Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་བཞག་རྒྱུ་མིན་པའི་ཐག་གཅོད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡུལ་ནང་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་ཉེ་དང་བསྟུན་འདས་པའི་ཉིན་ཤས་ཁྲོད་བལ་ཡུལ་གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྲིད་འཛིན་ཞི་ཅིན་ཕིང་གི་འཚམས་གཟིགས་སྐབས་བལ་ཡུལ་དང་རྒྱ་ནག་གཉིས་དབར་ཕན་ཚུན་དོགས་གཞི་ཡོད་པའི་མི་སྣ་རྩིས་སྤྲོད་བྱ་རྒྱུའི་ extradition treaty ཞེས་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་ཅིག་བཞག་སྲིད་སྐོར་གྱི་གནས་ཚུལ་མི་ཉུང་བ་ཞིག་ཐོན་ཡོད་པ་རེད། འོང་ཀྱང་དེ་རིང་ khabarhub དང་ Nepal Times སོགས་བལ་ཡུལ་གྱི་གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཁ་སང་རེས་གཟའ་ཕུར་བུའི་ཉིན་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ KP Sharma Oli ནས་ཡུལ་དེའི་སྲིད་བློབ་ཟུར་པ་དང་འབྲེལ་ཡོད་ཁག་གཅིག་དང་ལྷན་དུ་སྲིད་འཛིན་ཞི་ཅིན་ཕིང་གི་གཞུང་འབྲེལ་འཚམས་གཟིགས་ཁྲོད་གླེང་སློང་གནང་རྒྱུའི་གནད་དོན་ཁག་གི་ཐོག་ཆུ་ཚོད་བཞི་ཙམ་གོ་བསྡུར་གནང་ཡོད་པ་དང་། གྲོས་བསྡུར་གྱི་ལས་རིམ་ཁག་གྲུབ་མཚམས་སུ་བལ་ཡུལ་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་ Shrestha ལགས་ནས་ཞི་ཅིན་ཕིང་གི་འཚམས་གཟིགས་ཁྲོད་བལ་ཡུལ་གཞུང་དང་རྒྱ་ནག་དབར་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་ཐོག་གླེང་སློང་གནང་གཏན་ཁེལ་ཡོད་ཀྱང་ད་རེས་དངོས་སུ་གྲོས་ཆོད་བཞག་རྒྱུ་མིན་ཞེས་གསུངས་འདུག སྐབས་དེར་བལ་ཡུལ་གྱི་སྲོད་བློན་ཟུར་པས་དབུས་པའི་འབྲེལ་ཡོད་རྣམས་ནས་རྒྱ་ནག་གཞུང་དང་གླེང་མོལ་དང་གྲོས་ཆོད་རིགས་བཞག་སྐབས་བལ་ཡུལ་གཞུང་ནས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ནམ་ཡང་བློས་བཏང་གནང་རྒྱུ་མིན་པ་དང་ལྷག་པར་དུ་དཔལ་འབྱོར་གྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གི་བུ་ལོན་འོག་མ་ཚུད་པ་ཞིག་གནང་དགོས་པའི་ལམ་སྟོན་སོགས་ཀྱང་གནང་འདུག རྩ་བའི་བལ་ཡུལ་དང་རྒྱ་ནག་དབར་ལ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་བཞག་རྒྱུ་དང་འབྲེལ་ཏེ་འདས་པའི་ཉིན་ཤས་ཁྲོད་ཕྱོགས་གཉིས་ནས་གྲོས་ཆོད་དེ་དང་འབྲེལ་བའི་ཟིན་བྲིས་ཡིག་ཆ་ཁག་གྲ་སྒྲིག་བྱས་ཡོད་པའི་གནས་སྟངས་ཤིག་ཆགས་པའི་མཚམས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་དང་བལ་ཡུལ་དབར་ལ་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་བཞག་ཚེ་བལ་ཡུལ་ནང་ཡོད་པའི་བོད་མི་སྤྱི་དང་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་བལ་ཡུལ་ནང་བཞུགས་བཞིན་པའི་བོད་མི་ཚོར་ཆེས་ངལ་བ་ཆེན་པོ་འཕྲད་ངེས་ཡིན་པ་གསུངས་པ་དང་ཆབས་ཅིག་ཏུ་བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་གྲོད་ཆོས་དེ་འདྲ་བཞག་རྒྱུ་མེད་པའི་འབོད་སྐུལ་གནང་ཡོད། གཞི་རྩའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དེ་རིང་ནས་འགོ་འཛུགས་ཏེ་རྒྱ་གར་ནང་གི་གཞུང་འབྲེལ་འཚམས་གཟིགས་གྲུབ་རྗེས་སང་ཉིན་ཕྱི་ཚེས་ ༡༢ ཉིན་བལ་ཡུལ་ནང་སྐྱོད་གཏན་ཁེལ་ཡོད་པ་དང་། ཐེངས་འདིའི་རྒྱ་ནག་གི་སྲིད་འཛིན་བལ་ཡུལ་ནང་སྐྱོད་པ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་གི་སྲིད་འཛིན་ Jing Zemin བལ་ཡུལ་དུ་ཐེངས་དང་པོ་བསྐྱོད་པ་ནས་བཟུང་ལོ་ངོ་ ༢༣ གྱི་རྗེས་སུ་སླར་རྒྱ་ནག་གི་སྲིད་འཛིན་བལ་ཡུལ་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཡོང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། ཐེངས་འདིའི་འཚམས་གཟིགས་ཁྲོད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་གཙོ་ཆེ་ཤོས་རྒྱ་ནག་གི་རྒྱུད་ཅིག་ལམ་གཅིག་གི་སྲིད་བྱུས་དང་འབྲེལ་བལ་ཡུལ་གྱི་རྒྱལ་ས་ Kathmandu ནས་བོད་དང་རྒྱ་ནག་གི་ས་མཚམས་བར་དུ་རྒྱ་ལམ་གསར་རྒྱག ཚོང་འབྲེལ་གྱི་གནད་དོན། དེ་བཞིན་བལ་ཡུལ་དང་བོད་སྐྱིད་གྲོང་བརྒྱུད་གཞིས་ཀ་རྩེ་བར་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་སོགས་ཀྱི་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

