Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་དང་ཞི་བའི་རྔམ་སྟོན།

རིང་མིན་འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༤ ཐོག་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་གླེང་སློང་གནང་དགོས་པའི་རེ་སྐུལ་འོག་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་སོང་།དེ་རིང་ཕྱི་ཚེས་ ༡༩ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ངོས་སུ་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཞབས་སྟེགས་ཞབས་ཆག་མདུན་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་སྣི་ཁྲིད་དེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཞིང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་བ་དང་བོད་ལ་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དགོས། དེ་བཞིན་རྒྱལ་ཚོགས་གཉིད་སད་དགོས་པ་བཅས་ཀྱི་དགོས་མདུན་འཁོད་པའི་ཤོག་བྱང་བསྣམས་ཏེ་ཞི་བའི་རྔམ་སྟོན་གནང་ཡོད་པ་རེད།ལས་འགུལ་འདི་ནི་སུད་སི་ནང་དུ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་ནས་ཟླ་བ་གསུམ་ལྷག་སོང་རྗེས་ཁྱིམ་སྡོད་བཀའ་རྒྱ་ལྷོད་ཡངས་གནང་བ་ལྟར་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གིས་བོད་དོན་དང་འབྲེལ་ཏེ་རྒྱལ་ཚོགས་ལ་ཞུ་གཏུག་དང་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།དེ་རིང་ལས་འགུལ་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གཙོས་པའི་ཡོ་རོབས་ཀྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས། ཡོ་རོབ་གཞོན་ནུ་མཐུན་ཚོགས། དེ་བཞིན་སུད་བོད་མཐུན་ཚོགས་བཅས་ཀྱི་ཚོགས་གཙོ་དང་སྐུ་ཚབ་འཐུས་མི་སོགས་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སོང་།སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༤ པ་དེ་ཟླ་ ༦ ཚེས་ ༣༠ ལ་དབུ་འཛུགས་གནང་གི་ཡོད་སྟབས་བོད་མི་ཚོའི་ངོས་ནས་འཚོགས་ལ་ཉེ་བའི་ཚོགས་འདུ་དང་བསྟུན་དེ་རིང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གི་མཚན་ཐོག་ལ་རིང་མིན་ལྷན་ཚོགས་ཐོག་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་གནང་བའི་རེ་སྐུལ་དོན་ཚན་ལྔ་ཅན་ཞིག་ཡོད་པ་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་བོད་ནང་གི་ཆོས་དད་རང་དབང་། སྐད་ཡིག་རང་དབང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་། རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་བྱེད་མཁན་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་བཅས་ཞུ་གཏུག་བརྒྱུད་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་མཆོག དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། བོད་ནང་གི་བོད་མིར་རང་དབང་དང་དྲང་བདེན་གྱི་ཁྲིམས་གཏུག་གནང་རྒྱུའི་ཐོབ་ཐང་སྤྲོད་དགོས་པ། བོད་ནང་རང་དབང་ཐོག་རྟོག་ཞིབ་མི་སྣ་ཆེད་ཕེབས་གནང་འཇུག་དགོས་པར་འབོད་སྐུལ་ཡང་ཞུས་འདུག

བོད་པ་དང་རྒྱ་གར་ཡུལ་མི་ཟུང་གིས་རྒྱ་ནག་ལ་ངོ་རྒོལ་གནང་བ།

ཉེ་ཆར་ཕྱི་ཚེས་ ༡༥ དགོང་མོ་ལ་དྭགས་གྷལ་ཝན་ཡུལ་ཀླུང་དུ་ཆགས་པའི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཤོར་རྐྱེན་རྒྱ་གར་གྱི་དམག་དཔོན་ Santosh Babu ལགས་གཙོས་པའི་དམག་མི་ ༢༠ ཚེ་སྲོག་ཤོར་བ་དང་འབྲེལ། དེ་རིང་བཞུགས་སྒར་མེག་ལོཊ་ཁྲོམ་གཞུང་དུ་བོད་པ་དང་ས་གནས་ཡུལ་མི་ཟུང་འབྲེལ་ཐོག་རྒྱ་ནག་གི་བྱེད་སྤྱོད་ལ་ངོ་རྒོལ་གྱི་སྐད་འབོད་གནང་སོང་།ལས་འགུལ་དེའི་ནང་དྷ་ས་ཉེ་འཁོར་གྱི་རྒྱ་གར་ཚོང་པའི་སྐྱིད་སྡུག་དང་གླ་འཁོར་སྐྱིད་སྡུག ཧིན་བོད་མཛའ་འབྲེལ་ཚོགས་པ། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་དབུས་རྒྱུན་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བཙོན་འགྲུས་ལགས་གཙོས་བོད་མི་དང་ས་གནས་ཡུལ་མི་སོགས་ཁྱོན་མང་ཚོགས་བརྒྱ་སྐོར་ཞིག་མཉམ་ཞུགས་གནང་འདུགསྐབས་དེར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཐེངས་འདིའི་ལས་འགུལ་འདི་ནི་ས་གནས་བོད་མི་དང་རྒྱ་གར་ཡུལ་མི་ཟུང་འབྲེལ་ཐོག་ཉེ་ཆར་ས་མཚམས་ས་ཁུལ་གྱི་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་དམག་མི་རྣམས་ལ་མྱ་ངན་གུས་བཏུད་དང་རྒྱ་གཞུང་གིས་དེ་སྔ་བོད་ས་བཙན་བཟུང་བྱས་པ་མ་ཟད་ད་ཆ་རྒྱ་གར་གྱི་ས་ཁུལ་དུ་བཙན་འཛུན་བྱེད་བཞིན་པའི་བྱེད་སྤྱོད་ལ་ངོ་རྒོལ་ཡོད་པའི་རྣམ་པ་ཆེད་བཏོན་གནང་རྒྱུ་ཡིན་པ་གསུངས་ཡོད། ལས་འགུལ་ནང་མཉམ་ཞུགས་གནང་བ་རྒྱ་གར་གྱི་ས་གནས་ཡུལ་མི་ Prem Sagar ལགས་ནས་རྒྱ་ནག་གཞུང་གིས་འདས་པའི་ལོ་དུས་མང་པོའི་གོང་ཐེ་ཝན་དང་ཧོང་ཀོང་སོགས་ཁྱིམ་མཚེས་རྒྱལ་ཁབ་མང་པོར་ཐེ་བྱུས་འདྲ་མིན་བྱེད་བཞིན་པ་མ་ཟད་ཉེ་ཆར་རྒྱ་གར་གྱི་བདག་དབང་འོག་ཡོད་པའི་ས་མཚམས་ཁག་ཏུ་བཙན་འཛུལ་བྱེད་བཞིན་པ་སོགས་འགྲེལ་བརྗོད་དང་། རྒྱ་གར་དང་རྒྱ་ནག་གྱི་ས་མཚམས་ཞེས་པ་འདི་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་ཆགས་པ་ཞིག་ལས་དེ་མིན་དོན་དངོས་ཐོག་བོད་དང་རྒྱ་གར་གྱི་ས་མཚམས་ཡིན་པར་གསུངས་སོང་བ་མ་ཟད། ས་མཚམས་ཀྱི་རྩོད་རྙོག་དེ་དག་སླར་མི་ཡོང་བར་རྒྱ་གར་ནས་བོད་འདི་རྒྱ་ནག་དང་ཐ་དད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་གནང་དགོས་པ་དང་དུས་ཚོད་ཀྱི་ཆ་ནས་ཡང་འོས་འཚམས་རེད་ཅེས་གསུངས་ཡོད།    དེ་བཞིན་རྒྱ་ནག་གྱི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མེད་པའི་ངོ་རྒོལ་སྐད་འབོད་དང་འབྲེལ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཡིན་པ་ Pintu Sharma ལགས་སུ་བཅར་འདྲི་ཞུས་པར་ལས་འགུལ་འདི་དང་ཐོག་དོ་བདག་སོ་སོས་ལག་བསྟར་གནང་སྟེ་དེ་རྗེས་གཞན་ལ་འབོད་སྐུལ་གནང་གལ་ཡིན་པ་གསུངས་སོང་།གཞི་རྩའི་རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་དང་ས་མཚམས་དམག་མིའི་དབར་གདོང་ཐུག་གི་གནད་དོན་སོགས་དང་འབྲེལ་ཏེ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་མ་ཟད། ལྷག་པར་དུ་རྒྱ་གར་མང་ཚོགས་ཁྲོད་རྒྱ་ནག་ལ་སྡང་ཟུག་ཆེན་པོ་བྱེད་བཞིན་པའི་གནས་སྟངས་ཁྲོད་བོད་མི་ཚོས་ཀྱང་རྒྱ་གར་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་ལ་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་བ་དང་ཆབས་ཅིག་ཏུ་རྒྱ་གར་རྒྱལ་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་བགྲོ་གླེང་ལས་ལམ་ཐོག་མཉམ་ཞུགས་གནང་སྟེ་བོད་མིའི་བཞེངས་ཕྱོགས་གསལ་འདོན་གནང་རྒྱུ་དང་རྒྱ་གར་གཞུང་ནས་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་ངོས་ལེན་གནང་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་གནང་མཁན་མི་ཉུང་བ་ཞིག་བྱུང་ཡོད།

