོས་པ་དང་སྒོས་རྒྱ་གཞུང་གིས་ནད་གཞི་དེའི་རིགས་ཀྱི་འབྱུང་ཁུངས་གང་ཡིན་པ་དཔྱད་ནས་དེ་འགོག་ཐབས་གནང་དགོས་སྐོར་གསུངས་སོང་། གཞི་རྩའི་ད་རེས་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཐུབ་མེད་པ་དང་།  སྲིད་སྐྱོང་མཆོག་ཉེ་ལམ་རྒྱ་གར་མངའ་སྡེ་བྷི་ཧར་གྱི་གྲོང་ཁྱེར་པཊ་ན་དང་ལྡི་ལིར་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་གནམ་གྲུ་དུས་འགྱངས་ཕྱིན་པ་དང་བསྟུན།    དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠།༣༠  ཡོལ་ཙམ་ལ་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་བྱུང་མ་ཐག   དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་ལྷན་རྡ་སའི་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་ས་གནས་གཞུང་གི་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་རེད།

རྒྱ་ནག་ཝུ་ཧེང་ནས་ཐོན་པའི་གློ་ཚད་དེ་བོད་ནང་ཁྱབ་སྲིད་པར་བློ་འཚབ་གནང་བཞིན་འདུག

རྒྱ་ནག་ཝུ་ཧེང་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Corona virus ཞེས་པའི་གློ་ཚད་ཀྱི་ནད་འབུ་དེ་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་ཙམ་མ་ཟད་ཉི་ཧོང་། ཀོ་རི་ཡ། ཐེ་ཝན། ཐེ་ལན་ཌི། ཨ་རི་ནང་དུའང་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་འདིར་ནད་གཞི་ཁྱབ་གདལ་དང་འབྲེལ་རྒྱ་ནག་གི་ས་བཀྲར་གཞིགས་ཚེ་ད་ལྟའི་ཆར་ནད་གཞི་དེ་བོད་རང་སྐྱོང་ལྗོངས་ཟེར་བ་དང་མཚོ་སྔོན་ཞིང་ཆེན་བཅས་སུ་ཁྱབ་མེད་པར་འགྲེལ་བརྗོད་གནང་གི་ཡོད་པ་ལྟར། བོད་མི་རྣམས་ཀྱིས་ད་ཆ་གློ་ཚད་ནད་གཞི་དེ་བོད་ལ་ཁྱབ་གདལ་འགྲོ་སྲིད་པར་བློ་འཚབ་ཆེན་པོ་གནང་བཞིན་འདུག རྒྱ་ནག་གཞུང་ནས་ཝུ་ཧེང་གྲོང་ཁྱེར་དེ་ཕྱི་ཕྱོགས་ལ་སྒོ་མོ་བརྒྱབ་ཡོད་པར་འགྲེལ་བརྗོད་བྱས་ཡོད་ཀྱང་ཁ་སང་རྒྱ་རིགས་བེུད་ཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་རང་ཉིད་ཀྱི་གྲོགས་མོ་ཞིག་དང་མཉམ་དུ་བླངས་པའི་བརྙན་ཐུང་ཞིག་འདོན་སྤེལ་གྱིས་ཁོང་གི་རོགས་པ་དེ་ Wuhan གྲོང་ཁྱེར་ནས་འབྱོར་བ་ཞིག་ཡིན་པ་དང་ཕྱིར་ཁ་ལག་བཟའ་བར་འགྲོ་བཞིན་ཡོད་པ་བཅས་ཀྱི་རྣམ་པ་མངོན་རྒྱུ་འདུག དེ་རིང་བཙན་བྱོལ་བོད་མི་ཁག་གཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་མངོན་གསལ་གནང་བར་ རྒྱ་ནག་གཞུང་གིས་ནད་གཞི་དེ་ཁྱབ་གདལ་མི་འགྲོ་བར་ Wuhan གྲོང་ཁྱེར་དེ་ཡོངས་རྫོགས་སྒོ་མོ་བརྒྱབ་ཡོད་པ་དང། གྲོང་ཁྱེར་དེ་ནས་རྒྱ་ལམ་དང་མཁའ་ལམ་སོགས་གང་གི་ཐོག་ནས་ཡང་འགྲུལ་སྐྱོད་བྱེད་ཀྱི་མེད་ལུགས་བཤད་ཡོད་ཀྱང། ཁ་སང་བོད་ཀྱི་རྒྱལ་ས་ལྷ་ས་དང་ཟི་ལིང་གྲོང་ཁྱེར་གཉིས་སུ་ Wuhan ནས་གནམ་གྲུ་བབས་ཡོད་པ་དང་འབྲེལ་ནས་སེམས་འཚབ་ཆེན་པོ་གནང་བ་མ་ཟད་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་རྒྱུན་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་དོན་དམ་གྱི་དམ་དྲག་བྱེད་དགོས་པའི་མི་རྣམས་བྱིའུ་བཞིན་རང་དབང་ཐོག་འཁྱམ་བཞིན་ཡོད་པ་གསུངས་འདུག