Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

འཛམ་གླིང་ཚོགས་སྡེ་༡༥༩ ཡིས༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཞུ་གཏུགས།

དེ་ཡང་རིང་མིན་ཕྱི་ཟླ་༥པའི་ཚེས་༡༧དེ་བཞིན། རྒྱ་ནག་གཞུང་གིས་༸པཎ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་༢༥འཁོར་གྱི་ཡོད་པ་རེད།  དུས་ཚིགས་དེ་དང་བསྟུན་ནས་ཉེ་ཆར་ཡོ་རོབ་དང་ཨ་རི། ཨ་ཧྥ་རི་ཀ་དང། ལྷོ་ཨ་མི་རི་ཀ   དེ་བཞིན་ཨེ་ཤེ་ཡ་བཅས་རྒྱལ་ཁབ་༡༨ནང་གི་ཚོགས་སྡེ་ཁག་༡༥༩ ལྷག་གི་འཐུས་མི་ཡོངས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་དོན་ཚན་བཞི་ཅན་གྱི་རེ་འདུན་ཞིག་ཞུས་འདུག    དེ་ཡང་རྒྱལ་ཚོགས་ཀྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་འཁོར་ནང་མི་རྣམས།  དེ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་གང་མགྱོགས་གློད་བཀྲོལ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་སྐྱོང་ཡོང་བ་དང་།  རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་མཚོན་པའི་ཁ་ཆེ་དང་ཡེ་ཤུ་ཆོས་ལུགས་ཁག་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཐོག་ཐེ་བྱུས་མཚམས་འཇོག་ཡོང་རྒྱུ། རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་བོད་གཙོས་པའི་རྒྱ་ནག་མངའ་འོག་ས་ཁུལ་ཁག་ཏུ་འགྲོ་རུ་འཇུག་རྒྱུའི་ཐད་རྒྱལ་ཚོགས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རོགས་ཅེས་པ་དང།  དེ་བཞིན་རྒྱལ་ཚོགས་དང་འབྲེལ་ཡོད་ཚོགས་མི་རྒྱལ་ཁབ་དང་ཚོགས་ཆུང་ཁག་གྱིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་༢༥འཁོར་བའི་གནད་དོན་ཐོག་གླེང་སློང་བྱེད་རྒྱུའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་སྐྱོང་ཡོང་བ་བཅས་ཀྱི་རེ་འདུན་ཞུས་འདུག མ་ཟད་ད་ལན་ཞུ་གཏུགས་བྱེད་མཁན་ཚོགས་སྡེ་ཁག་༡༥༩ ལྷག་གིས་རྒྱ་ནག་དམར་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་ཐོག་ཐེ་བྱུས་ཀྱི་མཚོན་པའི་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་ལམ་སྲོལ་རྩ་གཏོར་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་རྣམས་ད་བར་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་བ་ནི་ རིན་པོ་ཆེ་མཆོག་དང་སྐུ་ཉིད་ཀྱི་སྐུ་འཁོར་ནང་མི་དང་། དེ་བཞིན་བོད་མི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་ཙམ་ཞིག་མིན་པར།  བྱ་སྤྱོད་འདི་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་ཆེས་བྱེད་མཁན་དང་འགྲོ་བ་མིའི་རིགས་ཡོངས་ལ་རྒྱབ་འགལ་བྱས་པ་དང་གཅིག་མཚུངས་ཤིག་ཆགས་ཀྱི་ཡོད་པར་བརྟེན།   རྒྱ་གཞུང་གིས་རང་ཉིད་ཀྱི་བསགས་པའི་ནག་ཉེས་ལ་འགན་འཁྱེར་དུ་འཇུག་དགོས་ཞེས་བརྗོད་འདུག སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་གསུངས་པར་གཞིགས་ན། ད་ལན་ཚོགས་སྡེ་ཁག་༡༥༩ ལག་གི་མཉམ་འཐུས་ཀྱིས་མཚན་བརྟགས་བཀོད་པའི་ཞུ་སྙན་དེ་འདི་ག་སུད་སི་དོན་གཅོད་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres མཆོག་གི་གཙོས་བྱས་པའི་ཇི་ནི་ལྦར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༩༢ ལྷག་གི་སྐུ་ཚབ་ལས་ཁུངས་ཁག་དང་།   འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་ཚོགས་གཙོ་ Elisabeth Tichy མཆོག་དང།   དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན། Michelle Bachelet མཆོག་དང། མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་Christian Braun མཆོག  དེ་བཞིན་རྒྱལ་ཚོགས་ཀྱི་བཙན་ཁྲིད་འོག་གར་སོང་ཆ་མེད་ཀྱི་ཁེ་ལས་རྟོག་ཞིབ་ཚོགས་ཆུང་བཅས་ཁག་སོ་སོའི་མཚན་ཐོག་ལ་བཏང་ཡོད་པ་རེད་འདུག གཞན་ཡང་ད་རེས་ཞུ་སྙན་འདིའི་ནང་ བོད་མི་དང་དེ་བཞིན་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་མང་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབ་ཆེན་གཏོང་མཁན་གྱི་རྒྱ་ནག་གི་གཞུང་འཛིན་ལམ་སྲོལ་འདིའི་འོག་ནས་ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་ཚབས་ཆེ་བའི་ནད་ཡམས་ཁྱབ་གདལ་ཇེ་ཆེར་སོང་དེ།  མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་བཏང་ཡོད་པ་གསལ་སྟོན་གནང་བ་དང་འབྲེལ། ང་ཚོའི་ངོས་ནས་རྒྱ་ནག་གཞུང་གི་མགོ་སྐོར་བསླུ་བྲིད་དང་དྲག་གནོན་ལམ་ལུགས་སྒྲོམ་གཞི་འོག གོ་ལ་ཁྱོན་ལ་གཏོར་སྐྱོན་བྱ་སྤྱོད་མུ་མཐུད་སྤེལ་རྒྱུར་མཚམས་འཇོག་བྱེད་དགོས་ཅེས་བརྗོད་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ནས་ཟླ་བ་སྔོན་མའི་༤ ཚེས་ ༢༥ ཉིན་ཏེ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ ཕེབས་ནས། རིང་མིན་ཟླ་བ་འདིའི་ཕྱི་ཚེས་༡༧སྟེ། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་པའི་དུས་ཚིགས་བར།  ཕྱི་རྒྱལ་སྐུ་ཚབ་དོན་ཁང་དང་འབྲེལ་ཡོད་བོད་རིགས་ཚོགས་པ་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་བརྒྱུད་རྒྱལ་སྤྱིའི་སྡིངས་ཆའི་ཐོག ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུུའི་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ཐེངས་འདིའི་ཞུ་གཏུགས་ཀྱི་ལས་འགུལ་དེ་ཡང་འདིའི་ཆ་ཤས་ཞིག་ཆགས་ཀྱི་འདུག

