Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཅེཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པ།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་ལས་བྱེད་བགྲེས་པ་ཞིག་གིས་བདུན་ཕྲག་འདིའི་ནང་རྒྱ་ནག་ནས་ཡོ་རོབ་རྒྱལ་ཁབ་ཀྱི་བདག་དབང་ལ་གུས་བརྩི་དགོས་པའི་ཉེན་བརྡ་བཏང་འདུག དེ་ཡང་ཟླ་ ༡༠ པའི་ཚེས་ ༣༠ ཉིན་ Aljazeera གཙོས་པའི་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན་ཉེ་ལམ་ཚེས་ ༢༩ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ Jaroslav Kubera ལགས་དང་ཅེཀ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་ཚབ་ Zhang Jianmin གཉིས་དབར་ཐུག་འཕྲད་ཀྱིས་གནད་དོན་ཁག་གཅིག་གི་ཐོག་བསམ་ཚུལ་བརྗེ་ལེན་གནང་ཡོད་པ་དང་། སྐབས་དེར་ Zhang Jianmin གྱིས་སྐུ་ཞབས་ Kubera ལགས་ཟླ་ ༡༠ པའི་འགོ་སྟོད་དུ་ཐེ་ཝན་ནས་གོ་སྒྲིག་ཞུས་པའི་སྣེ་ལེན་གྱི་དགའ་སྟོན་ཐོག་ཏུ་མཉམ་ཞུགས་དང་སྦྲགས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཟུང་འབྲེལ་སྐོར་གསུང་བཤད་གནང་བ་དང་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཀྱི་སྐུ་ཚབ་དང་ལྷན་དུ་སྐུ་པར་སྒྲོན་པ་སོགས་གནང་བར་སྐྱོན་བརྗོད་བྱས་ཡོད་པ་རེད། Zhang Jianmin གྱིས་རྒྱ་ནག་ནས་ཅེཀ་ནང་ཉེ་ལམ་ཡོ་རོབ་ཀྱི་སྒོར་མོ་ཐེར་འབུམ་ལྷག་འགྲོ་གྲོན་བཏང་ཡོད་སྟབས་ད་ཆ་ཅེཀ་ནས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་བྱུས་ལ་ཕོག་ཐུག་འགྲོ་བའི་ལས་དོན་གཉེར་ན་དེས་ཡུལ་དེའི་དཔལ་འབྱོར་གྱི་གནས་བབ་ལ་གྱོད་གུད་དང་ཉེན་ཚབས་བཟོ་ངེས་ཡིན་པ་ཉེན་བརྡ་བཏང་འདུག འོན་ཀྱང་སྐུ་ཞབས་ Kubera ལགས་ཀྱིས་པེ་ཅིན་ནས་ཐེ་ཝན་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ཁས་ལེན་བྱེད་ཀྱི་མེད་ཀྱང་རྒྱ་ནག་གིས་དེར་ཁས་ལེན་མ་བྱེད་པའི་རྒྱུ་རྐྱེན་ལ་བརྟེན་ནས་རང་ཉིད་ཅེཀ་གྲོས་ཚོགས་ཀྱི་སྐུ་ཚབ་ཞིག་ཡིན་པའི་ཆ་ནས་ཐེ་ཝན་གྱི་སྐུ་ཚབ་དང་བཀའ་མོལ་མ་གནང་ནས་བཞུགས་ན་རྒྱུ་མཚན་གང་ཡང་མ་མཐོང་བ་དང་སྒོས་ཐེ་ཝན་ནི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་འབྲེལ་བཞག་སའི་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་ཤོས་གསུམ་པ་དེ་ཡིན་པ་གསུངས་འདུག སྐུ་ཞབས་ Kubera ལགས་ཀྱིས་ང་ཚོས་རྒྱ་ནག་གི་བཞེངས་ཕྱོགས་ཤེས་ཀྱི་ཡོད་པ་བཞིན་རྒྱ་ནག་ནས་ང་ཚོའི་བཞེངས་ཕྱོགས་ཤེས་དགོས་པ་དང་ལྷག་པར་དུ་པེ་ཅིན་ནས་ཅེཀ་རྒྱལ་ཁབ་ལ་སྟོབས་ཤུགས་སྤྱད་ནས་སྡིག་ར་སྐུལ་རྒྱུ་མེད་པ་གསུངས་འདུག རྒྱ་ནག་དེ་སྔ་ཨུ་རུ་སུ་རྒྱལ་ཁབ་ཁ་གཏོར་ཕྱིན་པ་བཞིན་དེ་ལྟར་ཆགས་ངེས་ལ་འཇིགས་ནས་དེ་གའི་རྒྱལ་ཁབ་ཀྱི་ས་ཁོངས་ཀྱི་གནད་དོན་ལ་ཚོར་བ་སྐྱེན་པོ་ངང་རྣམ་འགྱུར་སྟོན་པ་དང་སྒོས་བོད་དང་ཐེ་ཝན་གྱི་གནད་དོན་མ་ཡིན་པར་གཙོ་བོ་རྒྱ་ནག་སྐམ་ས་ཆེན་པོ་མགོ་རྟིང་སློག་པར་ཞེད་སྣང་གིས་སེམས་འཚབ་བྱེད་བཞིན་པ་གསུངས་འདུག རྩ་བའི་ཉེ་ལམ་ཅེཀ་ཀྱི་རྒྱལ་ས་པྲཱག་གི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Zdenek Hrib ལགས་ནས་དེ་སྔ་ཡུལ་དེའི་ནང་ཕྱི་རྒྱལ་གཞུང་འབྲེལ་མི་སྣའི་ལྷན་སྐབས་རྒྱ་ནག་ནས་ཐེ་ཝན་གྱི་སྐུ་ཚབ་མཉམ་ཞུགས་གནང་རྒྱུའི་ཐད་ལ་ངོ་རྒོལ་བྱས་པ་དེ་ལྟར་ཡང་། སྐུ་ཞབས་ Hrib ལགས་ཀྱིས་དེར་ཁས་ལེན་ཞུས་མེད་པ་དང་དེ་སྔ་པྲཱག་དང་རྒྱ་ནག་གཉིས་བར་སྤུན་སྲིང་གི་གྲོང་ཁྱེར་གན་རྒྱ་འོག་རྒྱ་ནག་གཅིག་ལ་བརྩི་བཀུར་ཞེས་པའི་ཆ་རྐྱེན་དེ་ཕྱིར་འཐེན་དགོས་པའི་དགོས་འདུན་དང་དེ་ལྟར་མ་གནང་ཚེ་གན་རྒྱ་རྩིས་མེད་བཏང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད། ད་དུང་དེ་སྔ་སྐུ་ཞབས་ཁོང་གིས་པྲཱག་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུས་ཀྱིས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་གྲོང་ཁྱེར་གྱི་ལྡེ་མིག་བཅས་ཀྱང་ཕུལ་ཡོད་པ་རེད།  ཉེ་ལམ་རྒྱ་ནག་གིས་ཡུལ་དེའི་ནང་ཅེཀ་ཀྱི་ Prague Philharmonic དང་ Prague Quartet དེ་བཞིན་ Prague Radio Symphony Orchestra སོགས་རོལ་རྩེད་རུ་ཁག་ནས་རོལ་དབྱངས་གཟིགས་འབུལ་ཞུ་སླད་ཕེབས་ཡོད་ཀྱང་རྒྱ་གཞུང་གིས་དེར་འཁོན་ལན་ཚུལ་དུ་རོལ་དབྱངས་ཚོགས་པ་དེའི་འཁྲབ་སྟོན་ཕྱིར་འགྱངས་བྱས་ཡོད་པ་རེད། སྐབས་དེར་ Zhang Jianmin ཀྱིས་གནད་དོན་དེར་ངོས་ལེན་མ་བྱས་པ་དང་རྒྱུ་མཚན་གཞན་བགྲངས་ཀྱང་། ཅེཀ་རིག་གཞུང་བློན་ཆེན་སྐུ་ཞབས་ Lubomír Zaorálek མཆོག་གིས་རྒྱ་གཞུང་གི་བྱ་སྤྱོད་དེས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དོ་ཕོག་གཏོང་གི་ཡོད་པར་སྐྱོན་བརྗོད་དང་འབྲེལ།  Zhang Jianmin  ཡིས་རྫུན་བཤད་ཀྱི་ཡོད་པ་གསུངས་ཡོད་པ་དང་། གང་ལྟར་བཞེངས་ཕྱོགས་མི་འདྲ་བ་བཅངས་བའི་སྒོ་ནས་ཕན་ཚུན་ལབ་གླེང་དང་དེས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་བཞིན་པ་རེད་འདུག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Milos Zeman ནས་དེ་སྔ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་ཞུ་མཁན་དང་རྒྱ་ནག་དང་ལྷན་འབྲེལ་བ་དམ་ཟབ་བྱེད་འདོད་ཞིག་ཡོད་ཀྱང་། ཡུལ་དེའི་ Pirate ཆབ་སྲིད་ཚོགས་པ་ཞེས་ཆབ་སྲིད་ཚོགས་པ་ཤུགས་ཆེ་ཤོས་ཀྱི་འགོ་ཁྲིད་སྐུ་ཞབས་ JAKUB MICHALEK ལགས་ཀྱིས་ང་ཚོས་རྒྱ་ནག་དང་ལྷན་དོན་དམ་གྱི་འབྲེལ་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་གནད་དོན་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་ཆེ་མཐོང་ལ་དོ་ཕོག་གཏང་རྒྱུ་མེད་པ་མ་ཟད། ཅེཀ་ཀྱི་སྲིད་འཛིན་གོང་མ་སྐུ་ཞབས་ Vaclev Havel མཆོག་གི་འགྲོ་བ་མིའི་བདེ་རྩའི་སླད་ཕྱི་འབྲེལ་གྱི་སྲིད་བྱུས་ཆེད་འཛུགས་གནང་བ་དེ་རྒྱུན་མཐུད་རྒྱུ་ཡིན་པ་གསུངས་འདུག