དྲྭ་རྒྱ་ཁག་ཏུ་སྤེལ་བཞིན་པའི་བརྙན་ཐུང་གཞན་ཞིག་གི་ནང་ཝུ་ཧེང་ནས་ཡིན་པའི་ཡུལ་སྐོར་བ་ཞིག་ཉེ་ཆར་བོད་གསེར་རྟ་རུ་འབྱོར་ཡོད་པ་དང་། མི་དེས་ས་གནས་དེའི་མི་གཉིས་ལ་འགོས་ཏེ་ད་ཆ་མི་དེ་གཉིས་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་འདུག དེ་བཞིན་ཁ་སང་དང་ཁ་ཉིན་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཇི་ནི་ཝར་ཛ་དྲག་གི་ཚོགས་འདུ་ཚོགས་རྗེས་གསར་འགོད་ལྷན་ཚོགས་ཐོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོས་ཀྱི་ངེས་སྟོན་པ་ Dr Tedros Adhanom Ghebreyesus ལགས་ཀྱིས་ད་ལྟའི་ཆར་རྒྱ་ནག་ནང་གི་ནད་ཡམས་དེ་རྒྱལ་སྤྱིར་ཛ་དྲག་རང་ཞིན་གྱི་ནད་ཡམས་ཤིག་ཆགས་ཡོད་སྐོར་དང་། རྒྱ་ནག་གཞུང་གི་ངོས་ནས་ནད་ཡམས་གང་ཡིན་ཤེས་རྒྱུ་དང། དེ་མི་དང་མི་ཕན་ཚུན་དབར་འགོས་རྒྱུ་ཡོད་པའི་ནད་གཞི་ཡིན་པར་ར་འཕྲོད་རྒྱུ། ནད་ཡམས་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་ཐབས་ལམ་གང་ལེགས་འཚོལ་བཞིན་ཡོད་པ་སོགས་གསུངས་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ཝུ་ཧེང་གྲོང་ཁྱེར་གཙོས་པའི་ཉེ་འཁྲིས་ཀྱི་གྲོང་ཁྱེར་ ༩ ཙམ་སྒོ་མོ་བརྒྱབ་ཡོད་པར་བརྗོད་བཞིན་ཡོད་པ་རེད། དེ་རིང་བར་གནས་ཚུལ་ཐོན་ཁག་ལ་གཞིགས་ཚེ་ད་ལྟའི་ཆར་ཨིན་ཡུལ་དང་ཨོ་སི་ཊོ་ལི་ཡ། དེ་བཞིན་Scotland  བཅས་ཀྱི་ནང་ནད་གཞི་དེ་ཕོག་པར་དོགས་གཞི་ཡོད་པ་ཁག་གཅིག་དང། ཨ་རིའི་ནང་ ༡ དང་ཉི་ཧོང་ནང་ ༢ དེ་བཞིན་ལྷོ་ Korea ནང་མི་ ༢ ལ་ནད་གཞི་དེ་ཕོག་ཡོད་པ་རེད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་ད་ལྟ་ Wuhan དུ་ནད་གཞི་དེ་ཕོག་པའི་གྲངས་འབོར་ཇེ་མང་དུ་སོང་ནས་ ༨༣༠ ཆགས་ཡོད་པ་དང་རྐྱེན་འདས་སུ་གྱུར་བ་ ༢༦ བཅས་ཆེད་བཀོད་བྱས་ཡོད་ཀྱང་། ཨིན་ཡུལ་ནང་གི་ MRC ནད་ཡམས་ཉམས་ཞིབ་ཁང་གིས་ད་ལྟའི་ཆར་ Wuhan ནང་ནད་གཞི་དེ་ཕོག་པའི་མི་ ༢༠༠༠ ལྷག་ཡོད་པ་མངོན་གསལ་གནང་ཡོད་པ་རེད། དེའི་བར་ན་ཁ་སང་ Ciaxing Global ཞེས་པའི་རྒྱ་ཡིག་དྲྭ་གནས་ཐོག་ཧོང་ཀོང་ནང་བཅའ་བཞུགས་དེ་སྔ་  SARS དང་ད་ལྟའི་ནད་ཡམས་ཐོག་ཉམས་ཞིབ་གནང་མཁན་ཚན་རིག་པ་ Guan Yi ཟེར་བར་བཅར་འདྲི་ཞུས་པའི་གནས་ཚུལ་སྤེལ་བར་ཁོང་གིས་ཐེངས་འདིའི་ Coronavirus ནད་ཡམས་འདི་བཞིན་དེ་སྔ་ཕྱི་ལོ་ ༢༠༠༢་༣ ལོར་ཁྱབ་གདལ་བྱུང་སྟེ་མི་ ༨༠༠ ཙམ་གྱི་ཚེ་སྲོག་འཕྲོག་མཁན་གྱི་ SARs ནད་གཞི་ལས་ལྡབ་བཅུའི་ཉེན་ཁ་ཆེ་བ་ཡོད་པ་དང། ད་བར་ཉམས་ཞིབ་ཁྲོད་ནད་ཡམས་མང་དག་ཅིག་མཐོང་མྱོང་ཡོད་པ་དང། དེ་དག་འགོག་ཐུབ་རྒྱུའི་གདེང་ཚོད་ཡོད་ཀྱང་། ད་རེས་ཀྱི་ནད་ཡམས་འདིར་འཇིགས་སྣང་ཡོད་སྐོར་བརྗོད་འདུག

བོད་འདི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་གནང་ཡུལ་གཙོ་གྲས་ཤིག་ལ་ངོས་འཛིན་དགོས།

ཁ་སང་བོད་རང་དབང་ཚོགས་པས་དྲྭ་ཐོག་ལས་འགུལ་ཞིག་འགོ་འཛུགས་གནང་སྟེ་བོད་འདི་གོ་ལ་སྤྱི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་གནང་ཡུལ་གཙོ་གྲས་ཤིག་ལ་ངོས་འཛིན་དགོས་པའི་ཞུ་སྐུལ་གནང་འདུག དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ FreeTibet