Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁུར་དགོས།

ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་གཞོན་ལྷན་ཁག་ ༨༨ ཙམ་གྱིས་སྣེ་ཁྲིད་ཀྱིས་ཉིན་གྲངས་བཅུའི་རིང་དྲྭ་ཐོག་བརྒྱུད་རྒྱ་ནག་གཞུང་གིས་ཆེས་ཐོག་མ་ཉིད་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་མ་བྱས་པ་དང་། གཉན་རིམས་ཁྱབ་གདལ་དང་འབྲེལ་བའི་གནད་དོན་མང་དག་ཅིག་སྦས་བསྐུངས་བྱས་པ་མ་ཟད། ལྷག་དོན་གཉན་འཕྲང་ཅན་གྱི་དུས་འདིར་རིམས་ནད་ཁྱབ་གདལ་ཆེས་ཆེར་སོང་བའི་ནག་ཉེས་དང་དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁུར་དགོས་པའི་ལས་འགུལ་དབུ་འཛུགས་གནང་འདུགབོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལས་འགུལ་དེའི་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཙོས་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་རྒྱ་ནག་ཝུ་ཧན་ནས་ཏོག་དབྱིབས་གཉན་རིམས་ཐོག་མར་མཆེད་སྐབས་ནས་བཟུང་དེ་འབྲེལ་གནས་ཚུལ་ཁག་ལ་འཁྱོག་བཤད་དང་། རྫུན་བཟོ་ཧམ་བཤད་བྱས་པར་བརྟེན་གོ་ལ་ཧྲིལ་པོར་ནད་ཡམས་ཁྱབ་གདལ་མྱུར་རྐྱེན་ངལ་བ་དུ་མ་འཕྲད་བཞིན་པ་དེའི་འགན་འཁུར་དགོས་པ་དང་། ད་ལྟའི་ཆར་འཛམ་གླིང་སྤྱི་སྒེར་ཡོངས་ཀྱིས་ཟུང་འབྲེལ་ཐོག་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་དགོས་པ། དེ་བཞིན་རྒྱ་གཞུང་གིས་འཛམ་གླིང་སྤྱིའི་འཚོ་གནས་བདེ་འཇགས་ལ་བརྡབ་གསིག་འཚབས་ཆེན་བཏང་དང་གཏོང་མུས་ཀྱི་འགན་འཁུར་དགོས་པ་བཅས་ཀྱི་དགོས་འདུན་ཆེད་བཏོན་གནང་བ་དང་སྦྲགས། རྒྱ་ཆེ་མང་ཚོགས་ཚོས་ལས་འགུལ་དེར་མཉམ་ཞུགས་གནང་སྐྱོང་ཡོང་བའི་རེ་སྐུལ་དང་ཡིད་ཆེས་ཡོད་སྐོར་གསུངས་འདུགརྩ་བའི་ཐེངས་འདིའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་གཞོན་ལྷན་ཁག་གི་ངོས་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༣ ཉིན་དེ་སྔ་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གཞུང་གི་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་བཅུག་པ་དང་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་འགོ་འཛུགས་པ། དེ་བཞིན་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དུས་ཚིགས་གསུམ་པོར་གཙོ་དམིགས་ཀྱིས་ལས་འགུལ་སྤེལ་བ་ཞིག་ཆགས་ཀྱི་འདུག

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཧོང་ཀོང་གི་ཁྲིམས་འཆར་གོ་བསྡུར་བྱ་འཆར།