༸གོང་ས་མཆོག་གིས་དྲྭ་ལམ་ཐད་གཏོང་བརྒྱུད་ཉིན་གཉིས་ཀྱི་རིང་བཀའ་ཆོས་བསྩལ་རྒྱུ་ཐུགས་གཏན་འཁེལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཟླ་བ་འདིའི་ཚེས་ ༡༦ དང་ ༡༧ ཉིན་གཉིས་ཀྱི་རིང་སྔ་དྲོར་བཀའ་ཆོས་ཞིག་བསྩལ་གཏན་འཁེལ་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་བཀའ་ཆོས་དང་འབྲེལ་བའི་བཀའ་ཁྱབ་ཅིག་སྤེལ་བར་གཞིགས་ན། གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་མང་ཚོགས་སྤྱི་སྒེར་དུ་མས་ཡང་ཡང་ཇི་ལྟར་གསོལ་བ་བཏབ་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ཚེས་ ༡༦ དང་ ༡༧ ཉིན་གཉིས་ཀྱི་རིང་སྔ་དྲོར་རྒྱ་གར་གྱི་ཆུ་ཚོད་ ༨ ནས་ ༩༌༣༠ བར་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་བཞི་པ་གཉིས་ཀྱི་བཀའ་འཁྲིད་དང་འབྲེལ་ཏེ་ད་ལྟའི་ཆར་དུས་ཀྱི་ཆེས་གཉ་འཕྲང་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད། རྩ་བའི་ཉིན་གྲངས་གཉིས་ཀྱི་བཀའ་ཆོས་དེ་༸སྐུ་སྒེར་གྱི་དྲྭ་རྒྱ་བརྒྱུད་དེ་སྔ་དྲོ་ཚོུད་ ༨ ནས་ ༩༌༣༠ བར་བསྩལ་རྒྱུ་ཡིན་པ་དང་བོད་སྐད། དབྱིན་སྐད་དང་རྒྱ་སྐད་སོགས་ཀྱི་སྐད་ཡིག་དུ་མའི་དྲྭ་ཚིགས་ཐོག་ནས་གསན་གཟིགས་ཞུ་ཐུབ་ཀྱི་འདུག

༸གོང་ས་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་མོ་དང་འབྲེལ་བའི་གསུང་འཕྲིན་ཞིག་བསྩལ་འདུག

གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་ནས་མི་ལོ་ ༢༦༠༠ འཁོར་བའི་དུས་ཆེན་ཁྱད་འཕགས་པ་གསུམ་འཛོམས་ Buddha Purnima ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ International Buddhist Confederation ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་ཆོས་ཕྱོགས་ཀྱི་དུས་སྟོན་གོ་སྒྲིག་གནང་བའི་ཐོག་དགའ་བསུའི་འཚམ་འཕྲིན་ཞིག་བསྩལ་འདུགའཚམ་འཕྲིན་དེའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ ཆོས་ཕྱོགས་ཀྱི་དུས་སྟོན་ཉིན་མོར་ལྷན་ཞུགས་གནང་མཁན་འཛམ་གླིང་ཁྱོན་ལ་བཞུགས་པའི་ནང་པའི་རྗེས་འཇུག་གྲོགས་ཕོ་མོ་ཀུན་ལ་དགའ་བསུ་ཡོད་ཅེས་འཚམས་འདྲི་བསྩལ་བ་དང་སྦྲགས། ༸གང་ཉིད་མཆོག་གིས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་གིས་དེ་སྔ་བསྩལ་བའི་བཀའ་ཆོས་དེ་དག་འཛམ་གླིང་སྤྱི་དང་སྒོས་དེང་སྐབས་སུ་འོས་འཚམ་ཡོད་པར་ཐུགས་རེ་ཡོད་སྐོར་དང་དེ་བཞིན་གཞན་ཕན་བསྒྲུབ་རྒྱུ་དང་བདག་ཅག་གི་སྟོན་པ་མཆོག་སྐུ་ཚེ་གང་པོ་རབ་བྱུང་གི་ཐོག་ནས་མཛད་པ་བསྐྱངས་པ་མ་ཟད། སངས་རྒྱས་ཀྱི་སྐུ་ཚེ་ནང་མྱོང་བ་གང་བྱུང་བ་དེ་རྣམས་གདུལ་བྱ་ཁམས་མོས་དང་འཚམས་པའི་གསན་འདོད་ཡོད་རིགས་ལ་གསུངས་ཡོད་སྐོར། ལྷག་དོན་རྟེན་བྱུང་དང་གཞན་ལ་གནོད་པ་བྱེད་མི་རུང་བ་དང་རང་ནུས་ལ་གཞིགས་པའི་ཕན་པ་བསྒྲུབ་དགོས་པ་བཅས་བཀའ་བསྩལ་ནས་འཚེ་བའི་ལས་སྤོང་དགོས་པར་བཀའ་ནན་བསྩལ་ཡོད་པ་ལུང་འདྲེན་དང་། ཆབས་ཅིག་ཏུ་དེང་གི་འཛམ་གླིང་ནང་ལ་ཕན་པའི་རླབས་ཆེན་གྱི་ཤུགས་རྐྱེན་ཐེབས་པའི་ལམ་སྟོན་གཅིག་པོ་དེ་དུས་ད་ལྟའང་གནས་མུས་ཡིན་པ། སྙིང་རྗེས་ཀུན་ནས་སློང་སྟེ་གཞན་ཕན་གྱི་བྱ་བར་གཞོལ་དགོས་པའི་ལམ་སྟོན་མཛད་སྐོར་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་འཛམ་གླིང་འདིའི་འགྲོ་བ་མི་རྣམས་ཀྱི་རང་ཉིད་སོ་སོའི་བདེ་དོན་དང་བདེ་སྐྱིད་དེ་མི་མང་པོ་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་གོ་ལ་ཧྲིལ་པོ་འདི་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་དེའང་རང་བཞིན་གྱིས་ཇེ་འཕེལ་འགྲོ་གི་ཡོད་པ་དང་དེ་བཞིན་དེང་སྐབས་ང་ཚོས་ངལ་བར་གདོང་ལེན་བྱེད་པའི་བརྒྱུད་རིམ་ནང་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་དེ་དགོས་ངེས་ཅན་ཞིག་ཆགས་ཡོད་པར་ལམ་སྟོན་བསྩལ་འདུགདེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ངེད་ཅག་འགྲོ་བ་མི་རྣམས་ལ་ཆ་མཚོན་ན་ཕྱི་ཚུལ་མི་འདྲ་བའི་ཁྱད་ཡོད་ཀྱང་འགྲོ་བ་མིའི་རང་བཞིན་དེ་ནི་ཞི་བདེ་དང་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་པ་དང་། ནང་པ་སངས་རྒྱས་པའི་གཞུང་ནས་ཀྱང་ང་ཚོའི་བློ་དེ་སྒོམ་གྱི་ཐོག་ནས་བཅོས་དགོས་པ་དང་དེའང་བློ་དེ་ཞི་བདེ་བག་ཕེབས་དང་བྱམས་བརྩེ། སྙིང་རྗེ། གཏོང་ཕོད། བཟོད་སྲན་བཅས་གོང་འཕེལ་གཏོང་དགོས་གལ་ཡིན་པ་ལམ་སྟོན་བསྩལ་དོན་ལྟར་ང་རང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་དེ་དག་གི་ཤུགས་རྐྱེན་ཐེབས་པ་ཞིག་བྱེད་དགོས་ཞེས་བཀའ་བསྩལ་འདུག