གཉན་རིམས་ཕོག་མཁན་ལ་དབྱེ་འབྱེད་གནང་བ་དེས་བོད་མིའི་སྤྱི་ཚོགས་ནང་ཉེན་ཁ་གསར་པ་ཞིག་ཆགས་སྲིད།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། དེ་བཞིན་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་མཚམས་གཅོད་ལགས་བཅས་ལྷན་ཞུགས་ཐོག་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་གཉན་རིམས་ཁྱབ་གདལ་གྱི་ཉེན་ཚབས་ཆེ་བའི་ས་ཁུལ་ལྡི་ལི་བརྒྱུད་འགྲིལ་འགྲུལ་གནང་མཁན་བོད་རིགས་རྣམས་རང་ཉིད་གནས་སྡོད་ས་གནས་ཁག་ཏུ་ཕྱིར་ཕེབས་མ་གནང་བའི་བདུན་ཕྲག་གཅིག་གི་སྔོན་ནས་འབྲེལ་ཡོད་ས་གནས་འགོ་འཛིན་ལ་འབྲེལ་གཏུགས་ངེས་པར་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་སོང་།སྐབས་དེར་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གོད་ཆག་ཁྲོད་ད་ཆ་རྒྱ་གར་ནང་ནང་གཉན་རིམས་ཕོག་པའི་ནད་པའི་གྲངས་ཚད་ཉིན་རེ་བཞིན་འཕར་བཞིན་ཡོད་པ་དང་ལྷག་དོན་རྒྱ་གར་ནང་བོད་མི་ཏོག་དབྱིབས་གཉན་རིམས་ཕོག་པ་མི་གྲངས་ ༢༤ བྱུང་བའི་ཁོངས་ནས་ཕལ་ཆེ་བ་ལྡི་ལི་བརྒྱུད་ནས་ཕར་འགྲོ་ཚུར་འོང་དང་ལྡི་ལིར་བཞུགས་མཁན་བཅས་ཆགས་ཀྱི་ཡོད་སྟབས། འཛམ་གླིང་གང་སར་གནས་འཁོད་བོད་མི་རྣམས་ངེས་པར་ཕེབས་དགོས་ན་མ་གཏོགས་རང་གནས་སུ་བཞུགས་དགོས་པ་དང་གལ་ཏེ་ཛ་དྲག་ངང་ཕེབས་དགོས་བྱུང་ན་མ་གཏོགས་ལྡི་ལི་བརྒྱུད་ནས་མ་ཕེབས་རོགས་ཞེས་དང་ལྷག་དོན་རང་ཉིད་གནས་སྡོད་ས་གནས་ཁག་ཏུ་ཕྱིར་ཕེབས་མ་གནང་བའི་བདུན་ཕྲག་གཅིག་གི་སྔོན་ནས་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ལ་འབྲེལ་གཏུགས་གནང་བ་བརྒྱུད་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་མངའ་གཞུང་སོ་སོའི་གནང་བའི་སྔོན་འགོག་ཟུར་བཀག་གི་ལམ་སྟོན་བཀོད་ཁྱབ་ལ་བརྩི་སྲུང་གིས་ཐུགས་སྣང་དགོས་ཞེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ཉེ་བའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་གཉན་རིམས་དེ་ཕོག་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་དང་དེའི་ཁོངས་ནས་ ༢ འདས་གྲོངས་སུ་ཕྱིན་པ་ཡོད་པ་འགྲེལ་བརྗོད་ཀྱིས། གཉན་རིམས་འདིར་ད་ཆ་སྨན་བཅོས་མེད་སྟབས་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་ཀྱང་གཉན་རིམ་དེ་ཕོག་པའི་ནད་པ་དང་དེ་འབྲེལ་ནང་མི་རྣམས་ལ་དོགས་ཟོན་གྱིས་དབྱེ་འབྱེད་དང་ལྟ་སྟངས་ངན་པ་རིགས་བྱས་པ་ཡིན་ན་དེས་བོད་མིའི་སྤྱི་ཚོགས་ནང་གཉན་རིམས་ཁྱབ་གདལ་གྱི་ཉེན་ཁ་གསར་པ་ཞིག་བྱུང་སྲིད་པར་ནན་བརྗོད་གནང་སོང་། སྲིད་སྐྱོང་མཆོག་གིས་ད་ཆ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་ཁྲོད་བཀའ་ཤག་གིས་ལམ་སྟོན་གསར་པ་ཞིག་ཕེབས་ཡོད་པ་དང་དེའི་ནང་གཙོ་བོ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་མུ་མཐུད་ཐེམ་སྤང་གི་བཀའ་རྒྱ་འོག་གནས་དགོས་ཀྱི་ཡོད་ཀྱང་། དགོན་སྡེ་ཁག་གི་ནང་དགོས་ངེས་ཅན་གྱི་སྐམ་ཟས་ཚོང་ཁང་དང་ཟ་ཁང་སོགས་སྒོ་ཕྱེ་ཆོག་གི་ཡོད་ཀྱང་དེ་དག་གི་ནང་གཞིས་ཆགས་ནང་ཁུལ་གྱི་མི་མ་གཏོགས་ཕྱི་ནས་ཡོང་ཆོག་གི་མེད་མེད་པ་སོགས་འགྲེལ་བརྗོད་གནང་བ་མ་ཟད། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་བོད་མིའི་སྒྲིག་འཛུགས་ལ་ཁ་རས་འབུམ་གཅིག་འབྱོར་གྱི་ཡོད་པ་དེ་དག་རིང་མིན་ཕྱི་ཟླ་ ༧ ནང་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་བགོ་འགྲེམས་ཞུ་རྒྱུ་ཡིན་སྐོར་ཡང་གསུངས་སོང་། ད་ལྟའི་ཆར་འཛམ་གླིང་འཕྲོད་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་བྱས་ན། རྒྱལ་སྤྱིའི་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཕོག་པ་མི་འབུམ་བརྒྱད་ཅུ་གྱ་གསུམ་ལྷག་དང་འདས་གྲོངས་སུ་ཕྱིན་པ་འབུམ་བཞི་ལྷག་ཆགས་ཀྱི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་གྲངས་ཐོ་ལྟར་བྱས་ན་ད་བར་རྒྱ་གར་ནང་ལ་མཚོན་ད་བར་ཡོངས་གྲགས་སུ་ཤེས་རྟོགས་བྱུང་བའི་ཁོངས་སུ་བོད་མི་ཏོག་དབྱིབས་གཉན་རིམས་ཕོག་པ་ ༢༤ ཁྲོད་ནས་ད་ལྟ་ནད་པ་གྲངས་ ༩ དང་དྲག་སྐྱེད་བྱུང་བ་ ༡༣ དེ་བཞིན་ ༢ འདས་གྲོངས་སུ་ཕྱིན་ཡོད་པ་རེད།