དེ་རིང་ཕྱི་ཚེས་ ༢༢ ཉིན་འགོ་འཛུགས་ཀྱིས་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཉིན་གྲངས་བཅུའི་རིང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་ཀྱི་ཡོད་པ་དང་།  ཚོགས་ཆེན་འདིའི་ཐོག་ཧོང་ཀོང་གི་གནད་དོན་དང་འབྲེལ་ཁྲིམས་འཆར་གསར་པ་འདོན་སྤེལ་དང་རྒྱ་ནག་གི་དཔལ་འབྱོར། དེ་བཞིན་ཏོག་དབྱིབས་གཉན་རིམས་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་རེད་འདུག དེ་ཡང་དེ་རིང་བྷི་བྷི་སི་གཙོས་པའི་བརྒྱུད་ལམ་གཞན་ཁག་གིས་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན།  དུས་རྒྱུན་ཚོགས་ཆེན་དེའི་ཐོག་རྒྱ་ནག་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་འགྲོ་གྲོན་དང་དེ་བཞིན་གྲོས་འཆར་སོགས་གཏན་འབེབས་བྱེད་ཀྱི་ཡོད་ཀྱང་།  འདི་ལོར་ཚོགས་ཆེན་དེར་ཧོང་ཀོང་ནང་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ལས་འགུལ་དང་དང་ཁ་བྲལ།  དེ་བཞིན་རང་རྒྱལ་ལ་ངོ་ལོག་གི་བྱ་བ་རྣམས་བཀག་སྡོམ་གྱི་ཁྲིམས་འཆར་གསར་པ་འདོན་སྤེལ་བྱས་པ་དེའི་ཐོག་གྲོས་བསྡུར་བྱེད་རྒྱུ་ཡིན་པ་རེད་འདུག གཞི་རྩའི་དེ་སྔ་ཕྱི་ལོ་ ༢༠༠༣ ལོར་ཧོང་ཀོང་གཞུང་ནས་དེ་མཚུངས་ཀྱི་ཁྲིམས་འཆར་གཏན་འབེབས་བྱེད་རྒྱུར་ཁུལ་དེའི་མང་ཚོགས་འབུམ་ལྔ་བརྒལ་བས་ངོ་རྒོལ་གནང་བར་བརྟེན།  ཁྲིམས་འཆར་དེ་གཏན་འབེབས་བྱ་ཐུབ་མེད་པ་རེད།  ཁྲིམས་འཆར་གསར་པ་དེ་དང་འབྲེལ།  རྒྱ་ནག་མི་དམངས་འཐུས་མིའི་སྐུ་ཚབ་ཅིག་གིས།  ད་ལན་ཧོང་ཀོང་དང་འབྲེལ་ཁྲིམས་འཆར་གསར་པ་དེ་ནི་དུས་བསྟུན་གྱི་དགོས་མཁོ་ཞིག་དང་།  དེས་ཧོང་ཀོང་རྒྱལ་ཡོངས་ཀྱི་བདེ་འཇགས་སྲུང་ཐུབ་ངེས་ཡིན་པ་བརྗོད་པ་དེ་ལྟར་ཡང་།  མང་གཙོ་དོན་གཉེར་ལས་འགུལ་བ་རྣམས་ཀྱིས་རྒྱ་གཞུང་གིས་རིམ་པས་ཧོང་ཀོང་ནང་དུ་རང་དབང་མེད་པ་བཟོ་རྩིས་བྱེད་ཀྱི་ཡོད་པ་གསུངས་འདུག ཕྱོགས་མཚུངས་ཁྲིམས་འཆར་དེས་ཧོང་ཀོང་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ལམ་ལུགས་ལ་མགོ་སྐོར་གཏོང་གི་ཡོད་པར་ངོས་འཛིན་གནང་གི་འདུག    ལྷག་པར་དུ། ཧོང་ཀོང་མང་ཚོགས་ཀྱིས་ཉེ་ལམ་སྲིད་གཞུང་གིས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་གནང་དགོས་བ། དེ་བཞིན་ཧོང་ཀོང་སྤྱི་ཁྱབ་གསར་འདེམ་གནང་རྒྱུའི་རང་དབང་དང་།  ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་སྒོ་ནས་རྟོག་ཞིབ་གནང་དགོས་ཞེས་དགོས་འདུན་ཁག་ཅིག་བཏོན་པའི་ཐོག་ཟླ་ཤས་རིང་ངོ་རྒོལ་བསྟུད་མར་གནང་བའི་ཡ་ལན་ཚུལ་དུ་འདོན་སྤེལ་བྱས་པ་ཞིག་ཆགས་ཀྱི་ཡོད་པར་བརྗོད་སོང་། གཞི་རྩའི་ད་ལན་ཚོགས་ཆེན་འདིའི་ཐོག་རྒྱ་ནག་གི་ཞིང་ཆེན་དང་།  རང་སྐྱོང་ལྗོངས་ཞེས་པ།  དེ་བཞིན་རྒྱ་ནག་གིས་འཛིན་སྐྱོང་འོག་ཡོད་པའི་གྲོང་སྡེ་ལས་ཁུངས་དང་།  ཧོང་ཀོང་དང་མེཀ་ཀའོ་སོགས་འཐུས་མི་ ༣༠༠༠ ལྷག་གིས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་འདུག  སྤྱིར་དུས་རྒྱུན་མི་དམངས་འཐུས་མི་ཚོགས་ཆེན་དེ་ཟླ་བ་གསུམ་པའི་མགོ་སྟོད་དུ་འཚོགས་བཞིན་ཡོད་ནའང་།  འདི་ལོར་རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་དུས་རྒྱུན་གྱི་སྐབས་ཐོག་དེར་འཚོགས་ཐུབ་མེད་པ་རེད།  འོན་ཀྱང་ཉེ་ལམ་རྒྱ་ནག་གིས་ཡུལ་དེའི་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཧ་ཅང་ཇེ་ཉུང་དུ་ཕྱིན་ཡོད་ཚུལ་བརྗོད་དེ།  ཐེམ་སྤང་བཀའ་རྒྱ་ཕྱིར་འཐེན་དང་།  སློབ་གྲྭ་དང་ཚོང་གཉེར་གྱི་ལས་དོན་རྣམས་རིམ་བཞིན་སྒོ་འབྱེད་བཞིན་པ་དང་ཆབས་ཅིག   ཁ་སངརྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དང་།  དེ་རིང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་འགོ་བཙུགས་པ་ཞིག་ཆགས་ཀྱི་འདུག    ལྷག་པར་དུ་རྒྱ་ནག་གིས་ཚོགས་འདུ་ཆེ་ཁག་གཉིས་ཚོགས་པ་དེས་རྒྱ་ནག་ནས་མང་ཚོགས་དང་།  འཛམ་བུ་གླིང་སྤྱིར་གཉན་རིམས་དེ་སྟངས་འཛིན་འོག་བཞག་ཡོད་ཚུལ་གྱི་རྣམ་པ་སྟོན་ཆེད་ཅིག་ཡིན་པར་བརྗོད་ཀྱི་འདུག རྩ་བའི་ད་ལན་གཉན་རིམས་ཀྱིས་རྐྱེན་གྱིས་རྒྱ་ནག་གཙོ་བྱས་པའི་འཛམ་བུ་གླིང་གི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པ་དང་།  རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ནས་དུས་ཐོག་ཏུ་གཉན་རིམས་སྔོན་འགོག་མ་བྱས་པར་སྐྱོན་འཛུགས་བྱས་ཡོད་ནའང་།  རྒྱ་ནག་གིས་དེར་ངོས་ལེན་མ་བྱས་པར།  རྒྱ་ནག་གིས་དུས་ཐོག་ཏུ་རྒྱལ་ཁབ་སྤྱི་ཡོངས་ལ་གཉན་རིམས་སྐོར་དོགས་ཟོན་དགོས་པ་བརྗོད་ཡོད་ནའང་རྒྱལ་ཁབ་གཞན་གྱིས་དེར་དོ་སྣང་དེ་ཙམ་བྱས་མེད་ཚུལ་གྱི་ལན་འདེབས་བྱས་ཡོད་པ་རེད།གཞན་ཡང་དེ་རིང་རྒྱ་ནག་མི་དམངས་ཀྱི་འཐུས་མི་ཚོགས་ཆེན་འགོ་བཙུགས་དང་སྦྲགས།  བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་བོད་མི་གཙོས་པའི་ཤར་ཏུར་ཀི་སི་ཏན།  ཧོང་ཀོང་དང་།  དེ་བཞིན་ཐེ་ཝན། རྒྱ་ནག་མང་གཙོའི་དོན་གཉེར་བ་སོགས་མཉམ་རུབ་ཐོག་རྒྱ་གཞུང་ལ་བརྡ་ལན་སྤྲད་པ་ཞིག་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་གྱང་ངོས་སུ་བརྙན་གཟུགས་ཐོག་གཟིགས་འབུལ་གྱིས་ངོ་དེབ་ཐད་གཏོང་བརྒྱུད་ལས་འགུལ་ཞིག་སྤེལ་ཡོད་པ་དང་།  བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དང་སྤྱི་འཐུས་གཅིག་ལྕོགས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྡ་ལན་དེའི་ནང་མང་གཙོའི་ལས་འགུལ་བ་རྣམ་པས།   ང་ཚོའི་ད་བར་མང་གཙོ་དང་རང་དབང་འཐབ་རྩོད་བྱས་ཡོད་པ་དང་།  མུ་མཐུད་ནས་དེ་ལྟར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་མ་ཟད།   ཕྱོགས་མཚུངས་རྒྱ་ནག་ནས་དེང་རབས་དཔལ་འབྱོར་སྟོབས་ཤུགས་ཀྱིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱལ་ཁབ་གཞན་གྱི་མང་གཙོ་དང་རང་དབང་ལ་ཉེན་ཁ་བཟོས་བཞིན་པ།  ལྷག་པར་དུ་ད་ཆ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེ་མི་འགྲོ་བར་འབད་རྩོན་གས་བྱེད་མེད་པ་དང་།  ཡང་སྒོས་གཉན་རིམས་དེ་འབྲེལ་བཀའ་མོལ་གནང་མཁན་རྒྱ་རིགས་ཚོར་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་སོགས་ཆགས་པས་ད་ཆ་རྒྱལ་སྤྱི་ནས་རྒྱ་གཞུང་གི་བྱ་སྤྱོད་དེ་དག་མངོན་གསལ་ཐོག་གཟིགས་ཡོད་པ་དང་ཆབས་ཅིག   རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཡོད་སྟབས།  དུས་ཚོད་དེ་བསྟུན་ང་ཚོ་ཚང་མས་འཐབ་རྩོད་བྱེད་རྒྱུ་གནས་སྟངས་ཆགས་ཡོད་སྐོར་གསུངས་སོང་། ཁོང་གིས་ད་རེས་ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི་ད་ཆ་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་དོགས་ཟོན་བྱེད་རྒྱུ་འགོ་འཛུགས་ཀྱི་ཡོད་པ་དང་།  ད་བར་བོད་མིའི་གཙོ་བྱས་པའི་མི་མང་པོ་ཞིག་གིས་སོ་སོའི་འཐབ་རྩོད་རྩོད་ཀྱི་ཡོད་ནའང་རྒྱལ་ཁབ་གཞན་ནས་དེར་ཐུགས་སྣང་དང་རྒྱབ་སྐྱོར་དེ་ཙམ་གནང་གི་མེད་ཀྱང་།  ད་ཆ་རྒྱལ་ཁབ་མང་པོ་ཞིག་གཉིད་སད་པ་ལྟར་གྱུར་ཡོད་པ་མ་ཟད།  འཛམ་བུ་གླིང་གི་གནས་སྟངས་ལའང་འགྱུར་བ་ཕྱིན་གྱི་ཡོད་པས།  ད་ལན་ལས་འགུལ་འདིའི་བརྒྱུད་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་མི་མང་གི་འཐབ་རྩོད་ལངས་ཀྱི་ཡོད་པ་དང་།  བོད་མི་ཚོས་སོ་སོའི་རང་དབང་མ་ཐོབ་བར་དུ་དེ་འབྲེལ་གྱི་འཐབ་རྩོད་གནང་རྒྱུ་ཡིན་པས།  རྒྱ་གཞུང་ལ་ད་ཆ་དུས་ཚོད་ཞེ་དྲག་ལྷག་མེད་པས་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་གསུངས་སོང་། རྩ་བའི་བོད་རང་བཙན་ལས་འགུལ་ཚོགས་པ་ནས་མང་གཙོའི་དོན་གཉེར་བ་རྣམས་ཀྱིས་རྒྱ་གཞུང་ལ་བརྡ་ལན་སྤྲད་པས་བརྙན་ཐུང་དེ་རྒྱ་ནག་གཞུང་ཚབ་ཀྱི་གྱང་ངོས་སུ་བརྙན་གཟུགས་ཐོག་བསྟན་པའི་སྐབས།  ཨ་རིའི་སྐོར་སྲུང་བ་ཡོང་ནས་དེར་བསྟན་ཆོག་གི་མེད་ཞེས་བརྗོད་ཡོད་པ་དང་།  ཕྱིས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་མུ་མཐུད་ལས་འགུལ་དེ་གློག་ཀླད་བརྒྱུད་ཐད་གཏོང་དང་ལས་འགུལ་སྤེལ་དགོས་མིན་སོགས་མང་ཚོགས་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

