Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

Better  We Better World ཞེས་པའི་ཚོགས་པས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག

དེ་རིང་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Better  We Better World ཞེས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་པའི་ཚོགས་པའི་ཚོགས་མི་ ༣༣ ཙམ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག ཚོགས་པ་དེའི་ཚོགས་མི་རྣམས་ནི་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་བྷེལ་ཇམ་གཙོས་པའི་ས་གནས་འདྲ་མིན་ནས་ཡིན་པའི་ཚན་རིག་མཁས་པ་དང་།  སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་མཁན་སོགས་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ཡིན་པ་དང་།     ད་རེས་ཚོགས་མི་རྣམས་པས་བྱམས་བརྩེ་སྒོ་ནས་འཛམ་བུ་གླིང་ཞི་བདེ་ཇི་ལྟར་བསྐྲུན་ཐབས་ཐད་༸གང་ཉིད་མཆོག་གི་ལམ་སྟོན་ཞུ་བར་བཅར་ཡོད་པ་དང་།  སྐབས་དེར་༸མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་འཛམ་བུ་གླིང་ཞི་བདེ་སྐྲུན་ཐབས་སྐོར་དང་།  དེ་བཞིན་ནང་སེམས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བཀའ་སློབ་ལམ་སྟོན་བསྩལ་ཡོད་པ་རེད་འདུག  མ་ཟད།  ༸གང་ཉིད་མཆོག་གིས་ཆིག་སྒྲིལ་གྱི་གལ་གནད་ཐད་བཀའ་བསྩལ་དང་འབྲེལ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་བསྔགས་བརྗོད་མཛད་སྐོར་ཚོགས་པ་དེ་མཉམ་འཛུགས་གནང་མཁན་ལྕམ་ Sophia Stril Rever ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་ད་རེས་༸གོང་ས་མཆོག་གི་མཇལ་ཁ་ཞུས་བ་བརྒྱུད་རང་ཉིད་ལ་འཛམ་བུ་གླིང་སྤྱི་ཡོངས་ཀྱི་ཁེ་ཕན་སླད་ཞབས་འདེགས་སྒྲུབ་རྒྱུར་སེམས་འགུལ་དང་སྙིང་སྟོབས་སྐྱེས་བ་དང་སྦྲགས།  ང་ཚོའི་ཚོགས་པ་ལྟ་བུ་མཚོན་ན་དམིགས་ཡུལ་གཙོ་བོ་དེ་ ༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ་ཡིན་པ་དང་།   ༸གང་ཉིད་མཆོག་གི་འཛམ་བུ་གླིང་སྤྱི་ཡོངས་ཀྱི་བདེ་འཇགས་སླད་ཀྱི་དགོངས་བཞེས་ནི་ད་ཆ་འགྲོ་བ་མིར་ངེས་པར་དུ་དགོས་ངེས་དང་།     ལྷག་པར་དུ་བླ་ན་མེད་པའི་དགོངས་བཞེས་དེ་ནི་སྐྱེ་འགྲོ་ཡོངས་འཚོ་ཐབས་སླད་མན་ངག་ཅིག་ཏུ་གྱུར་ཡོད་སྐོར་གསུངས་སོང་། དེ་དང་ལྷན་དུ་ཕ་རན་སི་ནས་ཡིན་པའི་ཚོགས་བཅར་བ་ Philippe Guettier ལགས་ཀྱིས་ད་རེས་༸གོང་ས་མཆོག་མཇལ་འཕྲད་བྱུང་བར་དགའ་བ་ཚད་མེད་སྐྱེས་པ་དང་སྦྲགས།    རང་ཉིད་ཀྱིས་སྤྱི་ཡོངས་ཀྱི་ཁོར་ཡུག་གི་གནས་བབ་ཡར་རྒྱས་དང་འཛམ་བུ་གླིང་ཞི་བདེ་བསྐྲུན་ཐབས་སླད་བྱམས་བརྩེ་ལྟ་བའི་སྒོ་ནས་ཐབས་ལམ་ཞིག་ཡོད་པ་ཤེས་དུས་དངོས་གནས་དགའ་པོ་བྱུང་སོང་སྐོར་གསུངས་སོང་། གཞི་རྩའི་ཚོགས་པ་དེས་ཚོགས་མི་རྣམས་བཞུགས་སྒར་དུ་ཆེད་མངགས་བཅར་བའི་ཐོག་མེག་ལོཊ་གྷན་ཇི་ལ་རྟེན་གཞི་བྱས་པའི་ཆོས་ནོར་གསོལ་སྒྲོན་ཁང་དུ་ཟླ་བ་འདིའི་ཚེས་ ༢༤ ནས་འགོ་བཙུགས་ཀྱིས་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོས་ཕྱོགས་དང་།      བྱམས་བརྩེ།  དེ་བཞིན་མང་ཚོགས་ཀྱི་བདེ་འཇགས་སྒོ་ནས་འཛམ་བུ་གླིང་གི་གནས་བབ་བཟང་ཕྱོགས་ལ་བསྒྱུར་ཐབས་སླད་ཐབས་ལམ་ལག་བསྟར་གནང་རྒྱུའི་ཐད་བགྲོ་གླེང་ཚོགས་ཡོད་པ་དང་།  བགྲོ་གླེང་གི་ཚོགས་ཆེན་དེ་ཡང་སང་ཕྱི་ཚེས་ ༢༩ འི་སྔ་དྲོའི་ལས་རིམ་གྲུབ་རྗེས་མཇུག་སྒྲིལ་གནང་རྒྱུ་རེད་འདུག  

ཡོན་ཏན་ལགས་ཀྱིས་སྐུ་ལུས་ཞུགས་འབུལ་གནང་རྗེས་འདས་གྲོངས་སུ་གྱུར་འདུག

ཁ་ཉིན་ཟླ་ ༡༡ ཚེས་ ༢༦ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་བཞི་པ་ཡོལ་ཙམ་ལ་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་དགུང་ལོ་ ༢༤ ཙམ་ཕེབས་པའི་བོད་མི་ན་གཞོན་ཡོན་ཏན་ལགས་ཀྱིས་སྐུ་ལུས་ཞུགས་འབུལ་གནང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་རྗེས་སྐུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་འགྲེལ་བརྗོད་གནང་བར་ད་ལྟའི་ཆར་ཡོན་ཏན་ལགས་སྐུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གསལ་པོ་ཡིན་ཀྱང་། ཁོང་གི་སྐུ་ཕུང་ནང་མིའི་ཕྱག་ལ་སོན་ཡོད་མེད་དང་ས་གནས་རྒྱ་ནག་གཞུང་གིས་ཡོན་ཏན་ལགས་ཀྱི་ནང་མིས་གཙོས་པའི་ས་གནས་སུ་སྔ་རྗེས་ཀྱི་དམ་བསྒྲགས་གང་བྱེད་བཞིན་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་གསུངས་སོང་། རྩ་བའི་དགུང་ལོ་ ༢༤ ཙམ་ཕེབས་པ་ཡོན་ཏན་ལགས་ནི་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་བསོད་དོན་དང་མ་ཚེ་ཁོ་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། རྔ་བ་ཀིརྟི་དགོན་པར་གྲྭ་ཞུགས་གནང་མྱོང་ཡོད་ཀྱང་རྗེས་སུ་སྐྱ་སར་བབས་ནས་འབྲོག་པའི་འཚོ་བ་སྐྱེལ་ནས་བཞུགས་འདུག གཞི་རྩའི་ཕྱི་ལོ་ ༢༠༠༩ ནས་ད་བར་གཞིས་ལུས་བོད་མི་ ༡༥༥ ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་ངོ་རྒོལ་གྱིས་སྐུ་ལུས་ཞུགས་འབུལ་གནང་ཡོད་པ་དང་། རྔ་བ་རྨེའུ་རུ་མ་ནས་ཡིན་པའི་རྒྱལ་གཅེས་པ་ཡོན་ཏན་ལགས་ནི་ལོ་འདི་ནང་སྐུ་ལུས་ཞུགས་འབུལ་གནང་མཁན་ཐོག་མ་ཆགས་ཡོད་པ་རེད།