བོད་འདི་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ལ་ངོས་ལེན་གནང་དགོས།

ཁ་ཉིན་ཕྱི་ཚེས་ ༡༥ དགོང་མོ་ལ་དྭགས་གྷལ་ཝན་ཡུལ་ཀླུང་དུ་ཆགས་པའི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཤོར་རྐྱེན་རྒྱ་གར་གྱི་དམག་དཔོན་ལས་ཐོག་ Santosh Babu ལགས་གཙོས་པའི་དམག་མི་ ༢༠ ཚེ་སྲོག་ཤོར་བ་དང་འབྲེལ་ཏེ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་རྒྱ་གར་གཞུང་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་སྡེ་ཁག་གིས་བོད་འདི་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་ངོས་ལེན་གནང་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་གནང་སོང་།   དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་དབུས་རྒྱུན་ལས་བྱེད་རྣམ་པ་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་གནང་བ་དང་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དགོན་པོ་དོན་གྲུབ་ལགས་ཀྱིས་ཁ་ཉིན་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་ནས་རྒྱ་གར་གྱི་དམག་མི་ ༢༠ ཐམ་པའི་ཚེ་སྲོག་ཤོར་བར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུས་པ་མ་ཟད་ད་ལྟའི་གཉན་འཕྲང་ཆེ་ཞིང་ཡིད་སྐྱོ་བའི་དུས་སྐབས་འདིར་ང་ཚོ་རྒྱ་གར་གཞུང་་མང་དང་མཉམ་དུ་ཡོད་ཅེས་གསུངས་ཡོད།   དེ་བཞིན་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་གི་གསར་འགོད་བསྒྲགས་གཏམ་དེ་བོད་དབྱིན་ཧིན་བཅས་སྐད་ཡིག་གསུམ་གྱི་ཐོག་སྒྲོག་སྦྱང་གནང་ཡོད་པ་དང་། གསར་འགོད་བསྒྲགས་གཏམ་ནང་དེ་སྔ་བོད་འདི་རང་བཙན་གཙང་མིའི་རྒྱལ་ཁབ་ཡིན་སྐབས་རྒྱ་དཀར་ནག་གི་ས་མཚམས་ཞེས་པའི་ལོ་རྒྱུས་མེད་པར་རྒྱ་གར་དང་བོད་དབར་ལ་མཐའ་མཚམས་ཚོང་དོན་དང་རིག་གནས་སོགས་ཀྱི་འབྲེལ་ལམ་ཞི་བདེ་བག་ཕེབས་ངང་གནས་ཡོད་ཀྱང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ད་ཆ་རྒྱ་ནག་གིས་རྒྱ་གར་གྱི་མངའ་ཁོངས་ཁག་ཏུ་བཙན་འཛུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་ཆེན་པོ་བཟོས་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གར་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་སྡེ་ཁག་གི་ངོས་ནས་བོད་འདི་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་ངོས་ལེན་གནང་དགོས་པ་དང་། རྒྱ་གར་དང་བོད་ཀྱི་མཐའ་མཚམས་གྲོས་མཐུན་ཐོག་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་འཐུས་ཚབ་གདན་ཞུ་གནང་དགོས་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཚོས་རྒྱ་ནག་དམག་དཔུང་གིས་རྒྱ་གར་གྱི་མངའ་ཁོངས་སུ་བཙན་འཛུལ་བྱས་པར་ངོ་རྒོལ་སྐྱོན་བརྗོད་གནང་དགོས་པ། བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་དང་ཐེ་ཝན་བཅས་ཀྱི་མི་མང་རྣམས་ནས་གུང་ཁྲན་ཏང་གི་མི་སེར་སྤེལ་བའི་བྱ་སྤྱོད་ངན་པར་ངོ་རྒོལ་གནང་དགོས་པ་སོགས་དགོས་འདུན་ལྔ་ཆེད་བཏོན་གནང་ཡོད་པ་རེད།དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་བའི་དོན་རྐྱེན་དང་འབྲེལ་ཏེ་ཁ་སང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་དཱི་མཆོག་གིས་རྒྱ་གར་གྱི་དམག་མི་རྣམ་པའི་བློས་བཏང་དེ་ནམ་ཡང་ཆུད་ཟོས་སུ་འགྲོ་གི་མ་རེད། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་གནང་རྒྱུ་ཐད་རྒྱ་ནག་ལ་ལན་འདེབས་འོས་འཚམས་ཤིག་གནང་གི་ཡིན་ཞེས་གསུངས་ཡོད་པ་མ་ཟད་ཁ་སང་དགོང་དྲོ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Subrahmanyam Jaishankar ལགས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དབར་ཞལ་པར་བརྒྱུད་གླེང་སློང་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་བློན་ཆེན་ Wang Yi ཡིས་སྐབས་དེའི་དོན་རྐྱེན་དེ་ནི་རྒྱ་གར་གྱི་དམག་མི་ཚོས་ཕྱོགས་གཉིས་དབར་ཡོད་པའི་ས་འཚམས་ཀྱི་དམ་བཅའ་བརྩི་སྲུང་མ་གནང་བར་དྲག་པོའི་འཐབ་འཛིང་བྱས་ཡོད་རྐྱེན་རེད་ཅེས་འགྲེལ་བརྗོད་བྱས་འདུག་པ་དང་དེ་བཞིན་རྒྱ་གར་གྱི་ངོས་ནས་སྐབས་དེའི་དོན་རྐྱེན་ཐད་ཞིབ་འཇུག་གནང་འབྲས་སུ་འབྲེལ་ཡོད་རྒྱ་གར་གྱི་དམག་མི་ཚོ་ལ་ཆད་པ་གཏོང་དགོས་པ་སོགས་དགོས་འདུན་བཏོན་འདུག་ཀྱང་སྐུ་ཞབས་ Subrahmanyam Jaishankar ལགས་ནས་དམག་མིའི་ཚེ་སྲོག་ཤོར་བའི་དོན་རྐྱེན་དེ་ནི་རྒྱ་ནག་གི་དམག་མི་ཚོས་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་བཙན་འཛུལ་གྱི་བྱ་སྤྱོད་ཤིག་ཡིན་པ་སོགས་གསུངས་འདུགདེ་བཞིན་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian གིས་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་ལ་དྭགས་གྷལ་ཝན་ཡུལ་ཀླུང་གི་བདག་དབང་རྒྱ་ནག་ལ་ཡོད་སྐོར་བརྗོད་འདུག་ཀྱང་སྐབས་དེའི་དོན་རྐྱེན་ཁྲོད་རྒྱ་ནག་གི་དམག་མི་ག་ཚོད་ལ་རྨས་སྐྱོན་དང་ཚེ་སྲོག་ཤོར་ཡོད་མེད་སོགས་ཀྱི་ཐད་གང་ཡང་བཤད་མེད་པ་དང་། ད་ལྟའི་ཆར་ ANI གསར་འགྱུར་ཁང་གིས་དོན་རྐྱེན་དེའི་ཁྲོད་རྒྱ་ནག་གི་དམག་མི་ ༤༣ ཙམ་ལ་རྨས་སྐྱོན་ཕོག་ཡོད་པར་བཀོད་འདུགརྒྱ་དཀར་གཉིས་ཀྱི་དམག་མིའི་དོན་རྐྱེན་དང་འབྲེལ་ཏེ་བརྒྱུད་ལམ་ཁག་ཏུ་མུ་མཐུད་གནས་ཚུལ་སྤེལ་བར་གཞིགས་ཚེ་རྒྱ་ནག་གིས་བོད་མཐོ་སྒང་གི་ས་ཁུལ་དུ་དམག་སྦྱོང་དང་གོ་མཚོན་གྲ་སྒྲིག་རྒྱ་སྐྱེད་གཏོང་བཞིན་པ་དང་། རྒྱ་གར་གྱི་ངོས་ནས་ཀྱང་དེ་རིང་ལ་དྭགས་ཁུལ་དུ་དམག་མི་ ༡༥༠༠༠ ལྷག་འཕར་མ་བཏང་པ་མ་ཟད་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ཁུལ་གྱི་ས་མཚམས་དམག་མི་རྣམས་ཀྱང་གཟབ་ནན་ངང་བཞུགས་དགོས་པའི་བཀོད་ཁྱབ་སོགས་བཏང་འདུགགཞི་རྩའི་ཐེངས་འདིའི་རྒྱ་དཀར་ནག་དབར་གྱི་ས་མཚམས་གནད་དོན་དོན་རྐྱེན་ཁྲོད་རྒྱ་གར་གྱི་དམག་མི་ ༢༠ ཡི་ཚེ་སྲོག་ཤོར་བ་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་གནད་དོན་དང་འབྲེལ་བའི་ལོ་ངོ་ ༤༣ རྗེས་ཀྱི་གདོང་ཐུག་ཆེ་ཤོས་ཀྱི་གནད་དོན་དེ་ཆགས་ཡོད།