ཉེ་དུས་ནང་གོ་ལ་ཁྱོན་དུ་ཡོད་པའི་ནང་པའི་ཚོགས་སྡེ་ཁག་གི་ངོས་ནས་ང་ཚོ་ཐུན་མོང་གི་ཁྱད་ཆོས་ཡོད་པ་དེ་དག་ཤེས་ཐབས་སུ་རྒྱང་ཁྱད་བཞག་པ་དང་དེ་དག་ཐུན་མོང་དུ་སྤྱོད་མཁན་ཚོར་མངོན་བསྟོད་ཀྱི་གོ་སྐབས་སོགས་མེད་པར་བཀའ་བསྩལ་དང་སྦྲགས། དེང་དུས་སུ་འཛམ་གླིང་ས་ཕྱོགས་གང་སར་གནས་བཞུགས་ནང་པའི་རིག་གནས་རྣམས་ལ་སློབ་འདོད་ཡོད་རིགས་ལ་དེ་འབྲེལ་ཤེས་ཡོན་སྤྲོད་རྒྱུའི་གོ་སྐབས་ཡོད་པ་མ་ཟད་ལྷག་དོན་ང་ཚོས་ནང་པའི་གཞུང་ལུགས་དང་ཉམས་ལེན་ཁག་གི་རྣམ་གཞག་རྣམས་ཐུག་འཕྲད་དང་བརྒྱུད་ལམ་གཞན་དུ་མའི་ཐོག་ནས་སློབ་སྦྱོང་གནང་རྒྱུ་ཡོད་སྐོར་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་དཔལ་ནཱ་ལེནྡཱའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་མཁན་ཞིག་ལ་ངོས་བཞེས་གནང་གི་ཡོད་པ་དང་། སྐབས་དེའི་རྒྱ་གར་ནང་གི་དཔལ་ནཱ་ལེནྡཱའི་སློབ་གཉེར་དེ་དག་གཏན་ཚིགས་རིགས་པའི་ཐོག་ནས་གནང་སྲོལ་ཡོད་པ་དེ་ཧ་ཅང་གི་ཚད་མཐོ་པོ་ཡོད་སྐོར་བཀའ་བསྩལ་འདུག་པ་དང་། ལྷག་དོན་༸གང་ཉིད་མཆོག་གིས་ང་ཚོས་དུས་རབས་ཉེར་གཅིག་གི་ནང་པ་ཞིག་ཡིན་ཚེ་ནང་པའི་རིག་གནས་ལ་སློབ་གཉེར་དང་སངས་རྒྱས་ཀྱི་བཀའ་ཆོས་ལ་ཉམས་ཞིབ་གནང་གལ་ཡིན་པ་མ་ཟད་སྔར་གྱི་ནཱ་ལེནདཱའི་མཁན་པ་ཚོས་གནང་བ་ལྟར་གཏན་ཚིགས་རིགས་པར་དཔྱད་གནད་ཡིན་པར་ལམ་སྟོན་མཛད་འདུག སངས་རྒྱས་ཞལ་བཞུགས་སྐབས་ནས་བཟུང་དུས་ད་ལྟ་བར་འཛམ་གླིང་འདི་འགྱུར་བ་ཕྱིན་ཡོད་པ་དེ་ནི་ཆོས་ཉིད་ཅིག་ཡིན་པ་དང་། དེང་དུས་ཀྱི་ཚན་རིག་བརྒྱུད་དེ་མགོ་རྙོག་ཆེ་བའི་རང་བྱུང་ཁམས་ཀྱི་གནས་ལུགས་དང་འབྲེལ་བའི་ཤེས་བྱའི་གོ་རྟོགས་འཕེལ་རྒྱས་སུ་ཕྱིན་པའི་ཐོག་ལ་ནང་པའི་ཚན་རིག་ཐོག་ནས་གཏིང་ཟབ་ཀྱི་གྲུབ་འབྲས་སོན་ཐུབ་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག དེང་གི་ཚན་རིག་དང་ནང་པའི་ཚན་རིག་གཉིས་ཀྱི་ཐུན་མིན་ཐོག་ནས་ཕྱི་ནང་གི་གནས་ལུགས་ལ་དཔྱད་ཐབས་ཟུང་འབྲེལ་དུ་སྤྱོད་ཚེ་ང་ཚོའི་ཕྱིའི་གཟུགས་པོ་དང་ནང་སེམས་རྒྱུད། དེ་བཞིན་སྤྱི་ཚོགས་ཀྱི་བདེ་ཐབས་ལ་ཞབས་འདེགས་རླབས་ཆེན་ཞུ་ཐུབ་པའི་ཐུགས་རེ་ཡོད་པ་བཀའ་བསྩལ་ཡོད་པ་རེད།༸གོང་ས་མཆོག་གིས་གསུང་འཕྲིན་གྱི་མཇུག་དེར་ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱིས་གསུང་དེ་དག་རྒྱུན་འཛིན་བྱེད་ཀྱི་ཡོད་ཀྱང་སངས་རྒྱས་ཀྱི་གསུང་དེ་རྣམས་འགྲོ་བ་མི་རྣམས་ཕན་ཚུན་ལྟོས་གྲུབ་དང་འབྲེལ་ཡོད་པ་ཞིག་ཆགས་ཡོད་པར་བཀའ་བསྩལ་བ་དང་སྦྲགས། ང་ཚོར་ཉེ་བར་མཁོ་བ་ནི་ཆོས་ལུགས་ཕན་ཚུལ་མཐུན་སྒྲིལ་གྱི་གོ་རྟོགས་སྤེལ་རྒྱུ་དང་ཆོས་ལུགས་ཚང་མའི་རྩ་བའི་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དམིགས་ཡུལ་ནི་འགྲོ་བ་མིའི་སེམས་རྒྱུད་ལ་བདེ་སྐྱིད་བསྐྲུན་ཐབས་དེ་ཡིན་པ་དང་། ད་ལྟའི་ཆར་འཛམ་གླིང་ཐོག་དུས་ཀྱི་ཆེས་གཉན་འཕྲང་ཆེ་བའི་རྐྱེན་གྱིས་གདོང་ལེན་གནང་དགོས་པ་དང་། ལྷག་དོན་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་བརྟེན་ནས་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ནང་མི་ལྟར་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་མཛད་འདུག དེར་བསྟུན་ངེས་པར་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་གནས་བབ་ལ་བསམ་གཞིགས་ནན་པོ་བྱེད་དགོས་པ་མ་ཟད། འགྲོ་བ་མི་གཅིག་གྱུར་ཡིན་པའི་གཞི་རྩ་དེ་ལ་བརྟེན་ནས་བྱམས་བརྩེ་ལྡན་པའི་སྒོ་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་དང་དེ་ལྟར་བྱེད་ཚེ་གོ་ལ་ཧྲིལ་པོར་སྔོན་ཆད་མ་བྱུང་བའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་འཐོན་ངེས་ཡིན་པར་ལམ་སྟོན་བཀའ་བསྩལ་འདུག

