Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸རྒྱལ་བའི་བརྟན་བཞུགས་དང་འབྲེལ་ནས་ཚེ་སྒྲུབ་དབུ་འཛུགས།

ཤང་དགའ་ལྡན་ཆོས་འཁོར་གླིང་དང་མདོ་ཁམས་ཆུ་བཞི་སྒང་དྲུག སྤྱི་མཐུན་མཉམ་འབྲེལ། འབྲུག་སྡོད་བོད་མི། དེ་བཞིན་གོ་འཇོ་བཅས་ཚོགས་པ་ལྔས་བོད་མིའི་བླ་ན་མེད་པའི་དབུ་ཁྱིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུས་དོན་ལྟར་ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྨིན་གླིང་གཏེར་བདག་གླིང་པའི་གཏེར་ཆོས་ཀྱི་ནང་ནས་ཚེ་སྒྲུབ་ཡོངས་སྙིང་ཀུན་བསྡུས་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད། སྐབས་དེའི་༸རྒྱལ་བའི་བརྟན་ཞུགས་དང་འབྲེལ་བའི་ཐུན་མོང་གི་སྔོན་འགྲོའི་ཆོ་ག་ཁག་གཅིག་དེ་རིང་ནས་དངོས་སུ་དབུ་འཛུགས་ཀྱིས་ཉིན་གྲངས་བཞིའི་རིང་ཚེ་སྒྲུབ་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་གཙུག་ལག་ཁང་དུ་བརྟན་བཞུགས་དངོས་གཞི་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་དང་། ལྷག་པར་དུ་འདི་ལོར་༸གོང་ས་མཆོག་གི་༸སྐུའི་དགུང་སྐེག་དངོས་གཞི་འཁེལ་གྱི་ཡོད་སྟབས་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་སོ་སོའི་ནས་ཐེངས་འདིའི་༸རྒྱལ་བའི་བརྟན་བཞུགས་ལ་སྨན་པའི་ཞབས་རིམ་གསོག་སྒྲུབ་དང་ཚེ་སྒྲུབ་སོགས་ཀྱི་ཆོ་ག་འདྲ་མིན་གནང་དང་གནང་བཞིན་ཡོད་པ་རེད། ༸རྒྱལ་བའི་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་ཁོངས་སུ་ཡོད་པ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ཚོགས་ཟུར་དང་སྤྱི་འཐུས་ལས་ཐོག་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་འདི་༸སྐུའི་དགུང་སྐེག་དངོས་གཞི་དང་འབྲེལ་ཏེ་དམིགས་བསལ་གྱི་གལ་འགངས་ཅན་ཞིག་ཆགས་ཀྱི་ཡོད་སྟབས། མགོན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་སླད་དུ་༸གོང་ས་ལྔ་པ་ཆེན་པོ་མཆོག་དང་ཐུན་མིན་གྱི་འབྲེལ་བ་ཡོད་པའི་སྨིན་གླིང་གཏེར་བདག་གླིང་པའི་གཏེར་ཆོས་ཀྱི་ནང་ནས་ཚེ་སྒྲུབ་ཡོངས་སྙིང་ཀུན་བསྡུས་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་གསུངས་སོང་། གཞི་རྩའི་ཤང་དགའ་ལྡན་ཆོས་འཁོར་གླིང་དང་མདོ་ཁམས་ཆུ་བཞི་སྒང་དྲུག སྤྱི་མཐུན་མཉམ་འབྲེལ། འབྲུག་སྡོད་བོད་མི། དེ་བཞིན་གོ་ཇོ་བཅས་ཚོགས་པ་ལྔ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གསང་གསུམ་ལ་ཚུལ་བསྟན་སྐུ་གེགས་ཉེར་འཚེ་རིགས་ཀྱི་ཆ་ཙམ་མི་བཞེས་པར་བསྟན་པ་དང་འགྲོ་བའི་འཕྲལ་ཡུན་ཕན་བདེའི་བྱེད་པོར་༸སྐུ་ཚེ་༸ཞབས་པད་བརྟན་པའི་ཆེད་ཆོས་རྫས་ཀྱི་གཙོ་བོར་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དང་ཚེ་འབུམ་ལ་སོགས་པ་དུ་མ་ཞིག་གྲ་སྒྲིག་གནང་འདུག

