Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

མི་རིགས་ནག་པོའི་འཐབ་རྩོད་ལ་བོད་མིའི་འཛུལ་ཞུགས་བྱེད་རུང་མིན།

ཉེ་སྔོན་ཨ་རིའི་ནང་དུ་ཉེན་རྟོག་པས་མི་རིགས་ནག་པོ་ཞིག་གི་སྐེ་ལ་པུས་མོ་བཙུགས་ནས་རྐྱེན་ལམ་དུ་བཏང་བའི་གནད་དོན་དང་འབྲེལ་ནས།  ད་སྐབས་ཨ་རིའི་ནང་དུ་མི་རིགས་ནག་པོ་མང་པོ་ཞིག་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་གྱི་རྣམ་པ་འདྲ་མིན་སྤེལ་བཞིན་པའི་ཁྲོད། བོད་མི་ཁག་ཅིག་གིས་མི་རིགས་ནག་པོའི་རྒྱབ་ཀྱི་བོད་མི་ཞེས་པའི་འཕྲེད་དར་སྒྲེང་ནས་ལས་འགུལ་དེར་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པར་བརྟེན། སྤྱི་ཚོགས་དྲ་རྒྱའི་ནང་དུ་བོད་མིས་ལས་འགུལ་དེར་འཛུལ་ཞུགས་བྱེད་རུང་མིན་གྱི་ཐད་ནས་གླེང་སློང་བྱེད་མཁན་མང་པོ་ཡོང་གི་ཡོད་པ་རེད། དེ་རིང་འདི་གའི་གསར་འགོད་པས་གནད་དོན་དེར་དོ་སྣང་ཆེན་པོ་བྱེད་མཁན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་དང་བུད་མེད་ལས་འགུལ་བ་བསྟན་འཛིན་དཔལ་ཡོན་གཉིས་སུ་ཕྱོགས་གཉིས་ཀྱི་ངོས་འཛིན་གྱི་ཐད་ནས་བཀའ་འདྲི་ཁག་ཅིག་ཞུས་ཡོད།   དབང་ལྡན་སྐྱབས་ལགས་ཀྱིས་སྤྱིར་བོད་མི་རྣམས་ཀྱིས་མི་རིགས་གཞན་གྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མི་སྟོན་དེ་མི་སྒེར་གྱི་གནད་དོན་ཞིག་རེད།   ཡིན་ནའང་བོད་མིའི་ཚབ་མཚོན་རང་བཞིན་གྱི་ཐོག་ནས་ད་རེས་ཀྱི་ལས་འགུལ་དེའི་ནང་ཞུགས་ན་འགྲིག་གི་མེད་པའི་དགོངས་ཚུལ་གསུང་བ་མ་ཟད། ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་སུ་བོད་མིའི་ཁྲིམས་འཆར་གཉིས་འགྲོ་བཞིན་པའི་དུས་སྐབས་འདིར། བོད་མི་རྣམས་ཀྱིས་སྤྱི་བའི་རྩ་དོན་ལ་གནོད་པའི་ལས་འགུལ་གྱི་རིགས་ལ་འཛུལ་ཞུགས་བྱེད་རྒྱུར་གཟབ་གཟབ་གནང་དགོས་བའི་དྲན་སྐུལ་གནང་སོང་། ཡིན་ཡང་། བསྟན་འཛིན་དཔལ་ཡོན་ལགས་ཀྱིས། བོད་མིའི་རྩ་དོན་དང་འབྲེལ་ནས་མི་རིགས་དབྱེ་འབྱེད་ཀྱི་དྲང་བདེན་གྱི་འཐབ་རྩོད་དེར་རྒྱབ་སྐྱོར་མ་བྱས་པ་ཡིན་ན་སོ་སོའི་ཁོག་རྒྱ་ཆུང་དྲག་པ་ཡིན་པར་གསུངས་སོང་།