བལ་ཡུལ་གཞུང་གིས་བོད་མིའི་ཐོག་དྲག་གནོན་མཚམས་འཇོག་དགོས་པའི་འབོད་སྐུལ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མཐུན་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐུན་མོང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་བོད་མིར་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་གསལ་འདོན་གྱིས་དོན་ཚན་གསུམ་ཅན་གྱི་འབོད་སྐུལ་ཞུ་ཡིག་ཞིག་ཕུལ་འདུགརྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མཐུན་ཚོགས་སམ་ International Federation for Human Rights དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཐུན་མོང་གིས་ཕྱི་ལོ་ ༢༠༢༡ ལོ་སྟོད་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་མ་གནང་བའི་གོང་དུ་ཞུ་ཡིག་དེ་ཕུལ་འདུག ཚོགས་པ་གཉིས་ཀྱིས་ཐེངས་འདིའི་ཞུ་ཡིག་ནང་བལ་ཡུལ་ནང་གནས་སྡོད་བོད་མི་ཉིས་ཁྲི་ལྷག་ཡོད་པ་དེ་དག་ལ་ཡུལ་ཁྲིམས་ནང་གསལ་བའི་ཤེས་ཡོན་དང་ཕྱག་ལས། ས་ཁང་ཉོ་ཚོང་གནང་རྒྱུའི་ཐོབ་ཐང་མེད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་མེད་པར་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་མི་རྣམས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་བཞིན་པ་དེས་ཁོང་ཚོའི་ཚེ་སྲོག་ལ་ཉེན་ཁ་ཆགས་ཀྱི་ཡོད་པ་དང་བལ་ཡུལ་ནང་རྒྱ་ནག་གི་གནོན་ཤུགས་འོག་མི་མང་འདུ་འཛོམས་དང་སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་བཅས་ཇེ་ཞན་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་སོགས་གསལ་འདོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ཀྱི་ལས་དོན་ཐོག་འགན་ཁུར་བཞེས་མཁན་ Kai Muller ལགས་ཀྱིས་ཐེངས་འདིའི་ཞུ་སྙན་བརྒྱུད་བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ལ་ཡུལ་ཁྲིམས་ནང་གསལ་བའི་གཞི་རྩའི་ཐོབ་ཐང་ཁག་མེད་པའི་ཁྲོད་རང་དབང་གི་ཐོག་ནས་ཆོས་ལུགས་ཀྱི་གནང་སྒོར་ཞུགས་ཆོག་གི་མེད་པ་དང་དེ་བཞིན་ཞི་བའི་ཐོག་ནས་རྒྱ་ནག་གི་བཙན་གནོན་ལ་རྣམ་འགྱུར་ཙམ་ཡང་བསྟན་་ཆོག་གི་མེད་པ་མ་ཟད་མང་ཚོགས་ཁག་ཅིག་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བལ་ཡུལ་གཞུང་གིས་དེ་ལྟ་བུའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་ནམ་ཡང་མི་སྒུར་བར་གདོང་ལེན་གནང་དགོས་གལ་ཡིན་པར་ནན་བརྗོད་གནང་འདུག དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ Adilur Rahman Khan ལགས་ཀྱིས་འདས་པའི་ལོ་ཤས་ནང་བལ་ཡུལ་དང་རྒྱ་ནག་དབར་འབྲེལ་ལམ་ཇེ་བཟང་དུ་འགྲོ་བཞིན་པ་འདིས་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་མི་ཚོར་བཙན་དབང་གིས་བོད་ལ་གང་མགྱོགས་ཕྱིར་ལོག་གནང་འཇུག་ནས་ཁོང་ཚོའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་སྟབས་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚོས་བལ་ཡུལ་གཞུང་གིས་བོད་མི་ཚོའི་ཐོག་འགྲོ་བ་མིའི་ཐོབ་དང་འགལ་བའི་དྲག་གནོན་བྱེད་བཞིན་པར་དམིགས་བསལ་ཐུགས་སྣང་གནང་སྟེ་བལ་ཡུལ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་གནང་དགོས་པ་དང་དེ་བཞིན་ཡུལ་དེའི་ནང་གི་བཙན་བྱོལ་བོད་མི་ཐོག་དམ་དྲག་གནང་རྒྱུ་མེད་པའི་ཤུགས་གནོན་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག  