བོད་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་གཏུག་ལས་འགུལ།

ཨོ་སི་ཊོ་ལི་ཡ་ནང་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༩ བར་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་དཔྱིད་ཀའི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་ཁུལ་དེའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་འདྲ་མཉམ་ཐོག་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་བཞིན་འདུག སྔར་ལོ་ཨ་རིའི་གྲོས་ཚོགས་ཀྱིས་ Reciprocal Access to Tibet Act ཞེས་རྒྱ་ནག་གཞུང་འབྲེལ་མི་སྣ་རྣམས་ཨ་རིར་རང་དབངཐོག་སྐྱོད་ཆོག་པ་བཞིན་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་ཡིན་པའི་བོད་རིགས་རྣམས་ཀྱང་བོད་དུ་རང་དབང་ཐོག་འདྲ་མཉམ་བསྐྱོད་བཅུག་དགོས་པའི་ཁྲིམས་འཆར་གཏན་འབེབས་གནང་དོན་ལྟར་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་ཞེས་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་གྲས་དང་བོད་རིགས་མཐུན་ཚོགས་ཁག་བརྒྱད་བཅས་ནས་མཉམ་རུབ་ཐོག་སང་ཉིན་ཕྱི་ཚེས་ ༡༠ ཉིན་དབུ་འཛུགས་གནང་སྟེ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་བརྒྱད་པ་དེ་སྤེལ་རྒྱུ་དང་དེའང་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་དཔྱིད་ཀའི་གྲོས་ཚོགས་འཚོགས་བཞིན་པའི་ཐོག་བོད་ནང་འདྲ་མཉམ་ཐོག་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་གཏུག་ལས་འགུལ་སྤེལ་གནང་རྒྱུ་རེད་འདུག ལས་འགུལ་དེའི་སྐོར་ཉེ་ཆར་ ATC བོད་དོན་ལྷན་ཁང་གི་དྲྭ་གནས་ཐོག་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་བའི་ནང་འདི་ལོ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བ་དང་བསྟུན་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་མང་ཚོགས་རྣམས་ཀྱི་རྒྱ་གཞུང་ལ་ཤུགས་དྲག་ཆེན་པོས་གདོང་ལེན་གནང་བཞིན་ཡོད་པ་དང། ཨོ་སི་ཊོ་ལི་ཡ་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་རྣམས་ཀྱི་གནས་སྟངས་ལ་གཞིགས་ཏེ་ ATC བོད་དོན་ལྷན་ཁང་དང་བོད་རིགས་མཐུན་ཚོགས་གཉིས་མཉམ་འབྲེལ་གྱིས་བོད་དོན་ཞུ་གཏུག་དེའི་ཐོག་གཙོ་བོ་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཁྲིམས་འཆར་གཏན་འབེབས་གནང་དགོས་པའི་ཞུ་སྐུལ་གནང་རྒྱུ་དང་། ཐེངས་འདིའི་ལས་འགུལ་ཐོག་ཡུལ་དེའི་གྲོས་ཚོགས་འཐུས་མི་གསར་རྙིང་ཁྱོན་ ༥༠ ཙམ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་གསུངས་འདུག བསྒྲགས་གཏམ་ནང་ ATC བོད་དོན་ལྷན་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་དེང་སྐབས་ཨོ་སི་ཊོ་ལི་ཡར་རྒྱ་ནག་གི་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་རྒྱ་གཞུང་གི་སྐུ་ཚབ་རྣམས་ལ་ཡུལ་དེའི་གྲོས་ཚོགས་འཐུས་མིའི་ཁྲོད་བོད་དང་འབྲེལ་བའི་གནད་དོན་ཐོག་འགོག་རྐྱེན་མེད་པར་འཁྱོག་བཤད་སྤེལ་རྒྱུའི་གོ་སྐབས་ཤུགས་ཆེན་པོ་འཐོབ་བཞིན་ཡོད་སྟབས། བོད་མིའི་ཞུ་གཏུག་པ་དག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་གནད་དོན་ངོ་མ་དེ་ངོ་སྤྲོད་གནང་རྒྱུ་ཡིན་པ་གསུངས་འདུག སྐྱིད་འཛོམས་ལགས་ཀྱིས་ད་དུང་བོད་ནང་ཡོད་པའི་བོད་མི་རྣམས་སོ་སོའི་ལུང་པའི་ནང་བཙོན་པ་ལྟ་བུར་གྱུར་ནས་ཕྱི་ལ་ཐོན་ས་མེད་པ་དང། བོད་དེ་ཕྱི་ལ་སྒོར་མོ་བརྒྱབ་ཡོད་སྟབས་རྒྱལ་སྤྱིའི་སྤྱི་ཚོགས་ལའང་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཐབས་མེད་པ་དང། མི་སྣ་ཉུང་ཤས་ཤིག་བོད་ནང་བསྐྱོད་ཐུབ་པ་ཡིན་ནའང་རྒྱ་གཞུང་གི་བཏང་འཛིན་འོག་སྐོར་སྐྱོད་གནང་གི་ཡོད་པ་རེད། འདས་པའི་ལོ་ ༤ ཙམ་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་གཅིག་བོད་དུ་བསྐྱོད་ཐབས་གནང་ཡོད་ཀྱང། རྒྱ་གཞུང་ནས་མཐོང་མཆན་མ་སྤྲད་པ་མ་ཟད། བོད་དུ་ནང་མི་ཉེ་འབྲེལ་ཡོད་པའི་ཨོ་སི་ཊོ་ལི་ཡའི་བོད་རིགས་རྣམས་ལ་འགྲུལ་སྐྱོད་གནང་རྒྱུར་ངལ་བ་ཆེན་པོ་འཕྲད་མུས་ཡིན་སྟབས། བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཁྲིམས་འཆར་དེས་ཨོ་སི་ཊོ་ལི་ཡའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སྣ་རྣམས་ལ་བོད་ནང་བསྐྱོད་དེ་རྒྱ་གཞུང་གི་དྲག་གནོན་ཇི་ཙམ་བྱས་དང་བྱེད་བཞིན་ཡོད་པ་མངོན་ཐུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་གསུངས་འདུག སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་སུ་རླུང་འཕྲིན་ཁང་གིས་ཞལ་པར་བརྒྱུད་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་ཡུལ་དེའི་གྲོས་ཚོགས་འཐུས་མི་གཅིག་ནས་གྲོས་ཚོགས་ནང་ཁྲིམས་འཆར་དེ་བསྣམ་ཕེབས་རྒྱུར་ཞལ་བཞེས་གནང་ཡོད་པ་དང། གྲོས་ཚོགས་འཐུས་མི་བཅུ་གྲངས་ཤིག་ནས་རྒྱབ་སྐྱོར་གནང་རྒྱུར་ཞལ་བཞེས་གནང་ཡོད་ཀྱང། ཁྲིམས་འཆར་དངོས་སུ་གཏན་འབེབས་བྱུང་བར་གྲོས་ཚོགས་ཀྱི་འཐུས་མི་ཁྱོན་ཡོངས་ལས་བརྒྱ་ཆ་ ༥༠ ལྷག་གིས་རྒྱབ་སྐྱོར་གནང་དགོས་སྟབས་ད་རེས་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་བརྒྱད་པའི་ཐོག་གནད་དོན་དེ་གཙོ་བཟུང་གིས་ཤུགས་སྣོན་བསྐྱོན་རྒྱུ་ཡིན་པ་གསུངས་སོང་། རྩ་བའི་རྒྱ་ནག་དེ་ཨོ་སི་ཊོ་ལི་ཡ་རྒྱལ་ཁབ་ཀྱི་ཚོང་འབྲེལ་རྒྱལ་ཁབ་ཤུགས་ཆེ་ཤོས་གྲས་ཤིག་ཆགས་ཡོད་ཀྱང། འདས་པའི་ལོ་ཤས་ནས་ཡུལ་དེའི་ནང་རྒྱ་གཞུང་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་ཡུལ་དེའི་མང་ཚོགས་ཀྱིས་བློ་འཚབ་དང་འབྲེལ་ཏེ་དེང་སྐབས་རྒྱལ་ཁབ་ཕྱོགས་གཉིས་དབར་ཚོང་འབྲེལ་སོགས་ཤུགས་ཆེན་པོ་འགྲོ་བཞིན་པར་ལྟོས་མེད་དེ་སྔ་རྒྱ་ནག་ནས་དངུལ་གྱི་ཁེ་ཕན་ལེན་མཁན་གྲོས་ཚོགས་འཐུས་མི་དེ་དག་ཐེར་འདོན་གནང་བ་དང། ཡུལ་དེའི་མཐོ་སློབ་ཁག་གི་ནང་རྒྱ་ནག་གི་ཁུང་རྩི་སློབ་གཉེར་ཁང་སྒོ་བརྒྱབ་པ་སོགས་ཀྱི་གནས་ཚུལ་འཐོན་བཞིན་ཡོད་པ་རེད།