ནང་སེམས་ཀྱི་ཤེས་ཡོན་དང་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ལ་འབད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་ཁ་སང་ཟླ་ ༦ ཚེས་ ༧ ཉིན་དྲྭ་ལམ་ཐད་གཏོང་བརྒྱུད་ཨེ་ཤ་ཡའི་གཞོན་སྐྱེས་རྣམས་ལ་བཀའ་སློབ་བསྩལ་བ་དང་འབྲེལ་ཏེགཞོན་སྐྱེས་ཚོས་ནང་སེམས་ཀྱི་ཤེས་ཡོན་དང་འགྲོ་བ་མི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་སླད་འབད་བརྩོན་བྱེད་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡའི་འབྲེལ་མཐུད་པ་སྦྱིན་པ་རྒྱ་མཚོ་ལགས་དང་ཁུལ་དེར་ཡོད་པའི་ཚོགས་པ་བཅུ་གསུམ་མཉམ་སྦྲེལ་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་རེས་གཟའ་ཉི་མའི་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨེ་ཤ་ཡའི་རྒྱལ་ཁབ་སིངྒ་པོར་དང་མ་ལེ་ཤཱི་ཡ། ཐེ་ལན་ཌི། ཝེ་ཏི་ནམ། མེག་མར། ཁམ་པོ་ཌི་ཡ། ལའོ་སི། ཧོང་ཀོང་བཅས་ཀྱིས་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་གཞོན་སྐྱེས་སྟོང་ཕྲག་བརྒལ་བར་དྲྭ་རྒྱའི་བརྒྱུད་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་ཐུགས་བརྩེ་ཆེན་པོས་བཀའ་ལན་བསྩལ་ཡོད་པ་རེད།སྐབས་དེར་ལྷོ་ཤར་ཨེ་ཤ་ཡའི་ཚོགས་པ་བཅུ་གསུམ་གྱི་སྐུ་ཚབ་ཚོས་བཀའ་འདྲི་ཞུ་རྒྱུའི་མཛད་རིམ་དངོས་སུ་དབུ་འཛུགས་མ་གནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་ཐོག་མར་གོ་སྒྲིག་ཚོགས་ཆུང་ལ་འདི་ལྟ་བུའི་མཛད་རིམ་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་ནས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་པོ་རྣམས་ངོ་སྤྲོད་དང་འབྲེལ། སྤྱིར་འགྲོ་བ་མིས་གཙོས་པའི་སེམས་ཅན་ཀུན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བར་འཕྲལ་ཕུགས་བདེ་སྡུག་ཐོག་ལ་བསམ་བློ་བཏང་ཐུབ་པའི་རྣམ་དཔྱོད་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད་པར་མ་ཟད། རྣམ་དཔྱོད་དེས་འཕྲུལ་ཆས་དང་ཚན་རིག་སོགས་གསར་གཏོད་གནང་ཐུབ་ཡོད་ཀྱང་། རྣམ་དཔྱོད་དེ་ཉོན་མོངས་པ་དང་ཟུང་སྦྲེལ་ཐོག་གོ་མཚོན་འདྲ་མིན་བཟོས་ཏེ་འཛམ་གླིང་ནང་དམག་འཁྲུག་དང་འཚེ་བའི་གནད་དོན་འཕེལ་ཡོད་སྟབས། དཀའ་ངལ་དེ་དག་སེལ་རྒྱུར་ང་ཚོ་ཚང་མར་འགན་ཡོད་ཅེས་བཀའ་ནན་བསྩལ་ཡོད་པ་རེད།མགོན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་དེ་དག་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་བྱམས་བརྩེའི་བསླབ་བྱ་གནང་མཁན་གཅིག་མཚུངས་ཡིན་པ་རེད། དེང་སྐབས་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་མི་གཅིག་གིས་གཅིག་ལ་གསོད་རེས་བཏང་བའི་གནས་སྟངས་ཤིག་ཡོང་སྐབས་དེར་ཆོས་ལུགས་ནང་ཕན་ཚུན་དབར་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་ཕན་ཚུན་གུས་བརྩི་དང་སློབ་སྦྱོང་གནང་བ་བརྒྱུད་དེ་ཆོས་ལུགས་མཐུན་སྒྲིལ་ལ་དགོངས་པ་བཞེས་དགོས་པར་གཞེན་བསྐུལ་གནང་འདུགབཀའ་སློབ་ཀྱི་མཚམས་སུ་མགོན་པོ་༸གང་ཉིད་མཆོག་ལ་གསོལ་འདེབས་ཞུ་མཁན་ཚོགས་པ་ཚོའི་སྐུ་ཚབ་རིམ་པས་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁྲོད་གཞོན་སྐྱེས་སློབ་མ་ཞིག་གི་བཀའ་འདྲིར་བཀའ་ལན་བསྩལ་བར་མགོན་པོ་༸གང་ཉིད་མཆོག་དགུང་ལོ་བདུན་བརྒྱད་ལ་ཕེབས་སྐབས་ནས་བཟུང་སློབ་གཉེར་གནང་ཡོད་པ་དང་ལྷན་ཉམས་ལེན་མཛད་རྒྱུ་དབུ་འཛུགས་གནང་ཡོད་སྟབས་སློབ་གཉེར་དང་ཉམས་ལེན་གཉིས་མཉམ་དུ་འགྲོ་ཐུབ་རྒྱུ་ཡོད་པ་༸སྐུའི་མྱོང་བའི་ཐོག་ནས་ལམ་སྟོན་མཛད་པ་མ་ཟད། ༸གོང་ས་མཆོག་ད་ཆ་དགུང་གྲངས་ ༨༦ ལ་ཕེབས་སྐབས་འདིར་གོ་སྐབས་ནམ་བྱུང་ལ་བཀའ་བསྟན་གསུང་རབ་རྣམས་ལྗགས་ཀློག་མཛད་བཞིན་ཡོད་པར་བཀའ་བསྩལ་དང་ཆབས་ཅིག་ཏུ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སློབ་གཉེར་གནང་གནད་ཡིན་པའི་སྐུལ་ལྕགས་མཛད་ཡོད།ཐེངས་འདིའི་དྲྭ་ཐོག་གླེང་མོལ་གྱི་མཛད་རིམ་གོ་སྒྲིག་པས་༸གོང་ས་མཆོག་ལ་སླད་མར་གཞོན་སྐྱེས་རྣམས་དང་ལྷན་དུ་འདི་ལྟ་བུའི་བགྲོ་གླེང་གི་གོ་སྐབས་བཀའ་བཞེས་བཟང་པོ་ཅི་ནས་ཀྱང་སྨིན་བསྩལ་ཡོང་བའི་གསོལ་བ་བཏབ་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་མགོན་པོ་མཆོག་ནང་ཆོས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་བདག་གི་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་བསྔོས་ཟིན་པས་ཡིན་དང་ཡིན་ཞེས་དང་། ལྷག་དོན་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་ས་གནས་གཞན་དུ་འགྲོ་མི་དགོས་པར་འདིར་བདེ་བར་བསྡད་ནས་དགོངས་ཚུལ་གསུངས་པ་ལས་དཀའ་ངལ་མེད་སྟབས་ནམ་ཡིན་ཡང་གྲ་སྒྲིག་ཨང་སར་ཡིན་ཞེས་བཀའ་བཞེས་བཟང་པོ་བཀྲིན་ཆེ་བ་བསྩལ་འདུགཐེངས་འདིའི་དྲྭ་ལམ་ཐད་གཏོང་གི་བགྲོ་གླེང་དེ་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་གཙོས་ཝི་ཏི་ནམ་དང་ཀོ་རི་ཡ། རུ་སུ་སྐད་བཅས་ཁྱོན་སྐད་རིགས་འདྲ་མིན་བཅིུག་ཐོག་གསུང་སྒྱུར་གནང་ཡོད་པ་རེད།

རྒྱལ་ཁབ་བརྒྱད་ཀྱི་གྲོས་འཐུས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ཚོགས་པ་གསར་འཛུགས།