རོང་བྲག་རྫོང་སྒོ་ལུང་གྲོང་བརྡལ་ནས་ཆུ་རུད་རྐྱེན་གྱིས་ཆུ་འདབས་ཀྱི་གྲོང་པར་གནོད་སྐྱོན།

ཁ་སང་ཕྱི་ཚེས་ ༡༧ ཉིན་བོད་ནང་གི་སྔ་དྲོ་ཚོུད་ ༣ ཡོལ་ཙམ་ལ་བོད་མདོ་ཁམས་རོང་བྲག་རྫོང་སྒོ་ལུང་གྲོང་བརྡལ་ལ་འདམ་རྡོའི་ཆུ་རུད་བྱུང་བར་བརྟེན་རྒྱལ་ལམ་  ༣༥༠ ཡི་ལམ་ཁུགས་ཡོད་སའི་ལམ་ཁག་བཅད་ནས་ཨ་ཉག་གྲོང་རྡལ་གྱི་རི་ཉིལ་འདུགདེ་རིང་བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རོང་བྲག་རྫོང་སྒོ་ལུང་གྲོང་བརྡལ་ན་འདམ་རྡོའི་ཆུ་རུད་བྱུང་བར་བརྟེན་ཨ་ཉག་གྲོང་སྡེའི་རི་ཉིལ་བའི་གནས་ཚུལ་བྱུང་འདུག་པ་མ་ཟད་ཁ་སང་སྔ་དྲོ་ཆུ་ཚོད་ ༦ ཡས་མས་སུ་ཆུ་རུད་རྐྱེན་པས་ཆུ་འདབས་ཀྱི་གྲོང་པ་དང་། སློབ་གྲྭ་བཞི། འཕྲོད་བསྟེན་ཁང་གསུམ།  དགོན་པ་གཉིས་བཅས་ལ་གནོད་སྐྱོན་ཕོག་ཡོད་པ་མ་ཟད། དེ་བཞིན་མེ་ལུང་གློག་ཁང་གི་འཕྲུལ་འཁོར་ 2000KW ཆུས་ཁྱེར་ཟིན་པ་དང་ཨ་ཉག་ལུང་པའི་གློག་ཁང་གི་འཕྲུལ་འཁོར་ 3200KW ལ་ཉེན་ཁ་ཆགས་འདུགདོན་རྐྱེན་དེའི་ཁྲོད་ཡུལ་མི་ ༥༨༠༠ ལྷག་ཡུལ་གཞན་དུ་བྲོས་དགོས་པ་བྱུང་ནས་ཆུ་རུད་དེས་མི་རྒྱུ་གཉིས་ཀར་དཀའ་ངལ་ཧ་ཅང་མང་པོ་སྤྲད་འདུག སྤྱིར་ད་ཆ་མྱུར་སྐྱོབ་རུ་ཁག་ཡོང་སྟེ་མི་ཁག་ཅིག་སྐྱོབ་ཐུབ་པ་བྱུང་འདུག་ཀྱང་དོན་རྐྱེན་དེའི་འོག་མི་གཅིག་རྙེད་མེད་པ་རེད་འདུགདེ་བཞིན་དོན་རྐྱེན་ཁྲོད་སྨན་བཅོས་མྱུར་སྐྱོབ་སོགས་དང་འབྲེལ་མི་ ༢༠༠ ལྷག་གིས་རྫོང་དང་གྲོང་རྡལ་སོགས་ས་གནས་སོ་སོར་མྱུར་སྐྱོབ་བྱེད་བཞིན་པར་བརྗོད་འདུག གཞི་རྩའི་བོད་ཁུལ་དུ་འདས་པའི་དུས་ཡུན་ནང་ཆུ་རུད་དང་རི་ཉིལ་སོགས་ཀྱི་དོན་རྐྱེན་མང་དག་འབྱུང་བཞིན་པ་དང་རྒྱལ་སྤྱིའི་དཔྱད་ཞིབ་པ་ཚོས་དོན་རྐྱེན་དེ་དག་ཡོང་རྐྱེན་གཙོ་བོ་ནི་རྒྱ་གཞུང་གིས་བོད་ནང་རང་བྱུང་གཏེར་ཁ་གང་བྱུང་དུ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག དེ་བཞིན་ཆུ་མཛོད་གསར་རྒྱག འབྲོག་པ་གནས་སྤོར་སོགས་གང་ལྟར་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་བཞིན་རྐྱེན་ཡིན་པར་ཡོངས་གྲགས་གནང་ཡོད་པ་རེད།

ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་གཏུག་ཡིག་ཆ་ཕྱིར་སློག་བྱས་འདུག 