ཆོས་ཚོགས་ཐེངས་བཅུ་བཞི་པ་དབུ་འཛུགས་དང་སྦྲགས་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་སྤྱི་མོས་ཀྱིས་དམིགས་བསལ་གྲོས་ཆོད་གཏན་འབེབས།

དེ་རིང་སྔ་དྲོ་བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་དབུ་ཁྲིད་སྐུ་ཚབ་བཅས་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་དབུ་འཛུགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་སྤྱི་མོས་ཀྱིས་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་གཏན་འབེབས་གནང་སོང་། ཐེངས་འདིའི་ཆོས་ཚོགས་ཐོག་འཁོན་རིགས་བསྟན་པའི་གཙུག་རྒྱན་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག གཡུང་དྲུང་བོན་གྱི་བསྟན་བདག་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༸འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག དེ་བཞིན་༸སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་༸སྐྱབས་རྗེ་ཚུར་ཕུ་རྒྱལ་ཚབ་གོོ་ཤྲཱི་རིན་པོ་ཆེ་མཆོག་དང་༸སྔ་འགྱུར་རྙིང་པའི་སྐུ་ཚབ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་མཆོག ༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེའི་སྐུ་ཚབ་༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་ཚོགས་བཅར་བ་ཁྱོན་ ༡༡༧ ནས་དངོས་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་སོང་བ་དང་། དེ་རིང་དབུ་འབྱེད་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་གནང་ཡོད་པ་རེད། སྔ་ཐོག་ཚོུད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཚོགས་འདུ་ངོ་སྤྲོད་དང་སྦྲགས། ཐེངས་འདིའི་ཆོས་ཚོགས་ཀྱི་མཚན་བྱང་ལ་འགྱུར་བ་ཕྲན་བུ་བཏང་ཡོད་སྐོར་དང་དེ་བཞིན་ད་ལྟའི་ཆར་དུས་ཀྱི་གནས་བབས་ཤིག་གི་ཐོག་ནས་༸རྒྱལ་བའི་ཡང་སྲིད་རིན་པོ་ཆེའི་གནད་དོན་ཐོག་ཁྲིམས་འཕེལ་ཡིག་ཆ་བཟོ་འཇོག་གནང་གལ་ཆེ་བ་ལྟར། ཐེངས་འདིའི་ཆོས་ཚོགས་བརྒྱུད་ནས་༸སྐུའི་ཡང་སྲིད་དང་འབྲེལ་བའི་དམིགས་བསལ་གྲོས་ཆོད་ཅིག་གཏན་འབེབས་གནང་རྒྱུ་ཡིན་སྐོར་གསུངས་ཡོད། སྐབས་དེར་དམིགས་བསལ་སྐུ་མགྲོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བསྟན་བདག་དབུ་ཁྲིད་གཙོས་ཚོགས་བཅར་ཡོངས་ལ་བཀའ་ཤག་གི་ངོས་ནས་འཚམས་འདྲི་ཞུས་པ་དང་འབྲེལ། ཉེ་ཆར་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམ་པ་མགྲིན་དབྱངས་གཅིག་གྱུར་གྱིས་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་རྣམས་ངེས་ཕེབས་ཡོང་བ་དང་༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་༸གོང་ས་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་བླ་བྲང་ཁོ་ནར་ཡོད་པ་ལས་གཞན་སུ་ལའང་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་དེ་ལོ་རྒྱུས་དང་རྩ་དོན་གཉིས་ཀའི་ཐོག་ནས་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་དབུས་པའི་བོད་པའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐད་ཁྲིམས་སྒྲིག་གསར་བཟོ་དང་ཐད་བྱུས་བྱེད་བཞིན་པའི་སྐབས་འདིར་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ་དང་སྐུ་ཚབ་ཚོས་ད་ལན་ཆོས་ཚོགས་འདིའི་སྟེང་ཡོད་པའི་དམིགས་བསལ་གྲོས་ཆོད་ཐོག་བཀའ་བསྡུར་གྱིས་རྒྱབ་སྐྱོར་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་པར་ནན་སྐུལ་གནང་ཡོད། ཐེངས་འདིའི་ཆོས་ཚོགས་སུ་ལྷན་འཛོམས་གནང་བའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་སྐུ་ཚབ་བཅས་ནས་བཀའ་སློབ་གསུང་བཤད་བཀྲིན་བསྐྱངས་པའི་ཁྲོད་དུ་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་པོ་མཆོག་ནས་ད་བར་བོད་བརྒྱུད་ནང་བསྟན་དང་སངས་རྒྱས་ཀྱི་བསྟན་པ་ནང་ཕན་ཚུན་ཙམ་མ་ཡིན་པར་འཛམ་གླིང་ནང་གི་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་ཡོང་ཐབས་སུ་སྐུ་ངལ་འཛེམ་མེད་ཀྱིས་ཐུགས་འགན་གཙོ་བཞེས་མཛད་བཞིན་ཡོད་པ་ལྟར་ང་ཚོ་བོད་རྒྱ་ཆེ་མང་ཚོགས་ཚོས་ཀྱང་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་མཐུན་འབྲེལ་གནང་དགོས་པ་མ་ཟད། མི་རིགས་ཡོངས་རྫོགས་མཐུན་སྒྲིལ་ངང་མཛད་པ་རྒྱ་ཆེ་བསྐྱང་ཐུབ་ཡིན་ན་ཕྱོགས་ཀུན་ནས་དགེ་མཚན་ཆེན་པོར་གཟིགས་ ཡོད་སྐོར་བཀའ་བསྩལ་སོང་། ལྷག་དོན་༸དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་༸སྐུའི་ཡང་སྲིད་ཕེབས་དགོས་གལ་ཡིན་ཀྱང་ཡང་སྲིད་དེ་ཆོས་ལུགས་གང་གི་ཁོངས་སུ་འཁྲུངས་མིན་ལ་བལྟོས་མེད་དེར་ཡིད་ཆེས་དང་ངོས་འཛིན་ཞུ་དགོས་པ་མ་ཟད། ང་ཚོས་ཀྱང་ཡང་སྲིད་རིན་པོ་ཆེས་བཀའ་ཆོས་བསྩལ་ཁག་བོད་ཀྱི་སྐད་ཡིག་ཐོག་ནས་གོ་ཐུབ་པ་ཞིག་བྱེད་དགོས་ཞེས་ལམ་སྟོན་བསྩལ་ཡོད། དེ་བཞིན་དབུ་ཁྲིད་བླ་ཆེན་རྣམ་པ་དང་གཞན་ཡང་སྐུ་ཚབ་བཅས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཚོགས་འདི་ལྟ་བུའི་ཐོག་ནས་བསྟན་འགྲོ་སྤྱི་ལ་སྨན་པ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒོས་བོད་བརྒྱུད་ནང་བསྟན་ནང་གི་ཆོས་བརྒྱུད་ཕན་ཚུན་དབར་ལ་ཐུགས་མཐུན་ཁྲིམས་གཙང་དམ་ཆོས་འོ་ཆུ་གཅིག་འདྲེས་ལྟ་བུ་ཡོང་སླད་ཀྱི་དགོངས་བཞེད་འདི་ནི་རླབས་ཆེན་ཞིག་དང་དུས་རབས་དང་མཐུན་པ་སོགས་ཆེ་བསྟོད་ཞུས་པ་མ་ཟད། ཕྱིན་ཆད་དབུ་ཁྲིད་བླ་ཆེན་རྣམ་པས་བསྟན་འགྲོ་སྤྱི་ལ་སྨན་པའི་ཆོས་ཚོགས་འདི་ལྟ་བུ་རྒྱུན་འཁྱོངས་གནང་རྒྱུ་དང་མང་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་ལྟར་ཤར་བསྐྱོད་གནང་རྒྱུ་གལ་ཆེན་པོར་གཟིགས་ཀྱི་ཡོད་པ་སོགས་བཀའ་བསྩལ་སོང་། སྔ་དྲོའི་དབུ་འབྱེད་མཛད་སྒོ་གྲུབ་རྗེས་ཆོས་ཚོགས་ཀྱི་ཚོགས་དུས་དང་པོའི་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་སྐུ་ཚབ་བཅས་གདན་ཞུ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་དམིགས་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་། གྲོས་ཆོད་དེའི་ནང་༸གོང་ས་ཏཱ་ལའི་བླ་མའི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མུ་མཐུད་ངེས་འབྱོན་དགོས་པ་བོད་མི་ཡོངས་ཀྱི་བཅོས་མིན་མངོན་འདོད་ཡིན་པར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ་དང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸གང་ཉིད་གཅིག་པུར་ཡོད་པ་ལས་གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་༸རྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ་ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན། དེ་བཞིན་༸གོང་ས་ཏཱ་ལའི་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ནང་པ་སངས་རྒྱས་པའི་གཞི་རྩའི་ལྟ་གྲུབ་ཡང་དག་ལ་བརྟེན་ཅིང་། མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་ཐོུང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུན་འཛིན་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་ཡིན་པ་བཅས་དོན་ཚན་གཙོ་བོ་གསུམ་འཁོད་ཡོད་པ་རེད། ཐེངས་འདིའི་ཆོས་ཚོགས་འདི་ནི་དེ་རིང་ནས་ཉིན་གྲངས་གསུམ་རིང་འཚོགས་གནང་གི་ཡོད་པ་དང། ཆོས་ཚོགས་ཀྱི་མཇུག་སྡོམ་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད། ཉིན་གསུམ་གྱི་ཆོས་ཚོགས་དེའི་ཁྲོད་དབུ་ཁྲིད་བླ་ཆེན་རྣམ་པ་དང་སྐུ་ཚབ་རྣམ་པ་ཚོགས་མགོན་དུ་དབུ་བཞུགས་ཀྱིས་བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཇི་དགེའི་གཙོས། ཆོས་ལུགས་གཞན་དང་ནང་པའི་ཆོས་བརྒྱུད་དབར་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ལ་བསྐྱར་ཞིབ། དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་བཞེས་ཕྱོགས་སོགས་གཙོ་བོ་གྲོས་གཞི་དོན་ཚན་མི་འདྲ་བ་ཁག་བཞིའི་ཐོག་བཀའ་བསྡུར་གནང་གི་ཡོད་པ་རེད།