ཞེས་བོད་རང་དབང་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་བོད་དང་ཧི་མཱ་ལ་ཡ་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཐད་ཚོགས་པས་ལས་འགུལ་གསར་པ་ཞིག་སྤེལ་ཡོད་པ་དང་། བོད་རང་དབང་ཚོགས་པས་འཛམ་གླིང་ཁོར་ཡུག་དོན་གཉེར་བ་ཚོ་དང་མཉམ་ལས་གནང་སྟེ་གཙོ་བོ་རྒྱལ་སྤྱིའི་མང་ཚོགས་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་བོད་དང་བོད་མིར་ཤུགས་རྐྱེན་གང་ཐེབས་ཀྱི་ཡོད་པ་གོ་རྟོགས་སྤེལ་རྒྱུ་དང་ཆབས་ཅིག མཁའ་དབྱིངས་ལ་ Carbon དུག་རྫས་ནག་པོ་གཏོང་རྒྱུ་དང་རྡོ་སོལ་རིགས་སྤྱོད་རྒྱུ་ཉུང་འཕྲི་གནང་ཐབས་སོགས་ལ་དམིགས་བཞིན་ཡོད་སྟབས། གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་བློ་འཚབ་ཡོད་མཁན་དང་བོད་དོན་ལ་ཐུགས་ཁུར་ཡོད་མཁན་ཡོངས་ཀྱིས་ས་གནས་སོ་སོའི་གྲོས་ཚོགས་འཐུས་མི་དང་གཞུང་གི་སྐུ་ཚབ་ཚོར་འབྲེལ་བ་གནང་སྟེ་འདི་ལོའི་མཇུག་ཏུ་རྒྱལ་ཚོགས་ནས་གྲོང་ཁྱེར་ Glassgow ནང་གོ་སྒྲིག་གནང་རྒྱུའི་ Cop 26 ཞེས་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ལ་བོད་མིའི་སྐུ་ཚབ་ཀྱི་གཏམ་བཤད་གནང་འཇུག་སྟེ་བོད་འདི་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་གནང་ཡུལ་ས་གནས་གཙོ་གྲས་ཤིག་ལ་ངོས་འཛིན་ཡོང་ཐབས་ལ་འབད་དགོས་པའི་འབོད་སྐུལ་གནང་རོགས་ཞེས་འཁོད་འདུག བོད་རང་དབང་ཚོགས་པའི་འབྲེལ་མཐུད་འགན་འཛིན་ John Jones ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་བོད་ནང་གི་བོད་མི་ཚོས་རང་ཉིད་གནས་སའི་རྒྱལ་ཁབ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་པར་དོ་སྣང་ཡོད་པ་དང་། ལྷག་དོན་རྒྱ་གཞུང་གིས་བོད་མི་ཚོར་ཉིན་ལྟར་དྲག་གནོན་ཆེན་པོ་བྱེད་བཞིན་པ་དང་བོད་ཀྱི་ཁོར་ཡུག་ལའང་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་མ་ཟད། མཁས་དབང་ཚོས་བོད་མཐོ་སྒང་གི་ཆ་སྙོམས་ཚ་དྲོད་དེ་གོ་ལ་སྤྱིའི་ཚ་དྲོད་ལས་མང་བ་རྒྱས་བཞིན་པ་དང་དེ་བཞིན་བོད་ཀྱི་འཁྱགས་རོམ་ཞུ་ཚད་དེ་ཆེས་མྱུར་པོ་ཆགས་ཏེ་བོད་ཀྱི་ཁོར་ཡུག་ལ་ཉེན་འཚབ་ཡོད་པ་དེས་བོད་མིའི་འཚོ་བ་དང་བོད་ཀྱི་གཙང་ཆུ་ལ་བརྟེན་མཁན་གཤམ་འོག་རྒྱལ་ཁབ་མང་པོའི་མི་མང་ས་ཡ་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་རེད་ཅེས་འགྲེལ་བརྗོད་དང་སྦྲགས། ད་ཆ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཆེ་ཤོས་དེ་བོད་མཐོ་སྒང་ལ་ཆགས་ཡོད་སྟབས་བོད་མི་ཚོས་བོད་ནང་གི་གནས་སྟངས་དེ་རྒྱལ་སྤྱིའི་ལྷན་ཚོགས་ལ་ངོ་སྤྲོད་དང་འགྲེལ་བརྗོད་གནང་འཇུག་དགོས་པར་ནན་བརྗོད་གནང་འདུག གཞི་རྩའི་བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཞེས་འབོད་ཀྱི་ཡོད་ཀྱང་འདས་པའི་ལོ་ཤས་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་རྐྱེན་པས་བོད་ཀྱི་ཆ་སྙོམས་ཀྱི་ཚ་དྲོད་དེ་ ༤.༥ ནས་ ༥ བར་རྒྱས་ཏེ་ལོ་བརྒྱ་ཕྲག་གཅིག་གི་མཐའ་མཇུག་ཏུ་བོད་ཀྱི་འཁྱགས་རོམ་དེ་བརྒྱ་ཆ་གསུམ་ཆ་གཉིས་ཙམ་ཞུ་ཡོད་པར་གསལ་འདོན་གནང་ཡོད་པ་རེད།

ཧར་པ་སྤུར་གཏན་ཉིན་སློབ་གྲྭའི་སློབ་ཟུར་ཚོགས་པས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག

དེ་རིང་སྔ་དྲོ། ཧར་པ་སྤུར་གཏན་ཉིན་སློབ་གྲྭའི་སློབ་ཟུར་བཅུ་ཡིས། སློབ་གྲྭ་དེ་ཚུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་དང་འབྲེལ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ཐུབ་དབང་གི་སྐུ་འདྲ་ཞིག་དང་མགོན་པོ་གང་ལ་ཆེད་བསྟོད་ཀྱི་སྐུ་ཐང་ཞིག་ཕུལ་ཏེ་སློབ་གྲྭ་དེར་ཐུགས་སྨོན་སྐྱབས་འཇུག་ཞུས་འདུག འདི་ལོར་ཧར་པ་སྤུར་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཁེལ་གྱི་ཡོད་སྟབས། སློབ་ཟུར་ཚོགས་པའི་ཚོགས་གཞོན་དང་རྡ་ས་ཁུལ་གྱི་སློབ་ཟུར་ཁག་ཅིག་གིས་མགོན་པོ་གང་ལ་མཇལ་ཁ་ཞུས་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་སུ་སློབ་ཟུར་ཚོགས་པའི་ཚོགས་གཞོན་ཚེ་བརྟན་མགོན་པོ་ལགས་ཀྱིས་གསར་འགོད་པར། དེ་རིང་མཇལ་ཁ་ཞུ་དོན་གཙོ་བོ་ནི་སློབ་ཟུར་ཚོགས་པའི་འགན་རྐང་བཞེས་ཀྱི་ཐོག་ནས་ཧར་པ་སྤུར་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་ཞིག་གོ་སྒྲིག་ཞུ་བཞིན་པར་བརྟེན། མཛད་སྒོ་དེའི་ལས་དོན་ལམ་སློང་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཞུ་ཆེད་དུ་གཟིམ་ཆུང་མཇལ་ཞུས་བ་ལྟར། མགོན་པོ་གང་གིས་སློབ་ཟུར་རྣམས་ཀྱིས་ཕྱག་ལས་ཡག་པོ་གནང་གི་ཡོད་པར་གསུངས་ཏེ་ལས་དོན་ལམ་ལྷུངས་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཞུས་ཡོད་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་དེ་རིང་གི་མཇལ་བཅར་ཞུ་མཁན་གྱི་ཁོངས་སུ་ཡོད་པའི་སློབ་ཟུར་ཚེ་དཔག་དབང་མོ་ལགས་ཀྱིས་གསར་འགོད་པར། མ་ཡུམ་སློབ་གྲྭའི་མི་ལོ་ལྔ་བཅུའི་དུས་དྲན་དང་འབྲེལ་ནས་སློབ་གྲྭ་དེར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤོབས་ཡོད་པ་དང་། ད་ཆ་སློབ་གྲྭ་དེའི་སློབ་ཟུར་མང་པོ་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་གྱི་ཁྲོད་དུ་ཕྱག་ལས་གནང་མཁན་ཡིན་པར་བརྟེན། མཛད་སྒོ་དེ་གལ་ཆེན་པོ་ཡིན་པར་གསུངས་སོང་། གཞན་ཡང་། བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བཞིན་པའི་སློབ་ཟུར་བཀྲ་ཤིས་མཚོ་མོ་ལགས་ཀྱིས། ཁོ་མོ་ཆུང་དུས་ནས་འཛིན་རིམ་བཅུ་གཉིས་བར་དུ་ཧ་པ་སྤུར་སློབ་གྲྭ་ནས་སློབ་སྦྱོང་བྱས་ཡོད་པར་འགྲེལ་བརྗོད་ཀྱིས་། སློབ་གྲྭ་དེ་ནི་ཁོང་གི་ཡོན་གྱི་རྨང་གཞི་ཐོག་མ་འཛུགས་ས་ཡིན་པར་བརྟེན། འདི་ལོར་སློབ་གྲྭ་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་འཁོར་གྱི་ཡོད་པ་དེ་གལ་ཆེན་པོ་ཡིན་པ་དང་། དེ་རིང་སློབ་གྲྭ་དེའི་མིང་ཐོག་ནས་མགོན་པོ་གང་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་པར་དགའ་བོ་བྱུང་སོང་ཞེས་གསུངས་སོང་། རྩ་བའི་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་དུ་ཆགས་པའི་ཧ་པ་སྤུར་སློབ་གྲྭ་དེ་ནི་སྤྱི་ལོ་ ༡༩༧༠ ལོར་ཐོག་མར་དབུ་བརྙེས་ཏེ་ཁུལ་དེའི་བོད་པའི་སྤྱི་ཚོགས་ཀྱི་ཤེས་ཡོན་ལྟེ་གནས་ཐོག་མ་དེ་ཆགས་ཡོད་པ་དང་། སྤྱི་ལོ་ ༡༩༩༤ ལོར་སློབ་གྲ་དེ་བོད་སློབ་འཛིན་ཚོགས་ལ་དེབ་སྐྱེལ་བྱས་ཡོད་པ་ཞིག་ཡིན་པ་དང་། ད་བར་སློབ་གྲྭ་དེ་ནས་སློབ་ཕྲུག་བརྒྱ་ཕྲག་མང་པོ་སྐྱེད་སྲིང་བྱས་ནས་འདི་ལོའི་ཟླ་བ་ ༢ པའི་ཚེས་ ༧ ཉིན་སློབ་གྲྭ་དེ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་གྱི་ཡོད་པར་བརྟེན། སློབ་གྲྭ་དེའི་སློབ་ཟུར་ཚོགས་པའི་འགན་རྐང་བཞེས་ཀྱི་ཐོག