ལ་དྭགས་ཁུལ་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད།

ཁ་སང་ལ་དྭགས་ཁུལ་གྱི་ Flowering Dharma ཞེས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ལ་དྭགས་ཀྱི་ཡུལ་མིའི་སློབ་གྲྭ་ལམ་སྒྲོན་དང་ Flowering Dharma ཞེས་པའི་ཚོགས་པ་གཉིས་ཀྱིས་འགོ་ཁྲིད་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་ནས་དགོངས་བཞེས་གནང་བའི་དགོངས་གཞི་ཇི་བཞིན་ཨ་རིའི་ Emory གཙུག་ལག་སློབ་གྲྭ་ཆེན་མོ་ནས་འདོན་སྤེལ་གནང་བའི་ SEE Learning ལམ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་རྩ་འཛིན་དེ་ལ་དྭགས་ཀྱི་ཁུལ་དུ་སྒེར་གཉེར་སློབ་གྲྭ་ཁག་ ༢༤ ནང་སློབ་ཁྲིད་གནང་སླད་དངོས་གཞིའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་འདུག སྐབས་དེར་ SEE Learning ཞེས་པའི་བསླབ་གཞིའི་རྩ་འཛིན་སློབ་ཁྲིད་བྱེད་གཏན་འཁེལ་བའི་མཛད་སྒོའི་ཐོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་པི་དབང་རྒྱལ་ལགས་དང་ཚོགས་པའི་ཤེས་ཡོན་འགན་འཛིན་གཉིས་གཙོས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་དབུས་པའི་ཁུལ་དེའི་སློབ་ཁག་འདྲ་མིན་གྱི་སློབ་སྤྱི་དང་དགེ་རྒན་སོགས་ཁྱོན་མི་གྲངས་ ༥༠༠ ལྷག་མཉམ་འཛོམས་ཀྱིས་དངོས་གཞི་མཛད་སྒོ་ཚོགས་འདུག དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཏཱ་ལའི་བླ་མ་ཐེབས་རྩ་ཚོགས་པ་དང་ Emory གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་རྩ་འཛིན་གྱི་ལས་འཆར་དེའི་ཐོག་ཕྱག་ལས་ཇི་ཙམ་གནང་ཡོད་སྐོར་གསུང་བཤད་གནང་བ་དང་སྦྲགས། དེང་རབས་ཀྱི་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཀྱིས་སྤྱི་ཚོགས་ཀྱི་འབྲེལ་ལམ་དང་བཟོ་ལས་ཀྱི་ཐད་ནས་གཞི་རྒྱ་ཆེ་བའི་ཕན་ནུས་བསྐྲུན་ཡོད་ཀྱང་། དེ་ལྟ་བུའི་ཡར་རྒྱས་དེ་ནི་ཕྱི་དངོས་པོའི་ཡར་རྒྱས་ཙམ་ལས་འགྲོ་བ་མིའི་རིགས་ཀྱི་དོན་དངོས་ཀྱི་ནང་སེམས་དང་འབྲེལ་བའི་བདེ་སྐྱིད་དེ་ད་དུང་རག་ཐུབ་མེད་སྟབས་དེང་རབས་ཀྱི་ཤེས་ཡོན་སྲིད་བྱུས་དེ་དངོས་གཙོ་ཙམ་མ་ཡིན་པར་སྤྱི་ཡོངས་ནས་ཤེས་ཡོན་སྲིད་བྱུས་ཏེ་མིའི་ནང་སེམས་ཀྱི་བདེ་སྐྱིད་ལ་ཁ་ཕྱོགས་དགོས་པ་ཡིན་པ་གསུངས་ནས་ཆོས་ལུགས་ལ་མ་བརྟེད་བའི་བཟང་སྤྱོད་དམ་ SEE Learning བསླབ་གཞི་དེ་སློབ་གྲྭ་ཁག་ཏུ་ངོ་སྤྲོད་ནས་བྱམས་བརྩེ་དང་ལྡན་པའི་མི་རིགས་ཤིག་བསྐྲུན་དགོས་གལ་ཡིན་པ་ལམ་སྟོན་གནང་འདུག  གཞན་ཡང་དེང་རབས་སྤྱི་ཚོགས་ནང་གི་དཀའ་ངལ་གཅིག་ནི་བསམ་བློའི་ཕུགས་རྒྱང་རིང་པོ་མེད་པ་དང་སེམས་ཞུམ་པ། དཀའ་ངལ་དེ་སེལ་བར་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་གཞི་དེ་ཡིན་སྟབས། མི་མང་གི་ངོས་ནས་མགོན་པོ་༸གང་ཉིད་མཆོག་གིས་འཆམ་མཐུན་གྱི་སྤྱི་ཚོགས་དང་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་འཆར་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག རྒྱ་གར་ཡོངས་དང་སྒོས་ལ་དྭགས་ཀྱི་ཡུལ་མིའི་ཁྲག་རྒྱུན་དུ་བྱམས་སྙིང་རྗེ་ཡོད་པ་ཞིག་ཡིན་པར་བརྟེན་བསླབ་གཞི་འདི་མཇུག་སྐྱོང་བྱེད་རྒྱུ་ལས་སླ་པོ་ཡིན་པའི་ལམ་སྟོན་གནང་འདུག  དེ་བཞིན་ Flowering Dharma ཚོགས་པའི་ཚོགས་མིས་བསླབ་གཞི་དེ་དྲྭ་ཐོག་ཏུ་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་པ་མ་ཟད་ཟླ་བ་དྲུག་གི་རིང་དུ་སྦྱོང་བརྡར་སྤྲོད་ས་ཡོད་པ་ངོ་སྤྲོད་དང་། བསླབ་གཞི་རྩ་འཛིན་གྱི་སློབ་ཁྲིད་ཀྱི་ལས་གཞི་དེ་ལ་དྭགས་ནས་དབུ་འཛུགས་ཀྱིས་ཨ་རུ་ནཱ་ཅལ་བར་གྱི་ཧི་མཱ་ལ་ཡའི་ས་ཁུལ་ཡོངས་ལ་ཁྱབ་ཐུབ་པར་འབད་བརྩོན་གནང་གི་ཡོད་པ་ངོ་སྤྲོད་གནང་ཡོད་པ་འཁོད་འདུག རྩ་བའི་ SEE Learning བསླབ་གཞི་དེ་འདི་ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ Andaz མགྲོན་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནས་ཆོས་ལུགས་ལ་མ་བརྟེན་བཟང་སྤྱོད་ཀྱི་བསླབ་གཞི་ SEE Learning ཞེས་པ་དབུ་འབྱེད་བཀྲིན་བསྩལ་ཡོད་པ་དང་། ད་ལྟའི་ཆར་བསླབ་གཞི་དེ་རྒྱལ་སྤྱིའི་སྐད་ཡིག་མ་འདྲ་བ་ཁག་ ༡༢ ཙམ་གྱི་ནང་ཕབ་སྒྱུར་གནང་ཡོདཔ་ཟད། ཐེངས་འདིར་ལ་དྭགས་གླེ་གཅིག་པོའི་ས་ཁུལ་དུ་གཞུང་འབྲེལ་གྱི་སློབ་གྲྭ ༣༥༧ དང་སྒེར་གཉེར་སློབ་གྲྭ་ཁག་ ༢༤ ནང་སློབ་ཁྲིད་གནང་རྒྱུར་གཏན་འབེབས་གནང་ཡོད་པ་རེད།

ཁེ་ན་ཌ་ནང་གནས་སྡོད་བྱས་ནས་མི་ལོ་ ༥༠ འཁོར་ལ་ཉེ་བ་དང་བསྟུན་བོད་རིགས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་གནང་བཞིན་པ།