རྒྱ་ནག་གིས་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པའི་བོད་ཀྱི་ཁོར་ཡུག་གི་ལས་འགུལ་བ།  ཨ་ཉག་སེང་སྒྲ་ལགས་སུ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོང་གིས་དེར་ངོས་ལེན་མ་བྱས་པར། སླར་ཡང་ཁྲིམས་ཁང་གོང་མར་ཞུ་གཏུགས་བྱས་པ་དེ་ལྟར་ཡང་།  ཁ་སང་ཚེས་ ༡༧ ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་བཤེར་ཁང་གིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་གཏུག་གི་ཡིག་ཆ་རྣམས་ཕྱིར་སློག་བྱས་ཏེ། ཁོང་ལ་ཉེ་སྔོན་ལོ་བདུན་གྱི་ཁྲིམས་ཐག་བཅད་པ་དེ་རང་སོར་གནས་ཡོད་པའི་བཅད་ཁྲ་ཕྱིར་བསྒྲགས་བྱས་འདུག དེ་རིང་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ། རྒྱ་རིགས་ལེའུ་ཆེ་ལགས་ཀྱིས་ཁོང་སྒེར་གྱི་Twitter ་དྲ་གནས་སུ་གནས་ཚུལ་བཀོད་པའི་ནང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ཐེངས་འདིར་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་ལ་ངོས་ལེན་མ་གནང་བར། ཁོང་གི་ཁྲིམས་གཏུག་ཕྱིར་སློག་བྱས་ཏེ། སྔར་གྱི་ཁྲིམས་ཆད་རང་སོར་གནས་དགོས་བའི་ཁྱབ་བསྒྲགས་བཏང་ཡོད་པའི་གནས་ཚུལ་དང་འབྲེལ་ནས། ཁོང་ཨ་ཉག་སེང་སྒྲ་ལགས་ཀྱི་དག་འབུད་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་ཡིན་པའི་ངོས་ནས་བློ་ཕམ་ཆེན་པོ་བྱུང་སོང་ཞེས་འཁོད་འདུག གཞི་རྩའི་རྒྱལ་སྤྱིའི་སྟེང་གི་འགྲོ་བ་ཐོབ་ཐང་ཚོགས་པ་འདྲ་མིན་གྱིས་རྒྱ་ནག་གིས་ཨ་ཉག་སེང་སྒྲ་ལགས་སུ་ནག་ཉེས་གང་ཡང་མེད་བཞིན་དུ་ཉེས་འཛུགས་རྫུན་འགེབས་བྱས་ཏེ་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་པར་བརྟེན། ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས་བའི་རེ་སྐུལ་མང་པོ་བྱས་ཡོད་པ་རེད། ཨ་ཉག་སེང་སྒྲ་ལགས་སུ་ཁྲིམས་ཐག་བཅད་པའི་གནད་དོན་དང་འབྲེལ་ནས། བཙན་བྱོལ་དུ་གཉེར་བཞིན་པའི་ཁྲིམས་གླེང་ཞེས་པའི་འཕྲིན་སྟེགས་ཀྱིས།  མགོ་ལོག་ཁུལ་གྱི་དཔོན་ངན་ཁག་གིས་ཁྱི་སྤྱང་ངན་འབྲེལ་གྱིས་ལྐོག་ཟ་རུལ་སུངས་ཐེར་འདོན་བྱེད་མཁན་ཁོང་འདི་ལྟར་ཁྲི་མུན་དུ་བཅུག་པ་ནི་ཁྲིམས་སྐྱོང་དང་སྤྱི་དམངས་ཀྱི་ཐོབ་ཐང་མགོ་ལོག་ཁུལ་ནས་རྐྱེན་ལམ་དུ་བཏང་ཚར་བའི་མཚོན་རྟགས་ཤིག་ཡིན་པས།  ཁྲིམས་གླེང་འཕྲིན་སྟེགས་ཀྱིས་མགོ་ལོག་ཁྲིམས་སྐྱོང་ལ་མྱ་ངན་ཞུ། དེ་དང་ཆབས་ཅིག་ཏུ་བཙོན་ཁང་དུ་ལྷུང་བའི་ཨ་ཉག་སེང་སྒྲ་འཁོར་དང་ཁོང་གི་མི་ནང་མི་རྣམས་ལ་སེམས་གསོ་ཞུ་ཞེས་འཁོད་འདུག དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་པའི་བོད་རང་དབང་ཚོགས་པས་དྲིལ་བསྒྲགས་དོ་དམ་པ་སྐུ་ཞབས་ John Jones ལགས་ཀྱིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་དང་འབྲེལ་ནས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ད་ཆ་བོད་ནི་དྲང་བདེན་གྱིས་སྟོང་བའི་གནས་བབ་ཅིག་ཏུ་ལྷག་ཡོད་སྐོར་བསྒྲགས་པ་དང་འབྲེལ། རྒྱ་ནག་གིས་བོད་ཁུལ་དུ་ཁོར་ཡུག་གཏོར་བཅོམ་དང་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། ཨ་ཉག་སེང་སྒྲ་ལགས་ལ་གཞི་རྩ་གང་ཡང་མེད་པར་འཛིན་བཟུང་བྱས་པ་དེ་ནི་ངོ་ཚ་དགོས་བ་ཞིག་ཡིན་པར་མངོན་གསལ་གནང་བ་དང་ཆབས་ཅིག་ཏུ་ཨ་ཉག་སེང་སྒྲ་ལགས་འཕྲལ་དུ་གློད་བཀྲོལ་བཏང་ནས་ཁོང་ཉིད་སྔར་འཇིགས་སྣང་མེད་པའི་ཐོག་ནས་རང་གི་སྤྱི་ཚོགས་ཀྱི་ཕྱག་ལས་དེར་འཇུག་ཐུབ་པ་བཟོ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