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཨ་རི་དང་འཇར་མན། དབྱིན་ཡུལ་དང་ཉི་ཧོང་། དེ་བཞིན་ཁ་ན་ཌ་དང་ནོར་ཝེ་སོགས་ཀྱི་མཚོན་པའི་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་བརྒྱད་ཀྱི་གྲོས་ཚོགས་འཐུས་མི་རྒན་གྲས་ཁག་ཅིག་གིས་མཉམ་འབྲེལ་གྱི་ཐོག་ནས་ཚོགས་པ་ཞིག་བཙུགས་ཏེ། ད་ལྟའི་ཆར་རྒྱ་ནག་ནི་རྒྱལ་སྤྱིའི་སྟེང་གི་དཔལ་འབྱོར་འཕེལ་རྒྱས་དང་བདེ་འཇགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ཉེན་ཁ་ཞིག་ཡིན་པའི་གཅིག་གྱུར་གྱི་ངོས་འཛིན་དང་འབོད་སྒྲ་བསྒྲགས་ཏེ།  མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག གཞི་རྩའི་རྒྱ་ནག་གི་ནང་དུ་ཏོག་དབྱིབས་རིམས་ནད་ཐོག་མར་མཆེད་པ་ནས་བཟུང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་བརྡལ་ཆེན་པོ་ཕྱིན་ཡོད་པ་ལྟར། ཨ་རིའི་ངོས་ནས་རྒྱ་ནག་ནས་ཁྱབ་བརྡལ་བྱུང་བའི་རིམས་ནད་དེ་ནི་རྒྱ་ནག་གིས་ཆེད་དུ་རྫས་འགྱུར་ཁང་ནས་གསར་བཟོ་བྱས་ཏེ་ཨ་རིར་ཁ་གཏོར་རྒོལ་གཏོང་བྱེད་དུ་བཟོས་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པའི་དུས་སྐབས་དང་བསྟུན་ནས།  ཐེངས་འདིའི་རྒྱལ་ཁབ་བརྒྱད་ཀྱི་གྲོས་ཚོགས་ཀྱི་འཐུས་མིས་གོ་སྐབས་དམ་འཛིན་གྱིས་ཚོགས་པ་ཆེད་འཛུགས་བྱས་ཏེ་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་དཔལ་འབྱོར་དང་ཕྱི་འབྲེལ་གྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པར་ཁ་གཏད་གཅོག་ཆེད་དུ་ཡིན་པར་འགྲེལ་བརྗོད་གནང་འདུག ཐེངས་འདིའི་མཐུན་ཚོགས་དེར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི། སྐུ་ཞབས་ Marco Rubio དང་ Bob Menendez ལགས། གཞན་ཡང་ཉི་ཧོང་གི་བདེ་སྲུང་གི་བློན་ཆེན་ཟུར་བ་སྐུ་ཞབས་ Gen Nakatani ལགས། དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ Miriam Lexmann སོགས་ཀྱིས་ལྷན་ཞུགས་གནང་ཡོད་པ་དང་།  སྐུ་ཞབས་ Marco Rubio ལགས་ཀྱིས་ཁོང་གི་ Twitter དྲ་གནས་ཐོག་བརྙན་ལམ་ནས་བརྡ་ལམ་ཞིག་ཕུལ་བའི་ནང་། ད་ལྟའི་རྒྱ་ནག་དམར་ཤོག་སྲིད་གཞུང་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཡིན་པར་ཡོངས་གྲགས་གནང་ཡོད་པ་རེད། མཉམ་འབྲེལ་གྱི་ཚོགས་པ་དེས།  དེང་སྐབས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཕྱོགས་དེས་རྒྱལ་སྤྱིའི་སྤྱི་ཚོགས་འདིར་སྒྲིག་གཞི་རང་བཞིན་ལྡན་པའི་གནོད་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པས། རྒྱལ་ཁབ་གཅིག་གིས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ན་བློས་བཏང་ཆེན་པོ་བྱེད་དགོས་པར་བརྟེན། གྲོས་ཚོགས་མི་སྣའི་ཚོགས་པ་དེའི་ཆེད་དུ་རྒྱ་ནག་དང་འབྲེལ་བའི་གནད་དོན་ཁག་ལ་མཉམ་ལས་བྱེད་རྒྱུ་ཡིན་པར་བསྒྲགས་འདུག དེ་བཞིན་ཁ་ཉིན་རྒྱ་ནག་ནང་དུ་སྤྱི་ལོ་ ༡༩༨༩ ལོར་པེ་ཅིན་ཏུ་སློབ་ཕྲུག་སྟོང་ཕྲག་མང་པོ་དམར་གསོད་བཏང་ནས་མི་ལོ་ ༣༡ ཕྱིན་པའི་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་དང་འབྲེལ་ནས།   སི་པན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་རྐང་རྩེད་སྤོལ་བ་གྲགས་ཅན་ Hao Haidong  ལགས་ཀྱིས་ད་ལྟའི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་བྱེད་བབ་དེར་སྐྱོན་བརྗོད་དྲག་པོ་གནང་བ་དང་སྦྲགས།  ཁོང་གིས་བོད་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་སོགས་ཀྱི་རང་སྐྱོང་གི་དགོས་འདུན་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་ཡོངས་གྲགས་གནང་བ་མ་ཟད།  ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གི་ཕྱུག་བདག་ཆེན་མོ། Guo Wengui ཡིས་ད་ཡོད་ཀྱི་རྒྱ་ནག་དམར་ཤོག་ཚོགས་པར་ངེས་ལེན་མེད་པར།  རྒྱ་ནག་གསར་བའི་མཉམ་འབྲེལ་གྱི་རྒྱལ་ཁབ་ཟེར་བ་ཞིག་གསར་འཛུགས་བྱེད་རྒྱུའི་བསྒྲགས་གཏམ་དེར་རྒྱབ་སྐྱོར་ཡོད་པར་ཕྱིར་བསྒྲགས་གནང་བ་དང་སྦྲགས། ད་ལྟའི་རྒྱ་ནག་དམར་ཤོག་སྲིད་གཞུང་དེ་འཇིགས་སྐུལ་ཚོགས་པས་སྐྱོང་གི་ཡོད་པར་བརྟེན་རྒྱ་ནག་གི་ཁྲིམས་ལུགས་ལྡན་པའི་སྲིད་གཞུང་མགོ་རྟིང་བསློགས་ཡོད་པ་ཅེས་སྐྱོན་བརྗོད་ཚ་ནན་བྱས་འདུག གཞན་ཡང་ཁ་ཉིན་ Italy ཡི་དཔལ་འབྱོར་བློན་ཆེན་ཟུར་བ་དང་། ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Giulio Terz ལགས་ཀྱིས་དྲུག་བཞི་དོན་རྐྱེན་གྱི་དུས་དྲན་མཛད་སྒོ་དང་འབྲེལ་ནས།  བོད་ནི་རྒྱ་ནག་གི་དམར་གསོད་དང་རྩ་གཏོར་གཏོང་ཡུལ་གྱི་དུས་དྲན་སྲུང་བརྩི་ཞུ་ཡུལ་དང་པོ་ཆགས་ཡོད་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གིས་བོད་མི་ས་ཡ་མང་པོ་དམར་གསོད་བཏང་ཡོད་པ་དང་།  བོད་ཁུལ་གྱི་དགོན་པ་དྲུག་སྟོང་ལྷག་དང་སྒྱུ་རྩལ་རང་བཞིན་ལྡན་པའི་གནའ་ཤུལ་བརྒྱ་ཆ་ ༩༠ ལྷག་ཀྱང་རྩ་གཏོར་བཏང་ཡོད་པ་མ་ཟད། ད་ཆ།  རྡུལ་ཕྲན་མཚོན་ཆའི་སྙིགས་རོ་མང་པོ་བོད་ཁུལ་དུ་གཡུགས་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཚད་ལས་འདས་པའི་གཏོར་བཤིག་བཏང་ཡོད་པར་སྐྱོན་བརྗོད་བྱས་ཏེ། ཡོ་རོབ་ཀྱི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་བྱེད་བབ་དེར་མཁྱེན་རྟོགས་དགོས་བའི་འབོད་སྐུལ་གནང་འདུག   པར་དང་པོ་དེ་བོད་མིའི་སྒྲིག་འཛུགས་ནས་བླངས།  