ཕྱི་ལོ་ ༢༠༡༩ ལོའི་བོད་དོན་ཁྲིམས་འཆར་གང་མགྱོགས་གཏན་འབེབས་ཡོང་བའི་ཞུ་སྐུལ།

ཉེ་དུས་ཨ་རིའི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་ཁྲིམས་འཆར་ཞེས་པ་ཞིག་ངོ་སྤྲོད་གནང་བར་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་དགའ་བསུའི་འཚམས་འདྲི་གནང་བ་དང་འབྲེལ་ཏེ་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབས་ཡོང་བའི་ཞུ་སྐུལ་གནང་འདུག ཁ་སང་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Gary Bauer ལགས་ཀྱིས་རྒྱ་ནག་ནང་གི་མང་ཚོགས་ལ་རང་ཉིད་ཀྱི་ཆོས་ཕྱོགས་དབུ་ཁྲིད་བདམ་རྒྱུའི་ཐོབ་ཐང་མེད་སྟབས། ད་རེས་ཀྱི་ཁྲིམས་འདི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་བདམ་རྒྱུའི་འགན་དབང་དེ་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྣམས་ལ་ཡོད་པར་ཨ་རིའི་གཞུང་ནས་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཤུགས་ཆེ་ཞིག་སྤྲོད་བཞིན་ཡོད་པ་མངོན་གསལ་གནང་གི་ཡོད་པ་མ་ཟད། རྒྱ་གཞུང་གིས་༸སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་བྱ་ཚེ་དེས་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཆགས་ཀྱི་ཡོད་ཅེས་ནན་བརྗོད་གནང་འདུག ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་ཡོད་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rubio ལགས་དང་ Mcgovern ལགས་སོགས་ཆབ་སྲིད་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་ངོ་སྤྲོད་གནང་བར་དགའ་བསུའི་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག ད་རེས་བཞུགས་སྒར་དུ་ཚོགས་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ནས་༸གོང་ས་༸སྐུ་ཕྲེང་རིམ་བྱོན་ངེས་ཕེབས་ཡོང་བའི་གསོལ་འདེབས་ཞུས་པ་དང་མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་སྤྱི་སྒེར་སུས་ཀྱང་ཐེ་བྱུས་བྱ་དབང་མེད་སྐོར་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་བ་ལའང་དགའ་བསུ་ཞུས་འདུག ལྷག་དོན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ད་ཆ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཙམ་མིན་པར་རྒྱ་ནག་རྒྱལ་ནང་དུ་ཡོད་པའི་ཡུ་གུར་ཁ་ཆེ་དང་ཡི་ཤུ་པ། དེ་བཞིན་ཧྥ་ལུང་གྷོང་ཆོས་བརྒྱུད་ཉམས་ལེན་དང་སྤྱི་ཚོགས་གཞན་རྣམས་ཀྱི་ཐོག་ལའང་མུ་མཐུད་ཆོས་དད་རང་དབང་རྡོག་རོལ་གྱིས་དམ་དྲག་སྔར་ལས་ཤུགས་ཆེ་རུ་བྱེད་བཞིན་པ་སོགས་ནི་དམིགས་བསལ་བློ་འཚབ་གནང་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་འདུག ལྷན་ཚོགས་དེའི་ངོས་ནས་ཨ་རིའི་གཞུང་གི་དཔལ་འབྱོར་ལྷན་ཁང་གིས་གཟའ་འཁོར་འདིའི་ནང་རྒྱ་ནག་གི་བཟོ་ཚོང་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༨ ལ་ཨ་རིའི་བཟོ་ལས་ཀྱི་གྲུབ་ཆ་ཁག་གཅིག་འོར་འདྲེན་བྱ་རྒྱུར་བཀག་སྡོམ་བྱས་པའི་ཐག་གཅོད་དང་དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཤིན་ཅང་ནང་ལ་དབང་ཆ་ལོག་པར་སྤྱོད་མཁན་གྱི་རྒྱ་རིགས་གཞུང་འབྲེལ་མི་སྣ་ཁག་གཅིག་ལ་ཨ་རི་ནང་སྐྱོད་རྒྱུར་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་བཅས་ལ་བསྔགས་བརྗོད་ཡོད་ཅེས་ཚོར་ཤུགས་ཆེན་པོས་གསུངས་འདུག གཞི་རྩའི་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་དེ་ཟླ་བ་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་འདོན་གནང་སྟེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ཁྲིམས་ལུགས་ཚོགས་ཆུང་གཉིས་སུ་ཁྲིམས་འཆར་དེའི་དོན་ཚན་ཁག་གི་ཐོག་གྲོས་བསྡུར་དང་དཔྱད་ཞིབ་གནང་མུས་ཡིན་པ་རེད་། གལ་རེ་ཁྲིམས་འཆར་དེ་གཏན་འབེབས་ཐུབ་པ་ཡིན་ན་མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་མཁན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ཨ་རིར་བཀག་སྡོམ་གྱིས་དམ་དྲག་བྱ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་པ་དང་བོད་ཀྱི་རྒྱལ་ས་ལྷ་སར་ཨ་མི་རི་ཀའི་གཞུང་ཆབ་ཁང་ཞིག་ཆེད་འཛུགས་གནང་དགོས་པ་སོགས་ཀྱི་གནད་དོན་ཚུལ་ཡོད་པ་རེད། ཨ་རིའི་བོད་དོན་ཁྲིམས་འཆར་གསར་པའི་ནང་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། ཨ་རི་གཞུང་ནས་བོད་མིར་རོགས་སྐྱོར་མུ་མཐུད་གནང་དགོས་པ་སོགས་དོན་ཚན་ཆེ་ཁག་ལྔ་ཙམ་འཁོད་ཡོད་པ་དང་། ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་དེ་འབྲེལ་ཁྲིམས་འཆར་གྱི་དོན་ཚན་ཁག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསེང་ཞུས་ཡོད་པ་རེད།