གནངས་ཕྱི་ལོ་ ༢༠༢༡ ལོར་ཁེ་ན་ཌ་ཁུལ་དུ་བོད་རིགས་ཐོག་མར་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་པ་དང་བསྟུན། ཁུལ་དེར་ཆེད་འཛུགས་བྱས་པའི་སྤྱི་སེམས་ཚོགས་པ་དང་ the Canadian Museum of Immigration འམ་ཁེ་ན་ཌའི་གཞུང་གི་གཞིས་སྤོས་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་ཐོག་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡིག་ངག་བརྙན་གསུམ་གྱི་ཐོག་ནས་ལོ་རྒྱུས་བསྡུ་རུབ་གནང་རྒྱུའི་ལས་གཞི་ཞིག་དབུ་འཛུགས་གནང་བཞིན་འདུག འདི་ག་རླུང་འཕྲིན་ཁང་ནས་སྤྱི་སེམས་ཚོགས་པའི་ཚོགས་མི་མཁའ་འགྲོ་བསམ་གྲུབ་ལགས་སུ་དེ་འབྲེལ་ཐོག་བཅར་འདྲི་ཞུས་པར་ལས་འགུལ་དེའི་ཁྲོད་དེ་སྔ་བོད་ལ་དུས་འགྱུར་མ་བྱུང་སྔོན་གྱི་མི་སྣ་ཡིན་པ་གང་ཞིག་ཁེ་ན་ཌ་ཁུལ་དུ་འབྱོར་བའི་མི་རབས་དང་པོ་དང་། བོད་ལ་དུས་འགྱུར་བྱུང་ནས་རྒྱ་གར་དང་ཁེ་ན་ཌ་ནས་འཚར་ལོངས་བྱུང་བའི་མི་རབས་གཉིས་པའི་མི་སྣའི་སར་ལོ་རྒྱུས་མཁོ་སྒྲུབ་གནང་སྟེ་ཁེ་ན་ཌ་གཞུང་དང་ཁེ་ན་ཌ་གཞུང་གི་གཞིས་སྤོས་འགྲེམས་སྟོན་ཁང་གི་ཡིག་ཚགས་ཏུ་བོད་རིགས་ཀྱི་ལོ་རྒྱུས་འཁོད་ཐབས་གནང་རྒྱུ་ཙམ་མ་ཟད། བོད་མིའི་ལོ་རྒྱུས་དེ་དག་ ebook འམ་འཕྲུལ་དེབ་ཐོག་ཏུ་བཞག་རྒྱུ་ཡིན་པ་གསུངས་སོང་། ལས་གཞི་དེའི་ཁྲོད་མཁའ་འགྲོ་ལགས་རང་ཉིད་ཀྱི་ཨ་མ་ལགས་དམ་པའི་ལོ་རྒྱུས་ཀྱི་སྐོར་ལ་ངོ་སྤྲོད་དང་དེ་འབྲེལ་རྩོམ་འབྲི་གནང་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། ད་ལྟའི་འཆར་སྤྱི་སེམས་ཚོགས་པའི་ངོས་ནས་ཁེ་ན་ཌ་ཁུལ་དུ་ ༡༩༧༠ ནས་ ༡༩༧༢ བར་གྱི་དུས་ཚིགས་ནང་འབྱོར་བའི་བོད་རིགས་ཀྱི་ཐོ་གཞུང་རྣམས་བསྡུ་རུབ་གནང་བཞིན་ཡོད་སྟབས། ཐོ་གཞུང་ནང་མེད་པ་རྣམས་ངོ་དེབ་དང་གློག་འཕྲིན་བརྒྱུད་འབྲེལ་བ་གནང་རོགས་ཞེས་འབོད་སྐུལ་གནང་གི་འདུག རྩ་བའི་ཕྱི་ལོ་ ༢༠༢༡ ལོར་བོད་རིགས་ཁེ་ན་ཌ་ཁུལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བཞིན་ཡོད་ཀྱང་ད་ལྟའི་འཆར་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུའི་དམིགས་བསལ་གྱི་དུས་ཚིགས་ཤིག་གཏན་འཁེལ་བྱུང་མེད་པ་དང་། སྤྱི་སེམས་ཚོགས་པ་ཞེས་པ་ནི་མི་རབས་གོང་མིའི་བུ་ཕྲུག་ཁག་གཅིག་ནས་དང་བླངས་ཐོག་ལས་དོན་དེ་ཁོ་ནའི་ཆེད་དུ་ཆེད་འཛུགས་གནང་བ་ཞིག་ཡིན་པ་རེད།