སློབ་ཕྲུག་རང་ལོ་ ༡༢ ཅན་ཞིག་ལ་ཏོག་དབྱིབས་གཉན་རིམས་ཕོག་འདུག

རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་རིམ་པས་རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་ཁྲོད་འདིར་ཉེ་ཆར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆགས་པའི་ཊུ་ཊིང་བོད་མིའི་གཞིས་ཆགས་སུ་རང་ལོ་ ༡༢ སོན་པའི་བོད་ཕྲུག་ཞིག་ལ་ཏོག་དབྱིབས་གཉན་རིམས་དེ་ཕོག་འདུགརླུང་འཕྲིན་ཁང་གིས་ཊུ་ཊིང་ས་གནས་འགོ་འཛིན་རིག་འཛིན་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་གནས་ཚུལརྒྱུས་ལོན་ཞུས་པར་རང་ལོ་ ༡༢ སོན་པའི་བོད་ཕྲུག་ཁོང་ནི་མ་སུ་རི་བོད་ཁྱིམ་དུ་འཛིན་རིམ་གསུམ་པར་སློབ་སྦྱོང་བྱེད་མུས་ཡིན་པ་ཞིག་ཆགས་ཀྱི་ཡོད་པ་དང་། འདས་པའི་ཟླ་བ་གཉིས་ལྷག་གི་གོང་ལ་རྒྱ་གར་རྒྱལ་ཡོངས་སུ་ཐེམ་སྤང་གི་བཀག་རྒྱ་བསྡམས་ཏེ་འགྲོ་སྐྱོད་ཀྱི་བརྒྱུད་ལམ་ཡོངས་རྫོགས་བཀག་ཡོད་སྟབས། ཁོང་རྒྱལ་ས་ལྡི་ལི་ལ་ཟླ་བ་གཉིས་ཙམ་རིང་ལུས་འདུག་པ་དང་། ད་རེས་འགྲོ་སྐྱོད་ཆོག་པའི་གུ་ཡངས་ཕྲན་བུ་གནང་བ་དང་བསྟུན་སོ་སོའི་གཞིས་ཆགས་ལ་ཕྱིར་ལོག་གནང་རྗེས་ས་གནས་སུ་བརྟག་དཔྱད་གནང་འབྲས་ཏོག་དབྱིབས་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་འདུག ད་ལྟའི་ཆ་ལ་ས་གནས་མངའ་སྡེའི་སྒྲིག་གཞི་ལྟར་ཁོང་ Tuting བོད་མིའི་གཞིས་ཆགས་ནས་རྒྱང་ཐག་ཀི་ལོ་མི་ཀྲར་ ༡༥༠ ཙམ་གྱི་སར་ཆགས་པའི་ Yinkiong ཞེས་པའི་ས་གནས་སུ་ཟུར་བཀག་འོག་བཞུགས་བཞིན་ཡོད་པ་དང་། ཁོང་གི་ཕྱག་རོགས་སུ་པཱ་ལགས་དང་ནང་མི་ཁག་ཅིག་ཡོད་མུས་ཡིན་པ་དང་། ད་ལྟའི་ཆར་བོད་ཕྲུག་ཁོང་ལ་གཉན་རིམས་དེ་ཕོག་ཡོད་ཀྱང་ལུས་ཀྱི་ཚ་བ་འཕར་བ་སོགས་ཀྱི་ནད་རྟགས་གང་ཡང་ཐོན་མི་འདུགགཞི་རྩའི་འདས་པའི་ཉིན་ཤས་གོང་ལ་རྒྱ་གར་བྱང་ཕྱོགས་ཌལ་ཧོར་ཁུལ་དུ་ལྡི་ལི་ནས་ཕྱིར་ལོག་བྱུང་བའི་བོད་མི་ལོ་ན་ ༦༣ ཅན་གྱི་བུད་མེད་ཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་སྟེ་ད་ལྟའི་ཆར་སྨན་བཅོས་གནང་མུས་ཡིན་པ་དང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་སྒར་བསམ་ཡས་གླིང་གི་བོད་མི་རང་ལོ་ ༦༢ ལ་ཕེབས་པ་ཞིག་ཏོག་དབྱིབས་གཉན་རིམས་ཕོག་རྐྱེན་འདས་གྲོངས་སུ་གྱུར་ཡོད་པ་རེད། ད་ཆ་ཁོང་དང་གྲོགས་འདྲིས་ཡོད་པའི་ནང་མི་དགའ་གཉེན་སྤུན་མཆེད་སོགས་ས་གནས་གཞུང་གི་ལམ་སྟོན་ལྟར་ཟུར་བཀག་ཏུ་བཞུགས་མུས་རེད་འདུགད་ལྟའི་ཆ་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་བྱས་ན་རྒྱལ་སྤྱི་ཁྱོན་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཕོག་པ་མི་ ༦༧༩༩༧༡༣ དང་འདས་གྲོངས་སུ་ཕྱིན་པ་ ༣༩༧༣༨༨ ཆགས་ཀྱི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་གྲངས་ཐོ་ལྟར་བྱས་ན་ད་བར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁག་ཏུ་བོད་མི་ ༢༡༣ ལ་གཉན་རིམས་དེ་ཕོག་སྟེ་བོད་མི་ ༨ འདས་གྲོངས་སུ་ཕྱིན་ཡོད་པ་གསལ་བ་མ་ཟད། རྒྱ་གར་ནང་ལ་མཚོན་ན་ད་བར་ཡོངས་གྲགས་སུ་ཤེས་རྟོགས་བྱུང་བའི་ཁོངས་སུ་བོད་མི་ཏོག་དབྱིབས་གཉན་རིམས་ཕོག་པ་ ༤ དང་དེའི་ཁོངས་ནས་ ༢ འདས་གྲོངས་སུ་ཕྱིན་ཡོད་པ་རེད།

བོད་མིས་གཉན་རིམས་ཁྱབ་བརྡལ་ཁྲོད་སྦེལ་འཇམ་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ།