མ་རྡ་ར་སིའི་རྒྱ་གར་སློབ་ཕྲུག་ཚོས་བོད་ཕྲུག་སློབ་མར་གདུང་སེམས་མཉམ་བསྐྱེད་གནང་བ།

མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གར་སློབ་ཕྲུག་ཁག་གཅིག་ནས་ད་ཆ་རྒྱ་གར་གཞུང་ཉེན་རྟོག་པས་བཀག་བསྐྱིལ་འོག་ཡོད་པའི་བོད་མི་དང་ལྷག་དོན་བོད་ཕྲུག་རྣམས་ལ་རྒྱབ་སྐྱོར་མཚོན་ཕྱིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག ཞི་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག་རྒྱ་གར་ལྷོ་ཕྱོགས་མ་རྡ་ར་སི་ནས་བོད་མི་ལས་འགུལ་བ་དང་སློབ་ཕྲུག་ ༡༠ བཅས་མུ་མཐུད་འཛིན་བཟུང་གིས་བཙོན་འཇུག་བྱས་པའི་གནས་ཚུལ་འཐོན་བཞིན་པར་བོད་མི་གཙོས་པའི་རྒྱ་གར་བ་སོགས་ནས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་པའི་ཁྲོད་དེ་རིང་ཟླ་ ༡༠ ཚེས་ ༡༠ ཉིན་ཚོུད་ ༡༠༌༡༥ ཙམ་ནས་མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་གྱི་རྒྱ་གར་སློབ་ཕྲུག་ ༢༠ ཙམ་གྱིས་མཐོ་སློབ་དེའི་ Chepauk Campus དུ་ང་ཚོ་བོད་པའི་སློབ་ཕྲུག་ཚོ་དང་མཉམ་དུ་ཡོད་ཅེས་པའི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམས་ཏེ་རྒྱ་གར་ཉེན་རྟོག་པས་ཁོང་རྣམས་འཛིན་བཀག་བསྐྱིལ་དང་བསུན་བརྩེར་བྱས་པར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བཞིན་འདུག་པ་མ་ཟད། བོད་པོའི་སློབ་ཕྲུག་རྣམས་གནས་སྐབས་རིང་གློད་བཀྲོལ་མ་གནང་ཚེ་དེ་རིང་ཉིན་འཁྱོངས་རིང་ལས་འགུལ་དེ་མུ་མཐུད་སྤེལ་ངེས་ཡིན་པ་དང་སང་གང་གནང་དགོས་མིན་ཐད་ལ་གྲོས་བསྡུར་ཡང་གནང་རྒྱུ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་རྒྱ་གར་སློབ་ཕྲུག་དེ་དག་གི་ལས་འགུལ་སྣེ་ཁྲིད་གནང་མཁན་ Elakkiyan ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་ད་རེས་ཀྱི་ལས་འགུལ་དེ་ཆེད་མངགས་རྒྱ་གར་གཞུང་ཉེན་རྟོག་པས་བཀག་སྐྱིལ་འོག་ཡོད་པའི་བོད་ཕྲུག་རྣམས་ཀྱི་ཆེད་དུ་ཡིན་པ་དང་། ལྷག་དོན་ཅ་ནཡི་ས་གནས་ཉེན་རྟོག་པས་ཕྱི་ཚེས་ ༦ ཉིན་གྱི་མཚན་མོར་བོད་པའི་བེུད་གཅིག་གཙོས་ལས་འགུལ་བ་དང་སློབ་ཕྲུག་བདུན་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ད་བར་ཁྱོན་བོད་མི་བཅུ་མུ་མཐུད་བཀག་ཉར་འོག་ཡོད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཡོད་པ་མ་ཟད། སློབ་ཕྲུག་དེ་དག་ལ་བཙན་དབང་ཐོག་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་མིང་རྟགས་བཀོད་བཅུག་པར་སྐྱོན་བརྗོད་གནང་སོང་། ཐེངས་འདིའི་ལས་འགུལ་བརྒྱུད་ Elakkiyan ལགས་ཀྱིས་འདས་པའི་ཉིན་ཤས་ནང་བོད་མི་འཛིན་བཟུང་བཀག་སྐྱིལ་བྱས་པའི་ཁོངས་ནས་ཕལ་ཆེ་བ་སློབ་ཕྲུག་ཆགས་ཀྱི་ཡོད་པ་དང་ལྷག་དོན་ཁ་སང་ནས་ཉིན་གྲངས་གསུམ་རིང་མ་རྡ་ར་སི་མཐོ་སློབ་ཁག་གི་ཡིག་རྒྱུགས་འགྲོ་བཞིན་ཡོད་སྟབས། སློབ་ཕྲུག་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་ཁོང་རྣམས་ལ་ཅ་ནཡི་ས་གནས་ཉེན་རྟོག་པས་སུན་གཙེར་དང་ཁ་སྐྱེངས་པོ་བཟོ་རྒྱུ་སོགས་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་བཞིན་ཡོད་པ་ཚོར་ཤུགས་ཆེན་པོས་གསུངས་སོང་། དེ་བཞིན་མ་རྡ་ར་སི་གཙུག་སློབ་གཉེར་ཁང་དུ་གཙུག་ལག་རབ་བྱམས་པའི་སློབ་སྦྱོང་གནང་བཞིན་པ་མ་རྡ་ར་སའི་བོད་ཕྲུག་ཚོགས་པའི་ཚོགས་མི་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་རྒྱ་གར་སློབ་ཕྲུག་ཁག་གཅིག་གིས་སྣེ་ཁྲིད་གནང་སྟེ་གདུང་སེམས་བསྐྱེད་ཀྱི་ལས་འགུལ་དེའི་ནང་བོད་ཕྲུག་རྣམས་མཉམ་ཞུགས་རོགས་ཞེས་གསུངས་ཡོད་ཀྱང་བོད་ཕྲུག་སློབ་མ་ ༢༥ ཙམ་ལ་ས་གནས་ཉེན་རྟོག་པས་བཙན་དབང་གིས་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་མིང་རྟགས་བཀོད་བཅུག་སྟབས་མཉམ་ཞུགས་གནང་འདོད་ཡོད་ཀྱང་དེ་ལྟར་གནང་ཆོག་གི་མེད་སྐོར་གསུངས་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྷག་དོན་བཀག་བསྐྱིལ་འོག་ཡོད་པའི་བོད་མི་བཅུ་པོ་དེ་དག་ནས་རྒྱ་གར་སྲིད་བློན་ Narendra Modi མཆོག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནང་སྟངས་ཐོག་འགན་འཁུར་བཞེས་དགོས་པའི་ཞུ་སྐུལ་གནང་བ་དང་སྦྲགས། རྒྱལ་སྤྱིའི་དབུ་ཁྲིད་ཚོས་བོད་ཀྱི་དྲང་བདེན་གྱི་ལོ་རྒྱུས་ལ་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་མགོ་སྒུར་བཅུག་དགོས་གལ་ཡིན་པ་མ་ཟད་ད་ལྟའི་ཆར་རྒྱ་གར་གཞུང་ཉེན་རྟོག་པས་བཀག་ཉར་བྱེས་པའི་བོད་མི་བརྒྱད་པོ་དེ་དག་འཕྲལ་དུ་གློད་བཀྲོལ་དགོས་པར་ནན་བརྗོད་གནང་འདུག

བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་གནང་རྒྱུའི་གྲོས་ཆོད་མ་བཞག་རོགས།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡལ་ནང་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་ཉེ་དང་བསྟུན་བརྒྱུད་ལམ་ཁག་ཏུ་བལ་ཡུལ་དང་རྒྱ་ནག་གཉིས་དབར་ཕན་ཚུན་དོགས་གཞི་ཡོད་པའི་མི་སྣ་རྩིད་སྤྲོད་བྱ་རྒྱུའི་  extradition treaty ཞེས་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་ཅིག་བཞག་སྲིད་པར་ཚོད་དཔག་གནང་མཁན་འབྱུང་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་གཅིག་ཞུས་པར་རྒྱ་ནག་དང་བལ་ཡུལ་དབར་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་བཞག་པ་ཡིན་ཚེ་བལ་ཡུལ་ནང་ཡོད་པའི་བོད་མི་སྤྱི་དང་ལྷག་པར་དུ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་བལ་ཡུལ་ནང་བཞུགས་བཞིན་པའི་བོད་མི་ཚོར་ངལ་བ་ཆེས་འཕྲད་ངེས་ཡིན་པ་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་བལ་ཡུལ་གཞུང་ནས་རྒྱ་ནག་དང་ལྷན་དུ་གྲོད་ཆོས་དེ་འདྲ་མ་བཞག་རོགས་གནང་ཞེས་འབོད་སྐུལ་གནང་སོང་།   བལ་ཡུལ་གཞུང་ནས་ཡུལ་དེའི་ས་གནས་གང་སར་ཉེན་རྟོག་མི་སྣ་དང་གསང་བའི་མི་སྣ་གང་མང་འགྲེམས་འཇོག་གིས་བཙན་བྱོལ་བོད་མིའི་ཐོག་སྔར་ལྷག་དམ་དྲག་བྱེད་བཞིན་པ་མ་ཟད་དེ་སྔ་ས་གནས་སུ་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་ནང་ཞུགས་མྱོང་ཡོད་མཁན་གཙོས་པའི་བོད་མི་ཁག་གཅིག་ལ་དོགས་ཟོན་གྱིས་འདྲི་རྩད་བྱས་པའི་གནས་སྟངས་སོགས་བྱུང་འདུག བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པར་ད་ལྟའི་ཆར་བལ་ཡུལ་ཁྱོན་ཡོངས་སུ་ལྟ་སྲུང་སླད་དམག་མི་ལྔ་སྟོང་ལྷག་འགྲེམས་འཇོག་བྱས་ཡོད་པ་དང་། འདས་པའི་ཉིན་ཤས་ཁྲོད་དུ་བོད་མི་ཁག་གཅིག་ལ་འདྲི་རྩད་སོགས་བྱས་ཡོད་ཀྱང་ད་ལྟའི་ཆར་འཛིན་བཟུང་བཀག་ཉར་བྱས་པ་དངོས་སུ་ཤེས་རྟོགས་ཐུབ་མེད་ཀྱང་། བལ་ཡུལ་གྱི་ས་གནས་སྤྱི་དང་ལྷག་པར་དུ་ས་མཚམས་ཁུལ་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་གསུངས་སོང་།  རྩ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སང་ཉིན་ནས་རྒྱ་གར་ནང་གི་འཚམས་གཟིགས་གྲུབ་མཚམས་སུ་ཕྱི་ཚེས་ ༡༣ ནས་ཉིན་གྲགས་གཉིས་རིང་བལ་ཡུལ་ནང་འཚམས་གཟིགས་བྱ་གཏན་འཁེལ་བ་དང་བསྟུན་བལ་ཡུལ་ནང་གི་བོད་མི་ཚོར་དམ་དྲག་བྱས་པ་ཙམ་མ་ཟད་རྒྱ་གར་ནས་བལ་ཡུལ་ནང་གཉེན་འཕྲད་དང་གནས་སྐོར་ཆེད་འགྲོ་མཁན་བོད་མི་ཁག་གཅིག་བལ་ཡུལ་ས་མཚམས་ནས་ཕྱིར་སློག་བྱས་པའི་གནས་སྟངས་ཡང་བྱུང་ཡོད་པ་རེད། དེའི་སྐོར་ཉེ་འཆར་ཕྱི་ཚེས་ ༦ ཉིན་རྒྱ་གར་ནས་བལ་ཡུལ་དུ་གཉེན་འཕྲད་དང་གནས་སྐོར་ལ་ཕེབས་སྐབས་ས་མཚམས་ནས་ཕྱིར་སློག་བྱས་པ་བསྟན་འཛིན་རབ་བརྟན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ས་མཚམས་སུ་བལ་པོའི་ཉེན་རྟོག་པས་བཀག་སྡོམ་དང་ཕྱིར་སློག་ཇི་ལྟར་བྱས་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་ནས་ཁུལ་དེར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བོད་མིའི་གསུམ་བཅུའི་དུས་དྲན་གཙོས་པའི་བོད་དོན་དང་འབྲེལ་བའི་མཛད་སྒོ་ཁག་སྲུང་བརྩི་ཞུ་རྒྱུར་དམ་དྲག་དང་། བོད་ནས་གསར་དུ་འབྱོར་བའི་བོད་མི་མི་ཉུང་བ་ཞིག་འཛིན་བཟུང་དང་ཕྱིར་སློག་བྱས་པ་སོགས་ཀྱི་གནས་ཚུལ་མི་ཉུང་བ་ཞིག་འཐོན་བཞིན་ཡོད་པ་མ་ཟད། ཡུལ་དེའི་ཆབ་སྲིད་ཚོགས་པའི་འཐུས་མི་ཁག་གཅིག་བོད་དོན་དང་འབྲེལ་བའི་ཚོགས་འདུ་སོགས་ཀྱི་ཐོག་མཉམ་ཞུགས་གནང་རྐྱེན་ལས་གནད་ནས་གནས་དབྱུང་བཏང་པ་སོགས་ཀྱི་གནས་སྟངས་བྱུང་ཡོད།