བཀའ་ཤག་གིས་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲར་བརྩི་འཇོག་ཞུས་པ།

བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་བའི་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲར་བརྩི་འཇོག་ཞུ་རྒྱུའི་གསལ་བསྒྲགས་དང་འབྲེལ་སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ཚང་མས་ཐུགས་སྣང་འགན་འཁུར་གཟབ་ནན་དགོས་པའི་འབོད་སྐུལ་གནང་འདུག ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་གནང་བའི་ཁ་མཆུ་ཨང་ ༢༠ ཐོག་མཐའ་མའི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་ལས་རིམ་ཚོགས་ཏེ་འཛིན་སྐྱོང་བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་བཅུ་ཅན་ཞིག་གསལ་བསྒྲགས་གནང་སྟེ་གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་གཡེང་ལ་གོ་ནོར་ཐེབས་པའི་དབང་གིས་སྤེན་པ་ཚེ་རིང་ལགས་ཀྱི་ལྷག་བསམ་དང་འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁ་གཡོག་ཤོར་བ་སོགས་ཐག་གཅོད་གནང་མཐར་བཀའ་ཤག་ནས་སྤེན་པ་ཚེ་རིང་ལགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་ཞིག་དབྱིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ་དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པ་དང་། བཀའ་ཤག་གིས་ཞུ་སྦྱོར་བའི་ཁྲིམས་རྩོས་པའི་གླ་ཡོན་སྤྲོད་དམིགས་ཧིན་སྒོར་ ༩༨༠༠༠ ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པའི་བཅད་ཁྲ་བཏང་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་འབྲེལ་ཁ་སང་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་གྱི་ཕྱི་དྲོ་གཞུང་འབྲེལ་དྲྭ་རྒྱའི་ཐོག་གསལ་བསྒྲགས་ཞིག་སྤེལ་ཏེ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེབ་འགོད་ཨང་ ༢༠ པའི་བཅད་ཁྲ་གསལ་བསྒྲགས་གནང་བ་དེ་བཞིན་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་ཁྲོད་དུའང་ཐག་གཅོད་དེ་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་ཡོང་བཞིན་འདུག་ཀྱང་། སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་བསྒྲིལ་དགོས་རྒྱུ་གལ་གནད་ཆེ་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་བརྩི་འཇོག་ཞུ་རྒྱུ་ཡིན་པ་དང་། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ཚང་མས་ཐུགས་སྣང་འགན་འཁུར་གཟབ་ནན་དགོས་པའི་འབོད་སྐུལ་བཅས་གནང་འདུག གཞི་རྩའི་དེ་སྔ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་གསལ་བསྒྲགས་གནང་ཟིན་མཚམས་སུ་བཀའ་ཤག་གི་ངོ་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་གཉིས་ནས་གསར་འགོད་ལྷན་ཚོགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བ་དེ་འདོད་བློ་ཁེངས་པ་ཞིག་དང་། བཀའ་ཤག་གི་རེ་བ་ལྟར་བྱུང་མེད་སྐོར་གསུངས་པ་མ་ཟད་རིམ་པས་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཤག་རྣམ་པ་ལྷན་འཛོམས་བྱུང་མཚམས་སུ་བཀའ་བསྡུར་གནང་སྟེ་གང་གནང་དགོས་མིན་གསལ་པོ་ཆགས་ཀྱི་རེད་ཅེས་གསུངས་ཡོད། ཕྱོགས་མཚུངས་ཁ་ཉིན་ཕྱི་ཚེས་ ༣༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༡ གི་ཐོག་མའི་ཉན་ཞིབ་གནང་རྒྱུའི་ཟླ་ཚེས་སོགས་གཏན་ཁེལ་གསལ་བསྒྲགས་གནང་འདུག་པ་དང་། ཁ་ཆུ་ཨང་ ༢༡ པ་འདི་ནི་ཞུ་སྦྱོར་བ་གཞུང་ཞབས་བགྲེས་ཡོལ་སྐལ་བཟང་ཕུན་ཚོགས་ལགས་ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་བརྒྱུད་ནང་སྲིད་ལས་ཁུངས་དང་། བཀའ་དྲུང་ཚེ་རྒྱལ་བརྒྱུད་འཛིན་སྐྱོང་བཀའ་ཤག་གཉིས་བགྲེས་ཡོལ་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་གཏུགས་གནང་བ་ཞིག་ཡིན་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༡ གཞིར་བཟུང་ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་ཁ་མཆུ་འདིའི་ཉན་ཞིབ་ཐོག་མ་དེ་གནང་རྒྱུ་རེད་འདུག  