མ་ཎིའི་ལྗགས་ལུང་དང་ཡིག་དྲུག་གི་འགྲེལ་བ་བཀའ་ཁྲིད་མཛད་པ།

དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཏི་ནམ་མཇལ་བཅར་བ་མི་གྲངས་ ༤༠ ཙམ་ལ་མཇལ་ཁ་བསྩལ་བ་དང་མ་ཎིའི་ལྗགས་ལུང་དང་ཡིག་དྲུག་གི་འགྲེལ་བ་བཀའ་ཁྲིད་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཎི་ཡིག་དྲུག་གི་འགྲེལ་བ་བཀའ་ཁྲིད་མཛད་པའི་སྐབས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་འབྲེལ་ནས་ཉམས་ལེན་བྱས་པ་ཡིན་ན་མཐར་མ་དག་པའི་ལུས་ངག་ཡིད་གསུམ་པོ་དེ་བསྒྱུར་ནས་སརྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཆགས་ངེས་ཡིན་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཎིའི་ལྗགས་ལུང་དང་དེའི་དོན་འགྲེལ་མཛད་ཟིན་པའི་རྗེས་སུ་ མཇལ་བཅར་བ་རྣམས་ལ་མ་ཎི་བསགས་སྐབས་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་མ་ཎི་བགྲངས་པ་ཡིན་ན་དོན་དང་ལྡན་པ་ཞིག་ཆགས་ངེས་ཡིན་པ་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་འདུག གཞི་རྩའི་༸གོང་ས་མཆོག་བདུན་ཕྲག་སྔོན་མའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མ་ཧཱ་རཱཤྚའི་མཛད་འཆར་ལེགས་གྲུབ་ཟིན་ནས་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། མཛད་འཆར་ལྟར་ན་ཕྱི་ཟླ་ ༡༢ པའི་གཟའ་འཁོར་གཉིས་པའི་ནང་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་མཛད་རྒྱུ་དང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་མཛད་འཆར་ཁག་གཅིག་གི་སླད་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གཏན་ཁེལ་ཡོད་པ་རེད།