ཉིན་གསུམ་གྱི་རིང་དུས་དྲན་སྲུང་བརྩིའི་མཛད་སྒོ་རྒྱས་བ་ཞིག་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། དེ་རིང་མགོན་པོ་གང་ལ་ཆེད་དུ་མཇལ་ཁ་ཞུས་ཏེ་ཐུགས་སྨོན་སྐྱབས་འཇུག་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་ལྟར། མགོན་པོ་གང་གིས་སློབ་གྲྭའི་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་ཕེབས་པ་དེ་སློབ་གྲྭ་དབུ་བརྙེས་བའི་དུས་དྲན་མཛད་སྒོའི་སྐབས་དངོས་སུ་མང་ཚོགས་ལ་སྦྱན་འབུལ་ཞུ་རྒྱུ་རེད།

བོད་སློབ་ཁག་གི་ནང་ཀ་ན་ཊ་ཀའི་སྐད་ཡིག་སློབ་ཁྲིད་ཀྱི་ངལ་བ་སེལ་བར་དགོངས་བཞེད་གནང་རྒྱུ་ཡིན།

རྒྱ་གར་ལྷོ་ཕྱོགས་ Karnataka མངའ་སྡེའི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚུད་པའི་གཞུང་དང་གཞུང་འབྲེལ་མིན་པའི་སློབ་གྲྭ་ཁག་ཏུ་ཀ་ན་ཊ་ཀའི་སྐད་ཡིག་ངེས་པར་དུ་སློབ་ཁྲིད་གནང་དགོས་པ་དང་དེའང་སྐད་ཡིག་དང་པོ་དང་གཉིས་པའི་ངོ་བོར་སློབ་དགོས་པར་མངའ་སྡེ་གཞུང་ནས་བཀོད་ཁྱབ་གནང་ཡོད་པ་རེད། དེ་ཡང་ཟླ་བ་འདིའི་ཚེས་ ༣ ཉིན་ཀ་ན་ཊ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་ Suresh Kumar མཆོག་གིས་མངའ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སྐུ་ཚབ་ ༡༥༠ ལ་ཆེད་མངགས་མཇལ་འཕྲད་ཀྱིས་ Kannada འམ་ཀ་ན་ཊ་ཀའི་སྐད་ཡིག་སློབ་ཁྲིད་ཀྱི་སྒྲིག་གཞི་ངེས་པར་དུ་ལག་བསྟར་གནང་དགོས་པའི་བཀའ་མངགས་གནང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློོན་པདྨ་དབྱངས་ཅན་མཆོག་གིས་གཙོས་པའི་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་དང་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་བཅས་ཟླ་བ་འདིའི་ཚེས་ ༢༢ ཉིན་གྲོང་ཁྱེར་སྦེང་ལོར་དུ་ཆེད་བཅར་གྱིས་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་ཤེས་རིག་བློན་ཆེན་སྐུ་ཞབས་སུ་རེཤ་ཀུ་མཱར་མཆོག་ལ་ཀ་ན་ཊ་ཀའི་སྐད་ཡིག་བོད་སློབ་ཁག་ཏུ་སློབ་ཁྲིད་གནང་ཚེ་དཀའ་ངལ་ཡོད་སྐོར་སྙན་གསེང་ཞུས་པར་ཁོང་གིས་བོད་སློབ་ཁག་གི་ནང་ཀ་ན་ཊ་ཀའི་སྐད་ཡིག་སློབ་ཁྲིད་ཀྱི་ངལ་བ་སེལ་བར་དགོངས་བཞེད་གནང་ཕྱིར་ཚོགས་ཚུང་ཆེད་འཛུགས་ཀྱི་ཐོག་ནས་ཐུགས་ཐག་གཅོད་རྒྱུ་ཡིན་པའི་བཀའ་གནང་འདུག རྩ་བའི་ཀ་ན་ཊ་ཀའི་མངའ་སྡེའི་ཁྱབ་ཁོངས་སུ་གནས་སྡོད་སློབ་ཕྲུག་ཚོའི་ཕ་མ་མང་དག་ཅིག་ལ་ཀ་ན་ཊ་ཀའི་སྐད་ཡིག་དེ་སྐད་ཡིག་དང་པོ་དང་གཉིས་པའི་ངོ་བོར་སློབ་ཁྲིད་གནང་དགོས་པའི་བཀའ་ཁྱབ་གནང་བར་བརྟེན་བློ་འཚབ་གནང་བཞིན་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེང་གེ་ལགས་སུ་བོད་མིའི་སློབ་གྲྭ་ཁག་ཏུ་ཀ་ན་ཊ་ཀའི་སྐད་ཡིག་སློབ་ཁྲིད་གནང་བར་ངལ་བ་གང་ཞིག་འཕྲད་ཀྱི་ཡོད་པའི་ཐོག་བཀའ་འདྲི་ཁག་གཅིག་ཞུས་པར་ཁོང་གིས་ཀ་ན་ཊ་ཀའི་སྐད་ཡིག་དེ་སྐད་ཡིག་དང་པོ་དང་གཉིས་པའི་ངོ་བོར་འཇོག་ཐབས་དཀའ་བའི་གནས་ཡིན་སྐོར་སོགས་གསུངས་སོང་། གཞི་རྩའི་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ཁྱབ་ཁོངས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚུད་པའི་གཞུང་དང་གཞུང་འབྲེལ་མིན་པའི་སློབ་གྲྭ་ཁག་ཏུ་སྐད་ཡིག་དང་པོ་དང་གཉིས་པའི་ངོ་བོར་ཀ་ན་ཊ་ཀའི་སྐད་ཡིག་ངེས་པར་དུ་སློབ་ཁྲིད་གནང་དགོས་པའི་སྲིད་བྱུས་དེ་ཕྱི་ལོ་ ༢༠༡༥ ལོར་ Congress གཞུང་འཛིན་སྐབས་སུ་གཏན་ལ་ཕབ་པ་ཞིག་ཡིན་པ་དང་། ཁྲིམས་འཆར་དེ་ཕྱི་ལོ་ ༢༠༡༧༌༡༨ ཀྱི་སློབ་དུས་ཐོག་དངོས་སུ་དོན་འཁྱོལ་ཟིན་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ད་བར་ཁྲིམས་འཆར་དེ་དངོས་སུ་ལག་བསྟར་གནང་ཐུབ་མེད་པར་བརྟེན་ད་ལྟའི་ཀ་ན་ཊ་ཀའི་གཞུང་འཛིན་ཚོགས་པས་དེ་དོན་དོན་འཁྱོལ་དགོས་པའི་བཀའ་ཁྱབ་གནང་ཡོད་པ་རེད།

བོད་མི་བྲོས་བྱོལ་བ་ཚོ་ཉིན་གྲངས་བདུན་ནང་ཚུད་རྒྱ་ནག་ལ་ཕྱིར་ལོག་བྱེད་ཉེན་གྱི་གྲོས་མཐུན།

ཉེ་ཆར་བལ་ཡུལ་དང་རྒྱ་ནག་གཉིས་དབར་གསང་བའི་གྲོས་མཐུན་ཞིག་བཞག་པ་བརྒྱུད་ནས་རྒྱལ་ཁབ་དེ་གཉིས་ནང་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་འཛུལ་མཁན་རྣམས་རྒྱལ་ཁབ་སོ་སོའི་མཐའ་སྲུང་དམག་མིར་རྩིས་སྤྲོད་བྱ་གཏན་འཁེལ་བ་དང་། གྲོས་མཐུན་དེ་དངོས་སུ་ལག་ལྟར་བྱ་ཚེ་བོད་ནས་བལ་ཡུལ་བརྒྱུད་དེ་བཙན་བྱོལ་དུ་ཕེབས་པའི་བོད་མི་ཚོ་ཉིན་གྲངས་བདུན་ནང་ཚུད་རྒྱ་ནག་ལ་ཕྱིར་ལོག་བྱེད་ཉེན་གྱི་གནས་སྟངས་ཆགས་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྔ་ལོའི་ཕྱི་ཟླ་ ༡༠ པའི་ནང་བལ་ཡུལ་དུ་གཞུང་འབྲེལ་འཚམས་གཟིགས་ལ་ཡོང་སྐབས་ཕྱོགས་གཉིས་ཀྱི་དབུ་ཁྲིད་དབར་གྲོས་མཐུན་འདྲ་མིན་ ༢༠ བཞག་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གྲོས་མཐུན་དེ་དག་གི་ཁོངས་སུ་གཙོ་བོ་གཅིག་ནི་ཉེས་ཅན་རྩིས་སྤྲོད་དང་འབྲལེ་བའི་གྲོས་མཐུན་ཆགས་ཀྱི་ཡོད་པ་དང་། དེས་ས་གནས་བོད་མི་སྐྱབས་བཅོལ་བ་དང་ལས་འགུལ་བ་ཚོར་ཐད་ཀར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་སེམས་འཚབ་ཆེན་པོ་བྱུང་ཡོད་ཀྱང་ཉེས་ཅན་རྩིས་སྤྲོད་དང་མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་གྲོས་མཐུན་ཁག་ཅིག་སྐབས་དེར་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། འོན་ཀྱང་ཁ་སང་བལ་ཡུལ་གྱི་ Khabarhub.com ཞེས་པའི་བརྒྱུད་ལམ་ཐོག་རྒྱ་ནག་གི་སྲིད་འཛིན་དང་བལ་ཡུལ་གྱི་སྲིད་བློན་རྣམས་གཉིས་དབར་གྱི་སྐབས་དེའི་མཇལ་འཕྲད་ཁྲོད་དོན་ཚན་མི་འདྲ་བ་ ༢༠ འཁོད་པའི་གསང་བའི་གྲོས་མཐུན་ཞིག་བཞག་ཡོད་པ་དང་དེ་དག་ལས་གལ་གནད་ཆེ་ཤོས་དོན་ཚན་དང་པོར་བལ་ཡུལ་བརྒྱུད་བཙན་བྱོལ་དུ་ཡོང་མཁན་བོད་མི་ཚོ་ཉིན་གྲངས་བདུན་ནང་ཚུད་རྒྱ་ནག་ལ་ཕྱིར་ལོག་བྱ་གཏན་འཁེལ་སྐོར་གསལ་འདུག་པ་མ་ཟད་དོན་ཚན་དང་པོ་དེ་དབྱིན་སྐད་དང་བལ་སྐད། རྒྱ་སྐད་བཅས་སྐད་ཡིག་གསུམ་གྱི་ཐོག་བཀོད་ཡོད་ཀྱང་ད་བར་མངོན་གསལ་མེད་པར་བཞག་ཡོད་པ་རེད། དེའང་བལ་ཡུལ་གྱི་རྩ་ཁྲིམས་ནང་ཡུལ་དེའི་གཞུང་ནས་རྒྱལ་སྤྱིའི་ཆིངས་ཡིག་གང་ཞིག་བཞག་ཚེ་དེ་འབྲེལ་སྐོར་བལ་ཡུལ་གྲོས་ཚོགས་སུ་ཚོགས་དུས་འགོ་འཛུགས་ཀྱི་ཟླ་བ་གཅིག་གི་ནང་ཚུད་ལ་ངེས་པར་སྙན་གསེང་ཞུ་དགོས་པ་ལྟར། ཉེ་ཆར་བལ་ཡུལ་ཕྱི་སྲིད་བློན་ཆེན་ Pradeep Gyawali