ནང་པའི་རྒྱལ་ཁབ་ཚོས་སེམས་ཀྱི་རྣམ་གཞག་ཐོག་དོ་སྣང་གནང་དགོས།

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཚོགས་བཞིན་པའི་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༤ པ་མཇུག་སྒྲིལ་ལེགས་གྲུབ་གནང་སོང་། དེ་རིང་ལྷན་ཚོགས་ཉིན་མཐའ་མའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་སེམས་དང་སྲོག་བསྟི་གནས་ཁང་ནས་གོ་སྒྲིག་ཞུས་པའི་བགྲོ་གླེང་བརྒྱུད་ཚན་རིག་མཁས་པ་དང་ནང་པའི་དབར་ཤེས་ཡོན་བརྗེ་རེས་སོགས་ཀྱི་དགེ་མཚན་ཆེན་པོ་བྱུང་ཡོད་པ་མ་ཟད། རིམ་པས་ཨ་རི་ཙམ་མིན་པར་ཨུ་རུ་སུ་གཙོས་རྒྱལ་ཁབ་ཁག་གཅིག་གི་མཐོ་སློབ་ཏུ་ཚན་རིག་པ་ཚོས་སེམས་དང་ཤེས་པའི་ཐོག་དཔྱད་ཞིབ་གནང་རྒྱུའི་ལས་གཞི་དབུ་འཛུགས་གནང་ཡོད་པ་སོགས་བཀའ་བསྩལ་ཡོད།  ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་སེམས་དང་སྲོག་གྱི་བགྲོ་གླེང་མཛད་རིམ་དེ་མི་དང་སྤྱི་ཚོགས་སྒེར་གྱི་བདེ་དོན་ཆེད་དུ་མིན་པར་འགྲོ་བ་མི་སྤྱིའི་བདེ་དོན་ཆེད་དུ་གནང་གི་ཡོད་སྟབས་ཉི་ཧོང་དང་རྒྱ་ནག ཝེ་ཏི་ནམ། ཀོ་རི་ཡ་སོགས་ནང་པའི་རྒྱལ་ཁབ་ཁག་གི་ནང་པ་ཚོས་དད་པ་ཁོ་ནར་བརྟེན་ནས་མ་བཞུགས་པར་སེམས་ཀྱི་རྣམ་གཞག་སོགས་ལ་དོ་སྣང་དང་དཔྱད་ཞིབ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་རིམ་པས་སེམས་དང་སྲོག་གི་ལས་གཞི་འདི་མུ་མཐུད་རྒྱ་ཁྱབ་ཐུབ་པར་ནང་པའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོ་མཉམ་ཞུགས་ཐུབ་རྒྱུར་འབད་བརྩོན་གནང་གི་ཡིན་ཞེས་བཀའ་བསྩལ་སོང་། གཞི་རྩའི་དེ་རིང་སེམས་དང་སྲོག་གི་ལྷན་ཚོགས་ཉིན་མཐའ་མར་ལྷོ་ཨ་ཕི་རི་ཀ་ནས་ཡིན་པའི་སྤྱི་ཚོགས་དང་སེམས་ཁམས་རིག་པའི་ཚན་རིག་པ་ལྕམ་ Pumla Gobodo-Madikizela ལགས་དང་༸གོང་ས་མཆོག་གི་དབར་བྱམས་བརྩེ་དང་བལྟོས་གྲུབ། དེ་བཞིན་འགྱུར་ལྡོག་བཅས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པ་དང་། སྐབས་དེར་ལྕམ་ Pumla Gobodo -Madikizela ལགས་ཀྱིས་འདས་པའི་ལོ་དུས་ནང་ལྷོ་ཨ་ཕི་རི་ཀའི་མི་རིགས་དབར་ལ་དཀའ་ངལ་དང་རྩོད་རྙོག་འོག་སེམས་སྡུག་ཐེབས་པའི་མི་སེར་ཚོའི་དཀའ་ངལ་བསལ་ཐབས་སུ་ Ubuntu ཞེས་པའི་ཨ་ཕི་རི་ཀའི་མི་རིགས་ཁྲོད་གནའ་སྔ་མོ་ནས་ཡོད་པའི་བསམ་བློའི་རིག་གཞུང་ཐོག་ནས་ད་བར་འབད་བརྩོན་བྱས་པའི་གནས་སྟངས་ཁག་སྙན་གསེང་ཞུས་པ་དང་ཆབས་ཅིག དཀའ་ངལ་དེ་བསལ་བར་ནང་པའི་ལྟ་གྲུབ་ཐོག་ནས་ལེགས་ཆ་གང་ཞིག་བླང་རྒྱུ་ཡོད་པའི་བཀའ་འདྲིའི་དགོངས་སྐོར་དང་བཀའ་བསྡུར་གནང་ཡོད། སྐབས་དེར་༸གོང་ས་མཆོག་གིས་མིས་བཟོས་པའི་དཀའ་ངལ་རྣམས་ཆགས་སྡང་དབང་གིས་ཡོང་གི་ཡོད་པ་དང་ཆགས་སྡང་གི་བློ་བཅོམ་ཐབས་སུ་གཙོ་བོ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་དཔྱོད་སྤྱོད་རྒྱུ་དེ་ཡིན་པ་དང་། རྒྱུན་དུ་བྱམས་བརྩེ་དང་འཚེ་བ་མེད་པའི་ལས་སུ་ཞུགས་སྐབས་སོ་སོའི་གཉེན་དང་ཉེ་འཁོར་ཁོ་ནར་བརྩེ་ཞེན་དམིགས་པ་མིན་པར་ཆགས་པ་དང་བྲལ་ཏེ་འགྲོ་བ་སྤྱིར་ཁྱབ་པ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་མཛད་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་གཏོང་ཐབས་སུ་གཙོ་བོ་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་རིན་ཐང་གི་སྐོར་ལ་སློབ་ཁྲིད་གནང་གལ་ཡིན་པ་བཀའ་བསྩལ་ཡོད།  གཞི་རྩའི་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༤ པ་འདི་ནི་དེ་སྔའི་བགྲོ་གླེང་དང་ཅུང་ཟད་མི་འདྲ་པར་བརྗོད་གཞི་ངེས་ཅན་ཞིག་གཙོ་བཟུང་ཐོག་ཕྱོགས་ཕན་ཚུན་དབར་གླེང་མོལ་གཏིང་ཟབ་གནང་སྟེ་དྲི་བ་དྲིས་ལན་གནང་ཡོད་པ་དང་། ༸གོང་ས་མཆོག་གིས་དབུས་པའི་སེམས་དང་སྲོག་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ངེས་སྟོན་པ་༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Aaron Stern ལགས། དེ་བཞིན་བསྟི་གནས་ཁང་གི་ཚོགས་གཙོ་ Susan Bauer-Wu ལགས་དང་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས། སྐྱེས་དངོས་རིག་པའི་འཕེལ་རིམ་ཐོག་གི་ཚན་རིག་མཁས་པ་སྐུ་ཞབས་ David Sloan Wilson ལགས་དང་སྤྱི་ཚོགས་འཕྲོད་བསྟེན་དང་སེམས་ཁམས་རིག་པའི་ཚན་རིག་པ་ལྕམ་ Pumla Gobodo-Madikizela ལགས། དེ་བཞིན་སེམས་དང་སྲོག་གྱི་བསྟི་གནས་ཁང་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་ཚོགས་པ་ཁག་གཅིག་གི་འབྲེལ་ཡོད་སྐུ་ཚབ་བཅས་ཁྱོན་མི་སྣ་ ༥༠ ལྷག་ལྷན་ཞུགས་གནང་ཡོད་པ་དང་། ཁ་ཉིན་བགྲོ་གླེང་ཉིན་དང་པོའི་ཐོག་སྐྱེས་དངོས་རིག་པའི་ཚན་རིག་མཁས་པ་སྐུ་ཞབས་ David Sloan Wilson ལགས་དང་༸གོང་ས་མཆོག་དབར་སྐྱེས་དངོས་རིག་པའི་འཕེལ་རིམ་དང་ཀུན་སྤྱོད་ཀྱི་འབྲེལ་བའི་སྐོར་ལ་བཀའ་བསྡུར་གནང་ཡོད།