རྟ་དབང་བོད་དོན་ཞི་བའི་གོམ་བགྲོད་ཐེངས་བརྒྱད་པ་གནང་བ།

ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་གནང་སྟེ་ Tawang Yatra ཞེས་རྟ་དབང་བོད་དོན་ཞི་བའི་གོམ་བགྲོད་ཐེངས་བརྒྱད་པ་དེར་རྒྱ་གར་གྱི་མངའ་སྡེའི་འདྲ་མིན་ནས་རྒན་གཞོན་དར་གསུམ་བཅས་ལས་འགུལ་བ་མི་གྲངས་ ༣༥༠ ལྷག་མཉམ་ཞུགས་ཀྱིས་རྒྱ་གར་བྱང་ཤར་མངའ་སྡེ་ཨཱ་སམ་ནས་རྟ་དབང་བར་སྤེལ་འདུག Tawang Yatra ཞེས་རྟ་དབང་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་དེ་ཟླ་ ༡༡ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༤ དབར་སྤེལ་ཡོད་པ་དང་། ལས་འགུལ་དབུ་འབྱེད་དེ་ཡུལ་དེའི་མངའ་སྡེ་སྲིད་སྐྱོང་སྐུ་ཞབས་ Jagdish Mukhi ལགས་ནས་གནང་ཡོད་པ་རེད། དབུ་འབྱེད་ཀྱི་སྔ་ཉིན་དུ་ཨཱ་སམ་གྱི་ Rukmininagar ཚོགས་ཁང་དུ་མངའ་སྡེའི་སྲིད་སྐྱོང་མཆོག་གཙོས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འགན་འཛིན་སྐུ་ཞབས་ Rinchen Khandu Krimey ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Pankaj Goyal ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་སོགས་འབྲེལ་ཡོད་མི་སྣ་འདུ་འཛོམས་ཀྱིས་གོ་སྒྲིག་ཚོགས་པས་ལས་འགུལ་གྱི་རྒྱབ་ལྗོངས་སོགས་ངོ་སྤྲོད་གནང་ཡོད་པ་རེད། སྐབས་དེར་དམིགས་བསལ་སྐུ་མགྲོན་ R.K. Khrimey ལགས་ཀྱིས་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་རྣམས་ནས་ལས་འགུལ་དེ་གྲུབ་རྗེས་རང་ཉིད་ནས་རྩ་དོན་ལ་དམིགས་པའི་ཕྱག་ལས་གང་གནང་ཐུབ་མིན་སྐོར་ལམ་སྟོན་གནང་ཡོད་པ་དང་འབྲེལ། ཨ་རུ་ནཱ་ཅལ་གནས་སྡོད་ཡུལ་མི་དང་རྒྱ་གར་དམག་མི་ནས་དེ་གའི་ས་མཚམས་སུ་རྒྱ་ནག་གི་ཁྲིམས་འགལ་བཙན་རྒོལ་ལས་ད་བར་མུ་མཐུད་ནས་སྲུང་ཡོད་སྐོར་དང་ཡུལ་དེའི་གནས་སྡོད་ཡུལ་མི་རྣམས་རྒྱ་གར་གྱི་ཁོངས་གཏོགས་ཡིན་པ་ནན་བཤད་གནང་འདུག ཁོང་གིས་སྐབས་དེར་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་ཏེ་རྒྱ་ནག་གི་འཆར་གཞི་ལྡན་པའི་ཐོག་བོད་རྩ་མེད་བཟོ་རྒྱུར་དམིགས་པ་དེ་རང་ཉིད་ཀྱི་ས་གནས་དང་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་གོ་སྐབས་ནམ་བྱུང་ལ་དྲིལ་བསྒྲགས་གནང་དགོས་སྐོར་གསུངས་འདུག དེ་བཞིན་ལས་འགུལ་དེའི་ཁོངས་སུ་ཡོད་པ་ India Tibet Coordination Center འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་ནས་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་རེས་ཀྱི་ལས་འགུལ་འདིས་རྒྱ་ནག་དམར་ཤོག་ཚོགས་པའི་སེམས་ཁམས་ལ་ཕོག་ཐུག་བྱུང་རྒྱུ་ཡིན་སྐོར་གསུངས་འདུག ཁོང་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཞན་གྱི་ཕྱག་ལས་གནང་ཕྱོགས་ངོ་སྤྲོད་དང་ཚོགས་པ་ཚང་མས་མཉམ་རུབ་ཀྱིས་ལས་དོན་གནང་དགོས་གལ་གསུངས་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Jagdish Mukhi མཆོག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པ་ཆེད་འཛུགས་གནང་མཁན་སྐུ་ཞབས་ Indresh Kumar ལགས་ནས་ལས་འགུལ་འདི་དབུ་འཛུགས་གནང་ཐུབ་པར་འཚམས་འདྲི་ཞུས་པ་དང་སྦྲགས་ཏེ་ཁོང་གིས་རྒྱ་ནག་ནས་ཐབས་བྱུས་སྣ་མིན་སྒོ་ནས་རྒྱ་གར་ལ་བཟང་ཕྱོགས་ཀྱི་ལམ་ལ་འགྲོ་བར་འགོག་རྐྱེན་བཟོ་བཞིན་སྐོར་གྱི་གསུངས་འདུག དེ་བཞིན་གོམ་བགྲོད་པ་རྣམས་བསྟན་འཛིན་སྒང་བོད་མིའི་གཞིས་སྒར་འབྱོར་ཚེ་ས་གནས་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་ཚོགས་སྡེ་དང་སློབ་གྲྭ་ཁག་གི་འགོ་ཁྲིད་ནས་སྣེ་ལེན་གཟབ་རྒྱས་ཞུས་འདུག གོམ་བགྲོད་པ་ཚོར་ས་གནས་ཆགས་སྟངས་དང་མི་མང་གི་འཚོ་བ་དང་མངོན་འདོད་སོགས་ངོ་སྤྲོད་གནང་འདུག ལས་འགུལ་བ་རྣམས་འབུམ་སྡེ་ལར་འབྱོར་སྐབས་སྐུ་ཞབས་ Pankaj Goyal ལགས་ནས་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་རང་དབང་སླད་ལས་དོན་གནང་ཕྱོགས་ཀྱི་གལ་གནད་སྐོར་མང་ཚོགས་ལ་གཏམ་བཤད་གནང་འདུག་པ་དང་ཁོང་གིས་རྒྱ་ནག་གི་དངོས་ཟོག་རིགས་ཉོ་རྒྱུ་མེད་སྐོར་དང་། དེ་བཞིན་བོད་དོན་གྱི་དཀའ་རྙོག་མ་སེལ་བར་དུ་ཚོགས་པ་དེས་མུ་མཐུད་ལས་དོན་གནང་རྒྱུ་ཡིན་སྐོར་གསུངས་འདུག ལས་འགུལ་བ་རྣམས་རྟ་དབང་ལ་འབྱོར་སྐབས་ས་གནས་བོད་མི་ནས་ཕེབས་བསུ་སྣེ་ལེན་ཞུས་པ་དང་། རྟ་དབང་གི་ཀ་ལ་དབང་པོ་ཚོགས་ཁང་དུ་བོད་མིར་གདུང་སེམས་མཉམ་བསྐྱེད་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་བོད་ལ་རང་དབང་སྤྲོད་དགོས་ཞེས་འབོད་ཚིག་ཆེད་འདོན་གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཐོག་ལས་འགུལ་མཇུག་སྒྲིལ་གནང་འདུག གཞི་རྩའི་རྒྱ་ནག་དང་རྒྱ་གར་གཉིས་དབར་རྒྱུན་མི་ཆད་པར་ས་མཚམས་ཀྱི་རྩོད་རྙོག་བྱུང་བའི་ཁྲོད་དུ་ཉེ་ལམ་རྟ་དབང་ནང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་ཡུལ་དེའི་ནང་ Maitree Diwas ཞེས་སྤྱི་དམངས་དང་དམག་མི་དབར་མཛའ་འབྲེལ་གྱི་དུས་སྟོན་དུ་ཕེབས་ཡོད་པ་དང་། སྐབས་དེར་བདེ་སྲུང་བློན་ཆེན་མཆོག་གིས་རྟ་དབང་གནས་སྡོད་མི་མང་རྣམས་དེ་གའི་རྒྱལ་ཁབ་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་དེར་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་ནས་མངའ་སྡེ་དེ་རྒྱ་གར་གྱི་ཆ་ཤས་ཡིན་པ་ངོས་ལེན་བྱེད་ཀྱི་མེད་སྐོར་དང་སྒོས་རྒྱ་ནག་ནས་ཁུལ་དེར་རྒྱ་གར་གྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་ནས་ལས་འགུལ་རིགས་སྤེལ་ཚེ་དེར་མཐའ་ཅིག་ཏུ་དགག་པ་ཡོད་སྐོར་བརྗོད་འདུག ཁོང་གིས་རྒྱ་གར་ནས་རྒྱ་ནག་གི་དེ་འབྲེལ་ཐུགས་འཚབ་ལ་གུས་བརྩི་དང་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་ཞི་བདེ་སྲུང་སྐྱོབ་སླད་དོན་དམ་པའི་ལས་དོན་གནང་དགོས་པ་བརྗོད་འདུག རྩ་བའི་རྒྱ་ནག་ནས་ཨ་རུ་ནཱ་ཅལ་བོད་ལྷོ་ཕྱོགས་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ས་མཚམས་ཀྱི་རྩོད་རྙོག་ཐད་རྒྱ་གར་དང་རྒྱ་ནག་གཉིས་དབར་ད་ཆ་གྲོས་མོལ་ཐེངས་ ༢༡ བྱུང་ཡོད་པ་རེད།  