༸གོང་ས་མཆོག་ཇཻ་པུར་རྩོམ་རིག་དུས་སྟོན་ཞིག་གི་ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་རཱ་ཇིས་ཐཱན་ནང་གི་ཇཻ་པུར་ཁུལ་གྱི་རྩོམ་རིག་གི་དུས་སྟོན་དང་འབྲེལ་ནས་དབྱིན་ཡུལ་གྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ Pico Iyer ལགས་དང་ལྷན་དུ་སྙིང་རྗེའི་ས་བོན་ཞེས་པའི་བརྗོད་གཞིའི་ཐོག་དྲྭ་བརྙན་གྱི་གླེང་མོལ་ཞིག་ལ་དབུ་བཞུགས་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་མཛད་པ་སོང་།ཐད་སྲིང་གི་གླེང་མོལ་དེའི་སྐབས་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཇི་ཡོད་དམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ཡིན་པ་མ་ཟད་གསུང་སྐད་ཀྱང་མཐོ་པོ་ཡོད་པར་བཀའ་བསྩལ་བ་དང་འབྲེལ།  མགོན་པོ་༸གང་ཉིད་མཆོག་གིས་རྣམ་ཀུན་ནས་ལོ་ངོ་སྟོང་ཕྲོག་ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་ལྟ་གྲུབ་དང་སྙིང་རྗེ། དེ་བཞིན་འཚེ་མེད་ཞི་བར་ཉམས་ལེན་གནང་གི་ཡོད་སྟབས་རང་སྟོབས་ཀྱི་སྤོབས་པ་དང་ནང་སེམས་ཀྱི་སྟོབས་ཤུགས་དམིགས་བསལ་ཞིག་ཡོད་པར་བཀའ་བསྩལ་ཡོད་པ་རེད།ལྷག་དོན་དུ་༸གོང་ས་མཆོག་གིས་ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ཕྱི་ཕྱོགས་ཀྱི་མང་ཚོགས་དང་མཇལ་འཕྲད་གནང་གི་མེད་པར་བརྟེན་གུང་གསེང་ལ་བསྡས་ཡོད་ཅེས་སྐུ་རྩེད་མཛད་པ་དང་ཆབས་ཅིག འགྲོ་བ་མི་ཡོད་ཚད་ཤར་ལྷོ་ནུབ་བྱང་གི་ས་མཚམས་མེད་པར་འགྲོ་བ་མིའི་ཁྱིམ་རྒྱུད་ཆེན་པོ་གཅིག་གི་མི་ཡིན་སྟབས་ཚང་མས་གཅིག་གྱུར་གྱི་བདེ་རྩར་འགན་ཁུར་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་གི་ནང་ཁོང་ཁྲོ་དང་ཕྲག་དོག་ཡོད་ཚད་བདག་འཛིན་གྱི་བློ་ལ་བརྟེན་ནས་ཡོང་གི་ཡོད་པར་བཀའ་བསྩལ་དང་སྦྲགས། འཇིག་རྟེན་གྱི་ཆོས་ཡོད་ཚད་རང་རྐྱ་འཕེར་བའི་ངོ་བོར་གནས་མཁན་གཅིག་ཀྱང་མེད་སྟབས་བདག་འཛིན་གྱི་བློ་ཅི་ཙམ་ཆེ་བ་ཡོད་པ་དེ་ཙམ་གྱིས་མ་རུང་བའི་སེམས་མྱོང་མང་དུ་འཕེལ་གྱི་ཡོད་པ་དང་། གཞི་རྩའི་ཆོས་གང་ཡང་རུང་བ་ཞིག་ཅི་ལྟར་ཕྱི་ལ་མངོན་པའི་ཚུལ་དང་དོན་དངོས་ཀྱི་གནས་ལུགས་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་པར་ལམ་སྟོན་བསྩལ་བ་དང་ལྷན་དུ་རྒྱ་གར་གྱི་ནང་དུ་རྡུལ་ཕྲན་གྱི་རྣམ་གཞག་དེ་ལོ་ངོ་ ༢༥༠༠ ཡར་སྔོན་ནས་ཡོད་པ་ཞིག་ཡིན་པ་རེད།འོན་ཀྱང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་རྡུལ་ཕྲན་གྱི་རྣམ་གཞག་དེ་ལྟ་གྲུབ་གསར་པ་ཞིག་ཡིན་པར་བཀའ་བསྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་དུས་རྒྱུན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ལ་ཉམས་ལེན་མཛད་ཀྱི་ཡོད་པ་བཀའ་བསྩལ་བ་མ་ཟད། ལྷག་དོན་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་འགྲོ་བ་མིའི་རིགས་ཀྱི་སེམས་མྱོང་སྐོར་གྱི་སློབ་ཚན་མང་པོ་ཞིག་ཡོད་པར་བརྟེན་རྒྱ་གར་རྒྱལ་ཁབ་ཀྱིས་གནའ་དེང་གི་རིག་གནས་མཉམ་འབྲེལ་གྱི་ཐོག་ནས་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་དང་འཛམ་གླིང་གི་ཞི་བདེར་ཞབས་འདེགས་རླབས་ཆེན་ཞུ་རྒྱུའི་ནུས་པ་ལྡན་ཡོད་སྟབས། ༸གོང་ས་མཆོག་གིས་ཀྱང་རྣམ་ཀུན་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་མཛད་རྒྱུར་ཐུགས་འཁུར་ཆེན་པོ་བཞེས་ཀྱི་ཡོད་པ་སོགས་བཀའ་བསྩལ་སོང་བ་དང་ཆབས་ཅིག་ཏུ་གནད་དོན་དེ་གལ་ཆེན་པོ་ཡིན་པར་ལམ་སྟོན་བསྩལ་ཡོད།དེ་བཞིན་༸གོང་ས་མཆོག་གིས་སྔོན་ཆད་ས་བདག་གྲལ་རིམ་སྤྱི་ཚོགས་ཀྱི་སྐབས་སུ་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་འཐེན་འཁྱེར་གྱི་ལྟ་བ་ཤུགས་ཆེན་པོ་ཡོད་ཀྱང་། འཛམ་གླིང་གི་དམག་ཆེན་སྔ་རྗེས་གཉིས་ཀྱི་མྱོང་བ་ལས་ད་ཆ་ང་ཚོས་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ལ་མིག་དཔེ་བལྟས་བའི་ཐོག་ནས་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་སྐྱེད་སྲིང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ལྟར་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཁག་ཟུང་འབྲེལ་གནང་སྟེ་ཞི་བདེ་ལྡན་པའི་ཁོར་ཡུག་ཅིག་སྐྲུན་དགོས་གལ་ཡིན་པ་སོགས་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད།རྩ་བའི་ཐེངས་འདིའི་དྲྭ་ཐོག་གླེང་མོལ་གྱི་མཛད་རིམ་འདི་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་གཙོས་ཧིན་སྐད། ཝེ་ཏི་ནམ། ཀོ་རི་ཡ། ཉིན་ཧོང་སྐད། འཇར་མན། སི་པེ་ནིཤ། པོར་ཆཱུ་གྷལ། རུ་སུ་སྐད་བཅས་ཀྱི་སྐད་རིགས་འདྲ་མིན་ཐོག་གསུང་སྒྱུར་གནང་ཡོད་པ་རེད།