༸གོང་ས་མཆོག་གིས་ཧོང་ཀོང་ནང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པར་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧོང་ཀོང་ནང་གི་གནས་སྟངས་ཐོག་ཐུགས་འཚབ་ཆེན་པོ་ཡོད་པ་བཀའ་བསྩལ་བ་དང་འབྲེལ། གནད་དོན་དེ་གྲོས་མོལ་གྱི་སྒོ་ནས་སེལ་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག ཁ་སང་ཐེ་ཝན་གྱི་ Hakka བརྙན་འཕྲིན་ཁང་གིས་ཉེ་སྔོན་༸གོང་ས་མཆོག་གིས་མ་ན་ལི་ཁུལ་དུ་གསུང་ཆོས་གནང་སྐབས་སུ་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུས་པའི་བརྙན་ཞིག་རྒྱང་སྲིང་བྱས་འདུག་པ་དང་དེའི་ནང་༸གོང་ས་མཆོག་གིས་ཧོང་ཀོང་དང་ཐེ་ཝན།  དེ་བཞིན་བོད་དང་རྒྱ་ནག་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་སྟེ་ནམ་ཞིག་རྒྱ་ནག་ལ་འགྱུར་བ་ཞིག་འགྲོ་རྒྱུ་ཡིན་པར་བཀའ་གནང་འདུག སྐབས་དེར་གསར་འགོད་པས་ཉེ་ཆར་ཧོང་ཀོང་གི་ནང་དུ་མི་མང་གིས་ངོ་རྒོལ་བྱུང་བཞིན་པར་གང་ཉིད་ཀྱིས་ཐུགས་སྣང་མཛད་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་༸མགོན་པོ་མཆོག་གིས་སྔོན་ཆད་ཏིན་ཞའོ་ཕེན་གྱིས་དངོས་དོན་བདེན་འཚོལ་གྱི་ཐོག་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཤིག་གཏན་འབེབས་བྱས་ཡོད་པ་དེ་ནི་ངོ་མས་རླབས་ཆེན་རང་བཞིན་ཞིག་རེད་ཅེས་བཀའ་བསྩལ་བ་དང་སྦྲགས། ཉེ་བའི་བདུན་ཕྲག་ཁ་ཤས་ནང་དུ་ཧོང་ཀོང་དུ་ཟིང་ཆ་ཆེན་མོ་ལངས་ཡོད་པར་བརྟེན་ངོས་རང་སེམས་ཁྲལ་ཆེན་པོ་བྱུང།  རྩ་བའི་ཡུལ་ཕྱོགས་གང་དུ་སོང་ཡང་།  ཞི་མོལ་གྱི་ལམ་ནས་ཞི་བདེ་བསྐྲུན་རྒྱུ་དེ་གལ་ཆེན་པོ་རེད།  ཁོང་ཁྲོའི་དབང་དུ་སོང་བ་ཡིན་ན་བེད་སྤྱོད་ཡོད་པ་མ་རེད།   ངོས་རང་སེམས་ཁྲལ་ཆེན་པོ་ཡོད་ནའང་སྨོན་ལམ་རྒྱག་རྒྱུ་ལས་བྱེད་ཐབས་གང་ཡང་མི་འདུག་ཅེས་བཀའ་འདུག ༸གོང་ས་མཆོག་གིས་དེ་དང་ཆབས་ཅིག ཐེ་ཝེན་གྱིས་མང་གཙོ་དང་རང་དབང་རྒྱུན་འཛིན་བྱས་ཡོད་པ་མ་ཟད། གནའ་བོའི་རྒྱ་ནག་གི་ཤུལ་བཞག་གི་རིག་གནས་དང་ནང་བསྟན་གྱི་གཞུང་ལུགས་རྣམས་རྒྱུན་འཛིན་ཡག་པོ་བྱས་ཡོད་པ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་།  དབང་ཆ་གཅིག་སྡུད་ཀྱི་རྒྱ་ནག་རྒྱལ་ཁབ་ཀྱིས་ཐེ་ཝན་ལ་བཅིངས་གྲོལ་གཏོང་དགོས་པར་བརྗོད་བཞིན་ཡོད་ནའང་།  ངོས་ནས་མ་འོངས་ཀྱི་ཕུགས་རྒྱང་རིང་པོའི་ནང་ཐེ་ཝན་གྱི་རྒྱུན་འཛིན་བྱས་པའི་མང་གཙོ་དང་རང་དབང་། དེ་བཞིན་སྲོལ་རྒྱུན་གྱི་རིག་གཞུང་དང་ཆོས་ལུགས་ཀྱི་སློབ་སྦྱོང་དེ་རྒྱ་ནག་ལས་རྣམ་པར་རྒྱལ་ཐུབ་པ་རེད་ཅེས་བཀའ་བསྩལ་བ་མ་ཟད། ད་ལྟའི་ཆར་རྒྱ་ནག་དེ་ཕྱི་ལོག་ལ་འབྲེལ་བ་མང་དུ་འགྲོ་བཞིན་པར་བརྟེན་ནམ་ཞིག་འགྱུར་བ་ཞིག་འགྲོ་ངེས་རེད་ཅེས་བཀའ་ལན་བསྩལ་འདུག དེ་བཞིན་གསར་འགོད་པས་མི་ལོ་ ༥༩ སྔོན་ལ་དུས་དྲན་ཞིག་གི་ཐོག་གི་ཐོག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་མི་མང་ལ་གསུང་བཤད་གནང་བའི་ནང་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་དམིགས་འབེན་དང་པོ་དེ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་རེད་ཅེས་གསུངས་འདུག    བོད་ཀྱི་རིག་གཞུང་དེ་ལ་གཞན་དང་མི་འདྲ་བའི་ཁྱད་ཆས་ག་རེ་ཡོད་པ་རེད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་ཟེར་དུས་དཔལ་ན་ལེནྡྲ་ནས་དར་ཡོང་བའི་ནང་པའི་གཞུང་ཆེན་ཁག་གི་ལྟ་གྲུབ་ཡོད་ཚད་འཐུས་སྒོ་ཚང་བའི་ཐོག་ནས་བོད་ཀྱི་སྐད་ཡིག་གི་ནང་དུ་ཡོད་པ་མ་ཟད།  གཞུང་ཆེན་དེ་དག་ལ་སློབ་སྦྱོང་བྱས་པ་བརྒྱུད་མཚན་ཉིད་རིག་པར་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་ཡོད་སྟབས།   ཕྱི་དངོས་བོ་ཙམ་མ་ཡིན་པར་ནང་སེམས་རྒྱུད་ལ་ཡང་བདེ་སྐྱིད་བསྐྲུན་ཐུབ་པའི་གནའ་བོའི་རིག་གཞུང་དེ་བོད་ཀྱིས་ལོ་ངོ་སྟོང་ཕྲག་གི་རིང་ལ་རྒྱུན་འཛིན་བྱས་ཡོད་པར་བཀའ་བསྩལ་འདུག བཀའ་འདྲིའི་ལས་རིམ་དེའི་སྐབས་སུ་༸གོང་ས་མཆོག་གིས་བོད་དོན་དང་འབྲེལ་ནས་རྒྱ་ནག་དེ་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་ཅིག་ཡིན་ནའང་། སྲིད་འཛིན་ཞིི་ཅིན་ཕིང་གིས་གདོང་ལེན་བྱས་ཏེ་ལྐོག་ཟ་རུལ་སུངས་ལ་འཐབ་འཛིན་བྱེད་བཞིན་པ་དེ་ཧ་ཅང་ཡག་པོ་ཡིན་པ་དང་། བོད་མིར་ཆ་མཚོན་ནའང་རང་བཙན་རྩོད་ཀྱི་མེད་པར་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ལ་ངོས་འཛིན་གྱིས་རྒྱ་ནག་དང་ལྷན་དུ་འདུག་འདོད་ཡོད་པ་དང་། དེ་ལྟར་བྱུང་ན་དེང་རབས་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན་གྱི་ཐོག་ནས་རྒྱ་ནག་གིས་བོད་མིའི་བདེ་སྡུག་ལ་རོགས་རམ་བྱེད་ཐུབ་པ་བཞིན།  བོད་མིའི་ངོས་ནས་ཀྱང་ནང་ཆོས་བརྒྱུད་ནས་རྒྱ་ནག་ནང་གི་ནང་པ་མང་པོར་ཕན་པ་བསྒྲུབ་ཐུབ་ཀྱི་ཡོད་པར་བཀའ་བསྩལ་འདུག དེ་བཞིན་ཐེ་ཝན་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་མིན་སྐོར་གྱི་བཀའ་འདྲིར་༸གོང་ས་མཆོག་ནས་རྩ་བའི་དེའི་ཐོག་རྒྱ་ནག་སྐམ་སའི་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡར་ལན་ཞིག་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་བཀའ་སྩལ་བ་དེ་ལྟར་ཡང་། མགོན་པོ་གང་ཉིད་མཆོག་ནས་ད་བར་ཐེ་ཝན་ནང་ཐེངས་གསུམ་ཆིབས་བསྒྱུར་མཛད་མྱོང་ཡོད་པ་དེ་ནམ་ཡང་བརྗེད་རྒྱུ་མིན་པ་དང་། མ་འོངས་པར་གོ་སྐབས་བྱུང་ན་ངེས་པར་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ཐེ་ཝན་མང་ཚོགས་ཀྱིས་བོད་རྒྱུད་ནང་བསྟན་རྒྱུན་འཛིན་ཡག་པོ་བྱས་ཡོད་སྟབས་མ་འོངས་པར་རྒྱ་ནག་མི་མང་ལ་ཕན་ཐོགས་ངེས་ཡིན་པའི་བཀའ་ལན་མཛད་འདུག རྩ་བའི་ཐེངས་འདིའི་བཀའ་འདྲིའི་སྐབས་སུ། ༸གོང་ས་མཆོག་གི་སྐུ་སྒེར་གྱི་དཀའ་ཚེགས་ཆེ་བའི་མི་ཚེ་བརྒྱུད་རིམ་དང་འགྲོ་བ་མིའི་རིགས་ཀྱི་སེམས་ཀྱི་བདེ་སྐྱིད།  དེ་བཞིན་བོད་ཀྱི་ཆོས་རིག་འཛིན་སྐྱོང་སོགས་ཀྱི་ཐད་ནས་ཀྱང་བཀའ་ལན་བསྩལ་འདུག