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཁྲོད་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཚོས་གནས་ཡུལ་གཞུང་མང་ལ་བྱེད་སྒོ་འདྲ་མིན་བརྒྱུད་དེ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་པ་ལྟར་ཡོ་རོབ་སྦེལ་འཇམ་བོད་རིགས་ཚོགས་པའི་ཁྱབ་ཁོངས་Antwerpen ས་གནས་སུ་གནས་སྡོད་བོད་མི་ཁྱིམ་ཚང་ ༡༡༣ གྱིས་ཁུལ་དེའི་ནང་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་གྱི་ལས་དོན་གཉེར་མཁན་ UZA ཞེས་པའི་སྨན་སློབ་ལ་རྒྱབ་སྐྱོར་མཚོན་ཕྱིར་ཡོ་སྒོར་ ༥༡༡༣ ཞལ་འདེབས་ཕུལ་བའི་ཐོག་ནས་སྦེལ་འཇམ་གཞུང་མང་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག གདུང་སེམས་མཉམ་བསྐྱེད་ཀྱི་ཞལ་འདེབས་དེ་བོད་ཟླ་ ༤ ཚེས་ ༡༥ ཉིན་ཆོས་ཕྱོགས་ཀྱི་དུས་བཟང་དང་བསྟུན་ནས་ཕུལ་འདུག་པ་དང་། སྦེལ་འཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་ཀྱིས་བྱེད་སྒོ་དེ་ལྟར་སྤེལ་བ་བརྒྱུད་ནས་ད་བར་ཁུལ་དེའི་ནང་གི་བོད་མི་ཚོར་སྦེལ་འཇམ་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རོགས་རམ་རྒྱ་གང་ཆེ་གནང་བར་བཀྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་ཕྱིར་གནང་བ་དང། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་བོད་མིའི་བཟང་སྤྱོད་ཐོག་ནས་ཉམ་ཐག་པའི་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་བཅས་ལ་ཆེད་དམིགས་ཞུས་པ་ཞིག་ཡིན་སྐོར་གསུངས་སོང་། ད་ལན་ཁོང་རྣམས་ནས་སྦེལ་འཇམ་གཞུང་མང་ལ་ནད་ཡམས་ཁྱབ་གདལ་ཁྲོད་གདུང་སེམས་མཉམ་བསྐྱེད་ཞུས་པའི་གནས་ཚུལ་དེ་ཡང་ས་གནས་ཀྱི་ཚགས་ཤོག་ཁག་ཏུ་ཐོན་པར་བརྟེན་ཡུལ་མི་མང་ཚོགས་ནས་དོ་སྣང་དང་བསྔགས་བརྗོད་གནང་ཡུལ་གྱི་གནས་ཚུལ་ཆགས་འདུག བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་ཀྱིས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༡༣ ལ་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་དོན་བཞིན་ད་རེས་མགོན་པོ་༸གང་ཉིད་མཆོག་གི་དགུང་གྲངས་དང་མཉམ་པའི་ཞལ་འདེབས་གནང་མཁན་གྱི་ཁྱིམ་ཚང་ ༡༡༣ བྱུང་བ་ནི་མ་གྲོས་བསམ་པ་ལྟུན་གྲུབ་ཀྱི་རྟེན་འབྲེལ་བཟང་པོ་བྱུང་ཡོད་པར་འགྲེལ་བརྗོད་གནང་ཡོད།དེ་དང་ཕྱོགས་མཚུངས་སུ་སྦེལ་འཇམ་གྱི་བོད་རིགས་ཚོགས་པའི་ཁྱབ་ཁོངས་ས་གནས་ལུའུ་ཝན་ཆོས་གསུམ་བོད་རིགས་ཡོངས་ཀྱིས་དང་བླངས་ཐོག་ས་གནས་ཀྱི་ནད་ཡམས་སྔོན་འགོག་གི་ལས་དོན་དང་འབྲེལ་ཡོད་ UZ མཐོ་སློབ་སྨན་ཁང་དང། KU Leuven གཙུག་ལག་སློབ་གཉེར་གཉིས་ཀྱི་ཐེབས་རྩར་ཡོ་སྒོར་ ༢༧༩༥ ཞལ་འདེབས་ཕུལ་ནས་གཉན་རིམས་་བརྟག་དཔྱད་ལས་དོན་ལ་གདུང་སེམས་མཉམ་བསྐྱེད་ཞུས་འདུག

རྒྱལ་ཚོགས་ལ་ཞུ་གཏུག་གནང་བའི་ཐོག་ནས་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ།

རྒྱ་ནག་ཚོང་ཟོག་ཉོ་ཚོང་འཚམས་འཇོག་དགོས་པའི་རེ་འདུན་ཐོག་ཟླ་ ༥ ཚེས་ ༢༧ ཉིན་སུད་སི་གྲོང་ཁྱེར་ Winterthur ནས་དབུ་འཛུགས་ཀྱིས་རྒྱབ་ཏུ་ཉལ་ཆས་བླུགས་པའི་ལྟོ་ཆས་དང་ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། དེ་བཞིན་རྒྱབ་ཏུ་འཛམ་གླིང་གཞུང་མང་ནས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མཚམས་འཇོག་དགོས་ཞེས་འབོད་ཚིག་འཁོད་པའི་ཤོག་སྦྱང་འཕྱང་ནས་སུད་སི་ནང་ཁེར་རྐྱང་གིས་བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་ཚེ་རིང་དབང་འདུས་ལགས་ཕྱི་ཚེས་ ༥ ཉིན་སུད་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ Michelle Bachelet མཆོག་གི་མཚན་ཐོག་ལ་རྒྱལ་ཚོགས་ཀྱི་ངོས་ནས་ད་བར་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བའི་ནག་ཉེས་ཁག་ངོས་ལེན་བྱེད་འཇུག་དགོས་ཞེས་ཞུ་སྙན་ཕུལ་བ་དང་སྦྲགས་ཏེ་ཐེངས་འདིའི་སུད་སི་ནང་གི་བོད་དོན་གོམ་བགྲོད་ལས་འགུལ་དེ་འཇུག་སྒྲིལ་གནང་སོང་། སུད་སི་གནས་སྡོད་བོད་མི་བསྟན་འཛིན་ཉི་མ་ལགས་ཀྱིས་ས་གནས་ Lausanne ནས་ཇི་ནི་ཝ་བར་ཚེ་རིང་དབང་འདུས་ལགས་དང་ལྷན་དུ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་འདུག ཐེངས་འདིའི་བོད་དོན་གོམ་བགྲོད་འདིའི་ཐོག་ཚེ་རིང་དབང་འདུས་ལགས་ཀྱིས་སུད་སི་གྲོང་ཁྱེར་ Winterthur ནས་དབུ་འཛུགས་ཀྱིས་ Zurich དེ་བཞིན་ Luzern རྒྱལ་ས་ Bern དེ་བཞིན་གྲོང་ཁྱེར་ Fribourg དང་ Lausanne ཇི་ནི་ཝ་བཅས་གྲོང་ཁྱེར་ཆེ་ཁག་བདུན་དང་ཁྱོན་སྤྱི་ལི་ ༣༠༠ ལྷག་གོམ་བགྲོད་གནང་ཡོད་པ་དང་ཕྱི་ཚེས་ ༥ ཉིན་ཁོང་ཇི་ནི་ཝར་འབྱོར་སྐབས་སུད་སི་དོན་ཁང་དང་ཇི་ནི་ཝའི་བོད་རིགས་ཚོགས་པའི་འཐུས་མི་དང་རེ་ཀོན་ཚོགས་ཆུང་། སུད་སི་གནས་བོད་ཀྱི་བེུད་ཚོགས་པའི་འཐུས་མི། བོད་དོན་རྒྱབ་སྐྱོར་བ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། གོམ་བགྲོད་ལས་འགུལ་བ་དབང་འདུས་ཚེ་རིང་ལགས་ཀྱིས་ད་ལྟའི་དུས་སྐབས་འདིར་བོད་མི་རྣམས་བོད་དོན་འཐབ་རྩོད་ཐོག་ཤུགས་སྣོན་འཕར་མ་གནང་རྒྱུའི་དུས་ལ་བབ་ཡོད་པ་དང། ཁོང་རང་ཉིད་ལྟ་བུར་ཆ་མཚོན་བོད་དོན་འཐབ་རྩོད་ཆེད་ཤི་དགོས་བྱུང་ཡང་བློ་འགྱོད་རྩ་བ་ནས་མེད་ཅེས་གསུང་གི་འདུགཚེ་རིང་དབང་དུས་ལགས་ཀྱི་ཐེངས་འདིའི་གོམ་བགྲོད་ལས་འགུལ་ལ་ཐོག་མཐའ་བར་གསུམ་ལ་རྒྱབ་སྐྱོར་གནང་མཁན་རང་ལོ་ ༡༦ སོན་པ་ཁོང་གིས་བུ་རྒན་པ་མཐུ་སྟོབས་ལགས་ཀྱིས་པཱ་ལགས་ནས་ཁེར་རྐྱང་གིས་བོད་དོན་ལས་འགུལ་འདི་ལྟ་བུ་སྤེལ་བར་དགའ་སྤོབས་ཚད་མེད་བྱུང་ཞེས་གསུངས་སོང་།གཞི་རྩའི་སུད་སིར་གནས་སྡོད་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་མཁན་བོད་མི་ཚེ་རིང་དབང་འདུས་ལགས་ཆ་མཚོན་ན་ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་ཙམ་མ་ཟད་དེ་སྔོན་ཁོང་ནས་སུད་སི་གྲོང་ཁྱེར་ཛུ་རིག་ནས་འཇར་མི་ནི་གྲོང་ཁྱེར་ Frankfurt བར་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དང་། དེ་བཞིན་སུད་སི་རྒྱལ་ས་ bern ནས་ཇི་ནི་ཝ་བར་གྱི་བོད་དོན་གོམ་བགྲོད་ལས་འགུལ་བཅས་ཀྱི་ནང་མཉམ་ཞུགས་གནང་མྱོང་ཡོད་པ་ཞིག་ཡིན་པ་རེད།