༸གོང་ས་མཆོག་གིས་ཝེ་ཏི་ནམ་དང་ཨིན་ཌོ་ནེ་ཤ་ཡའི་དད་ལྡན་ཁག་གཅིག་ལ་བཀའ་ཆོས་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རངི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Vietnam དང་ Indonesia དད་་ལྡན་ཁག་གཅིག་ལ་བཀའ་ཆོས་བསྩལ་འདུག དེ་རིང་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཝེ་ཏི་ནམ་དད་ལྡན་རུ་ཁག་གཅིག་རྒྱ་གར་ནང་གནས་མཇལ་དུ་ཆེད་བཅར་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་སླད་བཞུགས་སྒར་དུ་ཆེད་བཅར་ཞུས་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཝེ་ཏི་ནམ་དད་ལྡན་སེར་སྐྱ་ཕོ་མོ་ ༣༧ དང་གཞན་ཡང་ཨིན་ཌོ་ནེ་ཤ་ཡའི་དད་་ལྡན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་ཐུབ་པའི་མཚན་སྔགས་སོགས་བཀྲིན་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཐོག་མར་དད་ལྡན་པ་དེ་དག་ལ་འཚམས་འདྲི་དང་འབྲེལ། སྤྱིར་མགོན་པོ་༸གང་ཉིད་མཆོག་ནས་ནང་ཆོས་ཞེས་པ་དེ་ཆོས་ལུགས་ཀུན་ལས་ཡག་ཤོས་རེད་ཅེས་ནམ་ཡང་བཀའ་བསྩལ་མཛད་ཀྱི་མེད་པ་དེ་ལྟར་ཡང་ལྟ་གྲུབ་ཀྱི་ཐོག་ནས་ནང་ཆོས་དེ་ཚན་རིག་དང་ཧ་ཅང་ཐག་ཉེ་པོ་ཡོད་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་པའི་ཁར་ཚན་རིག་པ་ཞིག་ཀྱང་ཡིན་ཞེས་བཀའ་བསྩལ་བ་མ་ཟད། ནང་པའི་ཆོས་ཀྱི་སྙིང་པོ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་དེ་ཚན་རིག་དང་ཧ་ཅང་མཐུན་པ་དང་འཛམ་གླིང་ཞི་བདེ་དང་དེ་བས་ཀྱང་འབྲེལ་བ་ཆེས་ཆེན་པོ་ཡོད་པ་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གིས་དེ་རྗེས་ཝེ་ཏི་ནམ་དང་ཨིན་ཌོ་ནེ་ཤ་ཡའི་དད་་ལྡན་པ་དེ་དག་ལ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དང་འཇམ་དཔལ་དབྱངས། སྒྲོལ་མ་སོགས་ཀྱི་མཚན་སྔགས་ལྗགས་ལུང་བསྩལ་བ་མ་ཟད། ཆོས་ཟེར་བ་དེར་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ཉམs་ལེན་གནང་དགོས་པ་མ་གཏོགས་དད་པ་ཁོ་ན་ཙམ་གྱིས་འགྲིག་ཐབས་མེད་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། ཆོས་འབྲེལ་ལེགས་པར་གྲུབ་མཚམས་སུ་གསར་འགོད་པས་ཝེ་ཏི་ནམ་གྱི་རྡོ་གདན་མར་མེ་མཆོད་འབུལ་ཚོགས་ཆུང་གི་གནས་སྐོར་བ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཡོད་པ་སྐུ་ཞབས་ Andynoel ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་ནས་དེ་རིང་ཁོང་རྣམས་ལ་གོ་ལ་འདིའི་ཐོག་ཡོད་པའི་ཆོས་ལུགས་མི་འདྲ་ཡོད་དོ་ཅོག་འཆམ་མཐུན་ཡོང་བར་ལམ་སྟོན་མཛད་ཡོད་པའི་བཀའ་བསྩལ་བ་ངོ་སྤྲོད་གནང་སོང་བ་མ་ཟད། གཞན་ཡང་ཝེ་ཏི་ནམ་གྱི་རྡོ་གདན་་མར་མེ་མཆོད་འབུལ་ཚོགས་ཆུང་གི་ཚོགས་མི་ཡིན་པ་ཡེ་ཤེས་ལྷ་མོ་ལགས་ཀྱིས་ནང་པ་ཞིག་དང་ཉམས་ལེན་པ། དེ་བཞིན་དད་མོས་ཡོད་མཁན་ཞིག་ལ་མཚོན་ན་ཐེངས་འདིའི་བཀའ་ཆོས་དེ་ལེགས་པོ་བྱུང་སོང་བ་དང་། བཀའ་ཆོས་བསྩལ་གྲུབ་བསྟུན་༸གོང་ས་མཆོག་དང་ལྷན་དུ་སྐུ་པར་སྒྲོན་སྐབས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་དྲུང་དུ་བང་སྒྲིག་རྒྱུ་བྱུང་བ་མ་ཟད་མགོན་པོ་མཆོག་གིས་ཐད་ཀར་གཟིགས་སྐབས་ཚོར་སྣང་གང་བྱུང་བ་སོགས་དགའ་ཚོར་ཆེན་པོ་དང་བཅས་གསུངས་སོང་། རྩ་བའི་ཁོང་རྣམས་ད་ལན་རྒྱ་གར་དུ་གནས་མཆོག་རྡོ་རྗེ་གདན་དང་མཚོ་པདྨ། དེ་བཞིན་བཞུགས་སྒར་དུ་༸གོང་གི་གསེར་ཞལ་མཇལ་རྒྱུ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་མཇལ་ཞུ་རྒྱུ་སོགས་ཀྱི་ཆེད་དུ་བཅར་བ་ཞིག་ཡིན་པ་རེད། དེའི་བར་ན་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་སྨོན་ཤུགས་ཆེ་ཞུ་མཁན་མགོན་པོ་༸གང་ཉིད་མཆོག་གི་མཛའ་གྲོགས་སྐུ་ཞབས་ Richard Blum ལགས་དང་ཁོང་གི་སྲས་མོ་ལྕམ་སྐུ་ Heidi ལགས་རྣམ་གཉིས་ནས་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དང་སྦྲགས་ཏེ་བོད་མི་དང་བོད་ཐོག་རྒྱབ་སྐྱོར་གང་ཞུ་དགོས་པའི་ལམ་སྟོན་ཞུས་ཡོད་པ་རེད། གསར་འགོད་པས་སྐུ་ཞབས་ Richard Blum ལགས་སུ་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་གང་བསྩལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གིས་ནང་པའི་ལྟ་གྲུབ་ཐོག་ནས་བོད་མི་ཁོ་ན་ཙམ་མིན་པར་འཛམ་གླིང་གི་འགྲོ་བ་ཀུན་ལ་བྱམས་བརྩེའི་ཐོག་ནས་གཞན་ཕན་བསྒྲུབ་དགོས་གལ་ཡིན་པ་སོགས་ལམ་སྟོན་བསྩལ་ཡོད་པ་ངོ་སྤྲོད་གནང་སོང་། རྩ་བའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Richard Blum ལགས་ནི་ American Himalayan Foundation ཞེས་པའི་ཐེབས་རྩ་ཁང་གི་ཚོགས་གཙོ་ཡིན་ཞིང་། ཁོང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ཕྱི་ལོ་ ༡༩༧༢ ལོར་ཆེས་ཐོག་མ་མཇལ་མོལ་བྱུང་བ་ནས་བཟུང་ཁྱོན་མི་ལོ་ ༤༦ ལྷག་གི་རིང་ཐུགས་འདྲིས་ཆེ་བ་དང་། བོད་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དོན་དམ་གྱི་བོད་ཀྱི་གྲོགས་པོ་ཞིག་ཡིན་པ་མ་ཟད། མགོན་པོ་མཆོག་ལ་དད་གུས་དང་ཡིད་སྨོན་ཤུགས་ཆེ་ཞུ་མཁན་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་ཁོང་དང་ཁོང་གི་སྐུ་ཟླ་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Dianne Feinstein ལགས་རྣམ་གཉིས་ཀྱིས་མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༧༨ ལོར་ཨ་རིའི་ San Francisco མངའ་སྡེར་གདན་འདྲེན་ཞུས་མྱོང་ཡོད་པ་རེད། ཁོང་གིས་ཧི་མཱ་ལ་ཡའི་ཁུལ་གྱི་མི་རིགས་དག་ལ་ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་ཐོག་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།