ཁམས་དཀར་མཛེས་ཁུལ་དུ་གློག་ཁང་བདུན་ཅུ་ལྷག་འཛུགས་སྐྲུན་བྱེད་བཞིན་པར་སེམས་འཚབ།

རྒྱ་ནག་གིས་རྒྱལ་ཡོངས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞིའི་ཁྲོད་དུ་བོད་ཁམས་དཀར་མཛེས་ཀྱི་ཁུལ་དུ་ཆུ་ཤུགས་གློག་ཁང་བདུན་ཅུ་ལྷག་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པ་དང་ལས་གཞི་དེའི་ཁྲོད་ས་གནས་བོད་མི་ཞིང་འབྲོག་གི་ཁྱིམ་ཚང་མང་དག་ཅིག་བཙན་དབང་གི་ཐོག་ནས་གནས་སྤོ་བྱེད་དགོས་ཀྱི་ཡོད་པ་ལྟར་བཞུགས་སྒར་དུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་མི་དེ་དག་གི་གནས་བབ་ཐད་སེམས་འཚབ་ཆེན་པོ་གནང་བཞིན་འདུག ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་གཅིག་ཏུ་ཐོན་པའི་གནས་ཚུལ་ལུང་འདྲེན་གནང་བ་ལྟར་ན་ཆུ་གློག་གསར་རྒྱག་གི་ལས་འཆར་དེ་དག་བོད་ནང་གི་ཡར་གླུང་གཙང་བོ་དང་འབྲི་ཆུ། དེ་བཞིན་རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་ཁར་རྒྱག་འགོ་བཙུགས་ཟིན་པ་མ་ཟད་ཆུ་གློག་གསར་རྒྱག་གི་ལས་གཞིའི་ཁྲོད་དུ་རྒྱ་སྒོར་ཐེར་འབུམ་དགུ་ལྷག་ཆེད་གཏོང་གིས་བོད་མི་ཞིང་འབྲོག་གི་ཁྱིམ་ཚང་མང་པོ་བཙན་དབང་གིས་དཀར་མཛེས་ཁུལ་གྱི་དར་རྩེ་མདོ་དང་ལྕགས་ཟམ་རྫོང་། དེ་རོང་གྲག་རྫོང་དང་བརྒྱད་ཟུར་རྫོང་བཅས་སུ་གནས་སྤོ་བྱེད་བཞིན་ཡོད་པ་རེད་འདུག གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དབྱིན་ཡིག་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་སུ་བཀའ་འདྲི་ཞུས་པར་ཐེངས་འདིའི་ལས་གཞིའི་འོག་ནས་བོད་ཁྱིམ་ག་ཚོད་ཅིག་གནས་སྤོ་བྱས་ཡོད་མེད་དེ་གསལ་པོར་ཤེས་རྟོགས་མ་བྱུང་མེད་ཀྱང་། བོད་མི་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་པ་དེས་ཞིང་འཕྲོག་མང་ཚོགས་གི་ལྷིང་འཇགས་ཀྱི་འཚོ་བ་ལ་རྡབ་གསིག་ཆེན་པོ་ཐེབས་ཡོད་པ་ངོ་སྤྲོད་གནང་སོང་། དེ་བཞིན་རྒྱ་ནག་གིས་གནས་ཚུལ་བཀོད་པའི་ནང་དུ་བོད་ཁུལ་དུ་ཆུ་གློག་འཛུགས་བསྐྲུན་བྱེད་བཞིན་པ་དེ་ཟི་ཁྲོན་ཞིང་ཆེན་གྱི་དབུལ་གཏོར་མཁྲེགས་གཏོད་ཀྱི་ཚོགས་པ་དང་། དེ་བཞིན་དཀར་མཛེས་ཁུལ་གྱི་དམར་ཤོག་ཚོགས་པའི་ལམ་སྟོན་གྱི་འོག་ནསབོད་ཁུལ་གྱི་ས་གནས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས་ལས་འཆར་དེ་དང་འབྲེལ་ནས་ཁུལ་དེའི་མྱུར་སྐྱོད་ཀྱི་གཞུང་ལམ་སྤྱི་ལེ་ ༢༣༠ ལྷག་ཀྱང་གསར་རྒྱག་བྱས་ཡོད་པ་བཀོད་ཡོད་པ་རེད། འོན་ཀྱང་ཟླ་བ་ལགས་ཀྱིས་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དེས་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཅོམ་བྱེད་ཀྱི་ཡོད་པ་མ་ཟད་འཛུགས་སྐྲུན་གྱི་ལས་གཞི་དེ་དག་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་དམིགས་པ་ཞིག་ཡིན་པ་ལས་ས་གནས་ཀྱི་བོད་མིར་ཁེ་བཟང་གང་ཡང་མེད་སྐོར་གསུངས་སོང་། རྩ་བའི་བོད་དེ་ལྷོ་ཨེ་ཤ་ཡའི་རྒྱུག་ཆུ་མང་པོ་ཞིག་གི་འགོ་ཁུངས་ཆགས་ཡོད་སྟབས་རྒྱ་ནག་གིས་བོད་ནང་གི་རང་བྱུང་ཁོར་ཡུག་ལ་རྩ་གཏོར་གྱིས་ཆུ་མཛོད་དང་ཆུ་གློག་གསར་རྒྱག་གི་ལས་གཞི་རྒྱ་ཆེར་སྤེལ་གྱི་ཡོད་པ་མ་ཟད།  བོད་ཀྱི་རྨ་འབྲུ་རྫ་གསུམ་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་གྱི་སྤྱི་གླིང་ཞིག་ཏུ་བསྒྱུར་རྒྱུའི་ལས་འཆར་ཁྲོད་ཡུལ་ལུང་དེ་གར་གནས་པའི་བོད་མི་སྟོང་ཕྲག་མང་པོ་བཙན་དབང་གིས་གནས་སྤོར་བྱེད་དུ་འཇུག་བཞིན་ཡོད་པར་བརྟེན་བོད་མི་རྣམས་ཀྱིས་རང་གི་སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་ཡོངས་སུ་དོར་ནས་གྲོང་ཁྱེར་དུ་གནས་སྤོར་གྱིས་འཚོ་བ་གསར་བ་ཞིག་མདུན་དུ་བསུ་སྐབས་དཔལ་འབྱོར་ཐོན་སྐྱེད་དང་ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་ཡོངས་ལ་ངལ་བ་ཆེནཔོ་འཕྲད་ཀྱི་ཡོད་པ་རེད།

༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་རྒྱ་གཞུང་ནས་བཀའ་འཁྲོལ་ཞུ་དགོས་པའི་སྐྱོན་བརྗོད།