བོད་ནང་དུ་དངོས་དོན་བདེན་འཚོལ་གྱི་རྟོག་ཞིབ་རུ་ཁག་གཏོང་རྒྱུའི་ཞུ་སྐུལ།

འདི་ལོར། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོ་བྱས་པའི་ཁོང་གི་ནང་མི་རྣམས་རྒྱ་ནག་གིས་བཙན་ཁྲིད་བྱས་ཏེ་མི་ལོ་༢༥ འཁོར་བཞིན་པའི་དུས་དྲན་དང་བསྟུན། ཁ་ན་ཊྲའི་གྲོས་ཚོགས་འཐུས་མི་ ༢༡ གིས་མཉམ་རུབ་ཀྱི་མཚན་རྟགས་བཀོད་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གིས་བོད་ཁུལ་དུ་དངོས་དོན་བདེན་འཚོལ་གྱི་རྟོག་ཞིབ་རུ་ཁག་བོད་ནང་དུ་གཏོང་རྒྱུར་བཀག་འགོག་བྱེད་མི་ཆོག་པར་འཁོད་དེ། པན་ཆེཎ་ཆུང་སྲིད་མཆོག་དང་ཁོང་གི་ནང་མི་རྣམས་འཕྲལ་དུ་གློདབཀྲོལ་གཏོང་དགོས་ལུགས་ཕྱིར་བསྒྲགས་གནང་འདུག ཁ་སང་གི་བསྒྲགས་གཏམ་དེའི་ནང་དུ། རྒྱ་ནག་གིས་དུས་རྒྱུན་ནས་བོད་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ད་ཆ་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ལ་ཡང་ཐེ་གཏོགས་བྱེད་བཞིན་པ་འདིས། མ་འོངས་བར་༸གོང་ས་སྐྱབས་མགོན་རིན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གྱི་ཐད་ནས་ཀྱང་ཐེ་གཏོགས་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་ཡོངས་གྲགས་ཀྱིས། རྒྱལ་སྤྱིའི་སྲིད་གཞུང་དང་ཐོབ་ཐང་ཚོགས་པ་མང་པོས་བོད་ནང་དུ་རང་དབང་གི་དངོས་བདེན་འཚོལ་ཞིབ་ཀྱི་རྟོག་ཞིབ་རུ་ཁག་བཏང་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆག་གི་སྐུའི་བདེ་འཇགས་ལ་ཞིབ་དཔྱོད་བྱེད་དུ་འཇུག་རྒྱུའི་ཞུ་སྐུལ་རིམ་པ་ཞུས་ཡོད་ནའང་། རྒྱ་ནག་གིས་དེ་དག་ངོས་ལེན་བྱས་མེད་པ་མངོན་གསལ་གནང་བ་དང་འབྲེལ། ཐེངས་འདིར་ངེས་བར་དུ་བོད་ནང་དུ་རང་དབང་གི་རྟོག་ཞིབ་རུ་ཁག་གཏོང་རྒྱུའི་ཞུ་སྐུལ་གནང་འདུག དེ་བཞིན་གྲོས་ཚོགས་འཐུས་མི་རྣམས་ཀྱིས། སྤྱི་ལོ་ ༢༠༡༨ ལོར་རྒྱ་ནག་གིས་བསྐོ་བཞག་གནང་བའི་བོད་མིའི་འཐུས་ཚབ་ཚོགས་ཆུང་ཞིག་ཁ་ན་ཊྲའི་ནང་དུ་ཆེད་དུ་བཏང་ནས། ཁུལ་དེའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་བརྒྱུད་ནས་ཉན་ཞིབ་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱས་སྐབས། ཁ་ན་ཊྲའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས Garnett Genuis ལགས་ཀྱིས་རྒྱ་ནག་གིས་བཙན་ཁྲིད་བྱས་པའི་པན་ཆེཎ་ཆུང་སྲིད་རིན་པོ་ཆེ་མཆོག་གི་གནས་སྟངས་ཀྱི་ཐད་ནས་དྲི་བ་བཏང་བར་རྒྱ་གཞུང་གི་བསྐོ་བཞག་བྱས་པའི་འཐུས་ཚབ་པས་ཁོང་སྐུ་འཚོ་བཞུགས་ཡིན་ནའང་། ཕྱི་ལོག་ནས་སུན་པོ་བཟོ་བར་ཐུགས་མཉེས་བོ་གནང་གི་མེད་སྐོར་འབྲེལ་བརྗོད་བྱས་པ་ཡོངས་གྲགས་གནང་སྟེ། ད་ཆ་ཁོང་གང་དུ་ཡོད་མེད་ཀྱི་གནས་ཚུལ་འཚོལ་ཞིབ་ཀྱི་རྟོག་ཞིབ་རུ་ཁག་བོད་དུ་གཏོང་རྒྱུའི་ཞུ་སྐུལ་བྱས་ཡོད་པ་རེད། བསྒྲགས་གཏམ་དེ་དང་འབྲེལ་ནས། ཁ་ན་ཊྲའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ཤེས་རབ་ཐར་ཆེན་ལགས་ཀྱིས། ད་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གིས་བོད་དང་ཞིན་ཅིང་གི་ཁུལ་དུ་དུས་རྒྱུན་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཁ་གཏད་གཅོག་དགོས་བའིི་ཞུ་སྐུལ་གནང་འདུག གཞན་ཡང་ཆུང་སྲིད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༥ འཁོར་བའི་དུས་དྲན་དང་བསྟུན་ནས། ལྷོ་ཨ་ཧྥིི་རི་ཀའི་ Inkatha Freedom Party ཞེས་པའི་ཆབ་སྲིད་ཚོགས་པའི་དབུ་ཁྲིད། སྐུ་ཞབས་ Velenkosini Fiki Hlabisa ལགས་ཀྱིས། ལྷོ་ཨ་ཧྥི་རི་ཀར་མཚོན་ན་ཡང་འཐབ་རྩོད་ཀྱི་ཁྲོད་ནས་གདོང་མཆོང་གི་ལས་འགུལ་བ་དེ་འདྲ་བོར་བརླགས་སུ་ཕྱིན་པའིི་ལོ་རྒྱུས་ཡོད་པར་བརྟེན། རྒྱ་ནག་གིས་ཆུང་སྲིད་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པ་སོགས་ཀྱི་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དེར་སེམས་འཚབ་ཡོད་ལུགས་འགྲེལ་བརྗོད་ཀྱིས། ཁོང་གི་ཆབ་སྲིད་ཚོགས་པ་དེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཆུང་སྲིད་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་བའི་ཞུ་སྐུལ་གནང་བཞིན་པར་མཉམ་ཞུགས་བྱེད་བཞིན་ཡོད་ཅེས་ཡོངས་གྲངས་གནང་འདུག དེ་བཞིན་ཁོང་གིས་ད་དུང་། བོད་མི་རྣམས་ཀྱིས་དབུ་མའི་ལམ་བརྒྱུད་ནས། རྒྱ་ནག་གི་ནང་དུ་རང་སྲིད་རང་སྐྱོང་གི་གནས་བབ་ཅིག་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་ལུང་འདྲེན་གྱིས། རྒྱ་ནག་གིས་ངེས་བར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ངོ་བོ་གུས་བརྩི་དང་། བོད་རྒྱ་ཞི་མོལ་གནང་རྒྱུར་འབོད་སྐུལ་ཞུས་བ་དང་སྦྲགས། ད་ཆ་རྒྱ་ནག་གིས་བོད་ཁུལ་གྱི་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་གཏོང་བཞིན་པ་དང་། བོད་མི་བསྲེས་སྦྱོར་བྱེད་བཞིན་པ་ནི་གནའ་ཤུལ་གྱི་རིག་གཞུང་ལ་གཏོར་བཅོམ་གཏོང་གི་ཡོད་པར་ངོས་འཛིན་གྱིས་ལས་འགུལ་དེ་དག་མཚམས་འཇོག་དགོས་བར་བརྗོད་དེ། ཡུལ་གང་ཞིག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་པ་ཡིན་ན། དེ་ནི་ཚང་མས་སེམས་ཁྲལ་བྱེད་གཞི་ཞིག་ཆགས་ཡོད་པར་ཡོངས་གྲགས་གནང་འདུག