༸སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་ཡེ་ཤེས་དོན་ལྡན་ལགས་སྐུ་གྲོངས་པར་ཐུགས་གསོ།

ཁ་སང་ཚེས་ ༢༦ ཉིན་ཞོགས་པ་ཚོུད་ ༢ ནམ་ཕྱེད་ཡོལ་ཙམ་ལ་བཞུགས་སྒར་རང་ཤག་ཏུ་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་དགུང་ལོ་ ༩༣ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དམ་པ་ཁོང་གི་གཟིགས་སྐྱོང་གིས་བསྐྱངས་མྱོང་མཁན་བོད་རིགས་མང་ཚོགས་སྤྱི་སྒེར་ཚང་མས་གདུང་ཤུགས་དྲག་པོའི་བསྔོ་སྨོན་མཆོད་འབུལ་རྒྱ་ཆེར་གནང་བཞིན་པའི་ཁྲོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དེ་བཞིན་འཕྲོད་བསྟེན་ལས་ཁུངས་གཉིས་ཀྱིས་ཀྱང་དམ་པ་གང་གི་སྐུ་ཚེ་ཧྲིལ་པོར་བོད་རིགས་གཙོ་གྱུར་སྐྱེ་འགྲོ་ཡོངས་ལ་སྨན་བཅོས་གཟིགས་སྐྱོང་གནང་བའི་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་སུ་དྲན་པའི་ཐོག་ནས་ཤུལ་ལུས་ཀྱི་གཉེན་འབྲེལ་ཡོངས་ལ་ཐུགས་གསོ་གནང་འདུག སྲིད་སྐྱོང་མཆོག་གིས་ཐུགས་གསོའི་གནང་བའི་ནང་༸སྐུའི་བླ་སྨན་པ་ཟུར་པ་དང་། འཛམ་གླིང་འདིར་མིང་དུ་གྲགས་པའི་བླ་སྨན་ཡེ་ཤེས་དོན་ལྡན་ལགས་ཀྱིས་ཚེ་སྲོག་གི་དབུགས་རྔུབ་མཐའ་མའི་ཁྲོད་སྐུ་ཚེ་མ་ཟིན་པར་གདུང་ཤུགས་དྲག་པོ་ཡོད་པར་གསུངས་པ་དང་དང་ལྷན་དུ་དམ་པ་ཁོང་ནི་རྒྱལ་སྤྱིའི་ཁྲོད་དུ་ངོས་འཛིན་ཡོད་པའི་བོད་ཀྱི་གསོ་རིག་གི་ཆེད་མཁས་པ་ཞིག་ཡིན་པ་མ་ཟད། བོད་རིགས་ཀྱི་གྲོས་སུ་རྒྱ་གར་གྱི་ཆེས་མཐོའི་མི་སེར་གྱི་གཟེངས་རྟགས་མྱོང་མཁན་ཞིག་ཀྱང་ཡིན་པ་དྲན་གསོ་མཛད་དེ་ཁོང་སླར་ཡང་འཕགས་པ་སྤྱན་རིས་གཟིགས་ཀྱི་དག་ཞིང་དུ་སྐུ་འཁྲུངས་ནས་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་མཛད་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་དང་།  སྲིད་སྐྱོང་མཆོག་དངོས་སུ་ལྷ་རྗེ་གང་ཉིད་ཐེངས་འགར་མཇལ་བའི་སྐལ་བ་བྱུང་ཡོད་ལུགས་ལུང་འདྲེན་གྱིས་བོད་ཀྱི་གསོ་རིགས་རྒྱ་སྐྱེད་མཛད་པ་དང་། འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་བྱམས་བརྩེའི་གཟིགས་པས་བསྐྱངས་པ་རྣམས་ཀྱིས་ནམ་ཡང་ཁོང་ཉིད་བརྗེད་མི་སྲིད་ཅེས་གསུང་འཕྲིན་བསྩལ་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་ཀྱང་དམ་པ་ཁོང་གི་དགོངས་རྫོགས་ལ་ཐུགས་གསོ་བསྩལ་ཏེ། དམ་པ་དེ་ཉིད་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དྷ་སར་བོད་གཞུང་སྨན་རྩིས་ཁང་ཐོག་མར་གསར་འཛུགས་མཛད་སྐབས་ནས་འགན་འཁུར་བཞེས་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། ཁྱོན་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་སྨན་པའི་ཞབས་ཞུ་བསྒྲུབས་ཡོད་པ་དང་། མདོར་ན་ཁོང་ནས་ད་བར་བོད་ཀྱི་གསོ་བ་རིག་པ་དར་སྤེལ་ཐོག་གཟེངས་སུ་ཐོན་པར་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་ལུང་འདྲེན་གནང་བ་དང་སྦྲགས། སྔ་ལོར་རྒྱ་གར་གཞུང་གི་ཆེས་སྙན་གྲགས་ཅན་གྱི་གཟེངས་རྟགས་བཞི་པ་པདྨ་ཤྲི་བཞེས་པ་སོགས། སྤྱི་ཡོངས་ཀྱིས་དམ་པ་གང་ཉིད་ཀྱིས་ལས་རྒྱུན་རིང་བོད་སྤྱི་དང་ལྷག་པར་དུ་གསོ་རིག་བསྟན་པར་ཞབས་ཞུ་མཐར་ཕྱིན་གནང་ཡོད་པ་ལ་ཡི་རངས་བསྔགས་བརྗོད་ཞུས་ཏེ་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་བཅས་ཀྱི་ཐུགས་གསོ་གནང་འདུག གཞི་རྩའི་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ནི་ཕྱི་ལོ་ ༡༩༢༧ ལོར་བོད་ལྷོ་ཁ་རྫོང་ཁོངས་གནམ་རི་གྲོང་སྡེར་འཁྲུངས་ཤིང་དགུང་ལོ་ ༡༡ ཕེབས་སྐབས་ལྷ་ས་ལྕགས་པོ་རི་བོད་ཀྱི་གསོ་བ་རིག་པ་སློབ་གཉེར་ཁང་དུ་སློབ་ཞུགས་ཀྱི་སློབ་གཉེར་གནང་ཡོད་པ་དང་། རྒྱ་གར་དུ་སྐྱབས་བཅོལ་ཕེབས་རྗེས་༸གོང་ས་མཆོག་གི་༸སྐུའི་བོད་ལུགས་བླ་སྨན་པ་གནང་བ་མ་ཟད། ༡༩༦༡ ལོར་༸གོང་ས་མཆོག་གི་དགོངས་བཞེས་ལྟར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་དངོས་སུ་དབུ་འཛུགས་ཀྱིས་ཕྱི་ལོ་ ༡༩༧༩ བར་སྨན་རྩིས་ཁང་གི་ངེས་སྟོན་པ་དང་སློབ་སྤྱིའི་ཐུགས་འགན་བཞེས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་དམ་པ་དེ་ཉིད་ཀྱིས་རྒྱ་གར་ནང་གི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་ Padma Shri གཟེངས་རྟགས་ཕུལ་ཡོད་པ་རེད། ཁོང་ནི་ཧི་མཱ་ཅལ་གྱི་ཁོངས་སུ་བོད་རིགས་ཙམ་མ་ཟད་རྒྱ་གར་བའི་ཁྲོད་དུ་གཟེངས་རྟགས་དེ་བཞེས་མཁན་ཐོག་མ་དེ་ཆགས་ཡོད་པ་རེད། ན་ནིང་གི་གཟེངས་རྟགས་དེ་དང་འབྲེལ་ནས་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ་ཁོང་ནི་རྒྱ་གར་གྱི་སྤྱི་ཚོགས་ཀྱི་ཁྲོད་དུ་སྐྲན་ནད་ཀྱི་རིགས་ལ་སྨན་བཅོས་གནང་མཁན་ཐུན་མོང་མ་ཡིན་པའི་སྨན་པ་ཞིག་ཡིན་པ་མ་ཟད། ལྡི་ནི་ནས་མཁའ་ལམ་བརྒྱུད་ནས་ཧི་མཱ་ཅལ་དུ་ཡོང་མཁན་གྱི་འགྲིམ་འགྲུལ་བ་མང་ཆེ་བ་ཁོང་གི་ནད་པ་རྐྱང་རྐྱང་ཡིན་པར་བརྟེན་དཔལ་འབྱོར་གྱི་ཆ་ནས་ཡང་ཧི་མཱ་ཅལ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད།