ཉེ་ཆར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་བཞུགས་སྒར་དྷ་རྨ་སཱ་ལཱར་ཕེབས་སྐབས་སུ་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བར་སྐྱོན་བརྗོད་གནང་བ་དང་། བོད་མི་རྣམས་ལ་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་དབང་ཆ་ཚང་ཡོད་པ་གསུངས་པ་མ་ཟད་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་དང་འབྲེལ་ཐག་གཅོད་གནང་དབང་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པ། དེ་བཞིན་བོད་མི་རྒྱ་ཆེ་མང་ཚོགས་བཅས་ལ་ཡོད་པ་ལས་གཞན་རྒྱལ་ཁབ་སུ་ལ་ཡང་ཐོབ་ཐང་མེད་པར་ནན་བརྗོད་གནང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྐུ་ཞབས་ Brownback མཆོག་ལ་སྐྱོན་བརྗོད་དང་འབྲེལ་ཏེ་སླད་མར་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་རྒྱ་གཞུང་ནས་བཀའ་འཁྲོལ་ངེས་པར་དུ་ཞུ་དགོས་ཞེས་སྐྱོན་བརྗོད་བསྐྱར་ནན་བྱས་འདུག Indiatoday གཙོས་པའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་གསར་འགོད་པར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐུ་ཚབ་ཀྱི་གསུངས་པ་དེས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་བྱས་པ་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི་བཙན་བྱོལ་ནང་དུ་ཆོས་ཀྱི་མཚན་ཐོག་ནས་རྒྱ་ནག་ལ་གནོད་གཞིའི་ལས་དོན་སྤེལ་མཁན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་མི་སྣ་སུ་འདྲ་ཞིག་ནས་༸གོང་ས་མཆོག་དང་འབྲེལ་བ་གནང་བར་མཐའ་གཅིག་ཏུ་མུ་མཐུན་མེད་པ་དང་། ལྷག་པར་དུ་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་གཅིག་གིས་བཀའ་མོལ་གསུང་སྟངས་དང་བྱ་སྤྱོད་སྤེལ་སྟངས་རྣམས་ཨ་རིའི་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་རང་བཙན་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་རྒྱུ་མིན་པའི་སྲིད་བྱུས་དང་རྒྱབ་འགལ་ཆགས་ཀྱི་ཡོད་པས་དེར་རྒྱ་ནག་གཞུང་གིས་དགག་པ་ཡོད་སྐོར་སྐྱོན་བརྗོད་བྱས་འདུག ཁོ་པས་ད་དུང་སྤྲུལ་པའི་སྐུ་འམ་ཡང་སྲིད་ཕེབས་རྒྱུའི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་དེ་ནི་ལམ་དང་ལུགས་སྲོལ་གཏན་འབེབས་ཡོད་པའི་འགྲོ་ལུགས་ཤིག་གི་ཐོག་ནས་བདམ་གྱི་ཡོད་སྐོར་དང་འབྲེལ། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲི་མཐོ་ཤོས་སུ་ངོས་འཛིན་བཞིན་པ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཀྱང་རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་ཏེ་བདམས་པ་ཞིགཡིན་པར་བཤད་པ་མ་ཟད་རྒྱ་ནག་གཞུང་ནས་ཆོས་དོན་སྒྲིག་གཞི་དང་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་བཏང་འཛིན་གྱི་སྒྲིག་གཞིའི་འོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་བདམ་ཕྱོགས་ཀྱི་ལམ་ལུགས་ལ་གུས་བརྩི་དང་ཆོས་དད་རང་དབང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་བཤད་ཡོད། ཨ་རིའི་གཞུང་གིས་ཏཱ་ལའི་རུ་ཚོགས་དང་ལྷན་དུ་འབྲེལ་བ་བྱ་མཚམས་བཞག་དགོས་པ་དང་འགན་ཁུར་མེད་པའི་གཏམ་བཤད་འདི་རིགས་སྤེལ་མཚམས་བཞག་དགོས་པ་དེ་བཞིན་བོད་དང་འབྲེལ་བའི་གནད་དོན་ཐོག་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་བྱ་མཚམས་བཞག་སྟེ་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་དོ་སྣང་ཆེ་ཙམ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག རྩ་བའི་ཉེ་ཆར་ཟླ་བ་འདིའི་ཟླ་མགོར་བཞུགས་སྒར་གངས་སྐྱིད་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དེ་ཚོགས་ཐོག་ཚོགས་བཅར་བ་རྣམ་པ་མགྲིན་དབྱངས་གཅིག་གྱུར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་པ་བརྒྱ་ཕྲག་བར་བོད་མི་རྩམ་ཟན་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་མུ་མཐུད་བཞུགས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། ཇི་སྲིད་བོད་ཁ་བ་ཅན་གྱི་འགྲོ་བ་ནམ་གནས་ཀྱི་བར་དུ་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་རྣམས་ངེས་ཕེབས་ཡོང་བའི་མགྲིན་དབྱངས་གཅིག་གྱུར་གྱི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཉིད་མཆོག་དང་། ༸གོང་ས་ཏཱ་བླའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས་གཞན་རྒྱལ་ཁབ་དང་གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལ་ཡང་མེད། དེ་བཞིན་རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་གནང་བའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པ་བརྒྱུད་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་བྱུས་ངན་བཏོན་དང་འདོན་བཞིན་པ་དེར་དགག་པ་མཐའ་ཅིག་ཏུ་བྱ་རྒྱུ་ཞེས་གྲོས་ཆོད་ནང་གསེས་བཞི་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུའང་ Tibet Policy and Support Act of 2019 ཞེས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་ཁྲིམས་ཆར་ཆེད་འདོན་གྱིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པ་དང། དེའང་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་རྗེས་འབྲང་པ་རྣམས་ལ་ཐག་གཅོད་གནང་རྒྱུའི་གནད་དོན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱལ་སྤྱིའི་ཁྲོད་ཨ་རིའི་ལྟ་བུའི་བཞེངས་ཕྱོགས་འཛིན་མཁན་རྒྱལ་ཁབ་དང་ལྷན་དུ་མཉམ་རུབ་ཀྱིས་རྒྱ་ནག་གི་༸སྐུའི་ཡང་སྲིད་བདམ་རྒྱུའི་འཆར་གཞིར་གདོང་ལེན་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད། དེ་དོན་ཨ་རིའི་ས་གནས་འདྲ་མིན་གྱི་བོད་རིགས་ཚོགས་པ་ཁག་དང་སྐུ་ཚབ་དོན་ཁང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་ཨ་རིའི་རྒྱལ་ཡོངས་སུ་བོད་དོན་ཁྲིམས་གཞིར་རྒྱབ་སྐྱོར་དགོས་པའི་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་གྲོས་ཚོགས་འཐུས་མིའི་ཁོངས་སུ་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

སྐྱོར་མོ་ལུང་ཨ་ཅེ་ལྷ་མོ་ཞེས་པའི་གློག་བརྙན་གཟིགས་འབུལ།

གཟའ་འཁོར་འདིའི་རེས་གཟའ་ཟླ་བ་ནས་བཞུགས་སྒར་དྷ་རྨ་སཱ་ལཱར་མཛད་རིམ་འདྲ་མིན་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༡༠་༣༠ ཙམ་ལ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་ཡོངས་གྲངས་སུ་ཨ་ཇོ་ཌེ་ཎི་དང་དངོས་མིང་བསོད་ནམས་བཀྲ་ཤིས་ལགས་ཀྱིས་རྐང་འགན་བཞེས་ཐོག་བཟོ་སྐྲུན་གནང་བའི་ལྭ་བ་ནོར་བུ་ཚེ་རིང་། སྐྱོར་མོ་ལུང་ཨ་ཅེ་ལྷ་མོ་ཞེས་པའི་གློག་བརྙན་གཟིགས་འབུལ་ཞུས་སོང་། གློག་བརྙན་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་འཁྲབ་གཞུང་གི་གལ་གནད་དང་དར་ཁྱབ་བྱུང་ཚུལ། ལྷག་པར་དུ་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁུངས་ནས་སྐྱོར་མོ་ལུང་ཨ་ཅེ་ལྷ་མོའི་འཕེལ་རིམ་དང་འཁྲབ་སྲོལ་སོགས་དང་འབྲེལ་བའི་བོད་ཕྱི་ནང་གཉིས་སུ་ཡོད་པའི་ལྷ་མོའི་འཁྲབ་གཞུང་ལ་དམིགས་བསལ་མཁྱེན་རྟོགས་ཡོད་པའི་མཁས་པ་བདུན་ཙམ་ལ་བཅར་འདྲི་དང་ལོ་རྒྱུས་ཐོག་གི་པར་དང་བརྙན་སོགས་ཕྱོགས་སྒྲིག་གི་ལམ་ནས་བཟོས་པ་ཞིག་ཡིན་པ་རེད། གློག་བརྙན་དེའི་ནང་ཨ་ཇོ་ཌེ་ཎི་ལགས་ནས་དེ་སྔ་དངོས་ཤུགས་བརྒྱུད་གསུམ་ནས་ལྷ་མོའི་འཁྲབ་གཞུང་སློབ་ཁྲིད་ཞུ་ཡུལ་རྒན་ནོར་བུ་ཚེ་རིང་ལགས་དམ་པ་དེ་ཉིད་ཀྱིས་གཙོས་པའི་དགེ་རྒན་དམ་པ་ཚོར་བཀའ་དྲིན་རྗེས་དྲན་མཚོན་པ་གནང་འདུག གློག་བརྙན་གཟིགས་འབུལ་གྲུབ་མཚམས་སུ་གསར་འགོད་པས་ཨ་ཇོ་ཌེ་ཎི་ལགས་སུ་གློག་བརྙན་བཟོ་སྐྲུན་གནང་བའི་དགོས་དམིགས་སོགས་དང་འབྲེལ་བཅར་འདྲི་ཞུས་པར་ད་ཆ་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྲོལ་རྒྱུན་འཁྲབ་གཞུང་ཁག་བཟོ་བཅོས་འདྲ་མིན་བྱས་ཏེ་སྟོན་བཞིན་པ་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མི་རབས་རྒན་པ་རྣམས་རིམ་པས་སྐུ་ན་མ་ཟིན་པའི་གནས་སྟངས་འབྱུང་བཞིན་པའི་ཁྲོད་འདིར་རང་ཉིད་ད་བར་སློབ་སྦྱོང་ཞུས་པའི་བོད་པའི་རིག་གཞུང་དེ་དག་མི་རབས་གསར་པ་ཚོས་ཤེས་རྟོགས་དང་དོ་སྣང་ཡོང་བར་ཆེད་དམིགས་གནང་བ་ཞིག་ཡིན་པ་གསུངས་སོང་བ་དང་ཆབས་ཅིག་ཏུ་སྤྱི་ཚོགས་ནང་བོད་ཀྱི་ལྷ་མོའི་འཁྲབ་གཞུང་དང་རིག་གནས་སྤྱི་རིགས་ཐོག་མཁྱེན་རྒྱ་ཡོད་པ་ཚོས་དེ་ལྟར་གནང་བའི་རེ་བ་ཡོད་པ་སོགས་གསུངས་ཡོད།  གཞི་རྩའི་ཐེངས་འདིའི་གློག་བརྙན་གཟིགས་འབུལ་གྱི་མཛད་རིམ་ཐོག་སྐུ་མགྲོན་གཙོ་བོ་བོད་མི་སྒྲིག་འཛུགས་ཆོས་བཀའ་བློ་གཡུ་ཐོག་ཀརྨ་དགེ་མཆོག་ཕེབས་ཡོད་པ་དང་བཀའ་བློན་མཆོག་གིས་སྤྱི་ཡོངས་ནས་འདས་པའི་ལོ་ངོ་དྲུག་ཅུའི་ནང་ཟློས་གར་གྱི་ཁྱབ་ཁུངས་སུ་གཏོགས་པའི་རིག་གནས་ཁག་འཛིན་སྐྱོང་གང་ལེགས་གནང་ཐུབ་པ་བྱུང་ཡོད་ཀྱང་། དེ་དག་མུ་མཐུད་འཛིན་སྐྱོང་ཐུབ་ཐབས་སུ་ཚང་མས་དགོངས་བཞེས་གནང་དགོས་གལ་ཡིན་པ་གསུངས་སོང་། བཀའ་བློན་མཆོག་གིས་ད་དུང་ཟློས་གར་གྱི་རིག་གནས་དེ་དེང་དུས་དང་མཐུན་པའི་ཐོག་ནས་ཆེད་ལས་རང་བཞིན་ཐོག་འགྲོ་ཐུབ་ཚེ་རིག་གནས་ཀྱི་རྩ་གཞུང་དེ་དག་ཡག་པོ་བཟོ་ཐུབ་པ་མ་ཟད་གསར་གཏོད་ཀྱི་རྣམ་པ་ཆེད་འདོན་ཐུབ་རྒྱུ་སོགས་ཀྱི་དགེ་མཚན་ཡོད་པ་སོགས་གསུངས་ཡོད།

རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་འགན་འཛིན་ཟུར་པ་ཡོ་རོབ་དུ་འགྲོ་མི་ཆོག་པའི་བཀག་འགོག

བྷེལ་ཇམ་ནང་དུ་ལོ་ངོ་བཅུ་ལྷག་འདུག་མྱོང་ཡོད་པའི་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་འགན་འཛིན་ཟུར་པ་ Xinning Song ཟེར་བ་ཞིག་གིས་རྒྱ་གཞུང་གི་ཆེད་དུ་གསང་ཉུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པར་ཤེས་རྟོགས་བྱུང་སྟེ་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་ཅིག་གི་ནང་དུ་ཡང་འགྲོ་མི་ཆོག་པའི་བཀག་སྡོམ་བྱས་འདུག  Belgium གྱི་རྒྱལ་ས་ Brussels ནང་རྟེན་གཞི་བྱས་པའི་ VUB ཉམས་ཞིབ་སློབ་གཉེར་ཁང་གི་ཁུང་ཙི་སློབ་གླིང་དེ་ནི་ཕྱི་ལོ་ ༢༠༡༦ ལོར་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། སྔར་ལོ་ཡུལ་དེའི་གསང་བའི་ལས་ཁུངས་གིས་VUB ཉམས་ཞིབ་སློབ་གཉེར་ཁང་ལ་རྒྱ་གཞུང་གིས་ཁུང་ཙི་སློབ་གླིང་བརྒྱུད་ནས་གསང་ཉུལ་ལས་དོན་སྤེལ་གྱི་ཡོད་པའི་ཉེན་བརྡ་བཏང་མྱོང་ཡོད་ཀྱང། སྐབས་དེར་སློབ་གླིང་དེའི་ཐོག་ཡ་ལན་གང་ཡང་བྱས་མེད་པ་དེ་ལྟར་ཡང་། དེ་རིང་གསར་ལམ་ཁག་ཏུ་གསར་དུ་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན་བྷེལ་ཇམ་གྱི་ནང་སྲིད་ལས་ཁུངས་ནས་ཉེ་ཆར་ VUB ཁུང་ཙི་སློབ་གླིང་ཁང་དེའི་འགན་འཛིན་ཟུར་པ་ Xinning Song གྱིས་ཡུལ་དེའི་ནང་གི་རྒྱ་རིགས་སློབ་ཕྲུག་དང་ཚོང་འབྲེལ་མི་སྣ་ཁག་གཅིག་དང་མཉམ་འབྲེལ་གྱིས་རྒྱ་གཞུང་ཆེད་གསང་ཉུལ་ལས་དོན་སྤེལ་ཡོད་པའི་ཉེས་འཛུགས་དང་བཅས་ཁོང་རྒྱལ་ཁབ་དེའི་ནང་མ་འོངས་པར་ལོ་བརྒྱད་རིང་འཛུལ་ཞུགས་བྱེད་མི་ཆོག་པ་བཟོས་འདུག Xinning Song གྱིས་གསར་ལམ་ཁག་ཏུ་ཁོང་ལ་བཙུགས་པའི་ཉེས་འཛུགས་དེར་ངོས་ལེན་མེད་པར་བརྗོད་དེ་དེའི་ཐོག་ཞུ་གཏུག་བྱ་རྒྱུ་ཡིན་པ་བརྗོད་འདུག་མོད། གང་ལྟར་ད་ལྟའི་ཆར་ཁོ་པ་བྷེལ་ཇམ་ཙམ་མ་ཡིན་པར་ཡུ་རོབ་མཐུན་ཚོོགས་ཀྱི་རྒྱལ་ཁབ་གང་དུའང་འཛུལ་ཞུགས་བྱེད་མི་ཆོག་པ་བཟོས་འདུག གཞི་རྩའི་རྒྱ་ནག་གིས་ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་ཁུང་ཙི་སློབ་གླིང་རྩ་འཛུགས་བྱས་ཏེ་རྒྱལ་སྤྱིའི་རྒྱལ་ཁབ་མ་འདྲ་བ་༡༣༤ ནང་དུ་སློབ་གླིང་ ༥༠༠ ལྷག་འཛུགས་སྐྲུན་བྱས་ཏེ་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་བརྒྱུད་སྤེལ་བྱེད་ཀྱི་ཡོད་པ་མ་ཟད་རྒྱལ་སྤྱིའི་ཁྱོན་ལ་ཞིབ་འཇུག་བྱེད་ཆེད་མ་དངུལ་གཏོང་གི་ཡོད་ཀྱང་། ད་ཆ་རྒྱལ་སྤྱིའི་ས་གནས་མང་པོ་ཞིག་ཏུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་དེར་དོགས་ཟོན་བྱེད་བཞིན་ཡོད་པ་དང་དེ་ལྟ་བུའི་ཁུང་ཙི་སློབ་གླིང་མང་པོ་ཞིག་སྒོ་བརྒྱབས་མུས་ཡིན་པ་རེད། VUB ཉམས་ཞིབ་སློབ་གཉེར་ཁང་གི་གསར་འགོད་འབྲེལ་མཐུད་པ་ Sicco Witterman ལགས་ཀྱིས་སློབ་གཉེར་ཁང་དེའི་ངོས་ནས་ད་ཆ་ཁུང་ཙི་སློབ་གླིང་དང་འབྲེལ་བའི་གནད་དོན་དེའི་ཐད་ Belgium གྱི་གསང་བའི་ལས་ཁུངས་དང་མཉམ་ལས་གནང་བཞིན་ཡོད་པ་མ་ཟད་ཁུང་རྩི་སློབ་གླིང་གི་འགན་འཛིན་གསར་པ་བསྐོ་གཞག་ཐོག་ལའང་གསང་བའི་ལས་ཁུངས་དང་གྲོས་བསྡུར་གནང་ཡོད་སྐོར་གསུངས་པ་དང་སྤྱིར་ VUB ཉམས་ཞིབ་སློབ་གཉེར་ཁང་དང་ཁུང་ཙི་སློབ་གླིང་དབར་གྱི་གན་ཡིག་གྱི་དུས་ཡུན་དེ་ལོ་རྗེས་མར་ཚང་གི་ཡོད་སྟབས་ཕྱོགས་གཉིས་ཀྱི་གན་ཡིག་མུ་མཐུད་མཇུག་སྐྱོང་བྱ་མིན་ཐད་ཡིད་གཟབ་གནང་རྒྱུ་ཡིན་པ་གསུངས་འདུག རྩ་བའི་རྒྱ་ནག་་གི་ཁུང་ཙི་སློབ་གླིང་གི་འགན་འཛིན་ཟུར་པ་དེ་ནི་པེ་ཅིན་དུ་རྟེན་གཞི་བྱས་པའི་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་ཀྱང་ཡིན་པ་དང་ཕྱི་ལོ་ ༢༠༡༦ བར་དུ་ Belgium ནང་དུ་ཁུང་ཙི་སློབ་གླིང་གི་འགན་འཛིན་བྱས་མྱོང་ཡོད་པ་རེད།