ཡིས་དེ་གའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་འབྲེལ་ཡོད་དྲི་བ་ཞིག་ལ་ཡིག་ཐོག་ནས་གསལ་བཤད་གནང་སྐབས་བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་དང་ལྷན་དུ་བོད་མིར་དམིགས་པའི་གྲོས་མཐུན་དེ་བཞག་ཡོད་པར་ཁས་ལེན་བྱས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ཟླ་ ༡༠ པའི་ནང་བལ་ཡུལ་དུ་ཉིན་གཉིས་རིང་གཞུང་འབྲེལ་འཚམས་གཟིགས་ལ་ཡོང་སྐབས་རྒྱལ་ཁབ་དེ་དག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ནས་མཚན་རྟགས་བཀོད་པ་ཞིག་ར་སྤྲོད་བྱུང་འདུག གཞི་རྩའི་རྒྱ་ནག་གཞུང་གིས་བལ་ཡུལ་ལ་དོགས་གཞི་ཡོད་པའི་མི་སྣ་རྩིས་སྤྲོད་བྱ་རྒྱུའི་ Extradition treaty ཞེས་པའི་གྲོས་མཐུན་ལ་ཁས་ལེན་དུ་འཇུག་རྒྱུའི་ཐབས་ཤེས་ཡུན་རིང་ནས་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་གི་སྲིད་འཛིན་བལ་ཡུལ་དུ་མ་བསྐྱོད་གོང་ནས་བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་ནས་གནད་དོན་དེའི་ཐོག་བློ་འཚབ་ཆེན་པོ་དང་བཅས་བལ་ཡུལ་གཞུང་ལ་ཞུ་སྐུལ་རིམ་པ་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་མཐུད་པ་བཟང་པོ་ལགས་དང་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་གཉིས་སོ་སོར་བཅར་འདྲི་ཞུས་པར་ད་ལྟའི་ཆར་དེ་ལྟར་ལག་བསྟར་མི་གནང་བར་ཞུ་སྐུལ་གནང་མུས་ཡིན་པ་སོགས་གསུངས་སོང་། གང་ལྟར་དེ་རིང་བརྒྱུད་ལམ་ཁག་ཏུ་ད་རེས་བལ་ཡུལ་དང་རྒྱ་ནག་དབར་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་དེ་ གཞུང་འབྲེལ་ཐོག་ཟླ་བ་རྗེས་མ་ནས་ལག་བསྟར་བྱེད་གཏན་འཁེལ་ཡོད་ཀྱང་བལ་ཡུལ་གཞུང་ནས་རྒྱ་གཞུང་གིས་ཤུགས་རྐྱེན་འོག་གྲོས་མཐུན་དེ་སྔ་སྣུར་གྱིས་ལག་བསྟར་བྱེད་སྲིད་པར་ཚོད་དཔག་གནང་བཞིན་འདུག  

ཡོ་རོབ་གྲོས་ཚོགས་གསར་བའི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་བསྐྱར་དུ་བཙུགས་པ།

ཁ་སང་རེས་གཟའ་ལྷག་པའི་ཉིན་ཡོ་རོབ་གྲོས་ཚོགས་གསར་བའི་ནང་དུ་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མའི་ཚོགས་པ་ཞིག་བསྐྱར་དུ་བཙུགས་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་རྙིང་གཉིས་ཀྱི་ལས་ཁུར་བརྗེ་ལེན་གྱི་མཛད་སྒོ་ཞིག་ཚོགས་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཁ་སང་ཡོ་རོབ་བྷེལ་ཇམ་གྱི་ནང་དུ། ཡོ་རོབ་གྲོས་ཚོགས་ནང་གསར་དུ་བདམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཆེད་དུ་བཙུགས་ཏེ་ཚོགས་ཐོག་ཏུ་སྤྱི་མོས་ཀྱི་ཐོག་ནས་ཅེཀ་སྤྱི་མཐུབ་རྒྱལ་ཁབ་ཀྱི་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Mikulas Peksa ལགས་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག་གནང་འདུག ཐེངས་འདིའི་ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཐོག་ཏུ། རིང་མིན་ལས་ཡུན་རྫོགས་ལ་ཉེ་བའི་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་། སྐབས་སྔོན་མའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་ Scott-Cato ལགས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་བདུན་དང་ཕྱག་རོགས་དགུ། དེ་བཞིན་ཡོ་རོབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ལས་བྱེད་བཅས་ནས་ལྷན་ཞུགས་གནང་འདུག སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་བ་སྐུ་ཞབས་ Peksa ལགས་ཀྱིས་ཚོགས་པའི་ངོས་ནས་དུས་རྒྱུན་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་དགོས་ཡིན་པར་བཀའ་གནང་བ་དང་འབྲེལ། ཡོ་རོབ་བོད་དོན་རྒྱབ་སྐྱོར་བའི་གྲོས་ཚོགས་འཐུས་མི་དང་ལས་རོགས་རྣམས་ངེས་པར་དུ་བཞུགས་སྒར་དྷ་སར་ཆེད་ཕེབས་ཞུ་ཐུབ་པ་དགོས་གལ་དང་། བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང་འགྲེམས་སྟོན་སོགས་གོ་སྒྲིག་བྱེད་རྒྱུ་ཙམ་མ་ཟད། ཚོགས་པའི་ངོས་ནས་ཡང་ཡང་ཚོགས་འདུ་སྐོང་ཚོགས་གནང་སྟེ་བོད་དོན་རྒྱབ་སྐྱོར་ཀྱི་ཚོགས་མི་ཇེ་མང་དང་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་གལ་ཆེན་ཡིན་པའི་དགོངས་ཚུལ་གནང་འདུག སྐབས་དེར་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཀྱང་ལས་གཞི་དེ་དག་ལ་རྗེས་སུ་ཡི་རངས་ཀྱིས་མཉམ་ལས་བྱེད་རྒྱུ་ཡིན་པར་གསུངས་བ་དང་སྦྲགས། ལྕམ་ Scott-Cato ལགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་དོན་རྒྱབ་སྐྱོར་གྱི་ཕྱག་ལས་རྒྱ་ཆེར་གནང་བར་བསྔགས་བརྗོད་ཞུས་པ་དང་ལྷན་དུ། སྐུ་ཞབས་Peksa ཚོགས་གཙོ་གསར་བར་འོིས་འདེམས་བྱུང་བར་དགའ་བསུ་ཞུས་ཡོད་པར་འཁོད་འདུག དེ་བཞིན་བྷེལ་ཇམ་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་འཐུས་མི་གསར་བ། ལྕམ་ De Sutter ལགས་ཀྱིས་ཀྱང་ཁོང་འདས་བའི་མི་ལོ་ཉི་ཤུའི་རིང་བོད་དོན་དང་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། སླད་མ་འོངས་བར་ཡང་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལུགས་བརྗོད་དེ། ཁོང་ཉིད་ལོ་ལྔའི་གོང་དུ་རྡ་སར་ཆེད་དུ་བཅར་ཡོད་པ་ལུང་འདྲེན་གྱིས། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་འཐུས་མི་རྣམས་བཞུགས་སྒར་རྡ་སར་བཅར་རྒྱུའི་དགོངས་གཞི་དེ་ཧ་ཅང་གི་གལ་གནད་ལྡན་པ་ཞིག་ཡིན་པར་གསུངས་ཡོད་པ་དང་། ཕྱོགས་མཚུངས་སུ་ Austria ཡི་གྲོས་ཚོགས་འཐུས་མི། སྐུ་ཞབས་ Hannes Heide ལགས་ཀྱིས་ བོད་དོན་དེ་འདས་བའི་ངོ་ལོ་ཉི་ཤུའི་ནང་དུ་མང་ཚོགས་ཀྱི་ཁྲོད་དུ་མངོན་གསལ་དོད་པོ་ཡོད་པའི་རྣམ་པ་དེ་ད་ལྟའི་ཆར་མེད་པར་གྱུར་ཡོད་སྟབས། མང་ཚོགས་ཀྱི་ཁྲོད་དུ་གོ་རྟོགས་ལས་འགུལ་སྤེལ་ཏེ་བོད་དོན་དེ་མངོན་གསལ་དོད་པོ་གནང་དགོས་གལ་ཡིན་པའི་འབོད་སྐུལ་ཞུས་འདུགཚོགས་འདུའི་ཐོག་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vincent Matten ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ། ཡོ་རོབ་དང་ཨ་རི་གཉིས་དབར་གྱི་འབྲེལ་ལམ་དང་ལྷག་པར་དུ་ལོ་དེའི་ནང་འཚོགས་ལ་ཉེ་བའི་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དང་། དབུ་ཁྲིད་རྣམ་པའི་དབར་གྱི་མཇལ་འཕྲད་སོགས་དང་འབྲེལ་བའི་ལས་རིམ་ཁག་གཅིག་གི་སྐོར་ལ་ངོ་སྤྲོད་གནང་འདུག རྩ་བའི་ཐེངས་འདིའི་ཚོགས་ཞུགས་ཁྲོད་ཀྱི་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ལྕམ་ Scott-Cato དང་སྐུ་ཞབས་ Horwood ལགས་གཉིས་དབྱིན་ཡུལ་ཡོ་རོབ་མཐུན་ཚོགས་ནས་མར་ཐོན་པ་དང་ལྷན་དུ་རང་བཞིན་གྱིས་ཡོ་རོབ་གྲོས་ཚོགས་ནས་ཐོན་གྱི་ཡོད་པ་རེད།

Latest news