ན་གཞོན་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ཐེངས་དང་པོ་དབུ་འཛུགས།

དེ་རིང་ཟླ་ ༩ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་དྷ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་མདུན་ལམ་སློབ་སྟོན་ཁང་གིས་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་ཐུབ་བསྟན་རིག་འཛིན་ལགས། དེ་བཞིན་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་དབུས་པའི་ལས་བྱེད་དང་མཉམ་ཞུགས་བ་བཅས་ལྷན་འཛོམས་ཐོག་ན་གཞོན་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ཐེངས་དང་པོ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཟབ་སྦྱོང་ཐོག་བཞུགས་སྒར་གཙོ་གྱུར་བོད་མི་གནས་ཡུལ་ས་གནས་འདྲ་མིན་ནས་བོད་པའི་གཞོན་སྐྱེས་ ༢༠ ཙམ་ནས་མཉམ་ཞུགས་གནང་འདུག གཞོན་སྐྱེས་དེ་དག་གིས་ཐེངས་འདིའི་ཟབ་སྦྱོང་བརྒྱུད་མ་འོངས་པའི་མི་ཚེ་ནང་རང་ཉིད་ནས་སློབ་སྦྱོང་གནང་བའི་རྒྱབ་ལྗོངས་དང་དོ་དབྱིངས་ཡོད་པའི་ལས་གནས་ཡོད་རིགས་ཐོག་མདུན་སྐྱོད་གནང་ཐུབ་པའི་ཐུགས་རེ་གནང་གི་འདུག ན་གཞོན་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དབུ་འབྱེད་སྐབས་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་དེང་གི་འཛམ་གླིང་ཐོག་རང་ཉིད་ནས་སློབ་སྦྱོང་དང་ཕྱག་ལས་སོགས་གང་གནང་ཡང་གནང་ཐུབ་ངེས་ཡིན་པ་དང་། ལྷག་པར་དུ་མི་ཚེ་ནང་ཕྱག་ལས་གནང་སྐབས་ངེས་པར་དུ་ཤེས་ཡོན་གྱི་གནས་ཚད་ངེས་ཅན་ཞིག་དགོས་པ་མ་ཟད་སོ་སོའི་དགའ་མོས་ཡོད་པའི་ལས་རིགས་གང་ཡིན་པ་དེར་སེམས་ཞུམ་པ་མེད་པའི་ཐོག་ནས་གནང་དགོས་གནད་ཡིན་པ་ལམ་སྟོན་གནང་ཡོད། གཞི་རྩའི་ཐེངས་འདིའི་ཟབ་སྦྱོང་འདི་འདས་པའི་ལོ་དུས་ནང་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་མདུན་ལམ་སློབ་སྟོན་པ་དང་ལས་བྱེད་རྣམ་པ་བོད་པའི་གཞིས་ཆགས་ཁག་ཏུ་མདུན་ལམ་སློབ་སྟོན་དང་འབྲེལ་བའི་སྐོར་སྐྱོད་གནང་སྐབས་ས་གནས་སུ་དེ་མུར་བཞུགས་བཞིན་པའི་བོད་པའི་གཞོན་སྐྱེས་རྣམས་ནས་ན་གཞོན་ནུས་སྟོབས་དང་འབྲེལ་བའི་ཟབ་སྦྱོང་ཞིག་དགོས་གལ་གྱི་དགོངས་འཆར་མི་ཉུང་བ་ཕུལ་དོན་ལྟར་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། མི་ཚེ་ནང་འཆར་གཞི་བཀོད་སྒྲིག་གནང་སྟངས་སོགས་ཀྱི་ཐོག་སློབ་སྟོན་གནང་མཁན་རྒྱ་གར་གྱི་གྲོང་ཁྱེར་ Banglore ནས་གདན་ཞུ་གནང་བ་སྐུ་ཞབས་ Nalin Singh ལགས་དང་སྐུ་ཞབས་ Sunil Girdhar ལགས་གཉིས་ནས་གཞོན་སྐྱེས་ཚོ་རང་ཉིད་ཀྱི་རྩལ་གང་ཡོད་པ་ཤེས་ཐབས་དང་། ལས་དོན་ཁྲོད་འཆར་གཞི་བཀོད་སྟངས་སོགས་སློབ་སྟོན་གནང་རྒྱུ་མ་ཟད། གཞོན་སྐྱེས་ཕན་ཚུན་དབར་གླེང་མོལ་བརྒྱུད་ཉམས་མྱོང་བརྗེ་རེས། དེ་བཞིན་ཉིན་ལྟར་གཞོན་སྐྱེས་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་རིམ་འདུག

བདེ་སྐྱིད་སླར་གསོ་བོད་མིའི་སོ་ནམ་གཞི་རིམ་མཉམ་འབྲེལ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་སྲུང་བརྩི། 

དེ་རིང་ཟླ་ ༩ ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་དང་མཉམ་འབྲེལ་གཉིས་གསར་འཛུགས་གནང་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་དང་བསྟུན་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ་ཐུན་མོང་གིས་མཛད་སྒོ་དང་རྩེད་འགྲན། དེ་བཞིན་གཞས་སྣ་འཁྲབ་སྟོན་སོགས་གནང་སྟེ་ཉིན་མོ་དེ་སྲུང་བརྩི་ཞུས་འདུག ས་གནས་སྤྱི་ཁང་དུ་ཚོགས་པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀར་ན་ཊ་ཀའི་མངའ་སྡེ་བློན་ཆེན་ཟུར་པ་དམ་པ་སྐུ་ཞབས་ S. Nijalingappa མཆོག་གི་བུ་ SN Kiran Shankar མཆོག་གིས་གཙོས་པའི་ MYARADA ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ། ས་གནས་འགོ་འཛིན། དགོན་སྡེ་ཁག་གི་མཁན་པོ། མཉམ་འབྲེལ་གྱི་ཚོགས་མི། མི་མང་བཅས་ལྷན་འཛོམས་ཐོག་སྐུ་ཞབས་ SN Kiran Shankar མཆོག་གིས་དགའ་བསུའི་འཚམས་འདྲི་གནང་བ་དང་སྦྲགས། རང་ཉིད་ཀྱི་ཕ་དམ་པར་མཚོན་ན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧ་ཅང་གི་ཐུགས་འདྲིས་ཆེན་པོ་ཡོད་པའི་རྒྱུས་མངའ་ཡོད་སྐོར་དང་ཆབས་ཅིག ཁོང་བོད་མིར་ཧ་ཅང་ཤ་ཚ་ཡོད་མཁན་ཡིན་པས་ད་རེས་བོད་མི་རྣམས་མཇལ་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བོད་ལ་དུས་གྱུར་བྱུང་ནས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས་བོད་མིའི་འཚོ་རྟེན་སྲ་བརྟན་ཡོང་སླད་མཉམ་འབྲེལ་ཆེད་འཛུགས་གནང་ཞིང་། བདེ་སྐྱིད་སླར་གསོ་གཞིས་ཆགས་དང་མཉམ་འབྲེལ་གཉིས་ཕྱི་ལོ་ ༡༩༦༩ ལོར་གསར་འཛུགས་གནང་ཡོད་པ་རེད།  མང་ཚོགས་ཀྱི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་པ་དང་ཕྱོགས་མཚུངས་སུ་མཉམ་འབྲེལ་གྱི་ཁོངས་ཞིང་ལས་སྡེ་ཚན་དང་རུམ་བཟོ་སྡེ་ཚན། སློབ་གྲྭའི་སློབ་ཕྲུག་སྐྱེལ་འདྲེན་གྱི་སྣུམ་འཁོར་མཐུན་འགྱུར། འཐུང་ཆུ་མདུན་སྐྱེལ་སོགས་ཀྱི་ལས་གཞི་གཉེར་གྱི་ཡོད་པ་རེད།

ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་ Chandrayaan གཉིས་པའི་ཆེད་མཆོད་འབུལ།

ISRO ཞེས་རྒྱ་གར་གྱི་བར་སྣང་ཉམས་ཞིབ་ལྷན་ཁང་ནས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་ Chandrayaan གཉིས་པ་ཞེས་པ་ཞིག་མཁའ་དབྱིངས་སུ་ཆེད་གཏོང་གིས་དེ་རིང་ཚེས་ ༧ གྱི་ནམ་ཕྱེད་ཡོལ་ཙམ་ལ་ཟླ་བའི་ཐོག་ཏུ་འབབ་ཐབས་གནང་བའི་ཁྲོད། ཁ་སང་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པའི་དགེ་འདུན་འདུས་མང་ཡོངས་ནས་འཕུར་མདའ་དེ་ཟླ་བའི་ཐོག་ཏུ་ལམ་ལྷོངས་ངང་འབབ་ཐུབ་པའི་ཆེད་དུ་གསོལ་ཁ་དང་བར་བསམ་སྒྲོལ་གསུམ་གསུང་འདོན་གྱིས་མཆོད་འབུལ་སྨོན་ལམ་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་དགོན་པའི་དྲུང་ཆེ་སྤྱི་ཟུར་བླ་མ་བསྟན་སྐྱབས་ལགས་སུ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་དེ་སྔ་ཨ་རི་དང་ཨུ་རུ་སུ། རྒྱ་ནག་བཅས་རྒྱལ་ཁབ་གསུམ་གྱིས་ཟླ་བའི་ཐོག་ཏུ་འགྲུལ་འཁོར་གྱི་འཕུར་མདའ་བཏང་ཡོད་པ་ལྟར། ད་རེས་རྒྱ་གར་གྱིས་ཟླ་བའི་ཐོག་ཏུ་ Chandrayaan གཉིས་པ་ཆེད་གཏོང་གནང་བ་དེ་ལམ་ལྷོངས་ངང་འབབ་ཐུབ་པའི་ཆེད་དང་། ལྷག་པར་རྒྱ་གར་གི་གཞུང་མང་གཉིས་ནི་ང་ཚོ་བཙན་བྱོལ་བོད་མི་རྣམས་ལ་བཀྲིན་ཆེན་པོ་ཆགས་ཡོད་སྟབས་གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གྱི་ཐུགས་རེ་ལེགས་གྲུབ་ཡོང་བར་གསོལ་ཁ་དང་བར་བསམ་སྒྲོལ་གསུམ་གསུང་འདོན་གྱིས་ཐུགས་སྨོན་སྐྱབས་འཇུག་གི་མཆོད་འབུལ་གནང་ཡོད་པ་གསུངས་སོང་། གཞི་རྩའི་རྒྱ་གར་གིས་ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་ Chandrayaan གཉིས་པ་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་དངོས་སུ་ཟླ་བའི་གྲོང་ཁྱེར་ཕྱོགས་སུ་བཏང་ཡོད་པ་དང་། མཁའ་དབྱིངས་ལ་ཟླ་བ་གཉིས་ཀྱི་རིང་འགྲུལ་བསྐྱོད་གནང་རྗེས་འཕུར་མདའ་དེའི་ནང་གི་འཕྲུལ་འཁོར་ Vikram ཞེས་པ་དེ་དེ་རིང་རེས་གཟའ་སྤེན་པའི་ནམ་ཕྱེད་ཡོལ་ཚོུད་ ༡༌༣༠ ནས་ ༢༌༣༠ བར་ཟླ་བའི་ཉེ་འགྲམ་སྤྱི་ལེ་ ༢༌༡ ཙམ་ལ་འབྱོར་སྐབས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་རྟེན་གཞི་བྱས་པའི་རྒྱ་གར་གྱི་བར་སྣང་ཉམས་ཞིབ་ལྷན་ཁང་དང་གློུ་བུར་དུ་འབྲེལ་མཐུད་ཆད་ཡོད་པ་རེད། ཐེངས་འདིའི་རྒྱ་གར་གྱི་ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་དེ་ལམ་ལྷོངས་ཐོག་ནས་ཟླ་བའི་ཐོག་ཏུ་འབབ་ཐུབ་ཚེ་རྒྱ་གར་རྒྱལ་ཁབ་འདི་འཛམ་གླིང་ཐོག་ཟླ་བའི་གྲོང་ཁྱེར་དུ་འཕུར་མདའ་འབབ་མཁན་རྒྱལ་ཁབ་ཨང་བཞི་པ་དེ་ཆགས་ཀྱི་ཡོད་པ་དང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ད་རེས་ཀྱི་ལས་གཞི་བརྒྱུད་འཕུར་མདའ་དེས་ཟླ་བའི་ལྷོ་སྣེ་ཕྱོགས་སུ་ཆུ་དང་གཏེར་རྫས་སོགས་ལ་ཞིབ་འཇུག་གནང་ཐུབ་རྒྱུ་ཡིན་པ་རེད། རྒྱ་གར་གྱི་སྲིད་བློན་ན་རེཾདྲ་མོ་དཱི་མཆོག་གིས་ Chandrayaan ཐེངས་གཉིས་པ་དེ་ཆེད་གཏོང་གནང་ནས་ཟླ་བའི་ཉེ་འགྲམ་དུ་བཏང་ཐུབ་པ་ཙམ་ནི་དགའ་སྤོབས་བྱ་འོས་ཤིག་དང་ད་རེས་འཕུར་མདའ་དེ་ལམ་ལྷོངས་ངང་ནས་ཟླ་བའི་ཐོག་ཏུ་འབབ་ཐུབ་མེད་ཀྱང་སླད་མར་གོ་སྐབས་ཡོད་སྐོར་གསུངས་འདུག དེ་རིང་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་ཀྱི་དྲྭ་རྒྱ་སོགས་ཀྱི་ཐོག་ཏུ་རྒྱ་གར་གྱི་དཔོན་རིགས་འདྲ་མིན་དང་མང་ཚོགས་རྣམས་ནས་ཀྱང་རྒྱ་གར་གཞུང་དང་ལྷག་པར་དུ་བར་སྣང་ཉམས་ཞིབ་ལྷན་ཁང་ལ་འཚམས་འདྲི་དང་འབྲེལ། འཕུར་མདའི་འཕྲུལ་འཁོར་ Vikram ཟླ་བའི་ཐོག་ཏུ་ལམ་ལྷོངས་ངང་འབབ་ཐུབ་མེད་ཀྱང། འཕུར་མདའ་དེ་ཟླ་བའི་རྒྱུ་སྐར་དུ་མུ་མཐུད་གནས་ཡོོོད་པ་དང། རྒྱ་གར་གྱི་བར་སྣང་ཉམས་ཞིབ་ལྷན་ཁང་ནས་ད་ལྟའི་འཆར་འཕུར་མདའི་འཕྲུལ་འཁོར་དེ་ཟླ་བའི་ཐོག་ཏུ་འབབ་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ཐད་ལ་ཞིབ་འཇུག་གནང་མུས་ཡིན་པ་རེད།