༸གོང་ས་མཆོག་གིས་ནུབ་བྷངྒ་ལ་དང་ཨོ་ཌོ་ཤ་མངའ་སྡེ་གཉིས་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Amphan ཞེས་པའི་དྲག་པོའི་རླུང་འཚུབ་ཀྱི་གོད་ཆག་ཤུགས་ཆེ་ཕོག་ཡུལ་རྒྱ་གར་གྱི་མངའ་སྡེ་ནུབ་བྷངྒ་ལ་དང་ཨོ་ཌི་ཤ་གཉིས་ཀྱི་སྤྱི་ཁྱབ་བློན་ཆེན་སོ་སོར་ཐུགས་གསོའི་གསུང་འཕྲིན་བསྩལ་བ་དང་འབྲེལ། དྲག་ཆར་རླུང་འཚུབ་དེའི་འོག་མངའ་སྡེ་དེ་དག་གི་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཐེབས་ཡོད་སྟབས། མངའ་སྡེའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག༸གོང་ས་མཆོག་གིས་གསུང་འཕྲིན་དེའི་ནང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཉིས་ཀྱིས་རང་བྱུང་གི་དོན་རྐྱེན་དེའི་སྔོན་ཚུད་གྲ་སྒྲིག་གི་ལས་དོན་དང་ད་ལྟའི་ཆར་མང་ཚོགས་ལ་ངལ་སེལ་རོགས་རམ་སོགས་ཀྱི་ཕྱག་ལས་རླབས་ཆེན་གནང་བཞིན་པར་ཡི་རངས་བསྔགས་བརྗོད་མཛད་པ་མ་ཟད། ནུབ་བྷངྒ་ལ་དང་ཨོ་ཌི་ཤ་མངའ་སྡེའི་གཞུང་མང་གཉིས་ལ་གདུང་སེམས་མཉམ་བསྐྱེད་དང་མང་ཚོགས་ཀྱི་ངལ་སེལ་རོགས་རམ་ལ་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་བརྒྱུད་མ་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་པ་བཀའ་བསྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ནུབ་བྷངྒ་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་ Mamata Banerjee མཆོག་ལ་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་འདས་པའི་ལོ་ངོ་ ༦༡ ནས་བཟུང་བཙན་བྱོལ་བོད་མིའི་ནང་གཉིས་པ་ལྟ་བུར་གྱུར་བའི་རྒྱ་གར་འཕགས་པའི་ཡུལ་ལ་ང་ཚོའི་ངོས་ནས་དུས་རྟག་ཏུ་གུས་བརྩི་ཆེན་པོ་ཞུ་བཞིན་པ་མ་ཟད། བོད་དུ་དུས་རབས་གཉིས་པའི་ནང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཐོག་མ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱག་བཏབ་མཁན་ཆེན་ཞི་བ་འཚོ་དང་དེ་བཞིན་དུས་རབས་ ༡༡ ནང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་སླར་གསོ་མཛད་མཁན་དཱི་པཾ་ཀ་ར་འམ་སློབ་དཔོན་དཔལ་ལྡན་མར་མེ་མཛད་གཉིས་ནི་ནུབ་བྷངྒ་ལ་མངའ་སྡེ་ནས་ཡིན་སྟབས། ང་ཚོའི་ངོས་ནས་མངའ་སྡེ་དེར་དམིགས་བསལ་གྱི་བརྩི་འཇོག་ཆེན་པོ་ཞུ་གི་ཡོད་ཅེས་བཀའ་བསྩལ་འདུགགཞི་རྩའི་ Amphan ཞེས་པའི་དྲག་པོའི་རླུང་འཚུབ་ཀྱིས་ཁ་སང་ཕྱི་དྲོ་ནས་ནུབ་བྷངྒ་ལ་དང་ཨི་ཌི་ཤ་ཙམ་མ་ཟད་བྷང་ལ་དེ་ཤ་ཡི་ས་ཁུལ་ཁག་ཅིག་གི་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཆེན་པོ་བཟོས་ཡོད་པ་དང་། ད་བར་རང་བྱུང་དོན་རྐྱེན་དེའི་འོག་བྷང་ལ་དེ་ཤ་ནང་མི་བཅུ་ཙམ་དང་། ནུབ་བྷངྒ་ལ་ནང་མི་བཅིུས་ཙམ་རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད། ས་ཁུལ་དེ་དག་ནང་མང་ཚོགས་ཀྱི་སྡོད་ཁྱིམ་དང་གཞུང་ལམ་སོགས་ལ་གཏོར་སྐྱོན་ཆེན་པོ་བཏང་ཡོད་པ་རེད།ཨོ་ཌི་ཤ་མངའ་སྡེར་མཚོན་ན་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་དྲག་ཆར་རླུང་འཚུབ་ Titli ཞེས་པས་ས་གནས་ཀྱི་མང་ཚོགས་མང་པོའི་ཚེ་སྲོག་འཕྲོག་པ་དང་མི་མང་སྟོང་ཕྲག་མང་པོ་སྡོད་གནས་མེད་པའི་གནས་སྟངས་གྱུར་བ་ལྟར་སྐབས་དེར་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ལའང་བརྡབ་གསིག་ཆེན་པོ་བཟོས་ཡོད་པ་རེད། རླུང་འཕྲིན་ཁང་གིས་དེ་རིང་ཁུལ་དེའི་ས་གནས་འགོ་འཛིན་ལ་བཀའ་འདྲི་ཞུས་པར་ད་ལྟའི་ཆར་བོད་མིའི་གཞིས་སྒར་ལ་དྲག་ཆར་རླུང་འཚུབ་དེའི་ཁྲོད་དུ་གནོད་སྐྱོན་གང་ཡང་ཕོག་མེད་པར་འགྲེལ་བརྗོད་གནང་སོང་།

༸པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་ཚེ་བོད་མིར་མཇལ་འཇུག་དགོས།