༸སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་དགོངས་པ་རྫོགས་པ།

དེ་རིང་ཟླ་ ༡༡ ཚེས་ ༢༦ ཉིན་ཞོགས་པ་ཚོུད་ ༢ ནམ་ཕྱེད་ཡོལ་ཙམ་ལ་བཞུགས་སྒར་རང་ཤག་ཏུ་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་བོད་ལུགས་དགུང་ལོ་ ༩༣ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ༸སྐུའི་བླ་སྨན་པ་ཟུར་པ་ཁོང་གི་ཞབས་ཞུ་བ་བློ་བཟང་ལགས་སུ་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་པར་བླ་སྨན་ཁོང་དགུང་ལོ་བགྲེས་པོ་ཡིན་པ་མ་གཏོགས་སྙུང་གཞི་རིགས་གང་ཡང་བཞེས་མེད་ཀྱང་གློ་བུར་དུ་སྐུ་གཟུགས་བདེ་བོ་རང་མི་འདུག་ཅེས་བཀའ་གནང་སྟེ་༸གོང་ས་མཆོག་གི་༸སྐུ་པར་དེ་དབུ་ལ་གཏུག་ཙམ་གནང་ནས་སྨོན་ལམ་ཡག་པོ་ཞིག་བསྐྱོན་སོང་། ཏོག་ཙམ་གྱི་རྗེས་ནས་༸སྐུའི་ཁྲག་རྩ་རྣམས་ཀྱང་རང་འགུལ་གྱིས་ལྡང་མཚམས་བཞག་ནས་སྐུའི་དྲོད་ཁོལ་རང་བཞིན་གྱིས་ཉམས་ཏེ་དགོངས་པ་རྫོགས་ཡོད་པ་འགྲེལ་བརྗོད་གནང་སོང་། ༸སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་ཡེ་ཤེས་དོན་ལྡན་ལགས་དམ་པ་ཁོང་ནི་དུས་རྒྱུན་ནས་དངུལ་དངོས་སོགས་ལ་དོ་སྣང་གཅིག་ཀྱང་མེད་པར་ནད་པར་ལྷག་བསམ་རྣམ་དག་གིས་གཟིགས་སྐྱོང་གནང་མཁན་ཞིག་ཡིན་པ་མ་ཟད་ཐུགས་གཤིས་ཧ་ཅང་འཇམ་པོའི་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད། གཞི་རྩའི་༸རྒྱལ་བའི་བོད་ལུགས་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ནི་ཕྱི་ལོ་ ༡༩༢༧ ལོར་བོད་ལྷོ་ཁ་རྫོང་ཁོངས་གནམ་རི་གྲོང་སྡེར་འཁྲུངས་ཤིང་དགུང་ལོ་ ༡༡ ཕེབས་སྐབས་ལྷ་ས་ལྕགས་པོ་རི་བོད་ཀྱི་གསོ་བ་རིག་པ་སློབ་གཉེར་ཁང་དུ་སློབ་ཞུགས་ཀྱི་སློབ་གཉེར་གནང་ཡོད་པ་དང་། རྒྱ་གར་དུ་སྐྱབས་བཅོལ་ཕེབས་རྗེས་༸གོང་ས་མཆོག་གི་༸སྐུའི་བོད་ལུགས་བླ་སྨན་པ་གནང་བ་མ་ཟད། ༡༩༦༡ ལོར་༸གོང་ས་མཆོག་གི་དགོངས་བཞེས་ལྟར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་དངོས་སུ་དབུ་འཛུགས་ཀྱིས་ཕྱི་ལོ་ ༡༩༧༩ བར་སྨན་རྩིས་ཁང་གི་ངེས་སྟོན་པ་དང་སློབ་སྤྱིའི་ཐུགས་འགན་བཞེས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་དམ་པ་དེ་ཉིད་ཀྱིས་རྒྱ་གར་ནང་གི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་ Padma Shri གཟེངས་རྟགས་ཕུལ་ཡོད་པ་རེད། ཁོང་ནི་ཧི་མཱ་ཅལ་གྱི་ཁོངས་སུ་བོད་རིགས་ཙམ་མ་ཟད་རྒྱ་གར་བའི་ཁྲོད་དུ་གཟེངས་རྟགས་དེ་བཞེས་མཁན་ཐོག་མ་དེ་ཆགས་ཡོད་པ་རེད། ན་ནིང་གི་གཟེངས་རྟགས་དེ་དང་འབྲེལ་ནས་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ་ཁོང་ནི་རྒྱ་གར་གྱི་སྤྱི་ཚོགས་ཀྱི་ཁྲོད་དུ་སྐྲན་ནད་ཀྱི་རིགས་ལ་སྨན་བཅོས་གནང་མཁན་ཐུན་མོང་མ་ཡིན་པའི་སྨན་པ་ཞིག་ཡིན་པ་མ་ཟད། ལྡི་ནི་ནས་མཁའ་ལམ་བརྒྱུད་ནས་ཧི་མཱ་ཅལ་དུ་ཡོང་མཁན་གྱི་འགྲིམ་འགྲུལ་བ་མང་ཆེ་བ་ཁོང་གི་ནད་པ་རྐྱང་རྐྱང་ཡིན་པར་བརྟེན་དཔལ་འབྱོར་གྱི་ཆ་ནས་ཡང་ཧི་མཱ་ཅལ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད། དེ་རིང་དམ་དེ་ཉིད་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་མ་ཐག་སྔ་དྲོ་ཚོུད་ ༡༡ ཙམ་ལ་དབུས་བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་འཕྲལ་དུ་དམ་པ་གང་གི་དགོངས་རྫོགས་ལ་དམིགས་པའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་། སྐབས་དེར་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་དམ་གང་གི་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེ་ནི་བོད་མི་ཡོངས་ལ་ཡིད་སྐྱོའི་གནས་ཚུལ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་དམ་པ་གང་གི་བོད་ས་མ་ཤོར་སྔོན་དུ་ལྷ་སའི་སྨན་རྩིས་ཁང་དུ་སློབ་སྦྱོང་གནང་ཡོད་པ་མ་ཟད་ལས་བྱེད་ཡང་གནང་མྱོང་ཡོད་པའི་བཙན་བྱོལ་ནང་གི་བླ་སྨན་ཐོག་མ་དེ་ཡིན་པ་དང་།  དེ་བཞིན་ཁོང་གིས་བཙན་བྱོལ་དུ་སྨན་རྩིས་ཁང་ཐོག་མར་གསར་འཛུགས་ཀྱིས་སྐུ་ལས་བླ་ལྷག་བསྐྱོན་ཡོད་པའི་རླབས་ཆེན་གྱི་སྐྱེས་མཆོག་ཅིག་ཡིན་པར་ངོ་སྤྲོད་གནང་ཡོད།