ནད་ཡམས་ཁྲོད་སྦེལ་ཇམ་ཁུལ་གྱི་བོད་མིའི་གནས་སྟངས་རྒྱུས་ལོན།

ད་ཆ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་འདི་འཛམ་གླིང་རྒྱལ་ཁབ་༢༡༣ ཙམ་ནང་ཁྱབ་གདལ་ཕྱིན་ནས་མི་གྲགས་ ༣༦༤༦༨༦༧ ཙམ་ནད་ཡམས་དེ་ཕོག་འདུག་མ་ཟད། མི་གྲངས་ ༢༥༢༤༤༢ ཙམ་རྐྱེན་འདས་ཕྱིན་འདུག དེའི་ཁྲོད་ནས་ཁྱོན་མི་འབོར་ས་ཡ་ ༡༡ ལྷག་ཡོད་པའི་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་ནི་ནུབ་ཕྱོགས་རྒྱལ་ནང་ནས་བོད་མིའི་མང་ཤོས་གནས་ཡུལ་ཞིག་ཡིན་པ་དང། ད་ཆ་ཁུལ་དེའི་ནང་མི་གྲངས་ ༥༠༢༦༧ ཙམ་ལ་རྒྱ་ནག་ནད་ཡམས་དེ་ཕོག་འདུག་ཅིང། ད་བར་མི་གྲངས་ ༧༩༢༤ ཙམ་འདས་གྲོངས་ཕྱིན་པ་དང། མི་གྲངས་ ༡༢༣༧༨ ཙམ་དྲག་སྐྱེད་བྱུང་འདུགརླུང་འཕྲིན་ཁང་གིས་ནད་ཡམས་ཀྱི་དུས་སྐབས་འདིའི་ཁྲོད་སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་སུ་ཞལ་པར་བརྒྱུད་ཁུལ་དེར་གནས་སྡོད་བོད་མིའི་གནས་སྟངས་སྐོར་རྒྱུས་ལོན་ཞུས་པ་ཡིན།

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་རིང་བག་གྲོ་ལག་སྐུ་གྲོངས་འདུག

ཁ་སང་རྡ་སར་རྟེན་གཞི་བྱས་པའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒྱལ་གཅེས་བ་ཚེ་རིང་བག་གྲོ་ལགས་རྒྱ་ནག་གིས་བཙོན་འཇུག་གི་སྐབས་སུ་མནར་གཅོད་གང་པོ་བཏང་ཡོད་སྟབས། བཙོན་གྲོལ་ཐོབ་རྗེས་ནད་གཅོང་དུ་གྱུར་ཏེ། ཟླ་སྔོན་མའི་ཚེས་ ༢༦ ཉིན་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག རྒྱལ་གཅེས་པ་ཚེ་རིང་བག་གྲོ་ལགས་ནི་ལྷ་ས་གྲོང་ཁྱེར་མལ་གྲོང་གུང་དཀར་རྒྱ་མ་ཤང་ནས་ཡིིན་པ་དང་། ཆུང་དུས་སུ་ལྷ་སའི་ཤར་ཕྱོགས་དགའ་ལྡན་དགོན་དུ་ཆོས་ཞུགས་ཀྱིས་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གནང་འགོ་ཚུགས་ནའང་། ལོ་རབས་དགུ་བཅུ་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་གཅེས་ཆོས་གཅེས་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ཟེར་བའི་ཆབ་སྲིད་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་ཏེ། བོད་ཀྱི་རིས་མེད་དགོན་སྡེ་ཁག་གི་ནང་༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་སོགས་ཀྱི་གནས་སྟངས་ཛ་དྲག་གི་འོག་ཁོང་དང་རོགས་པ་འགའ་ཤས་ཀྱིས་སྤྱི་ལོ་༡༩༩༢ ལོའི་ཟླ་ ༦ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་ཀྱི་ལས་འགུལ་སྤེལ་ནས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ངོ་རྒོལ་སྐད་འབོད་བྱས་པ་དང་ དེ་མ་ཉིད་དུ་རྒྱ་ནག་གཞུང་གིས་སྤྱི་བདེ་ཉེན་རྟོག་པ་མངགས་གཏོང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཏེ་ལམ་བར་ཉེས་རྡུང་སྣ་ཚོགས་གཏོང་བཞིན་ལྷ་སའི་དགུ་ཚ་བཙོན་ཁང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་པ་རེད། སྐབས་དེར་བཙོན་ཁང་གི་ཁོར་ཡུག་དང་ཆ་རྐྱེན་ཧ་ཅང་ཞན་པོ་ཡིན་པའི་ཁར། ཁ་ལག་གི་ཟས་བཅུད་མི་འདང་བ་དང་། རྟག་པར་ཞི་དྲག་གང་རུང་གི་རྣམ་པའི་ཐོག་ནས་དྲི་རྩད་བྱས་ཏེ་ལུས་སེམས་གཉིས་ལ་མནར་གཅོད་ཚད་ལས་འདས་བ་བཏང་ མཐར་ལྷ་ས་གྲོང་ ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་མི་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཡོད་པ་རེད། གཞི་རྩའི་སྐབས་དེ་ནས་བཟུང་ཁོང་གི་ཆབ་སྲིད་ཀྱི་དབང་ཆ་ལོ་གཉིས་བཙན་འཕྲོགས་བྱས་ཏེ་སྤྱི་ལོ་ ༡༩༩༢ ལོའི་ཟླ་ ༡༡ ནང་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས། སྤྱི་ལོ་ ༢༠༠༠ ལོའི་ཟླ་ ༦ ཚེས་ ༩ ཉིན་དུས་བཀག་བཙོན་འཇུག་གི་ལོ་དུས་རྫོགས་ཏེ་བཙོན་ནས་གློད་བཀྲོལ་ཐོབ་ཡོད་ནའང་། ཁོང་ད་དུང་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་དུས་རྟག་ཏུ་ལྟ་སྲུང་འོག་གནས་ཡོད་པ་རེད། མཐར་སྤྱི་ལོ་ ༢༠༢༠ ལོའི་ཟླ་༤ ཚེས་ ༢༦ ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པར་འཁོད་འདུག

མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པའི་སྒྲིག་ཁྲིམས་ལག་བསྟར།

རྒྱ་ནག་གཞུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པའི་སྒྲིག་ཁྲིམས་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉེ་ལམ་ཟླ་བ་ ༥ ཚེས་ ༡ ཉིན་ནས་ལག་བསྟར་འགོ་བཙུགས་འདུག གཞི་རྩའི་འདི་ལོའི་ཟླ་བ་ ༡ པོའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པའི་ཁྲིམས་འཆར་ཞིག་གཏན་འབེབས་བྱས་ཡོད་པ་དང་།  སྲོལ་ཡིག་དེའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པ་དེ་མཛུབ་ཁྲིད་བྱས་པ་དང་རྒྱལ་ཁབ་ཀྱི་ཐབས་བྱུས་བཀོད་སྒྲིག་གལ་ཆེན་དང་བླང་བྱར་བརྩི་སྲུང་ཞུས་ནས་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ཉམས་མྱོང་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འོས་འགན་ཡོད་པ་སོགས་འཁོད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག་ཞེས་པ་དེས་བོད་མི་རྣམས་ནས་རང་ཉིད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་བདག་གཅེས་བྱེད་ཆོག་པའི་རྩ་འཛིན་ལས་འགལ་གྱི་ཡོད་པ་དང་། ལྷག་པར་དུ་སྒྲིག་ཁྲིམས་གསར་པ་དེའི་བརྒྱུད་རྒྱ་ནག་གཞུང་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ལག་བསྟར་བྱེད་རྒྱུར་དབང་ཆ་སྤྲད་རྒྱུ་ཡིན་པ་མ་ཟད། སྒྲིག་ཁྲིམས་དེ་ལག་བསྟར་གྱིས་བོད་མི་ཚོར་དེ་སྔ་ལས་ལྷག་པའི་མི་རིགས་དབྱེ་འབྱེད་བྱེད་སྲིད་པས་དེ་ནི་ཐུགས་འཚབ་ཀྱི་གནད་དོན་ཞིག་ཡིན་པ་གསུངས་འདུགདེ་བཞིན་བོད་མི་རྣམས་ཀྱི་ཡུལ་སྲོལ་གོམས་གཤིས་རྩ་མེད་གཏོང་རྒྱུར་དམིགས་པའི་སྒྲིག་ཁྲིམས་དེས་མི་རིགས་དབྱེ་འབྱེད་རྩ་གཏོར་གྱི་གྲོས་མཐུན་དང་། བྱིས་པའི་ཐོབ་ཐང་གི་གྲོས་མཐུན། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་སྲུང་སྐྱོབ་ཀྱི་གྲོས་མཐུན་བཅས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲིག་གཞི་ལས་འགལ་ཡོད་པ་གསུངས་འདུག ཕྱོགས་མཚུངས་བོད་གནས་དཔྱད་ཞིབ་པས་རྒྱ་གཞུང་གིས་སྒྲིག་ཁྲིམས་དེ་བརྒྱུད་དེ་ཡུ་གུར་ཁ་ཆེ་མི་རིགས་ཚོར་དྲག་གནོན་བྱེད་པ་བཞིན་བོད་མི་ཚོར་སྔར་ལྷག་དྲག་གནོན་བྱེད་རྒྱུ་ཡིན་པའི་ཐུགས་འཚབ་གནང་གི་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་གཞུང་གི་བྱ་སྤྱོད་ལ་ནན་པོའི་ཐོག་ནས་གཟིགས་ཞིབ་གནང་རྒྱུ་དང་དེ་བཞིན་རྒྱ་གཞུང་གི་བྱ་སྤྱོད་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་ངེས་པར་དུ་མཐུན་ཐུབ་པ་བཟོ་དགོས་པའི་འབོད་སྐུལ་གནང་འདུག