སྣང་སྲིད་ཐམས་ཅད་གཉེན་དུ་འཆར་ཐུབ་པ་བྱེད་དགོས་ཞེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་རང་ཉིད་ལ་གདོན་བགེགས་བྱེད་མཁན་ཡོད་པར་སྣང་བ་དེ་ནི་གཙོ་བོ་རང་གཅེས་འཛིན་དབང་གིས་ཡོང་གི་ཡོད་སྟབས་རང་ཉིད་ཀྱིས་སྣང་སྲིད་ཐམས་ཅད་གཉེན་དུ་འཆར་ཐུབ་པ་བྱེད་དགོས་ཞེས་བཀའ་བསྩལ་བ་དང་སྦྲགས། ཨེ་ཤ་ཡའི་དད་ལྡན་ཚོར་ཉིན་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ་མཛད་སོང་། ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༤ ནས་དེ་རིང་བར་ཉིན་གསུམ་གྱི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་ཆོས་ཞུ་བ་ ༦༨༠༠ བརྒལ་བར་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་བཀའ་ཆོས་བཀྲིན་བསྩལ་བ་མ་ཟད། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་། དེ་རྗེས་༸རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་བ་དང་འབྲེལ་ཏེ་བྱང་ཆུབ་སེམས་བསྐྱེད་བཅས་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་བའི་ཁྲོད་ཆོས་ཞུ་བ་ཚོར་སློབ་མའི་ངོས་ནས་དགེ་བའི་བཤེས་གཉེན་དུ་བསྟན་པའི་བླ་མ་དེ་རང་རྒྱུད་འདུལ་བ་དང་ཞི་བ། ཡོན་ཏན་ལྷག་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་བསྟན་དགོས་གལ་ཡིན་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག་ཏུ་༸སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་མཆོག་ནི་ཡོངས་འཛིན་རྣམ་གཉིས་ཀྱི་རྩ་བའི་བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་རེད། འོན་ཀྱང་རིན་པོ་ཆེས་སྨོན་ལམ་ལོག་པའི་དམ་སྲིར་གྱུར་པ་དོལ་རྒྱལ་དང་འབྲེལ་བའི་དར་སྤེལ་ཞེ་དྲག་གནང་ཡོད་སྐོར་བཀའ་བསྩལ་ཏེ་གང་ཟག་ལ་དག་སྣང་སྦྱོང་བ་དང་ཆོས་ལ་དཔྱད་དགོས་གལ་ཡིན་པ་སོགས་ལམ་སྟོན་མཛད་སོང་། དེ་བཞིན་༸གོང་ས་མཆོག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཚུལ་བཞིན་སློབ་པར་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚོས་མཛད་པ་ལྟར་ངས་ཀྱང་དེ་ལྟར་གང་ལྕོགས་བྱེད་བསམ་པའི་འདུན་པ་དགོས་སྐོར་ལམ་སྟོན་བསྩལ་སོང་། ༸གོང་ས་མཆོག་གིས་དེ་རིང་གི་ཆོས་འབྲེལ་ཡོངས་རྫོངས་ལེགས་པར་གྲུབ་པ་མཛད་དེ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་བསྐྱེད་ཀྱི་ཕན་ཡོན་ངོ་སྤྲོད་བསྩལ་སྐབས་བྱང་ཆུབ་སེམས་བསྐྱེད་ཀྱི་ཕན་ཡོན་དང་བྱང་ཆུབ་སེམས་ལ་བསམ་བློ་གཏང་ཚེ་རང་ཉིད་ལ་གདོན་བགེགས་བྱེད་མཁན་ཡོད་པར་སྣང་བ་དེ་ནི་གཙོ་བོ་རང་གཅེས་འཛིན་དབང་གིས་ཡོང་གི་ཡོད་སྟབས་རང་ཉིད་ཀྱིས་སྣང་སྲིད་ཐམས་ཅད་མགྲོན་གཉེན་དུ་འཆར་ཐུབ་པ་བྱེད་དགོས་ཞེས་དང་བྱང་ཆུབ་སེམས་ཀྱིས་སྔར་བསགས་ཀྱི་སྡིག་པ་བྱང་ཞིང་བསོད་ནམས་ཀྱི་ཚོགས་དཔག་མེད་བསགས་པའི་དགེ་མཚན་ལྡན་ཡོད་པ་ལམ་སྟོན་མཛད་ཡོད། དེ་རྗེས་ཆོས་ཞུ་བ་རྣམས་ལ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་མཚན་སྔགས་དང་འཕགས་པ་སྤྱན་རས་གཟིགས། ༸རྗེ་བཙུན་འཇམ་དཔལ་དབྱངས། ༸རྗེ་བཙུན་འཕགས་མ་སྒྲོལ་མ་བཅས་ཀྱི་མཚན་སྔགས་ལྗགས་ལུང་བཀྲིན་བསྩལ་བ་དང་འབྲེལ་ཐེངས་འདིའི་བཀའ་ཆོས་རེ་ཞིག་མཇུག་སྒྲིལ་གནང་སོང་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ཨིན་སྐད་ནང་ཐེངས་འདིའི་བཀའ་ཆོས་ཡོངས་རྫོགས་མཇུག་སྒྲིལ་ཟིན་པ་དང་མགོན་པོ་མཆོག་ནས་ལོ་རྗེས་མའི་བཀའ་ཆོས་ཐོག་སླར་མཇལ་བའི་ཐུགས་རེ་ཡོད་པ་བཀའ་བསྩལ་ཡོད། གཞི་རྩའི་ཟླ་བ་འདིའི་ཚེས་ ༡༣ ཉིན་བཞུགས་སྒར་དྷ་རྨ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་ཁག་ལྔས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་མ་ཟད། དེ་རྗེས་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་གྲངས་གསུམ་གྱི་རིང་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

Latest news