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༤ པ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་དགུ་པ་ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༤ པ་དབུ་འཛུགས་གནང་སོང་། ཐེངས་འདིའི་ལྷན་ཚོགས་ཐོག་༸གོང་ས་མཆོག་གིས་དབུས་པའི་སེམས་དང་སྲོག་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ངེས་སྟོན་པ་༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Aaron Stern ལགས། དེ་བཞིན་བསྟི་གནས་ཁང་གི་ཚོགས་གཙོ་ Susan Bauer-Wu ལགས་དང་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས། སྐྱེས་དངོས་རིག་པའི་འཕེལ་རིམ་ཐོག་གི་ཚན་རིག་མཁས་པ་སྐུ་ཞབས་ David Sloan Wilson ལགས་དང་སྤྱི་ཚོགས་འཕྲོད་བསྟེན་དང་སེམས་ཁམས་རིག་པའི་ཚན་རིག་པ་ལྕམ་ Pumla Gobodo-Madikizela ལགས། སེམས་དང་སྲོག་བསྟི་གནས་ཁང་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཚན་རིག་མཁས་པ་སོགས་ནས་ལྷན་ཞུགས་གནང་འདུག ལྷན་ཚོགས་ཀྱི་ཐོག་མར་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་བསྟི་གནས་ཁང་གིས་འདས་པའི་ལོ་ངོ་མང་པོའི་རིང་ལ་མགོན་པོ་༸གང་ཉིད་མཆོག་དང་རྒྱལ་སྤྱིའི་ཚན་རིག་མཁས་པའི་དབར་བགྲོ་གླེང་གནང་རྒྱུ་སོགས་ཀྱི་མཛད་རིམ་གོ་སྒྲིག་ཞུ་བཞིན་པ་དེས་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་བཀའ་བསྩལ་བ་དང་སྦྲགས། བསྟི་གནས་ཁང་གི་འགན་འཛིན་གྱིས་དབུས་པའི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞེས་འཚམས་འདྲི་མཛད་སོང་།  མགོན་པོ་༸གང་ཉིད་མཆོག་གིས་སྤྱིར་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་གཞི་རྩའི་བསླབ་བྱ་གཙོ་བོ་དེ་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་གཅིག་མཚུངས་ཡིན་ཡང་ལྟ་གྲུབ་ཀྱི་ཆ་ནས་ནང་པའི་ཆོས་ལུགས་འདི་དད་པ་ཁོ་ན་མིན་པར་དཔྱད་པ་གནང་རྒྱུའི་རང་དབང་ཡོད་པ་དེ་ནི་ཆོས་ལུགས་གཞན་ལས་ཅུང་ཟད་དམིགས་བསལ་བ་ཞིག་ཡིན་པ་ངོ་སྤྲོད་མཛད་པ་དང་སྦྲགས། ང་ཚོས་རྒྱུན་དུ་གནད་དོན་ཅི་རིགས་ཐོག་སོ་སོའི་ཀླད་པའི་བྱེད་ལས་དེ་དག་ནུས་པ་ཆ་ཚང་བ་ཞིག་སྤྱོད་རྒྱུ་གལ་ཆེན་པོ་ཡིན་པ་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། ལྷག་པར་དུ་ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་བརྒྱུད་ནས་ཕྱོགས་ཕན་ཚུན་དབར་ཤེས་ཡོན་བརྗེ་ལེན་གནང་ཐུབ་པའི་དགེ་མཚན་ལྡན་ཡོད་པ་དང་། ཚན་རིག་གི་ཐོག་ནས་ཕྱི་དངོས་པོའི་ཐོག་ཞིབ་འཇུགས་ཚད་མཐོ་པོ་གནང་སྟེ་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེ་སྐྲུན་ཐུབ་ཡོད་ཀྱང་ནང་སེམས་ཀྱི་རྣམ་གཞག་དང་འགྲོ་བ་མིའི་སེམས་ཚོར་དང་འབྲེལ་བའི་རྣམ་གཞག་ཐོག་དུས་ད་ལྟ་ཡང་ཚན་རིག་ཐོག་ནས་འདངས་ངེས་ཤིག་མེད་སྟབས། ཚན་རིག་པ་རྣམས་ནས་མུ་མཐུད་དེ་དེ་དག་ཐོག་ཐུགས་སྣང་དང་ཞིབ་འཇུག་གནང་དགོས་གལ་ཡིན་པ་བཀའ་བསྩལ་ཡོད།    དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འཛམ་བུ་གླིང་འདིའི་ཐོག་འཕྲད་བཞིན་པའི་རང་བྱུང་གི་གོད་ཆག་ཁག་ཅིག་ང་ཚོས་འགོག་ཐབས་མེད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ཀྱི་དབུལ་ཕྱུག་གི་དཀའ་ངལ་དང་། དམག་འཁྲུག དེ་བཞིན་ཆོས་ལུགས་ཀྱི་འཐེན་འཁྱེར་ཐོག་འབྱུང་བཞིན་པའི་འཁྲུག་རྩོད་སོགས་ནི་འགྲོ་བ་མིས་བཟོས་པ་ཞིག་ཡིན་སྟབས་དཀའ་ངལ་དེ་དག་རྩ་བ་ནས་མེད་པ་བཟོ་ཐུབ་ཀྱི་མེད་རུང་ཉུང་དུ་གཏང་རྒྱུའི་ནུས་པ་དང་འགན་དེ་ང་ཚོ་མི་ཚོར་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག དེའི་ཐོག་ཐབས་ལམ་འཚོལ་རྒྱུ་གལ་ཆེན་པོ་ཡིན་པ་དང་ཚན་རིག་དང་མཐུན་པའི་ཐོག་ནས་ཤེས་ཡོན་སློབ་གསོའི་ནང་འགྲོ་བ་མིའི་རང་བཞིན་བཟང་པོའི་ཡོན་ཏན་རྣམས་སློབ་ཁྲིད་གནང་བར་འབད་རྩོན་གནང་དགོས་པའི་ལམ་སྟོན་སོགས་བསྩལ་ཡོད། གཞི་རྩའི་དེ་རིང་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་ཉིན་དང་པོའི་བརྗོད་གཞི་གཙོ་བོ་ནི་སྐྱེས་དངོས་རིག་པའི་འཕེལ་རིམ་དང་ཀུན་སྤྱོད་ཀྱི་འབྲེལ་བའི་སྐོར་ཡིན་པ་ལྟར། སྐྱེས་དངོས་རིག་པའི་འཕེལ་རིམ་ཐོག་གི་ཚན་རིག་མཁས་པ་སྐུ་ཞབས་ David Sloan Wilson ལགས་ནས་འདས་པའི་ལོ་ངོ་ ༥༠ ཙམ་གི་གོང་ལ་སྐྱེས་དངོས་རིག་པའི་ཚན་རིག་པ་ཚོས་སྐྱེས་དངོས་ཀྱི་འཕེལ་རིམ་འགྲེལ་བརྗོད་གནང་སྐབས་རིགས་རྒྱུན་གྱི་ས་བོན་ལ་གཞི་གཙོ་བོར་འཛིན་བཞིན་ཡོད་ཀྱང་། རིམ་པས་ཚན་རིག་གི་དཔྱད་ཞིབ་ཁྲོད་མིས་གཙོས་པའི་སྐྱེས་དངོས་འཕེལ་རིམ་གྱི་གྲུབ་བྱའི་ནང་རིགས་རྒྱུན་གྱི་ས་བོན་དང་དེའི་ཁྱད་ཆོས་ཙམ་མ་ཟད། སྐྱེས་དངོས་ཀྱི་ཀུན་སྤྱོད་དང་སྤྱི་ཚོགས། དེ་བཞིན་ནང་པའི་གཞུང་ནས་གསུང་བཞིན་པའི་བལྟོས་གྲུབ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ར་ཕྲོད་བྱུང་སྐོར་སོགས་སྙན་སེང་ཞུས་སོང་། སྐབས་དེའི་བགྲོ་གླེང་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་སྐྱེས་དངོས་ཀྱི་འཕེལ་རིམ་ཤེས་པ་དང་འཚོ་བ་སོགས་ཀྱི་སྐོར་གསུངས་སྐབས་ཚན་རིག་པ་རྣམས་ནས་རྒྱ་གར་གྱི་སེམས་ཁམས་རིག་པའི་ཐོག་སློབ་སྦྱོང་གནང་དགོས་གལ་ཡིན་པ་ལམ་སྟོན་སོགས་མཛད་ཡོད། གཞི་རྩའི་སེམས་དང་སྲོག་གི་བསྟི་གནས་ཁང་དེ་ནི་ཕྱི་ལོ་ ༡༩༨༧ ལོར་གསར་འཛུགས་གནང་བ་ནས་བཟུང་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་ཤེས་ལྡན་མི་སྣ། དེ་བཞིན་ནང་པའི་ལྟ་གྲུབ་མཁས་པ་ཚོའི་དབར་ཕྱི་ནང་གི་ཤེས་ཡོད་བརྗེ་རེས་གནང་སྟེ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གོང་མཐོར་གྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྐྲུན་ཐབས་སོགས་ལ་ཆེད་དམིགས་གནང་དོན་ལྟར་དེ་རིང་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་ ༣༤ འཚོགས་བཞིན་ཡོད་པ་དང་། གནངས་ཉིན་ལྷན་ཚོགས་ཉིན་གཉིས་པའི་ཐོག་སྤྱི་ཚོགས་འཕྲོད་བསྟེན་དང་སེམས་ཁམས་རིག་པའི་ཚན་རིག་པ་ལྕམ་ Pumla Gobodo-Madikizela ལགས་དང་༸གོང་ས་མཆོག་ལྷན་རྒྱས་དབར་བཀའ་བསྡུར་གནང་གི་ཡོད་པ་རེད།