དབྱིན་ཡུལ་གྱིས་རྒྱལ་ཚོགས་ཀྱི་རྟོག་ཞིབ་པ་འཕྲལ་དུ་ཤིན་ཅང་ཁུལ་དུ་གཏོང་དགོས་པ་བརྗོད་འདུག

དེ་རིང་ BBC གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་གིས་ཡུ་གུར་མི་མང་ལ་དོ་དམ་ནན་པོ་བྱས་ནས་བཀག་བསྐྱིལ་ཁང་དུ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་གཞུང་འབྲེལ་གྱི་ཡིག་ཆ་ཞིག་ཕྱིར་འགྱར་དང་བསྟུན་དབྱིན་ཡུལ་གྱི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་ངོས་ནས་ཁྲིམས་སྒྲིག་གི་ཆ་རྐྱེན་གང་ཡང་མེད་པར་ཡུ་གུར་བ་ས་གཅིག་ཙམ་བཀག་བསྐྱིལ་ཁང་དུ་བཅུག་ནས་དམ་དྲག་བྱེད་བཞིན་པར་སེམས་འཚབ་ཆེན་པོ་ཡོད་པ་བརྗོད་པ་དང་འབྲེལ། རྒྱ་ནག་གིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་པ་འཕྲལ་དུ་ཤིན་ཅང་ཁུལ་དུ་རང་དབང་གི་ཐོག་ནས་རྟོག་ཞིབ་བྱེད་རྒྱུར་གཏོང་དགོས་པའི་འབོད་སྐུལ་གནང་འདུག ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་ཀྱང་ཐེངས་འདིར་ཕྱི་ལ་འགྱར་བའི་ཡིག་ཆ་དེ་ནི་རྒྱ་ནག་གིས་བཀག་བསྐྱིལ་ཁང་དུ་ཡུ་གུར་བ་རྣམས་ལ་སེམས་ཁམས་ཀྱི་ཐོག་ནས་མནར་གཅོད་ཚ་ནན་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་དཔང་རྟགས་ལྟ་བུ་ཞིག་ཡིན་པར་སྐྱོན་བརྗོད་བྱས་པ་མ་ཟད་ཁྲིམས་ལུགས་ལག་ལྟར་བྱེད་མཁན་རྣམས་ཀྱིས་ཡིག་ཆ་དེ་ངེས་པར་དུ་བེད་སྤྱོད་བྱེད་དགོས་པའི་འབོད་སྐུལ་བྱས་འདུག རྩ་བའི་ཐེངས་འདིར་རྒྱ་གིས་ཤིན་ཅང་གི་མི་མང་ལ་བཀག་བསྐྱིལ་ཁང་དུ་དམ་དྲག་ནན་པོ་བྱེད་བཞིན་པའི་གསང་བའི་ཡིག་ཆ་ཕྱི་ལ་འགྱར་ཡོད་པ་དེ་ནི་ཕྱི་ལོ་ ༢༠༡༧ ལོར་ཤིན་ཅང་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་གཞོན་པ་ Zhu Hailun གྱིས་ཡུ་གུར་མི་མང་བཀག་བསྐྱིལ་བྱེད་སའི་ལྟེ་གནས་ཁང་གི་འགོ་ཁྲིད་ཁག་གཅིག་ལ་བཏང་བའི་ཡིག་ཆ་ཞིག་ཡིན་པ་དང་། དེའི་ནང་བཀག་བསྐྱིལ་ཁང་གིས་ཡུ་གུར་མི་མང་ལ་སྟངས་འཛིན་ནན་པོ་བྱེད་དགོས་པར་སྐུལ་བའི་ཁྲོད་དུ་དོ་དམ་གྱི་ཁྲིམས་སྒྲིག་ཇེ་དམ་དུ་བཏང་ནས་སྒྲིག་འགལ་བྱེད་མཁན་རྣམས་ལ་ཉེས་ཆད་ནན་པོ་གཅོད་དགོས་ལུགས་དང་། དེ་བཞིན་སློབ་ཕྲུག་རྣམས་ལ་རྒྱ་ཡིག་གཙོར་བཟུང་གིས་སློབ་ཁྲིད་བྱས་ཏེ་རྨང་གཞི་ནས་འགྱུར་བ་གཏོང་དགོས་པར་སྐུལ་སློང་བྱེད་རྒྱུ། ཡུ་གུར་བ་རྣམས་ལ་བློ་འགྱོད་ཡོད་པར་ཁས་ལེན་བྱེད་ཐབས་ཤུགས་ཆེར་བཏང་ནས་གཅིག་ཀྱང་ཕྱི་ལ་འགྲོ་ཐབས་མེད་པར་བཟོ་དགོས་སོགས་འཁོད་ཡོད་པ་མངོན་གསལ་གནང་འདུག གསར་ཁང་གིས་ཐེངས་འདིར་ཕྱིར་འགྱར་བྱུང་བའི་ཡིག་ཆ་དེ་ལས་རྒྱ་ནག་གིས་དུས་རྒྱུན་ནས་ཤིན་ཅང་ཁུལ་གྱི་བཀག་ཉར་ཁང་དེ་དག་ནི་ཤེས་ཡོན་སློབ་གསོ་གོང་སྤེལ་དང་འཇིགས་སྐུལ་ལ་གདོང་ལེན་བྱེད་ཐབས་ཤིག་ཡིན་པར་བརྗོད་བཞིན་པ་དེ་བདེན་པ་མིན་པ་ར་སྤྲོད་བྱུང་ཡོད་པ་དང་། བཀག་བསྐྱིལ་ཁང་དེར་ དངོས་སུ་སློབ་ཕྲུག་རྣམས་ལ་ངེས་གཏན་གྱི་ཁྲིམས་སྒྲིག་བརྟན་པོའི་འོག་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་ཀྱི་ཡོད་པ་མངོན་གསལ་གནང་བ་དང་སྦྲགས། ཉལ་སྟངས་དང་རུ་སྒྲིག་སྟངས། དེ་བཞིན་འཛིན་ཁང་དུ་འདུག་སྟངས་སོགས་ཀྱི་ཐད་ནས་ཀྱང་སྒྲིག་གཞི་བརྟན་པོ་བཟོས་ཏེ་བསམ་བློ་ལ་འགྱུར་བ་བཏང་ཐོག་ཉེས་ཆད་ལྗིད་པོ་གཅོད་སའི་བཙོན་ཁང་ལྟ་བུ་ཞིག་ཡིན་པར་ཡོངས་གྲགས་གནང་འདུག གསང་བའི་ཡིག་ཆ་དེ་ནི་རྒྱལ་སྤྱིའི་རྟོག་ཞིབ་རང་བཞིན་གྱི་གསར་འགོད་ཚོགས་པ་ ICIJ ལས་ཕྱིར་འགྱར་བྱུང་ཡོད་པ་དང་ཚོགས་པ་དེའི་ཁྱབ་ཁོངས་སུ་དབྱིན་ཡུལ་གྱི་ BBC དང་ Guardian  སོགས་ཀྱིས་གཙོས་པའི་གསར་ཁང་ ༡༧ ལྷག་མཉམ་ལས་གནང་བཞིན་པ་རེད་འདུག

བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཐོབ་ཆེད་སྤྱི་འཐུས་རུ་ཁག་གཅིག་ཡོ་རོབ་ཏུ་བོད་དོན་ཞུ་སྐུལ།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཚེ་རིང་ལྷ་མོས་སྣེ་ཁྲིད་པའི་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། ཀུན་དགའ་བསོད་སྟོབས་ལགས། དེ་བཞིན་བློ་བཟང་གྲགས་པ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཉེ་ལམ་ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང་བྷེལ་འཇམ། ནེ་ཐར་ལན་ཌི་བཅས་སུ་བོད་དོན་ཞུ་སྐུལ་གནང་འདུག ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་ལ་གཞིགས་ན། ད་རེས་བོད་དོན་ཞུ་སྐུལ་དེའི་ཁྲོད་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ཚེས་ ༡༨ ནས་ ༢༠ བར་བྷེལ་འཇམ་གྱི་རྒྱལ་ས་ Brussels ནང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ Fabio Massimo Castaldo ལགས་དང་ལྕམ་སྐུ་ Isabel Santos ལགས། དེ་བཞིན་སྐུ་ཞབས་  Manuel Pizarro ལགས་གཙོས་གྲོས་ཚོགས་ཀྱི་འཐུས་མི་གཞན་དང་མཇལ་འཕྲད་ཀྱིས་གཞིས་བྱེས་གཉིས་སུ་གནས་བཞུགས་བོད་མིའི་གནས་སྟངས་དང་། བོད་དོན་དང་འབྲེལ་བའི་གནད་དོན་ཐད་གོ་བསྡུར་གནང་འདུག དེ་བཞིན་སྤྱི་འཐུས་རྣམས་པས་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་དང་འབྲེལ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་འགྲེམས་སྤེལ་གནང་ཡོད། དེ་བཞིན་སྤྱི་འཐུས་རྣམས་པས་བྷེལ་འཇམ་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱིས་རྒྱ་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་དང་ཆོས་ལུགས་ལ་དམ་དྲག་བྱེད་བཞིན་པའི་གནད་དོན་འགྲེལ་བརྗོད་གནང་འདུག་པ་དང་། ལྷག་པར་དུ་སླད་མར་བོད་དོན་ཐད་རྒྱབ་སྐྱོར་ཇི་ལྟར་གནང་ཕྱོགས་སོགས་ཀྱི་སྐོར་ལ་གོ་བསྡུར་གནང་ཡོད་པ་རེད། ཕྱོགས་མཚུངས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པས་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག སྤྱི་འཐུས་རྣམ་པས་ད་དུང་  Brussels ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་འཚམས་གཟིགས་གནང་ཡོད་པ་མ་ཟད། བོད་དོན་སྐོར་སྐྱོད་དེའི་ཁྲོད་སྤྱི་འཐུས་རྣམ་པས་བྷེལ་འཇམ་གྱི་གྲོང་ཁྱེར་ Antwerpen ནང་གནས་བཞུགས་བོད་མི་དང་ཐུག་འཕྲད་གནང་འདུག་པ་དང་། སྐབས་དེར་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་དང་འཛམ་གླིང་ཞི་བདེ་སླད་ད་བར་མཛད་འཕྲིན་བླ་མེད་བསྐྱངས་པ་ཁག་དང་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་སོགས་ངོ་སྤྲོད་གནང་འདུག་པ་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལམ་ལུགས་སོགས་ངོ་སྤྲོད་གནང་ཡོད་པ་རེད།  ལྷག་དོན་སྤྱི་འཐུས་རྣམ་པས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་དང་སྦྲགས། བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་དང་ཁུལ་དེར་གནས་བཞུགས་བོད་མི་རྣམས་ནས་རང་ཉིད་ཀྱི་འཇོན་ནུས་ལ་དཔག་པའི་བོད་དོན་དྲིལ་བསྒྲགས་གནང་རྒྱུ་དང་བོད་དོན་ཐད་རྒྱབ་སྐྱོར་ཐོབ་ཐབས་ལ་འབད་དགོས་པའི་ལམ་སྟོན་གནང་འདུག གཞི་རྩའི་སྤྱི་འཐུས་རྣམ་པས་བྷེལ་འཇམ་ནང་གི་བོད་དོན་སྐོར་སྐྱོད་སྔ་རོལ་དུ་ཕ་རན་སི་ནང་བོད་དོན་ཞུ་སྐུལ་གནང་ཡོད་པ་དང་བྷེལ་འཇམ་གྱི་བོད་དོན་ཞུ་སྐུལ་རྗེས་ནེ་ཐར་ལན་ཌི་ནང་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་འདུག

Latest news