༸གོང་ས་མཆོག་གིས་དྲྭ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་བཀའ་དྲིན་བསྩལ་གནང་མཛད་སོང་།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་དྲྭ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་བཀའ་དྲིན་བསྩལ་གནང་མཛད་སོང་། དེརིང་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་དབུ་འཛུགས་གནང་བའི་ཆོས་འབྲེལ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་དུས་ཆེན་ཁྱད་པར་བ་འདི་དང་བསྟུན་གདན་ས་གསུམ་གཙོ་བོར་གྱུར་པའི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་རྣམས་ནས་ལོ་ལྟར་ས་ཟླའི་དུས་ཆེན་སྐབས་སེམས་བསྐྱེད་ཀྱི་ཆོ་ག་གསུང་རྒྱུ་བྱུང་ཚེ་ཕན་ཐོགས་ཆེན་པོ་ཡོད་པའི་དགོངས་པ་བྱུང་ཞེས་བཀའ་གནང་བ་དང་འབྲེལ། འབྱུང་འགྱུར་གྱི་ལོ་ཉི་ཤུ་རྩ་གྲངས་ཀྱི་རིང་ལ་མགོན་པོ་མཆོག་༸སྐུ་འཚོ་བཞུགས་གནང་རྒྱུ་ཡིན་ཞེས་བཀའ་བཟང་ཕེབས་པ་དང་ཆབས་ཅིག་འབྱུང་གྱུར་གྱི་ལོ་ངོ་ཉི་ཤུ་རྩ་གྲངས་ཀྱི་ས་ཟླའི་དུས་ཆེན་ནམ་ཡིན་ལ་སེམས་བསྐྱེད་ཆོ་ག་དང་འབྲེལ་ནས་སེམས་བསྐྱེད་དགོངས་པ་བཞེས་གནང་རྒྱུ་ཡིན་པ་བཀའ་བསྩལ་སོང་། ད་དུང་མགོན་པོ་༸གང་ཉིད་མཆོག་གིས་སྟོན་པའི་བཀའ་དྲིན་རྗེ་སུ་དྲན་རྒྱུ་གཙོ་བོ་ནི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ཁོ་ནར་བསམ་བློ་གཏོང་རྒྱུ་དེ་ཡིན་པ་བཀའ་བསྩལ་བ་དང་སྦྲགས། དེ་རིང་གི་དུས་ཆེན་ཁྱད་པར་བ་འདིའི་ཐོག་སྤྱིར་སོ་སོའི་ས་གནས་ལ་ཕྱག་དང་མཆོད་འབུལ་གནང་གི་ཡོད་ཀྱང་གཙོ་བོ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བར་བསྩལ་གནང་མཛད་སོང་། ༸གོང་ས་མཆོག་གིས་སངས་རྒྱས་ཀྱི་ཆོས་ཞེས་པ་དེ་སྨོན་ལམ་རྒྱབ་པ་ཙམ་གི་འདང་ངེས་ཞིག་མེད་པ་དང་། ལུས་ངག་གི་དགེ་སྒྲུབ་གནང་རྒྱུ་བཅས་ནི་ཆོས་ལུགས་གཞན་ཚོས་ཀྱང་གནང་གི་ཡོད་ནའང་། བསྔགས་བླ་མེད་དང་འབྲེལ་ནས་སེམས་ཕྲ་རག་གི་དབྱེ་བ་འབྱེད་རྒྱུ་ཡོད་པ་ནི་སངས་རྒྱས་པའི་ཆོས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་པ་མ་ཟད། མཁན་ཆེ་ཞི་བ་འཚོ་གཙོས་ས་སྐྱ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དུ་མས་མཛད་རྗེས་ལ་བརྟེན་ནས་ང་ཚོར་སངས་རྒྱས་ཀྱི་བསྟན་པ་ཞིག་མཇལ་རྒྱུ་ཡོད་སྟབས། ཚང་མས་ཧུར་ཐག་གནང་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བར་གནང་སོང་། དེ་བཞིན་༸གོང་ས་མཆོག་གིས་དེ་རིང་ཆོས་འགྲེལ་དང་འབྲེལ་ནས་སེམས་པ་བཟང་པོ་བྱས་ན་འཕྲལ་བདེ་བ་དང་ཕུགས་ལ་ཕན་པ། དེ་བཞིན་རང་ཉིད་སྐྱིད་པ་བཅས་ཡོང་རྒྱུ་ཙམ་མ་ཟད། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ཚེ་སེམས་པ་བཟང་པོ་བྱས་ནས་གྲོགས་མང་བ་དང་མི་ཀུན་གྱི་དགའ་པོ་བྱ་ས་ཞིག་ཏུ་འགྱུར་ངེས་ཡིན་པ་ལས་རང་དོན་ཁོ་ན་ཁོག་ལ་བཅངས་ནས་རང་གཅེས་འཛིན་ཁོ་ནར་བསམ་བློ་བཏང་ཚེ་དངངས་སྐྲག་དང་མ་སྐྱིད་པ། དེ་བཞིན་གཞན་གྱི་གུས་བརྩི་བྱ་ཡུལ་དུ་མི་འགྱུར་བ་དང་། ཕན་པའི་བསམ་པ་དེ་ཡོད་ན་དུད་འགྲོ་ཡིན་ཡང་དགའ་པོ་བྱེད་ཀྱི་རེད་ཅེས་ལམ་སྟོན་བསྩལ་གནང་མཛད་སོང་། རྩ་བའི་ཐེམ་སྦང་གི་དུས་སྐབས་འདིར་མགོན་པོ་༸གང་ཉིད་མཆོག་གིས་དྲྭ་ལམ་བརྒྱུད་མང་ཚོགས་ལ་ད་བར་གསུང་ཆོས་དང་བཀའ་དབང་སོགས་བཀའ་དྲིན་ཆེ་བར་བསྩལ་གནང་མཛད་པ་བཞིན་ཟླ་བ་འདིའི་ནང་དུའང་དྲྭ་ལམ་བརྒྱུད་བགྲོ་གླེང་དང་བཀའ་བསྡུར་གནང་རྒྱུ་སོགས་ཀྱི་མཛད་འཆར་ཁག་གཅིག་བཀོད་སྒྲིག་གནང་ཡོད་པ་རེད། དེ་ཡང་ཕྱི་ཚེས་ ༧ ཉིན་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་གང་སར་གནས་པའི་གཞོན་སྐྱེས་ཁག་ཅིག་དང་ལྷན་དུ་བགྲོ་གླེང་དང་བཀའ་འདྲི་དགོངས་སྐོར་གྱི་མཛད་འཕྲིན་ཞིག་བསྐྱང་རྒྱུ་ཡིན་པ་དང་ཕྱི་ཚེས་ ༡༧ ཉིན་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Pico Iyer ལགས་དང་ལྷན་དུ་བཀའ་བསྡུར་གྱི་མཛད་རིམ་ཞིག་བསྐྱང་གནང་རྒྱུ་ཡིན་པ་རེད། དེ་བཞིན་ཕྱི་ཚེས་ ༢༠ ཉིན་ ༸གོང་ས་མཆོག་དང་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས་གཉིས་མཉམ་བཞུགས་ཐོག་སེམས་དང་སྲོག་གི་གནད་དོན་ཁག་ཅིག་གི་ཐོག་བགྲོ་གླེང་མཛད་གནང་རྒྱུ་རེད། ཕྱི་ཚེས་ ༢༦ ཉིན་རྒྱ་གར་ Haryana མངའ་སྡེའི་གྲོང་ཁྱེར་ Gurgaon ནང་རྟེན་གཞི་བྱས་པའི་ Amity གཙུག་ལག་སློབ་གཉེར་ཁང་གི་སློབ་མ་རྣམས་ལ་འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་ཐབས་ཀྱི་འཆར་སྣང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་སློབ་མ་རྣམས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་བཅས་ཀྱི་མཛད་འཆར་ཡོད་པ་རེད།