དབྱིན་ཡུལ་གྱིས་རྒྱ་ནག་གི་འཕྲུལ་ཆས་རྫུན་མ་ཕྱིར་བསྒྲགས་གནང་འདུག

དེ་རིང་ The Guardian  ཞེས་པའིོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་ཁྲོད་བཟོས་པའི་ནད་པའི་དབུགས་རྔུབ་ལེན་གྱི་འཕྲུལ་ཆས།  ventilator ཞེས་པ་ཕྱིར་བཙོང་བྱེད་བཞིན་པ་རྣམས་ནི་བཟོ་སྐྲུན་ཡག་པོ་བྱས་མེད་པ་མ་ཟད།  བེད་སྤྱོད་བྱས་པ་ཡིན་ན་ནད་པ་གསོད་སྲིད་པའི་དོགས་གཞིའི་འོག   དབྱིན་ཡུལ་གྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་དབུགས་རྔུབ་ལེན་གྱི་འཕྲུལ་ཆས་ ༢༥༠ སྨན་ཁང་ནས་ཕྱིར་འཐེན་བྱས་འདུག རྩ་བའི་དབྱིན་ཡུལ་གཞུང་གིས་ཟླ་འདིའི་ཚེས་ ༤ ཉིན།   རྒྱ་ནག་ལས་དབུགས་རྔུབ་ལེན་གྱི་འཕྲུལ་ཆས་ ༢༥༠ ནང་འདྲེན་བྱས་ཏེ།   དབྱིན་ཡུལ་གྱི་ NHS  ཞེས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གྱི་ལས་དོན་ཚན་ཁག་བརྒྱུད་ནས་ཁུལ་དེའི་སྨན་ཁང་མང་པོར་བགོ་འགྲེམས་བྱས་ཡོད་ནའང་།  ཕྱིས་སུ་སྨན་ཁང་ཁག་ཅིག་གིས་རྒྱ་ནག་གིས་བཟོས་པའི་དབུགས་རྔུབ་ལེན་གྱི་འཕྲུལ་ཆས་དེ་རྫུན་བཟོ་བྱས་ཡོད་པ་ཤེས་རྟོག་བྱུང་རྗེས།  འཕྲལ་དུ་དབྱིན་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ།  སྐུ་ཞབས་Matt Hancock ལགས་སུ་འཕྲིན་ཡིག་ཅིག་ཕུལ་ཏེ། རྒྱ་ནག་གི་འཕྲུལ་ཆས་དེ་དག་བེད་སྤྱོད་བྱས་པ་ཡིན་ན་ནད་པ་རྣམས་གསོད་སྲིད་པའི་བརྡ་ལན་གནང་ཡོད་པ་མ་ཟད།  སྨན་ཁང་གིས་གང་མགྱོགས་རྒྱ་ནག་ནས་ནང་འདྲེན་བྱས་པའི་དབུགས་རྔུབ་ལེན་གྱི་འཕྲུལ་ཆས་དེ་དག་ཕྱིར་འཐེན་དགོས་བའི་འབོད་སྐུལ་གནང་འདུག སྨན་ཁང་གི་ལས་བྱེད་རྒན་གྲས་ཤིག་གིས་གསར་ལམ་ཁག་ལ་བརྗོད་པ་ལྟར་ན།  རྒྱ་ནག་གི་ཏོག་དབྱིབས་ཀྱི་རིམས་ནད་འགོས་ཁྱབ་ཆེན་པོ་བྱུང་བཞིན་པར་བརྟེན། སྨན་ཁང་ཚང་མ་ནད་པས་ཁེངས་བའི་ཁྲོད།  ཕྱི་ལོག་ནས་འཕྲུལ་ཆས་མང་པོ་ནང་འདྲེན་བྱས་བ་དེའང་སྨན་ཁང་ཚང་མར་འདང་ངེས་ཤིག་མེད་པའི་དོགས་གཞིའི་འོག་བློ་འཚབ་ཆེན་པོ་བྱུང་བར་བར་ལུང་འདྲེན་གྱིས།  རྒྱ་ནག་ནས་གནང་འདྲེན་བྱས་པའི་དབུགས་རྔུབ་ལེན་གྱི་འཕྲུལ་ཆས་དེ་དག་སྨན་ཁང་རེ་འགར་རག་ཐབས་མ་བྱུང་ནའང་།  ད་ཆ་ནད་པའི་གྲངས་ཐོ་དེ་ཙམ་མང་པོ་མེད་པས་འཕྲུལ་ཆས་རྫུན་མ་དེ་དག་དགོས་མཁོ་མེད་པར་བརྗོད་འདུག དེ་བཞིན་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་།  རྒྱ་ནག་གི་རིམས་ནད་ཁྱབ་བརྡལ་འགྲོ་བཞིན་པའི་ཁྲོད་དུ།  དབྱིན་ཡུལ་གྱི་མི་སེར་མང་པོས་དྲ་ཐོག་ནས་རྒྱ་ནག་ནང་གི་རང་སྲུང་གི་མཁོ་ཆས་མང་པོ་མངགས་ཉོ་བྱས་པའི་ནང་དུ།   ཅ་ལག་མང་པོ་སྤུས་ཀ་ཞན་པོ་ཡིན་པ་མ་ཟད།  ཅ་ལག་རྫུན་མ་ཡང་མང་པོ་བྱུང་ཡོད་པ་མངོན་གསལ་གྱིས། རྒྱ་ནག་ནས་ཅ་ལག་མངགས་ཉོ་བྱས་ཚེ་གཟབ་གཟབ་བྱེད་རྒྱུའི་སྐུལ་མ་གནང་འདུག རྒྱ་ནག་ལས་ནང་འདྲེན་བྱས་པའི་འཕྲུལ་ཆས་དེ་དག་རྫུན་མ་ཡིན་པའི་གནས་ཚུལ་དང་འབྲེལ་ནས།  NBC གསར་ཁང་གིས་རྒྱ་ནག་པེ་ཅིན་གྱི་རྒྱལ་སྤྱིའི་འཕྲུལ་ལས་ཕྱིར་ཚོང་ཁང་གི་དོ་དོམ་པར་རྒྱ་ནག་གིས་ཕྱིར་ཚོང་བྱས་པའི་འཕྲུལ་ཆས་དེ་དག་རྫུན་མ་ཡིན་པ་ཤེས་ཀྱི་ཡོད་མེད་ཀྱི་སྐོར་ནས་སྐད་ཆ་དྲིས་པར།  ཁོས་གནས་ཚུལ་དེ་ཤེས་མ་སོང་ཞེས་ཁ་པར་གཏོང་མཚམས་བཅད་ཡོད་པར་ཕྱིར་བསྒྲགས་གནང་འདུག གཞི་རྩའི་རྒྱ་ནག་ནི་རྒྱལ་སྤྱིའི་ཁྲོམ་རའི་ནང་འཕྲུལ་ལས་ཐོན་སྐྱེད་བྱེད་མཁན་ཆེས་མང་པོའི་རྒྱལ་ཁབ་ཅིག་ཡིན་པ་ལྟར།  འཕྲུལ་ལས་ཀྱི་གོང་ཚད་རྒྱལ་ཁབ་གཞན་དང་བསྡུར་ན་དམའ་བོ་ཡིན་ནའང་།   སྤུས་ཀ་ཡང་ཞན་པོ་ཡིན་པ་ཡོངས་གྲགས་ཡིན་པ་མ་ཟད།  ཕྱི་ལོགས་ནས་འཕྲུལ་ལས་གསར་བ་ཅི་ཞིག་བཟོ་སྐྲུན་བྱས་ན། རྒྱ་ནག་གིས་འཕྲལ་དུ་དེ་དང་ཆ་འདྲ་བའི་འཕྲུལ་ཆས་རྫུན་པ་གསར་བཟོི་བྱས་ཏེ་རིན་གོང་དམའ་བོའི་ཐོག་ཕྱིར་བཙོང་བྱེད་ཀྱི་ཡོད་པ་རེད།