ཇོ་ནང་རྒྱལ་ཚབ་སྐབས་གཉིས་པའི་ཁྲི་སྟོན་མཛད་སྒོ་ཚོགས་པ།

དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་ཉེ་འཁྲིས་ནོར་བུ་གླིང་ཁར་ཇོ་ནང་རྒྱལ་ཚབ་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡེ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་གི་སྐབས་གཉིས་པའི་ཁྲི་སྟོན་མཛད་སྒོ་ཚོགས་སོང་། ཁྲི་སྟོན་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་ཚོསག་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག རོང་ཆེན་བསྟན་པའི་མངའ་བདག བཀའ་ཟུར་ཀིརྟི་རིན་པོ་ཆེན་མཆོག་གཙོས་པའི་ཆོས་བརྒྱུད་ཁག་གི་བསྟན་བདག་རྣམས་ཀྱི་སྐུ་ཚབ་དང་། སེར་སྐྱ་མང་ཚོགས་ལྔ་བརྒྱ་ལྷག་མཉམ་ཞུགས་གནང་སོང་། སྐབས་དེར་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཁྲིི་སྟོན་བརྟན་བཞུགས་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ཚུལ་ཁྲིམས་བཟང་པོ་མཆོག་ནས་དེ་རིང་གི་མཛད་སྒོ་ངོ་སྤྲོད་གནང་བ་དང་ལྷན་དུ་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་ཇོ་ནང་གནད་ཡོད་མི་སྣ་རྣམས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་ཏེ། མཁན་སྤྲུལ་རྡེ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་སླར་ཡང་ཇོ་ནང་གི་རྒྱལ་ཚབ་རིན་པོར་ཆེར་བདམས་ཐོན་བྱུང་བ་ལྟར་དེ་རིང་གི་ཁྲི་སྟོན་གྱི་མཛད་སྒོ་འཚོགས་ཀྱི་ཡོད་པ་གསུངས་སོང་། ཁྲི་སྟོན་གྱི་མཛད་སྒོའི་སྐབས་སུ་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་རང་ཉིད་གྲྭ་རྐྱང་རང་ག་བ་ཞིག་ཡིན་པ་ལས་དམིགས་བསལ་བ་གང་ཡང་མིན་པས་ཁྲི་ཐོག་ནས་བཞུགས་ནས་བཀའ་མོལ་གསུང་རྒྱུར་འོས་བབ་མེད་ནའང་།  ༸དཔལ་རྒྱལ་བ་ཇོ་ནང་པ་རྣམས་ཀྱིས་འོས་བསྡུ་རིམ་པའི་ཐོག་ནས་ཐག་བཅད་ཟིན་པ་ཞིག་ཡིན་པས་བསྟན་པ་སྤྱི་ལ་ཞབས་འདེགས་ཏོག་ཙམ་ཞིག་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་བསོད་ནམས་ཡིན་པར་དགོངས་བཞིན་ཡོད་པ་བཀའ་གནང་བ་དང་འབྲེལ། བོད་མི་སྤྱི་བོ་གནམ་ལྡན་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བཀའ་གནང་བ་ལྟར་ཆོས་བརྒྱུད་དང་ཆོལ་ཁའི་བར་གྱི་འཐེན་འཁྱེར་སྤང་ཏེ་སྤྱི་དོན་གྱི་ཐོག་རང་ནུས་གང་ལྕོགས་གནང་གནད་ཡིན་ཡིན་པའི་བཀའ་སློབ་གནང་སོང་། ཆོས་རིག་བཀའ་བློན་མཆོག་གིས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་དང་བོད་ཕྱི་ནང་གཉིས་ཀྱི་ཇོ་ནང་གི་དགོན་སྡེ་བླ་སྤྲུལ་མང་པོའི་ངོས་འཛིན་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་ལེགས་གསོལ་བསྔགས་བརྗོད་ཀྱི་འཚམས་འཕྲིན་ཕེབས་པ་དེ་དག་མི་མང་གིས་རྩ་འཛིན་ནས་ཡིད་འཇགས་དགོས་གལ་ཡིན་པ་ངོ་སྤྲོད་དང་། བཙན་བྱོལ་ནང་ཇོ་ནང་པ་རྣམས་ལ་གཞུང་འབྲེལ་གྱི་ཐོག་ནས་ཆོས་བརྒྱུད་གཞན་ལྟར་གཅིག་གྱུར་གྱིས་ཁས་ལེན་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་གསུངས་སོང་། དམིགས་བསལ་གྱི་སྐུ་མགྲོན་རོང་ཆེན་ཀིརྟི་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱལ་ཚབ་རིན་པོ་ཆེ་ནི་ཆུང་དུས་ནས་སློབ་ལ་བརྩོན་ཞིང་ཐུགས་གཤིས་བཟང་བའི་བཀུར་འོས་ཀྱི་ངོ་ཤེས་གྲོགས་པོ་ཞིག་ཡིན་པར་འགྲེལ་བརྗོད་དང་བཅས། ཐེངས་གཉིས་ལ་རྒྱལ་ཚབ་ཏུ་འོས་འདེབས་བྱུང་ཡོད་སྟབས་སྔར་དང་མི་འདྲ་བར་བསྟན་པ་སྤྱིའི་དོན་དུ་ཕྱག་ལས་རྒྱ་ཆེར་གནང་དགོས་རྒྱུར་རེ་བ་དང་ཡིད་ཆེས་ཡོད་པ་གསུངས་སོང་། གཞི་རྩའི་ཕྱི་་ལོ་ ༢༠༡༤ ལོར་རྒྱལ་ཕྱི་ནང་གི་ཇོ་ནང་བླ་སྤྲུལ་དང་གནད་ཡོད་མི་སྣས་ལོ་འཁོར་གྱི་ཚོགས་འདུ་ཐེངས་བཞི་པ་ཚོགས་པ་དང་བསྟུན། རྒྱ་གར་ནང་དུ་ཡང་གཅིག་གྱུར་གྱིས་ཁས་ལེན་པའི་ཇོ་ནང་གི་རྒྱལ་ཚབ་ཅིག་དགོས་གལ་ཆེན་པོ་ཡིན་པའི་གྲོས་འཆམ་བྱུང་བ་ལྟར། ཚོགས་འདུའི་སྟེང་དུ་མཁན་སྤྲུལ་རྡེ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་སྤྱི་མོས་ཀྱིས་འོས་འདེམས་བྱུང་སྟེ་ཇོ་ནང་གི་རྒྱལ་ཚབ་ཀྱི་ཁྲི་རབས་དང་པོར་བསྐོ་གཞག་བྱུང་ནས་ལོ་ལྔའི་རིང་ལ་རྒྱལ་ཚབ་ཀྱི་འགན་ཁུར་བཞེས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་གི་སྨོན་ལམ་དང་སྟབས་བསྟུན་རྒྱལ་ཚབ་ཁྲི་རབས་གཉིས་པ་འོས་འདེམས་དང་འབྲེལ་བའི་གྲོས་གཞིར་བགྲོ་གླེང་གནང་སྐབས་ས་ཚོགས་ཞུགས་པ་ཡོངས་ཀྱི་སྤྱི་མོས་ཐོག་ཇོ་ནང་རྒྱལ་ཚབ་ཁྲི་རབས་གཉིས་པ་འོས་འདེམས་མི་དགོས་པར་ད་ལྟའི་ལས་ཐོག་ཇོ་ནང་རྒྱལ་ཚབ་ཁྲི་རབས་དང་པོ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་གིས་བསྐྱར་དུ་ཐུགས་འགན་བཞེས་རྒྱུར་སྤྱིས་མོས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་གནང་བ་ཞིག་རེད་འདུག