ཁ་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཡིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་པ་དང་། ད་ཆ་རིན་པོ་ཆེ་མཆོག་སློབ་མཐར་སོན་ཏེ་ཕུགས་བརྟན་འཕེར་བའི་ཕྱག་ལས་ལ་ཞུགས་ཡོད་སྐོར་བརྗོད་པ་དང་འབྲེལ། ཁ་ས་ཕྱི་ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གཞུང་གིས་བཤད་པའི་སྐད་ཆ་དེར་ཡིད་ཆེས་བྱ་རུང་བ་ཞིག་རྩ་བ་ནས་མིན་སྐོར་ལན་འདེབས་གནང་བ་དང་སྦྲགས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་དད་གུས་ཤུགས་ཆེ་ཞུ་ས་ཆུང་སྲིད་རིན་པོ་ཆེ་མཆོག་ལ་བོད་བརྒྱུད་ནང་བསྟན་གྱི་འགྲོ་ལུགས་ལྟར་བསླབ་པ་སློབ་གཉེར་གྱི་ཐོབ་ཐང་དང་རང་དབང་མ་ཕུལ་བར་དེ་ལས་ལྡོག་ནས་འཛམ་གླིང་ཡོངས་ལ་རིན་པོ་ཆེ་མཆོག་གི་གནས་སྟངས་ལེགས་པོ་ཡོད་པ་དག་སྐྱེལ་ཞུ་མེད་པར་དེ་སྔ་བཤད་པའི་སྐད་ཆ་དེ་རང་བསྐྱར་ལྡབ་བྱེད་པར་ངོས་ལེན་གནང་ཐབས་མེད་ཅེས་གསུངས་འདུགརྒྱ་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཟུགས་གསལ་ཐང་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ཚུལ་བཤད་པ་ལྟར་དོན་ལ་གནས་ཚེ་བོད་མིས་གཙོས་པའི་འཛམ་བུ་གླིང་གི་མི་མང་ཡོངས་ནས་༸ཀུན་གཟིགས་༸པཎ་ཆེན་རི་པོ་ཆེ་མཆོག་གསེར་ཞལ་མཇལ་འཇུག་དགོས་པ་དང་དེ་ལྟར་མཇལ་འདོད་ཡོད་པ་མ་ཟད། དེ་བཞིན་བོད་མི་ས་ཡ་དྲུག་པོ་རྣམས་ཁོང་མཇལ་མའི་བྱིན་རླབས་ཞུ་འདོད་ཡོད་པ་སོགས་གསུངས་འདུག སྲིད་སྐྱོང་མཆོག་གིས་ད་དུང་བཟང་ཕྱོགས་ཀྱི་རྣམ་པ་སྤྱི་རིགས་ཐོག་ནས་དགུང་ལོ་ ༣༡ ལ་ཕེབས་པའི་སྐྱེ་བོ་ཞིག་ལ་རང་གི་མ་འོངས་ཐག་གཅོད་གནང་རྒྱུའི་ཐོབ་ཐང་མེད་པ་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་མུ་མཐུད་གསང་བའི་ཐོག་བཀག་བསྐྱིལ་བྱ་རྒྱུ་མཚམས་འཇོག་བྱས་ནས་རང་དབང་སྤྲོད་དགོས་པར་ནན་པོ་གསུངས་འདུགདེ་བཞིན་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཀྱང་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐོག་རྒྱ་ནག་གཞུང་གིས་བཤད་པར་ལན་འདེབས་དཔྱད་རྩོམ་ཞིག་སྤེལ་བར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་འཁྲོལ་མེད་པའི་གཏམ་བཤད་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་ཡོད་པ་དང་། རྒྱ་ནག་ཞུང་གིས་བྱིས་པ་ཞིག་དང་ཁོང་གི་ནང་མི་རྣམས་ཕྱི་ཕྱོགས་དང་འབྲེལ་བ་མེད་པར་བཟང་བཙོན་འོག་བཞག་ཐབས་མེད་སྐོར་དང་སྦྲགས། ད་ཆ་༸ཀུན་གཟིགས་ རིན་པོ་ཆེ་མཆོག་གི་གནད་དོན་དེ་བཞིན་རྒྱལ་སྤྱིའི་ཁྲོད་བྱིས་པའི་ཐོབ་ཐང་དང་ཆོས་དད་རང་དབང་གཙོ་བོར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་པའི་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རྒྱ་ནག་ནས་ངེས་པར་དུ་ཤེས་དགོས་སྟབས། རྒྱ་ནག་གིས་རིན་པོ་ཆེ་མཆོག་དང་སྐུ་ཁོར། དེ་བཞིན་བྱ་བྲལ་རིན་པོ་ཆེ་བཅས་དང་འབྲེལ་བའི་གནས་ཚུལ་ཆ་ཚང་བ་ཕྱི་གསལ་ནང་གསལ་བྱེད་དགོས་པ་དང་། རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རིན་པོ་ཆེ་མཆོག་གང་མྱུར་གློད་བཀྲོལ་ཡོང་བར་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་གནང་འདུག

རྒྱ་ནག་གི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་ངོས་ལེན་མེད།

ཁ་སང་ཐེ་ཝན་གྱི་སྲིད་འཛིན་ལྕམ་  Tsai Ing-wen ཡི་ལས་ཡུན་གཉིས་པ་དབུ་འཛུགས་ཀྱི་དམ་འབུལ་མཛད་སྒོ་དང་བསྟུན་ཁོང་གི་ཐེ་ཝན་གྱི་ངོས་ནས་དུས་ནམ་ཡང་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་ལ་ངོས་ལེན་གནང་རྒྱུ་མིན་པར་ནན་བརྗོད་དང་འབྲེལ། རྒྱལ་ཁབ་ཕྱོགས་གཉིས་ཀར་ཕུགས་རྒྱང་རིང་པོར་མཉམ་གནས་ཐུབ་པའི་ཐབས་ལམ་འཚོལ་ཞིབ་གནང་རྒྱུའི་འགན་ཡོད་པ་གསུངས་འདུགདེ་རིང་ Reuters སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་འདི་ལོའི་ཕྱི་ཟླ་དང་པོའི་འོས་བསྡུ་ཆེན་མོའི་ནང་ལྕམ་སྐུ་མཆོག་དང་ཁོང་གི་མང་གཙོ་ཡར་ཐོན་ཚོགས་པར་ཚད་མཐོའི་རྒྱལ་ཁ་ཐོབ་པ་ལྟར། ཁ་སང་རྒྱལ་ས་ཐེ་པེ་རུ་རྟེན་གཞི་བྱས་པའི་སྲིད་འཛིན་ལས་ཁུངས་སུ་ལྕམ་ Tsai Ing-wen མཆོག་གི་སྲིད་འཛིན་ལས་ཡུན་གཉིས་པའི་དམ་འབུལ་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་ཁོང་གིས་དེ་སང་འོས་བསྡུའི་སྐབས་ཚོར་ཤུགས་ཆེན་པོའི་ཐོག་གསུངས་ཡོད་པའི་ཚིགས་བརྗོད་བཞི་སྟེ་ཞི་བདེ་དང་འདྲ་མཉམ། མང་གཙོ། གྲོས་མོལ་བཅས་ནན་བརྗོད་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་རང་དབང་དང་མང་གཙོའི་གནས་བབས་ལ་མཐོང་ཆུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེར་ཐེ་ཝན་གྱི་ངོས་ནས་ངོས་ལེན་མེད་པར་བཞེངས་ཕྱོགས་བརྟན་པོ་གནས་ཡོད་སྐོར་གསུངས་པ་མ་ཟད། ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དེ་ད་ལྟའི་ཆར་ལོ་རྒྱས་ཐོག་འགྱུར་ལྡོག་གི་རང་བཞིན་གནས་བབས་ཆགས་ཡོད་པ་ལྟར་ཕྱོགས་གཉིས་ཀར་ཕུགས་རྒྱང་རིང་པོར་མཉམ་གནས་ཐུབ་པའི་ཐབས་ལམ་འཚོལ་ཞིབ་གནང་རྒྱུ་དང་། ཕན་ཚུན་མི་མཐུན་པའི་གནས་སྟངས་ཇེ་སྡུག་ཏུ་མི་གཏང་བའི་འགན་ཡོད་པ་གསུངས་འདུག དེ་བཞིན་ཐེ་ཝན་གྱི་ངོས་ནས་ད་བར་རྒྱལ་ཁབ་ཕྱོགས་གཉིས་དབར་ཞི་བདེ་དང་བརྟན་ལྷིང་གནས་ཐབས་ཐོག་ཐབས་ཤེས་གང་ཡོང་གནང་ཡོད་པ་བཞིན་དེའི་ཐོག་མུ་མཐུད་དེ་འབད་བརྩོན་གནང་སྟེ་རྒྱ་ནག་དང་གྲོས་མོལ་གནང་འདོད་ཡོད་སྐོར་གསུངས་འདུག རྒྱ་ནག་གིས་ཐེ་ཝན་སྲིད་འཛིན་གྱིས་གསུངས་པར་ལན་འདེབས་དང་འབྲེལ་ཏེ་རྒྱ་ནག་གི་ངོས་ནས་ ཐེ་ཝན་ཐོག་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་མུ་མཐུད་དེ་འཛིན་རྒྱུ་ཡིན་པ་དང་ཐེ་ཝན་དེ་རྒྱ་ནག་ནས་ཁ་བྲལ་མེད་པ་ཞིག་དང་། དེ་བཞིན་མེས་རྒྱལ་གོང་བུ་གཅིག་སྒྲིལ་གྱི་ལྟ་གྲུབ་འོག་ནས་ཐེ་ཝན་དེ་རྒྱ་ནག་ནང་དུ་ཟླ་སྒྲིལ་གཏང་རྒྱུ་ནི་ལྡོག་ཐབས་མེད་པའི་གནད་དོན་ཞིག་ཡིན་པ་སོགས་བཤད་འདུག རྩ་བའི་དེ་སྔ་ ༢༠༡༦ ལོར་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ལྕམ་སྐུ་ Tsai Ing-wen མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་འཛིན་དུ་འོས་འདེམས་བྱུང་བ་ལྟར་ཁོང་གིས་ཐེ་ཝན་སྲིད་འཛིན་གྱི་ལས་ཡུན་དབུ་འཛུགས་གནང་བ་ནས་བཟུང་རྒྱ་ནག་གི་ངོས་ནས་ཐེ་ཝན་དང་ལྷན་དུ་གཞུང་འབྲེལ་གྲོས་མོལ་ཡོངས་རྫོགས་མཚམས་འཇོག་བྱས་ཡོད་པ་བཞིན་ཐེ་ཝན་དང་རྒྱ་ནག་དབར་དེ་སྔོན་ནས་དཀའ་རྙོག་ཡོད་ཐོག་ད་རེས་ལྕམ་སྐུ་མཆོག་གིས་གསུང་བཤད་གནང་ཕྱོགས་ལ་གཞིགས་ན་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་རྩོད་རྙོག་ད་དུང་ཡང་ཤུགས་ཆེར་འགྲོ་ངེས་ཡིན་སྐོར་གསུང་མཁན་མང་དག་ཅིག་འདུགལྕམ་སྐུ་ Tsai Ing-wen མཆོག་གི་སློབ་སྟོན་པ་བགྲེས་པ་སྐུ་ཞབས་ Yao Chia wen ལགས་ཀྱིས་ Reuters གསར་ཁང་ལ་ད་ལྟའི་གནས་སྟངས་ལ་གཞིགས་ཚེ་རྒྱ་ནག་དང་ཐེ་ཝན་དབར་གྲོས་མོལ་ཡོང་དཀའ་བ་དང་། ཐེ་ཝན་གྱི་ངོས་ནས་རྒྱ་ནག་དང་ལྷན་དུ་གྲོས་མོལ་བྱེད་པར་གྲ་སྒྲིག་ཡོད་ཀྱང་མ་འོངས་ལོ་བཞིའི་ནང་ཕྱོགས་གཉིས་དབར་རྒྱ་ནག་གི་ངོས་ནས་ཐེ་ཝན་གྱི་གྲོས་མོལ་གྱི་རེ་འདུན་ལ་དང་ལེན་བྱེད་རེ་ཉུང་ཉུང་ཡིན་པ་གསུངས་འདུགདེང་སྐབས་ཨ་རི་དང་རྒྱ་ནག་གཉིས་དབར་རྩོད་གཞི་ཤུགས་ཆེན་པོ་ཡོད་ཐོག་ཨ་རིའི་ངོས་ནས་ཐེ་ཝན་ལ་དེ་སྔ་དང་མི་འདྲ་བར་མངོན་གསལ་དོད་པོས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཞིན་པ་དང་འབྲེལ། ཁ་སང་དམ་འབུལ་མཛད་སྒོ་དང་འབྲེལ་ཏེ་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Mike Pompeo མཆོག་གིས་ལྕམ་མཆོག་ལ་འཚམས་འདྲིའི་ཕྱག་ཡིག་གནང་སྟེ་ལྕམ་སྐུ་ཁོང་གིས་ཐེ་ཝན་ནང་གི་ཡང་དག་པའི་མང་གཙོ་གཞུང་འཛིན་སྣེ་ཁྲིད་གནང་རྒྱུའི་འཆར་སྣང་དང་བློ་སྤོབས་ལ་བསྔགས་བརྗོད་གནང་འདུག རྒྱ་ནག་གཞུང་གི་ངོས་ནས་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་གནང་ཕྱོགས་དེར་སྐྱོན་བརྗོད་དང་རྒྱ་ནག་གིས་དེར་གདོང་ལེན་བྱ་རྒྱུ་ཡིན་པ་བརྗོད་འདུག

རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་བཞི་བཅུ་ལྷག་ལྡི་ལི་ནས་རང་ཁྱིམ་དུ་ཕྱིར་ལོག

ཁ་ས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ས་གནས་འགོ་འཛིན་གྱི་མཐུན་འགྱུར་འོག་རྒྱ་གར་བྱང་ཤར་ཁུལ་ནས་ཡིན་པའི་སློབ་ཕྲུག་དང་དེ་བཞིན་ལྡི་ལི་ཁུལ་དུ་ལས་ཀ་བྱེད་མཁན་བཅས་ཁྱོན་བོད་མི་གྲངས་ ༤༠ ལྷག་ཙམ་ཞིག་རང་ཁྱིམ་དུ་ཕྱིར་ལོག་གནང་ཡོད་པ་རེད། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་མེའོ་ཆོས་འཕེལ་གླིང་དང་ཏི་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་བཅས་ཀྱི་བོད་མི་བཅས་དེ་དག་ཁག་གཅིག་ཉེ་སྔོན་སློབ་གྲྭ་ཁག་སྒོ་བརྒྱབ་ རྗེས་རྒྱལ་ས་ལྡི་ལིར་ལུས་པ་དང་། གཞན་དེ་རྣམས་ལྡི་ལིའི་མགྲོན་ཁང་དང་ཟ་ཁང་སོགས་ནང་ལས་ཀ་བྱེད་མཁན་རེད་འདུགརླུང་འཕྲིན་ཁང་གིས་རང་ཁྱིམ་དུ་ཕྱིར་ཕེབས་མཁན་བོད་མི་དེ་དག་ལས་ཁག་ཅིག་ལ་བཅར་འདྲི་ཞུས་པར་ཁག་ཅིག་ཟླ་བ་གཉིས་ལྷག་གི་རིང་ལས་མེད་ལུས་པར་བརྟེན་ཁང་གླའི་ངལ་འཕྲད་དང་། སོ་སོའི་ནང་མི་སྤུན་མཆེད་ཚོས་བློ་འཚབ་གནང་བ། ལྷག་པར་ལྡི་ལིའི་ཕྱི་ཕྱོགས་སུ་མཁོ་ཆས་ཉོ་བར་ཞེད་སྣང་གནང་དགོས་པ་སོགས་ཀྱི་དཀའ་ངལ་ཡོད་སྟབས་གནས་སྐབས་རིང་རང་ཁྱིམ་དུ་ཕྱིར་ལོག་མ་གནང་ཐབས་མེད་གྱུར་ཡོད་པར་གསུངས་སོང་།ལྡི་ལི་ས་གནས་འགོ་འཛིན་གྱི་མཐུན་འགྱུར་འོག་རྒྱལ་ས་ལྡི་ལི་ནས་ད་བར་ཡུ་པི་དང་།  ཨུཏྲ་ཁནྜ། ལ་དྭགས། ཧི་མཱ་ཅལ་སོགས་ཀྱི་མངའ་སྡེ་སོ་སོར་བོད་མི་མང་པོ་ཞིག་ཕྱིར་ལོག་གནང་ཟིན་པ་མ་ཟད། ས་གནས་འགོ་འཛིན་གྱིས་འགྲེལ་བརྗོད་གནང་བར་བོད་མི་མང་པོ་ཞིག་རང་ཁྱིམ་དུ་ཕྱིར་ཕེབས་རྒྱུར་སྒུག་བཞིན་ཡོད་པ་གསུངས་སོང་བ་དང་། ལྡི་ལི་ནས་མངའ་སྡེ་གཞན་ཁག་ཏུ་ཕྱིར་ལོག་གནང་བར་ཕྱིར་ལོག་གནང་ཡུལ་མངའ་སྡེའི་ གཞུང་གི་ཆོག་མཆན་རག་དགོས་པ་ཡོད་པ་མ་ཟད་མི་རེ་ངོ་རེར་ལྡི་ལི་ནས་ས་གནས་གཞུང་གི་ངོས་ནས་ནད་ཡམས་དུག་སེལ་ Scanning བྱས་ཟིན་པའི་ལག་འཁྱེར་བཅས་དགོས་ཀྱི་ཡོད་པ་རེད།དཔེར་ན་ཁ་སང་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་བཞི་བཅུ་ལྷག་ལྡི་ལི་ནས་རང་ཁྱིམ་དུ་ཕྱིར་ལོག་གནང་ཡོད་པ་ལྟར་བོད་མི་དེ་དག་ལ་ལྡི་ལི་ས་གནས་འགོ་འཛིན་གྱིས་ཨ་རུ་ནཱ་ཅལ་འཛུལ་ཆོག་པའི་ཆོག་མཆན་ཆ་ཚང་ཞུས་ཡོད་ཀྱང་། ལྡི་ལི་གསར་པའི་ Vasant Vihar ཁུལ་དུ་ནད་ཡམས་དུག་སེལ་ Scanning  གནང་སར་རྒྱ་གར་བ་སྟོང་ཕྲག་མང་པོ་མཉམ་དུ་ནད་ཡམས་མེད་པའི་ཆོག་མཆན་ཞུ་དགོས་པ་དང་། ལྷག་པར་ད་ལྟའི་གནས་སྐབས་རྒྱུན་ལྡན་ལྟར་གནམ་གྲུ་དང་མེ་འཁོར་འགྲུལ་བཞུད་སོགས་ཀྱི་ཆ་རྐྱེན་མེད་སྟབས་འགྲུལ་སྐྱེལ་གླ་འཁོར་དང་སྒེར་འཁོར་ནང་འགྲོ་དགོས་པར་བརྟེན། མེའོ་དང་ཀྲུ་ཀྲིང་། ཏི་ཛུ་བཅས་ནི་རྒྱ་གར་བྱང་ཤར་གྱི་ས་མཚམས་ས་ཁུལ་ཡིན་པས་ཁོང་ཚོ་ཁ་སང་འགྲུལ་སྐྱེལ་གླ་འཁོར་གཉིས་གླ་ནས་ཕེབས་ཡོད་པ་དང་། བོད་མི་དེ་དག་རང་ཁྱིམ་དུ་འབྱོར་བར་ཉུང་མཐར་ཉིན་གྲངས་ལྔ་འགོར་གྱི་འདུགགཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེམ་སྤང་གི་དུས་ཚོད་དེའི་ཁྲོད་འཚོ་བའི་དཀའ་ངལ་འཕྲད་བཞིན་པའི་བོད་མི་རེ་རེར་ཛ་དྲག་ངེལ་སེལ་རོགས་རམ་དུ་ཧིན་སྒོར་ ༥༠༠༠ གནང་རྒྱུ་གསལ་བསྒྲགས་གནང་ཟིན་པ་བཞིན་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་རྒྱ་བལ་འབྲུག་གསུམ་ནས་ཛ་དྲག་ངེལ་སེལ་རོགས་རམ་དེའི་སླད་སྙན་ཞུ་ཕུལ་མཁན་ཁྱོན་བོད་མི་ ༢༠༠༠ ཙམ་བྱུང་འདུགཞུ་སྙན་ཕུལ་མཁན་བོད་མི་དེ་དག་ཁོངས་ནས་ཕོན་ཆེ་ཤོས་དྷ་ས་གཡས་གཡོན་དུ་བཞུགས་མཁན་བོད་མི་ཁྱོན་ ༧༠༠ ལྷག་ཙམ་བྱུང་ཡོད་པ་དང་། དེ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་བལ་ཡུལ་ཆོས་འབྱོར། འབྲུག་ཡུལ། ལ་དྭགས། ལྡེ་ར་ལྡུན་སོགས་ཆགས་ཀྱི་ཡོད་པ་དང་། ད་ཆར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ས་གནས་འགོ་འཛིན་ལས་ཁུངས་ཁག་བརྒྱུད་དེ་དཀའ་ངལ་ནང་ལྷུང་བའི་བོད་མི་དེ་དག་གི་གནས་བབ་ཐད་ཞིབ་འཇུག་གནང་མུས་རེད་འདུག དེའི་བར་ན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཀྱང་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཉམ་ཐག་ ༡༣༠༠ ལྷག་ཙམ་གྱི་ངེལ་སེལ་ཆེད་ཧིན་སྒོར་འབུམ་ ༡༢༠ ལྷག་ཙམ་འགྲོ་གྲོན་བཏང་བ་དང་དེ་བཞིན་དཀའ་ངལ་ནང་ལ་ལྷུང་བའི་བོད་ཕྲུག་ཉམ་ཐག་ ༦༠༠ ལྷག་གི་ཆེད་ཧིན་སྒོར་འབུམ་ ༤༣ ལྷག་བགོ་འགྲེམས་གནང་ཟིན་ཡོད་པར་འགྲེལ་བརྗོད་གནང་འདུག