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འགན་ཁུར་དགོས་པ་བཟོ་རྒྱུ་ཡིན།

ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Marise Payne མཆོག་གིས་ཀེན་བྷི་ར་ནས་རྒྱ་ནག་གིས་ཁུལ་དེའི་མངའ་ཁོངས་སུ་ཡོད་པའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འགན་ཁུར་བ་ཞིག་བཟོ་རྒྱུ་ཡིན་པ་དང་སྦྲགས་ཏེ་ཨོ་གླིང་ནས་འགྲོ་བ་མིའི་ཐོབ་ཐང་ལ་ཚོར་བ་རྣོ་བའི་གནད་དོན་དག་མ་གླེང་ནས་ཁུ་སིམ་པོར་བཞུགས་རྒྱུ་ནི་ཨོ་གླིང་རྒྱལ་ཁབ་ཀྱི་བཞེངས་ཕྱོགས་མིན་པ་གསུངས་འདུག  དེ་རིང་ Reuters གསར་ཁང་གིས་ཉེ་བའི་ལོ་རབས་ནང་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ནང་མོལ་གནད་དོན་ཐད་ཐེ་གཏོགས་ཀྱིས་ཨོ་གླིང་གཞུང་ནས་དེར་སྐྱོན་འཛུགས་དང་འབྲེལ། ཨོ་གླིང་རྒྱལ་ས་ཀེན་བྷི་ར་དང་རྒྱ་ནག་གཉིས་དབར་གྱི་ཚོང་འབྲེལ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་མོལ་ཐད་དོ་ཕོག་ཕྱིན་པའི་ཁྲོད་ཚོང་ལས་འགན་འཛིན་ཁག་གཅིག་གིས་ཨོ་གླིང་གཞུང་ནས་དཔལ་འབྱོར་གྱི་སྲིད་བྱུས་དེ་སྤྱི་ཚོགས་ཀྱི་གནད་དོན་ལས་གལ་ཆེར་ངོས་འཛིན་དགོས་པར་བརྗོད་ཡོད་པ་རེད། འོན་ཀྱང་ལྕམ་སྐུ་ Payne མཆོག་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལེགས་པོ་ཡོང་བར་རྒྱལ་ཁབ་ཕན་ཚུན་ནས་དེ་གའི་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་བཀུར་ངེས་པར་དུ་ཞུ་དགོས་སྐོར་དང་སྒོས་ཨོ་གླིང་ནས་སླད་མར་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མུ་མཐུད་གླེང་རྒྱུ་དང་ཚོར་བ་རྣོ་བའི་གནད་དོན་ཐད་ཁུ་སིམ་པོར་བཞུགས་རྒྱུ་མེད་པ་གསུངས་འདུག ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་སྣང་མེད་བཏང་བ་ནི་དེ་འབྲེལ་བྱ་སྤྱོད་ལ་ཁས་ལེན་ཞུས་ཡོད་པ་གཅིག་མཚུངས་ཡིན་པ་དང་། ལྷག་པར་དུ་དེས་རྒྱལ་སྤྱིའི་ཞི་བདེ་དང་སྲ་བརྟན་གྱི་རང་བཞིན་ལ་སྣང་ཆུང་བཏང་བ་མཚོན་གྱི་ཡོད་པ་གསུངས་འདུག་པ་མ་ཟད་ང་ཚོའི་གདོང་ལེན་བྱེད་དགོས་པའི་གནད་དོན་ལ་གདོང་ལེན་མ་གནང་ཚེ་ཡར་རྒྱས་ཀྱི་གཞི་མེད་པར་གྱུར་ངེས་ཡིན་པ་གསུངས་འདུག གཞི་རྩའི་རྒྱ་ནག་དེ་ཨོ་གླིང་རྒྱལ་ཁབ་ཀྱི་ཚོང་འབྲེལ་ཤུགས་ཆེ་བཞག་སའི་རྒྱལ་ཁབ་ཆགས་ཀྱི་ཡོད་ཀྱང་ཉེ་ལམ་རྒྱ་ནག་ནས་ཨོ་གླིང་གི་འོས་བསྡུ་ཆེན་མོའི་སྔ་རོལ་དུ་གྲོས་ཚོགས་དང་ཆབ་སྲིད་ཚོགས་པ་ཆེ་ཤོས་གསུམ་ལ་དྲྭ་ལམ་འགོག་ཐབས་ཀྱི་བཙན་རྒོལ་བྱས་ཡོད་པ་རེད། ནང་སྲིད་བློན་ཆེ་སྐུ་ཞབས་ Peter Dutton མཆོག་གིས་རྒྱ་ནག་གིས་གཙོ་བོ་དེ་འབྲེལ་ཨོ་གླིང་གི་ཆབ་སྲིད་ཚོགས་པ་དང་གཙུག་ལག་སློབ་གཉེར་ཁང་ལ་དམིགས་འབེན་དུ་བཟུང་གི་ཡོད་པ་གསུངས་ཡོད་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ནས་དེ་འབྲེལ་གནད་དོན་ཁས་ལེན་བྱས་མེད་པ་རེད།

Latest news