བོད་ཕྲུག་རྣམས་ཡིག་རྒྱུགས་ཁྲོད་འཛིན་བཟུང་བྱས་པར་བློ་འཚབ་གནང་བཞིན་པ།

རྒྱ་གར་ལྷོ་ཕྱོགས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞིའི་འོག་བོད་མི་ལས་འགུལ་བ་དང་སློབ་ཕྲུག་བཅས་ཁྱོན་མི་ ༩ འཛིན་བཟུང་བྱས་ཏེ་བཙོན་འཇུག་ཐོག་ཁ་སང་སླར་ཅ་ནཡི་ནང་གི་བོད་རིགས་གཙུག་ལག་སློབ་དཔོན་ཞིག་འཛིན་བཟུང་བྱས་པ་མ་ཟད་ཁུལ་དེའི་བོད་རིགས་སློབ་མ་ ༢༥ ཡིག་རྒྱུགས་ཁྲོད་བཙན་འཁྲིད་བྱས་པའི་གནས་ཚུལ་ཐོན་པར་བློ་འཚབ་ཆེན་པོ་གནང་བཞིན་འདུག རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བདུན་ཕྲག་འདིའི་རེས་གཟའ་པ་སངས་ནས་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ Tamil Nadu ནང་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་དང་ལྷན་ནང་མོལ་ལྷན་འཛོམས་ཆེད་ཡོང་གི་ཡོད་སྟབས། ཞི་ཅིན་ཕིང་ལ་ངོ་རྒོལ་གནང་སྲིད་པའི་དོགས་གཞིའི་འོག་ཏུ་རྒྱ་གར་གཞུང་གི་ཉེན་རྟོག་པས་འདས་པའི་ཉིན་ཤས་ནང་བོད་མི་དགུ་འཛིན་བཟུང་གིས་བཀག་བསྐྱིལ་བྱས་ཡོད་པའི་ཁྲོད་ཁ་སང་ས་གནས་ཉེན་རྟོག་པས་ཅ་ནཡི་ནང་གི་ Hindustan གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་ཕྱག་རོགས་ཀྱི་ཕྱག་ལས་གནང་བཞིན་པ་བསྟན་འཛིན་ནོར་བུ་ལགས་ནས་བོད་རིགས་སློབ་མ་ཁག་གཅིག་ལྷན་དུ་ཞི་ཅིན་ཕིང་ལ་དར་ཆ་ནག་པོའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་འཆར་ཡོད་པར་དོགས་གཞིའི་གནང་སྟེ་འཛིན་བཟུང་བྱས་ཏེ་བཀག་ཉར་ཁང་ཞིག་ཏུ་བཏང་ཡོད་རེད་འདུག ཁ་སང་ཞོགས་པ་སླར་ས་གནས་ཉེན་རྟོག་པས་ཅ་ནཡི་གྲོང་ཁྱེར་ནང་སློབ་གཉེར་བྱེད་བཞིན་པའི་བོད་ཕྲུག་ཚོའི་སྡོད་ཁང་དུ་སྐྱོད་དེ་ཁོང་རྣམ་ཐོག་མར་ངོ་རྟགས་ཆོད་ཕྱིར་ཡིན་སྐོར་བརྗོད་ནས་ Selaiyur ཉེན་རྟོག་ཁང་དུ་འཁྲིད་ཡོད་ཀྱང་། ཕྱིས་སུ་རིམ་པས་ཁོང་ཚོའི་ཁ་པར་ཨང་གྲངས་སོགས་ཐོ་འགོད་བྱེད་བཅུག་ཏེ་ཞི་ཅིན་ཕིང་སླེབས་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུ་མིན་པའི་ཁས་ལེན་གྱི་ཡིག་ཆར་མིང་རྟགས་བཀོད་བཅུག་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ད་ལན་ཅི་ནཡི་ས་གནས་ཉེན་རྟོག་པས་འདས་པའི་ཉིན་ཤས་ནང་བོད་མི་འཛིན་བཟུང་བཀག་སྐྱིལ་བྱས་པའི་ཁོངས་ནས་ཕལ་ཆེ་བ་སློབ་ཕྲུག་ཆགས་ཀྱི་ཡོད་པ་དང་ལྷག་དོན་དེ་རིང་ནས་ཉིན་གྲངས་གསུམ་རིང་མ་རྡ་ར་སི་མཐོ་སློབ་ཁགགི་རྒྱུགས་སྤྲོད་འཁེལ་གྱི་ཡོད་སྟབས། སློབ་ཕྲུག་རྣམས་ཡིག་རྒྱུགས་ཁྲོད་སེམས་འཚབ་ཆེན་པོའི་ངང་གནས་བཞིན་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་གྲགས་པ་ལགས་སུ་བཅར་འདྲི་ཞུས་པར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ལྡི་ལི་ནས་ཁྲིམས་རྩོད་པ་ཞིག་མངགས་གཏོང་གིས་སློབ་ཕྲུག་གཙོ་བོར་གྱུར་པའི་བོད་མི་དེ་དག་བཙོན་གྲོལ་ཐོབ་ཐབས་སུ་ཞུ་གཏུག་གནང་བཞིན་ཡོད་སྐོར་གསུངས་སོང་། ཁོང་རྣམས་འཛིན་བཟུང་བཀག་བསྐྱིལ་བྱས་ནས་ད་ལྟའི་ཆར་ཚོུད་ ༤༨ ལྷག་འགྲོ་ཡོད་ཀྱང་ས་གནས་ཉེན་རྟོག་པས་ཁོང་རྣམས་ཀྱི་ཁྲིམས་རྩོད་པ་དང་ཐུག་འཕྲད་གནང་བར་མུ་མཐུད་བཀག་སྡོམ་བྱེད་བཞིན་པའི་ཁྲོད་ཁོང་རྣམས་ཀྱི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག འོན་ཀྱང་དེ་རིང་འཛིན་འཛིན་ཆོས་སྒྲོན་ལགས་ཀྱིས་ཁོང་གི་ཨ་མ་ལགས་ལ་ཁོང་རྣམས་ད་ཆ་ཅ་ནཡི་དབུས་བཙོན་ཁང་ནས་བཙོན་ཁང་གཞན་ཞིག་ཏུ་གནས་སྤོས་བྱ་འཆར་ཡོད་སྐོར་ཞུས་འདུག རྒྱ་གར་གཞུང་གི་ཉེན་རྟོག་པས་ལྷོ་ཕྱོགས་ནས་ཁྱོན་བོད་མི་བཅུ་འཛིན་བཟུང་གིས་བཀག་བསྐྱིལ་བྱས་པའི་གནས་ཚུལ་ཁག་བརྒྱུད་ལམ་ཁག་ཏུ་ཐོན་སྟབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྱི་ཚོགས་དྲྭ་ལམ་ཐོག་རྒྱ་གར་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་དང་བློ་ཕམ་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་མ་ཟད། ཁག་གཅིག་གིས་རྒྱ་གར་དེ་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པས་རྒྱ་གཞུང་གི་གནོན་ཤུགས་འོག་མགོ་སྒུར་བར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། རྒྱ་གར་དབུས་གཞུང་ནས་དེ་ལྟར་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་མཁན་ཡང་བྱུང་འདུག