རྒྱ་དཀར་ནག་གཉིས་དབར་གདོང་ཐུག་ཁྲོད་རྒྱ་གར་གྱི་དམག་མི་ཉི་ཤུའི་ཚེ་སྲོག་ཤོར་བ།

ཟླ་བ་སྔོན་མིའི་ཕྱི་ཚེས་ ༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་དབར་གདོང་ཐུག་གི་གནད་དོན་བྱུང་སྟེ་ཕྱོགས་གཉིས་ས་མཚམས་ས་ཁུལ་ཁག་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་མུས་ཁྲོད་འདིར་ཁ་ཉིན་རེས་གཟའ་ཟླ་བའི་མཚན་མོར་སླར་ཡང་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་ལག་འཛིང་ཤོར་བ་སོགས་ཀྱི་གནད་དོན་རྐྱེན་གྱིས་རྒྱ་གར་གྱི་དམག་མི་ཉི་ཤུའི་ཚེ་སྲོག་ཤོར་འདུགཁ་སང་རྒྱ་གར་གྱི་དམག་དཔུང་སྡེ་ཚན་གྱིས་ལ་དྭགས་ཁུལ་གྱི་དོན་རྐྱེན་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁ་ཉིན་ཕྱི་ཚེས་ ༡༥ དགོང་མོ་ལ་དྭགས་གྷལ་ཝན་ཡུལ་ཀླུང་དུ་ཆགས་པའི་རྒྱ་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་ཕྱོགས་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཤོར་བའི་ཁྲོད་ཁུལ་དེའི་རྒྱ་གར་གྱི་མདའ་དཔོན་ལས་ཐོག་ Santosh Babu ལགས་གཙོས་ དམག་མི་ Havaldar K Palani ལགས་དང་ Sepoy Kundan Ojha ལགས། དེ་བཞིན་སྐབས་དེར་རྨས་སྐྱོན་དྲག་པོ་ཕོག་པའི་དམག་མི་གཞན་ ༡༧ བཅས་ཁྱོན་རྒྱ་གར་གྱི་དམག་མི་ ༢༠ ཚེ་སྲོག་ཤོར་འདུག རྒྱ་ནག་གཞུང་ནས་སྐབས་དེའི་ཕྱོགས་གཉིས་ཀྱི་ས་མཚམས་དོན་རྐྱེན་ཁྲོད་རྒྱ་ནག་གི་དམག་མི་ལ་རྨས་སྐྱོན་དང་ཚེ་ཤོར་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་བཟོ་མིན་འདུག་ཀྱང་རྒྱ་གར་གྱི་ ANI གསར་འགྱུར་ཁང་གིས་དོན་རྐྱེན་དེའི་ཁྲོད་རྒྱ་ནག་གི་དམག་མི་ ༤༣ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་སོགས་གནས་ཚུལ་སྤེལ་འདུག རྒྱ་ནག་གི་དམག་མིའི་མགྲིན་ཚབ་པ་ཀྲང་ཧྲི་ལིས་ཁ་སང་གསར་འགོད་གསར་བསྒྲགས་བྱས་ཏེ་སྐབས་དེའི་དོན་རྐྱེན་དེ་ནི་རྒྱ་གར་གྱི་དམག་མི་ཚོས་ཕྱོགས་གཉིས་དབར་ཡོད་པའི་ས་འཚམས་ཀྱི་དམ་བཅའ་བརྩི་སྲུང་མ་བྱས་པར་དྲག་པོའི་འཐབ་འཛིང་ཤོར་རྐྱེན་བྱུང་བ་རེད་ཅེས་བརྗོད་འདུག འོན་ཀྱང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Anurag Srivastava ལགས་ཀྱིས་དོན་རྐྱེན་དེ་ནི་ཉེ་ལམ་ནས་ས་མཚམས་ས་ཁུལ་དུ་འཕྲད་བཞིན་པའི་དཀའ་རྙོག་ཞི་འཇམ་གནང་ཐབས་ཀྱི་གྲོས་མཐུན་ལ་རྒྱ་ནག་ཕྱོགས་ནས་ངོས་ལེན་བྱེད་ཀྱི་མེད་པར་བརྟེན་མུ་མཐུད་རྒྱ་གར་གྱི་བདག་དབང་དུ་ཡོད་པའི་ས་མཚམས་ས་ཁུལ་དུ་བཙན་འཛུལ་བྱས་པའི་དབང་གིས་དེ་ལྟར་བྱུང་ཡོད་པ་དང་རྩོད་རྙོག་དེ་སེལ་ཐབས་སུ་གྲོས་མོལ་ནི་ཐབས་ལམ་བཟང་ཤོས་ཡིན་པར་གསུངས་འདུག རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་དོན་རྐྱེན་དང་འབྲེལ། ཁ་སང་དང་དེ་རིང་བཅས་སུ་རྒྱ་གར་མང་ཚོགས་ཁག་ཅིག་ནས་ཞི་ཅིན་ཕིང་གི་པར་རིས་མེར་བསྲེགས་བཏང་བ་དང་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་བ་མ་ཟད་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཡང་དེ་འབྲེལ་གླེང་སློང་ཤུགས་ཆེ་གནང་བཞིན་འདུག ཁ་སང་དགོང་དྲོ་རྒྱ་གར་གྱི་ NewsX གསར་ཁང་གི་ལས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ས་མཚམས་ཁུལ་གྱི་དོན་རྐྱེན་དེ་ནི་སྟབས་མ་ལེགས་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་དང་ད་ལྟའི་ཆར་རྒྱ་ནག་གི་ས་ཁྱོན་རྒྱ་ཆ་ ༦༠ ཙམ་གྲངས་ཉུང་མི་རིགས་ལ་དབང་བའི་ས་ཆ་ཁག་བཙན་བཟུང་བྱས་པ་ཆགས་ཀྱི་ཡོད་པ་དང་རྒྱ་གར་གྱི་ངོས་ནས་འདས་པའི་བོད་ཀྱི་ལོ་རྒྱུས་ཐོག་ནས་སློབ་གསོ་ལེན་དགོས་པ་སོགས་གསུངས་འདུག  དེ་བཞིན་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་གར་གྱི་ Republic གསར་ཁང་གི་ལས་རིམ་ཐོག་རྒྱ་ནག་གྱི་ངོ་ཚབ་ཁག་ཅིག་དང་བགྲོ་གླེང་གནང་སྐབས་རྒྱ་ནག་གིས་དེ་སྔ་ངའི་ཕ་ཡུལ་བོད་བཙན་བཟུང་བྱས་པ་མ་ཟད་ད་ཆ་ངའི་ཕ་ཡུལ་གཉིས་པ་རྒྱ་གར་ཡང་བཙན་འཛུལ་བྱེད་ བཞིན་ཡོད་ཀྱང་དེ་ནི་ཡོང་ཐབས་བྲལ་བའི་བྱེད་བབས་ཤིག་རེད་ཅེས་ཚོར་ཤུགས་ཆེན་པོས་གསུངས་ཡོད་པ་རེད། ལྷག་པར་དུ་ཁོང་གིས་ས་ཁུལ་བདག་དབང་སྐོར་ལ་གླེང་སྐབས་རྒྱ་ནག་གིས་བོད་དང་ཤར་ཏུར་ཀིས་ཏན། དེ་བཞིན་སོག་ཡུལ་སོགས་རྒྱལ་ཁབ་མང་པོ་བཙན་བཟུང་བྱས་ཡོད་སྟབས་རྒྱ་ནག་རྒྱལ་ཁབ་འདི་ས་ཆའི་བདག་དབང་ཐོག་གླེང་སློང་བྱེད་མཁན་གྱི་རྒྱལ་ཁབ་མཐའ་མ་དེ་ཡིན་དགོས་ཀྱི་རེད་ཅེས་གསུངས་པ་མ་ཟད་རྒྱ་གར་གྱི་ངོས་ནས་ཀྱང་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་དང་བཙན་བྱོལ་བོད་གཞུང་ངོས་ལེན་གནང་དགོས་པ་སོགས་གསུངས་ཡོད། གཞི་རྩའི་ཐེངས་འདིའི་རྒྱ་དཀར་ནག་དབར་གྱི་ས་མཚམས་གནད་དོན་དེ་ཐོག་མར་བྱུང་སྐབས་ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་མི་ ༢༥༠ ཙམ་རྨས་སྐྱོན་ཕོག་ཡོད་པ་དང་། ཉེ་ཆར་དོན་རྐྱེན་དེའི་ཁྲོད་རྒྱ་གར་གྱི་དམག་མི་ ༢༠ ཡི་ཚེ་སྲོག་ཤོར་བ་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་གནད་དོན་དང་འབྲེལ་བའི་ལོ་ངོ་༤༣ རྗེས་ཀྱི་གདོང་ཐུག་ཆེ་ཤོས་ཀྱི་གནད་དོན་དེ་ཆགས་ཀྱི་འདུག

Latest news