   རྒྱལ་ཚོགས་ཀྱིས་ཨ་ཉ་སེང་སྒྲ་ལགས་གུ་ཡངས་གཏོང་དགོས་པའི་རེ་འདུན་བཏོན་འདུག

ཁ་སང་འདི་ག་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་དང་ཁེ་ལས་མི་སྣས་ཡོངས་ཁྱབ་སྤྱིར་བསྒྲགས་ཤིག་སྤེལ་བ་བརྒྱུད།  རྒྱ་ནག་གཞུང་གིས་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་ཁོར་ཡུག་སྲུང་་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་སུ་བཙུགས་པའི་ནག་ཉེས་གུ་ཡངས་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་སུ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་སྤྱི་ཚོགས་དཀྲུགས་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དེ་ལྟར་ཡང། ཁོང་གི་ཁྲིམས་རྩོད་པ་ Lin Qilei ལགས་ཀྱིས་འདི་ལོའི་ཟླ་ ༡ པོའི་མགོ་ལོག་མཐོ་རིམ་མི་མང་ཁྲིམས་ཁང་དུ་ཁྲིམས་བཤེར་ཐེངས་གཉིས་པ་དགོས་པའི་ཞུ་གཏུགས་བྱས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་ཁོང་གི་ཁྲིམས་བཤེར་ཐེངས་གཉིས་པའི་ཐོག་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཨ་ཉག་སེང་སྒྲ་ལགས་སུ་ཁྲིམས་བཤེར་དྲང་བདེན་དགོས་པའི་རེ་འདུན་བཏོན་ཡོད་པ་རེད། ཁ་སང་ཕྱི་ཚེས་༡༩ཉིན། བོད་མི་ཆབ་སྲིད་བཙོན་པ་ཨ་ཉ་སེང་སྒྲ་ལགས་ཀྱི་གནད་དོན་དང་འབྲེལ་ནས། རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཁེ་ལས་རྟོག་ཞིབ་མི་སྣ་དང།  སྨྲ་བརྗོད་རང་དབང་སྲུང་སྐྱོབ་དང་གོང་འཕེལ་ཁེ་ལས་རྟོག་ཞིབ་མི་སྣ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཁེ་ལས་རྟོག་ཞིབ་མི་སྣ། ཉེས་ཁྲིམས་དང་མནར་གཅོད་འགོག་ཐབས་ཀྱི་ཁེ་ལས་རྟོག་ཞིབ་མི་སྣ། དེ་བཞིན་བཙན་ཁྲིད་བཀག་ཉར་ཐོག་ལས་དོན་ཚོགས་ཆུང་བཅས་རྒྱལ་ཚོགས་ཀྱི་སྡེ་ཚན་ཁག་ལྔ་ཡིས་རྒྱ་གཞུང་གི་བྱ་སྤྱོད་ཐོག་མཉམ་འབྲེལ་གྱི་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་རེད།  རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་དང་ཁེ་ལས་རྟོག་ཞིབ་མི་སྣ་ཁག་གིས། རྒྱ་ནག་གཞུང་གིས་ཨ་ཉག་སེང་སྒྲ་ལགས་སུ་ཁྲིམས་ཐག་བཅད་པ་འདི་ཡིས་རྒྱ་གཞུང་གིས་ཕྱོགས་ཡོངས་ནས་བོད་མིའི་འགྲོ་བ་མིིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོའི་ཐོག་དྲག་གནོན་བྱས་པ་ཞིག་མཚོན་གྱི་ཡོད་པ་མ་ཟད། རྒྱ་གཞུང་གིས་ཨ་ཉག་སེང་སྒྲ་ལགས་སུ་སུན་གཙེར་དང་མི་རིགས་དབྱེ་འབྱེད་བྱས་པའི་ཐོག  འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་རྡོག་རོལ་བཏང་བ་ཞིག་རེད་ཅེས་གསལ་སྟོན་བྱས་འདུག ལྷག་པར་དུ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་དངཁེ་ལས་སྣ་ནས། རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞི་བཟུང་ཨ་ཉག་སེང་སྒྲ་ལགས་སུ་བཙུག་པའི་ནག་ཉེས་གུ་ཡང་གཏོང་དགོས་པའི་རེ་འདུན་བཏོན་པ་མ་ཟད། བོད་མི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་གུས་བརྩི་ཞུ་དགོས་པ་བརྗོད་འདུག འདི་ག་སུད་སི་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དངས་ལེན་གནང་སྐབས། རྒྱལ་ཚོགས་ཀྱི་ལས་དོན་ལས་དོན་ཚོགས་ཆུང་དང་དམིགས་བསལ་ཁེ་ལས་མི་སྣ་སྤེལ་བའི་སྤྱིར་བསྒྲགས་འདི་ཡིས། རྒྱ་གཞུང་གི་ཨ་ཉག་སེང་སྒྲ་ལགས་ལ་ཁྲིམས་ཐག་བཅད་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་གྱི་མེད་པ་ཞིག་ཡིན་པ་གསལ་པོ་བཟོས་ཡོད་ཅེས་གསུངས་ཡོད་པ་རེད། གཞི་རྩའི་ཨ་ཉག་སེང་སྒྲ་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ཉིན་སྤྱི་ཚོགས་དཀྲུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བཀག་ཉར་གྱི་བརྒྱུད་རིམ་དེའི་ཁྲོད་ཁོང་ལ་ཉེས་རྡུང་ཚད་མེད་བཏང་ཡོད་པ་མ་ཟད་ཟླ་བ་ ༡༤ ཙམ་ཁྲིམས་བཤེར་གང་ཡང་མེད་པར་བཞག་ཡོད་པ་རེད། ཁ་སང་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གིས།  ཁྲིམས་དང་མཐུན་པའི་ཐོག་ནས་ཁུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ནག་ཉེས་འཛུགས་བྱེད་བཞིན་པའི་བྱ་སྤྱོད་ལ་སེམས་འཚབ་ཡོད་པ་མ་ཟད། དེ་བཞིན་ཆ་རྐྱེན་དང་ཁོར་ཡུག་ཧ་ཅང་ཞན་པའི་བཀག་ཉར་ཁང་གི་གནས་སྟངས་འོག་ཨ་ཉག་སེང་སྒྲ་ལགས་ཀྱི་སེམས་ཁམས་སུ་དཀའ་ངལ་དང་གཟུགས་གཞི་གནས་བབ་སྐྱོ་བོར་གྱུར་ཡོད་པར་ཐུགས་འཚབ་ཡོད་ཅེས་ཀྱང་བརྗོད་ཡོད་པ་རེད།    

རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སློབ་མཐར་སོན་ཏེ་ལས་གནས་ལ་ཞུགས་ཡོད་པར་བརྗོད་འདུག

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིན་མ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཚིག་དང་བསྟུན། བོད་མིའི་སྒྲིག་འཛུགས་དབུས་པའི་བོད་མི་མང་ཚོགས་དང་། ལྷག་པར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གི་དབུས་པའི་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་དག་ཅིག་གིས་ཡིག་ངག་གཉིས་ཐོག་ནས་ཆུང་སྲིད་རིན་པོ་ཆེའི་གནས་བབ་ལ་ཐུགས་འཚབ་དང་སྦྲགས། རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ད་ལྟའི་གནས་བབ་གང་ཡིན་མངོན་གསལ་གནང་དགོས་པའི་ནན་སྐུལ་ཤུགས་ཆེར་གནང་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ཁ་སང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཆུང་བྱིས་པའི་དུས་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པ་མ་ཟད། ད་ཆ་ཆུང་སྲིད་རིན་པོ་ཆེ་མཆོག་སློབ་མཐར་སོན་ཏེ་ལས་གནས་ལ་ཞུགས་ཡོད་པར་བརྗོད་འདུག མ་ཟད་ཁོང་གིས་དེ་སྔ་རིན་པོ་ཆེ་མཆོག་ད་ལྟ་ས་གནས་གང་དུ་བཞུགས་ཡོད་མེད་དང་། རིན་པོ་ཆེའི་ནང་མི་རྣམས་ཀྱི་གནས་སྟངས་གང་ཡིན་སོགས་ཀྱི་ཐོག་ལ་གསལ་བཤད་ཅུང་ཙམ་ཡང་མ་བྱས་པར། ཆུང་སྲིད་རིན་པོ་ཆེ་དབུས་པའི་ནང་མི་རྣམས་ཀྱིས་ཕྱི་ཕྱོགས་ནས་སུན་པོ་བཟོས་པར་ཐུགས་མཉེས་པོ་གནང་གི་མི་འདུག་ཅེས་བརྗོད་ཡོད་པ་རེད། རྒྱ་གཞུང་གི་གསལ་བཤད་དེ་བྱས་མ་ཐག་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཡོངས་ཁྱབ་སྒྲགས་གཏམ་ཞིན་སྤེལ་ཏེ། རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ལ་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༣ ནས་ ༣༩ བར་གསལ་བའི་སྨྲ་བརྗོད་སོགས་ཀྱི་ཐོབ་ཐང་ཁག་ཕུལ་བའི་ཐོག རིན་པོ་ཆེའི་ད་ལྟ་གནས་བབ་གང་ཡིན་སོགས་ཀྱི་ཐད་ལ་རིན་པོ་སྐུ་སྒེར་ངོས་ནས་གསལ་བཤད་གནང་་རྒྱུའི་གོ་སྐབས་འབུལ་དགོས་པ་དང་། ལྷག་པར་དུ་ད་ལྟའི་རྒྱ་གཞུང་གི་གསལ་བཤད་དེ་དང་འབྲེལ་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་དཔྱད་ཞིབ་ཚོགས་ཆུང་ལ་རིན་པོ་ཆེ་མཆོག་ད་བར་གར་སོང་ཆ་མེད་ངང་ཞུགས་དགོས་བྱུང་བའི་གནས་སྟངས་ཐོག་ལ་ཞིབ་འཇུག་གནང་དུ་འཇུག་དགོས་པ་གསུངས་འདུག ལྷག་པར་དུ་ལས་འགུལ་ཁང་དེའི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་ཀྱིས་ད་རེས་རྒྱ་གཞུང་གིས་ཆུང་སྲིད་རིན་པོ་ཆེའི་གནད་དོན་ཐོག་གསལ་བཤད་བྱས་པ་དེ་གསལ་བཤད་ཡང་དག་པ་ཞིག་མ་རེད་ཅེས་གསུངས་འདུག་པ་མ་ཟད། ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་བུ་ཆུང་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་སྐོར་ཁ་ནས་བཤད་པ་ཙམ་མིན་པར། བདེན་དཔང་དང་སྦྲགས་ཏེ་རྒྱལ་སྤྱིའི་ཐོག་གསལ་བཤད་གནང་དགོས་ཀྱི་རེད་ཅེས་གསུངས་འདུག རྩ་བའི་ད་རེས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཆུང་སྲིད་རིན་པོ་ཆེའི་གནས་བབ་ཐོག་གསལ་བཤད་བྱས་པ་དེའི་ནང་གནས་ཚུལ་གསར་བ་གང་ཡང་མེད་པ་དང་། གསལ་བཤད་དེ་མཚུངས་ཤིག་སྔར་ལོའི་རྒྱལ་ཚོགས་ཀྱི་བཙན་འོག་ཏུ་གར་སོང་ཆ་མེད་དུ་གྱུར་བའི་ཐོག་རྟོག་ཞིབ་གནང་མཁན་གྱི་མཁས་བའི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༡༩ སྐབས།   རྒྱ་ནག་གཞུང་གི་སྐུ་ཚབ་ཀྱི་ངོས་ནས་། ༸པཎ་ཆེན་རིན་པོ་མཆོག་རྒྱུན་ལྡན་གྱི་འཚོ་བར་རོལ་བཞིན་ཡོད་པ་མ་ཟད། གཙུག་ལག་སློབ་མཐར་སོན་ཏེ་ཕྱག་ལས་གནང་གི་ཡོད་ཅེས་བརྗོད་ཡོད་པ་རེད།  

Latest news