ཨ་རིས་ཤིན་ཅང་གི་གནད་དོན་དང་ངན་པ་ལག་སྦྲེལ་ཡོད་པའི་རྒྱ་གཞུང་མི་སྣར་མཐོང་མཆན་གནང་རྒྱུ་རེད་མི་འདུག

ཁ་སང་ཕྱི་ཟླ་ ༩ ཚེས་ ༨ ཉིན་ཨ་རིའི་སྲིད་གཞུང་གིས་ཤིན་ཅང་གི་ཡུ་གུར་མི་རིགས་གཙོས་གཞན་ཁ་ཆེའི་གྲངས་ཉུང་མི་རིགས་ཁྲི་ཚོ་མང་པོ་བཙོན་འཇུག་མནར་གཅོད་བཏང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་བའི་བྱ་སྤྱོད་དང་ངན་པ་ལག་སྦྲེལ་ཡོད་པའི་རྒྱ་ནག་གཞུང་འབྲེལ་མི་སྣ་རྣམས་ཨ་རིའི་ནང་འགྲུལ་སྐྱོད་ཆོག་པའི་མཐོང་མཆན་གནང་རྒྱུ་མིན་པའི་བསྒྲགས་གཏམ་སྤེལ་འདུག ཨ་རི་ New York ནང་རྟེན་གཞི་བྱས་པའི་ Bloomberg ཞེས་པའི་དྲྭ་རྒྱ་གཙོས་དྲྭ་རྒྱ་ཁག་ཅིག་གི་ཐོག་ཏུ་གནས་ཚུལ་སྤེལ་བར་ཨ་རིའི་ཚོང་ལས་སྡེ་ཚན་གྱིས་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་དང་ཚོགས་པ་ཁག་ ༢༨ མིང་ཐོ་ནག་པོའི་ནང་དུ་བཅུག་ནས་ཚོགས་པ་དེ་དག་གིས་ཨ་རི་ནས་ཅ་དངོས་རིགས་ཉོ་ཚོང་དང་མཉམ་ལས་རིགས་བྱ་རྒྱུ་མེད་པ་བཟོ་རྒྱུའི་གསལ་བསྒྲགས་སྤེལ་ནས་ཉིན་གཅིག་གི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Michael Pompeo ལགས་ཀྱིས་ the stain of the century ཞེས་དུས་རབས་ཀྱི་དྲི་ནོག་ཅན་ཞེས་བརྗོད་དེ་ཤིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁཱ་ཛཱ་ཁི་སི་དང་། གཞན་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ལ་ཚད་འདས་རང་བཞིན་གྱི་དྲག་གནོན་དང་མི་གྲངས་ཁྲི་ཕྲག་མང་པོ་བཙོན་འཇུག་མནར་གཅོད་བཏང་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་དང་ངན་པ་ལག་སྦྲེལ་ཡོད་མཁན་གྱི་རྒྱ་ནག་གཞུང་གི་འགོ་ཁྲིད་དང་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་མི་སྣ་རྣམས་ལ་ཨ་རིར་འགྲུལ་སྐྱོད་ཆོག་པའི་མཐོང་མཆན་གནང་རྒྱུ་མིན་པ་མ་ཟད། རྒྱ་ནག་གཞུང་གི་དཔོན་རིགས་དེ་དག་གི་ནང་མི་རྣམས་ལའང་མཐོང་དེ་བཞིན་དམ་དྲག་གནང་རྒྱུ་ཡིན་པ་གསུངས་འདུག ད་དུང་བརྒྱུད་ལམ་དེའི་ཐོག་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་མཐོང་མཆན་གནང་རྒྱུ་མིན་པའི་ཐག་གཅོད་དེ་ནི་ Immigration and Nationality Act ཞེས་པའི་ཁྲིམས་གཞི་དེའི་འོག་ནས་བཀའ་འཁྲོལ་བྱུང་བ་ཞིག་དང་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ལ་དོ་ཕོག་གཏོང་མཁན་གྱི་གང་ཟག་སུ་འདྲ་ཞིག་ལ་མཐོང་མཆན་གནང་མི་ཆོག་པའི་ཐག་གཅོད་གནང་རྒྱུའི་དབང་ཚད་དེ་ཕྱི་དྲིལ་དྲུང་ཆེ་ལ་དབང་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་ཀྱི་ཚོང་འབྲེལ་འཐུས་ཚབ་མི་སྣ་ཁག་གཅིག་ཨ་རིའི་ནང་སང་ཚོང་འབྲེལ་གྱི་གྲོས་མོལ་ཆེད་སླེབས་ལ་ཉེ་བའི་ཚོར་བ་རྣོ་བའི་དུས་ཚིགས་ཤིག་དང་སྟབས་ཁེལ་ཡོད་པ་རེད། རྒྱ་ནག་གཞུང་གིས་ཤིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁཱ་ཛཱ་ཁི་སི་དང་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ལ་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པ་དང་འབྲེལ། སྐུ་ཞབས་ Pompeo ལགས་ཀྱིས་བསྒྲགས་གཏམ་ནང་རྒྱ་ནག་གཞུང་གིས་དྲག་གནོན་དེ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་གལ་གནད་ཆེ་བ་ཞིག་དང་། རྒྱལ་ཁབ་ཚང་མའི་ངོས་ནས་ངེས་པར་དུ་ འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དམ་བཅའ་ལ་གུས་བརྩི་ཞུ་དགོས་པ་གསུངས་འདུག དེ་བཞིན་ཨ་རིའི་གཞུང་ནས་བསྒྲགས་གཏམ་དེ་སྤེལ་ཟིན་རྗེས་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་འཕྲུལ་བྱའི་དྲྭ་ལམ་བརྒྱུད་ཨ་རིའི་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་དང་ཚོགས་པ་ཁག་ཅིག་མིང་ཐོ་ནག་པོའི་ནང་དུ་བཅུག་པའི་ཕྱི་ཉིན་དེར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ལ་མཐོང་མཆན་གནང་རྒྱུ་མིན་ཟེར་བ་ནི་རྒྱལ་སྤྱིའི་ཁྲོད་ཕྱི་འབྲེལ་སྲིད་བྱུས་ཀྱི་འབྲུ་དོན་དང་མཐའ་གཅིག་ཏུ་འགལ་བ་ཞིག་ཡིན་པ་དང་། ཤིན་ཅང་ནང་གི་གནད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པ་ལས་དེར་ཕྱིའི་རྒྱལ་ཁབ་ཀྱི་ཐད་བྱུས་བྱེད་ཆོག་གི་མེད་པ་མ་ཟད། ཨ་རིའི་གཞུང་ནས་ནོར་འཁྲུལ་དེ་ཁས་བླངས་ཐོག་ནོར་འཁྲུལ་ཡོ་བསྲང་དགོས་སྐོར་རྒོལ་ལན་བྱས་འདུག གཞི་རྩའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཚོང་ལས་སྡེ་ཚན་གྱིས་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་དང་ཚོགས་པ་ཁག་ ༢༨ མིང་ཐོ་ནག་པོར་བཅུག་དོན་ནི་ཚོང་ལས་ཁང་དེ་དག་གིས་རྒྱ་ནག་གཞུང་ལ་མཉམ་འབྲེལ་བྱས་ནས་ཤིན་ཅང་གི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ལ་དྲག་གནོན་དང་འཛིན་བཟུང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་རྐྱེན་ཡིན་པ་རེད།