ལ་དྭགས་དྷརྨ་ས་ལའི་བོད་པའི་ཁྲོམ་ར་ཟླ་བ་གཉིས་ལྷག་གི་རྗེས་སླར་ཡང་སྒོ་ཕྱེས་འདུག

ས་གནས་ཀྱི་རྒྱ་གར་བ་ཚོས་ Monastery Market ཟེར་བའི་རྒྱ་གར་རྒྱལ་ས་ལྡི་ལིའི་ལ་དྭགས་དྷརྨ་ས་ལ་ཁུལ་དུ་ཡོད་པའི་བོད་པའི་ཁྲོམ་ར་ཆེ་ཤོས་དེ་ཁ་སང་ནས་སྒོ་ཕྱེ་ཡོད་པ་རེད། ཁྲོམ་ར་དེའི་ནང་རྒྱ་གར་བ་འགའ་ཤས་ཤིག་མ་གཏོགས་དེ་མིན་ཚང་མ་བོད་རིགས་ཤ་སྟག་ཡིན་པ་དང་།  བོད་མི་ཚོས་ཁྲོམ་ར་དེར་བུ་དྷ་བི་ཧར་གྱི་ཁྲོམ་ར་ཞེས་བརྗོད་ཀྱི་ཡོད་པ་རེད། ཁྲོམ་ར་དེའི་ནང་ཁྱོན་ཚོང་ཁང་ ༣༠༠ ཙམ་ཞིག་ཡོད་པ་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་མི་འདྲ་བར་བུ་དྷ་བི་ཧར་གི་ཚོང་ཁང་དེ་དག་ནམ་དུས་ལ་གཞིགས་པའི་ས་གནས་ཀྱི་རྒྱ་གར་ཡུལ་མི་ཚོའི་དགོས་མཁོ་ལྟར་གྱོན་གོས་རིགས་འདྲ་མིན་ཚོང་གི་ཡོད་པ་རེད། འོན་ཀྱང་ཁ་སྔོན་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ནས་རྒྱ་གར་ནང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉེན་རིམས་དེ་ཁྱབ་བརྡལ་འགྲོ་བ་ནས་ཟུང་བུ་དྷ་བི་ཧར་གྱི་བོད་མིའི་ཁྲོམ་ར་དེ་ཡང་སྤྱི་མཚུངས་སུ་སྒོ་རྒྱག་དགོས་འཁེལ་ཡོད་པ་དང་། ས་གནས་ཀྱི་ཚོང་པ་ཚོས་བརྗོད་དོན་ལ་ཁ་སང་བར་ཟླ་བ་གཉིས་ལྷག་ཚོང་ཁང་སྒོ་རྒྱག་དགོས་འཁེལ་བས་ཚོང་པ་ཚོར་གྱོང་གུད་ཆེན་པོ་ཕོག་ཡོད་པ་དང་ད་ལྟའི་དུས་ཚོད་དེར་དགུན་ཚོང་ལྟ་བུའི་ཚོང་མེད་ཀྱང་རྒྱ་གར་གྱི་དུས་ཆེན་ཆེ་ཁག་སྐབས་ཚོང་ཡག་པོ་ཡོད་སྟབས་། ད་རེས་བཀའ་རྒྱ་བསྡམ་པའི་དུས་ཚོད་འདིར་ཁ་ཆེའི་ཨིད་དུས་ཆེན་འཁེལ་ཡོད་ཀྱང་སྔར་རྒྱུན་བཞིན་ཚོང་ཕོག་གི་མེད་པར་བརྟེན་ཚོང་པ་ཚོར་གོང་གུད་ཆེན་པོ་ཕོག་ཡོད་འདུག གཞི་རྩའི་བུ་དྷ་བི་ཧར་ཁྲོམ་ར་ཚོགས་པའི་ངོས་ནས་ཚོང་པ་ཚོར་ཁ་སང་ནས་ཚོང་ཁང་སྒོ་ཕྱེ་ཆོག་པའི་གསལ་བསྒྲགས་གནང་ཡོད་ཀྱང་ཁ་སང་དངོས་སུ་ཚོང་ཁང་འགའ་ཤས་མ་གཏོགས་སྒོ་ཕྱེ་མི་འདུག ཁྲོམ་འདོན་ཚོགས་པའི་ངོས་ནས་རིམ་པས་ཉིན་རེ་བཞིན་ཚོང་ཁང་མང་བ་སྒོ་ཕྱེ་རྒྱུའི་རེ་བ་བྱེད་བཞིན་པ་མ་ཟད་རྒྱ་ནག་གི་ནད་ཡམས་སྔོན་འགོག་ཆེད་དུ་ཁྲོམ་རའི་རྒྱལ་སྒོ་ལ་ Sanitizing Tunnel དུག་སེལ་ཕུག་ལམ་ཞིག་ཆེད་འཛུགས་གནང་རྒྱུ་དང་།   ལྷག་པར་སྔ་དགོང་སོ་སོར་ཚོང་ཁང་དང་ཁྲོམ་ར་ཆ་ཚང་དུག་སེལ་གནང་རྒྱུ་མ་ཟད། ཁང་སོ་སོར་དུག་སེལ་རྫས་ཆུ་དང་ལག་ཤུབས། ཁ་རས་སོགས་གཞི་རྩའི་བྱེད་སྒོ་ཁག་འཐུས་ཚང་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

རྒྱ་ནག་གཞུང་གི་མི་སེར་སྤེལ་ཡུལ་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་འདུག

པི་ཅིང་གནམ་སྡེ་སྒོ་མའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་༣༡ འཁོར་བའི་དུས་ཚིགས་དང་བསྟུན། ཁ་སང་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་རྒྱལ་ས་རོམ་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། བོད་མི་དངཡུ་གུར་བ། དེ་བཞིན་ཧོང་ཀོང་ཧྥ་ལུང་གོང་བཅས་ཀྱི་འཐུས་ཚབ་འདུ་འཛོམས་ཐོག་རྒྱ་ནག་གི་མི་སེར་སྤེལ་གྱི་བྱ་སྤྱོད་ལ་་ངོ་རྒོལ་བྱས་འདུག ཐེངས་འདིའི་ངོ་རྒོལ་ལས་འགུལ་འདི་ནི།  ཉེ་ཆར་ཨི་ཊ་ལིའི་ནང་དུ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉམ་རིམ་གྱི་གནོད་འཚེ་ཚབས་ཆེན་ཕོགས་པའི་རྗེས་སུ་མང་ཚོགས་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་དང་པོ་ཆགས་ཀྱི་ཡོད་པ་དང། ལས་འགུལ་དེ་ཡང་གཙོ་བོ། པི་ཅིང་གནམ་སྡེ་སྒོ་མའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་དུས་ཚིགས་སྲུང་བརྩི་དང་འབྲེལ། ཉེ་བའི་ཆར་རྒྱ་ནག་ནས་ཐོག་མར་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམ་རྐྱེན་པས་ཨི་ཊ་ལི་གཙོས་པའི་འཛམ་གླིང་ནང་མང་ཚོགས་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་གནད་དོན་དང། རྒྱ་གཞུང་གིས་དབང་ཆ་གཅིག་བསྡུས་རིང་ལུགས་འོག་བོད་དང་ཤར་ཏུ་ཀི་སེ་ཐན་དང། དེ་བཞིན་ཧོང་ཀོང་ནང་རྒྱ་གཞུང་གིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐོང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད །  ལྷག་པར་དུ་ཨི་ཊ་ལི་གཞུང་ལ། ཨི་ཊ་དང་རྒྱ་ནག་དབར་གྱི་བརྒྱུད་གཅིག་དང་ལམ་གཅིག་གི་གྲོས་མཐུན་མཚོན་པའི་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ཚོང་གི་འབྲེལ་ལམ་བརྒྱུད། མ་འོངས་པར་ཨི་ཊི་ལི་རྒྱལ་ཁབ་དེ་བཞིན་རྒྱ་ནག་མི་སེར་སྤེལ་ཡུལ་གྱི་གཡོ་ཇུས་འོག་མ་ཚུད་པ་བྱ་དགོས་པའི་རེ་འདུན་བཏོན་འདུག དེའི་སྐོར་ཨི་ཊ་ལའི་བོད་རིགས་ཚོགས་པས་ཚོགས་གཙོ་རྣམ་རྒྱལ་བཟོད་པ་ལགས་ཀྱིས་འགྲེལ་བརྗོད་གནང་གསལ། ལས་འགུལ་དེ་བཞིན་ཨི་ཊ་ལི་བོད་རིགས་ཚོགས་པ་དང་ཨི་ཊ་ལི་ས་གནས་བོད་ཀྱི་བུད་མེད་ཚོགས་པ། དེ་བཞིན་ཨི་ཊ་ལི་དང་བོད་མཛའ་འབྲེལ་ཚོགས་པ་གསུམ་གྱི་སྣེ་ཁྲིད་འོག  ཧོང་དང་ཡུ་གུར། ཧྥ་ལུང་གོང་སོགས་ཚོགས་པ་ཉེར་ལྔའི་རྒྱབ་སྐྱོར་འོག་སྤེལ་བ་ཞིག་ཆགས་ཀྱི་འདུག ཁ་སང་ལས་འགུལ་དེའི་ཐོག སྐབས་དེར་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་Matteo Bianchi ལགས་དང། དེ་བཞིན་ཨི་ཊ་ལིའི་ཆབ་སྲིད་ཚོགས་པའི་སྐུ་ཚབ་དང། ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སོགས་ནས། རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ཐོག་སྤེལ་བཞིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་ཨི་ཊ་ལིའི་གཙོས་པའི་རྒྱལ་ཁབ་མང་པོའི་ནང་དུ་ཐོག་མར་ཚོང་གྱི་འབྲེལ་ལམ་བརྒྱུད་ནས་རིམ་པའི་དཔལ་འབྱོར་སྟོབས་ཤུགས་ཀྱི་གནོན་ཤུགས་བརྒྱུད་མི་སེར་་སྤེལ་ཡུལ་གྱི་བྱ་སྤྱོད་སྤེལ་བཞིན་པ་ཐེར་འདོན་གྱིས་ངོ་རྒོལ་སྐྱོན་བརྗོད་ཀྱི་གཏམ་བཤད་ཀྱང་སྤེལ་ཡོད་འདུག རྩ་བའི་ད་ལྟའི་ཆར་ཨི་ཊ་ལའི་རྒྱལ་ཁབ་དེ་བཞིན་ཡོ་རོབ་ནང་རྒྱ་ནག་ལྷན་དུ་འབྲེལ་ལམ་དམ་ཟབ་ཡོད་པའི་རྒྱལ་ཁབ་ཅིགཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་བརྒྱུད་གཅིག་དང་ལམ་གཅིག་གྱི་གྲོས་མཐུན་ཐོག་རྒྱབ་སྐྱོར་གྱིས་མཚན་རྟགས་འཁོད་མཁན་ཡོ་རོབ་རྒྱལ་ཁབ་ཆེས་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་ལ། ཉེ་ཆར་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོགས་དབྱིབས་གཉན་རིམ་དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁོངས་ནས་ཐོག་མར་ཨི་ཊ་ལི་ནང་ཁྱབ་གདལ་བྱུང་ནས།  མི་གྲངས་འབུམ་གཉིས་ལྷག་གཉམ་རིམ་ཕོགས་ཡོད་པ་མ་ཟད། མི་ཁྲི་གསུམ་ལྷག་རྐྱེན་འདས་ཕྱིན་ཡོད་པ་རེད།

Latest news