ཧོང་ཀོང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱས་རྐྱེན་རྒྱ་ནག་ནང་གྲགས་ཅན་NBAསིལ་སྤོལ་འགྲན་བསྡུར་རྒྱང་བསྲིང་བྱ་རྒྱུ་ཕྱིར་འཐེན།

NBA ཞེས་པའི་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྦོལ་མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Adam Silver ལགས་ཀྱིས་ Houston ནང་རྟེན་གཞི་བྱས་པའི་Rockets སིལ་སྤོལ་རུ་ཁག་གི་འགན་འཛིན་ངོས་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་པའི་གནད་དོན་དེ་ནི་ཁོང་གི་སྨྲ་བརྗོད་རང་དབང་ཞིག་ཡིང་པར་འགྲེལ་བརྗོད་གནང་རྗེས། རྒྱ་ནག་གི་གཞུང་འབྲེལ་CCTV བརྙན་འཕྲིན་ལས་ཁང་ནས་ NBA  འི་སྔོན་འགྲོའི་རྩེད་འགྲན་ཆ་ཚང་རྒྱ་ནག་ནང་རྒྱང་བསྲིང་བྱ་རྒྱུ་ཕྱིར་འཐེན་བྱས་འདུག དེའང་NBA འི་ཚོགས་མི་ཡིན་པའི་ Houston Rockets རུ་ཁག་གི་འགན་འཛིན་ Daryl Morey ལགས་ཀྱིས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་རང་ཉིད་ཀྱི་ Twitter དྲ་གནས་ཐོག་ཧོང་ཀོང་ལ་རྒྱབ་སྐྱོར་གྱི་མཚོན་རྟགས་ཤིག་བརྒྱུད་སྤེལ་གནང་རྗེས།  རྒྱ་རིགས་མི་སེར་མང་པོས་དེར་ངོ་རྒོལ་གནང་པའི་རྐྱེན་གྱིས། སྐུ་ཞབས་ Morey ལགས་ཀྱིས་ལམ་སང་མཚོན་རྟགས་དེ་ཕྱིར་འཐེན་བྱས་ཏེ་དེ་ནི་ཁོང་སྒེར་གྱི་ལངས་ཕྱོགས་ཤིག་ཡིན་པའི་གསལ་བཤད་གནང་བ་མ་ཟད། NBA མཐུན་ཚོགས་ནས་དེའི་རྗེས་སུ་སྐུ་ཞབས་ Morey ལགས་ཀྱི་གནང་སྟངས་དེས་རྒྱ་ནག་གི་མང་ཚོགས་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་སྟབས་དེའི་ཐོག་བློ་འགྱོད་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་རེད། འོན་ཀྱང་རེས་གཟའ་ཟླ་བའི་ཉིན་ NBA མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Adam Silver ལགས་ཀྱིས་ཉི་ཧོང་གི་ Kyodo གསར་ཁང་གི་བཅར་འདྲིར་དྭངས་ལེན་གནང་སྐབས། མཐུན་ཚོགས་དེའི་ངོས་ནས་Daryl Morey ལགས་ཀྱི་སྨྲ་བརྗོད་རང་དབང་ལ་གུས་བརྩི་ཞུ་བཞིན་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད། རེས་གཟའ་མིག་དམར་ཉིན་སླར་ཡང་སྤྱི་སྒྲགས་ཤིག་སྤེལ་བའི་ནང། NBA མཐུན་ཚོགས་ངོས་ནས་དེ་གའི་ཚོགས་མི་རྣམ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གུས་བརྩི་ཞུ་བཞིན་པ་དང་། སྤྱིར་ཨ་རི་དང་རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་མང་ཚོགས་སུ་འདྲ་ཞིག་ཡིན་རུང་གནད་དོན་འདྲ་མིན་ཐོག་བསམ་ཚུལ་འདྲ་མིན་ཡོད་པ་དེ་ཆོས་ཉིད་ཡིན་པ་བཞིན། མཐུན་ཚོགས་ངོས་ནས་དེ་གའི་རྩེད་འགྲན་པ་དང་ལས་བྱེད། དེ་བཞིན་རུ་ཁག་གི་སྦྱིན་བདག་སོགས་ཀྱི་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་བྱེད་ཐུབ་ཐབས་མེད་སྐོར་འགྲེལ་བརྗོད་གནང་འདུག སྐུ་ཞབས་ Silver ལགས་ཀྱིས་བཀའ་མོལ་དེ་ལྟར་གནང་མ་ཐག    རྒྱ་ནག་གི་གཞུང་འབྲེལ་CCTV བརྙན་འཕྲིན་ལས་ཁང་དང་ tencent sports ཞེས་དྲ་རྒྱ་བརྒྱུད་རྩེད་འགྲན་ཐད་གཏོང་བྱེད་མཁན་ཚོང་ལས་ཁང་གིས་རྒྱ་ནག་ནང་ནས་རྩེད་འགྲན་དེ་རྒྱང་བསྲིངས་བྱ་རྒྱུ་ཕྱིར་འཐེན་བྱེད་རྒྱུ་གཏན་འཁེལ་ཡོད་སྐོར་བརྗོད་པ་མ་ཟད། CCTV བརྙན་འཕྲིན་ལས་ཁང་གིས། རྒྱལ་ཁབ་ཅིག་གི་ས་ཁོངས་བདག་དབང་དང་སྤྱི་ཚོགས་བརྟན་བརླིང་ལ་ཁ་གཏད་གདོང་ལེན་བྱས་པའི་གཏམ་བཤད་འདི་ལྟ་བུ་ནི་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་སུ་རྩ་བ་ནས་གཏོགས་ཀྱི་མེད་པར་བརྗོད་དེ་སྐུ་ཞབས་ Silver ལགས་ཀྱི་བཀའ་མོལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་འདུག གཞི་རྩའི་རྒྱ་ནག་ནང་དུ་སིལ་སྤོལ་རྩེད་འགྲན་ལ་དོ་དབྱིངས་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། སྔར་ལོ་གཅིག་པོའི་ནང་ tencent བརྒྱུད་ NBA འི་རྩེད་འགྲན་ལྟ་མཁན་ས་ཡ་ ༥༠༠་ ལྷག་བྱུང་ཡོད་པ་དང་། NBAམཐུན་ཚོགས་ངོས་ནས་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ tencent ཚོང་ལས་ཁང་དང་ལྷན་དུས་ཡུན་ལོ་ལྔ་ཅན་དང་ཨ་སྒོར་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་གི་ཚོང་གི་གྲོས་མཐུན་བཞག་ཡོད་པ་རེད་འདུག ད་ལྟའི་ཆར་ NBAམཐུན་ཚོགས་ཀྱི་ངོས་ ནས་ CCTV བརྙན་འཕྲིན་ལས་ཁང་གི་ཐག་གཅོད་ཐོག་འགྲེལ་བརྗོད་གང་ཡང་གནང་མི་འདུག  

Latest news