གཉན་རིམས་རྐྱེན་པས་ཚེ་སྲོག་ཤོར་བའམ་ནད་མནར་རྣམ་པའི་ཕྱིར་ཞབས་རིམ་གསོག་སྒྲུབ་ ཐོག་རོགས་རམ་གནང་རྒྱུ།

ད་ཆ་རྒྱལ་སྤྱིའི་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་མུས་ལ་བརྟེན་ནས་མི་ས་ཡ་མང་པོ་འདས་གྲོངས་སུ་གྱུར་པའམ་ནད་ཀྱིས་མནར་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པའི་ཁྲོད་འདིར་བོད་མིའི་སྒྲིག་འཛུགས་ཆོས་རིག་ཁུངས་ཀྱིས་བོད་མིའི་ཁྲོད་གོང་གསལ་གཉན་རིམས་ཀྱིས་ཚེ་སྲོག་ཤོར་པའམ་ནད་ཀྱིས་མནར་བཞིན་པ་རྣམས་ཀྱི་སླད་ཞབས་རིམ་གསོག་སྒྲུབ་གནང་བློ་ཡོད་རིགས་ལ་རོགས་སྐྱོར་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུགད་ཆ་རྒྱལ་སྤྱིའི་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་མུས་ལ་བརྟེན་ནས་མི་ས་ཡ་མང་པོ་འདས་གྲོངས་སུ་གྱུར་བའམ་ནད་ཀྱིས་མནར་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པའི་ཁྲོད་འདིར་བོད་མིའི་སྒྲིག་འཛུགས་ཆོས་རིག་ཁུངས་ཀྱི་ངོས་ནས་བོད་མིའི་ཁྲོད་གོང་གསལ་གཉན་རིམས་རྐྱེན་པས་ཚེ་སྲོག་ཤོར་བའམ་ནད་ཀྱིས་མནར་བཞིན་པ་རྣམ་པའི་ཕྱིར་ཞབས་རིམ་གསོག་སྒྲུབ་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག རྩ་བའི་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid 19 འམ་ཏོག་དབྱིབས་གཉན་རིམས་དེ་ད་ཆ་འཛམ་གླིང་རྒྱལ་ཁབ་ ༢༡༣ ཙམ་གྱི་ནང་ཁྱབ་བརྡལ་ཕྱིན་པའི་འོག་མི་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ལ་ནད་གཞི་དེ་ཕོག་པ་དང་མི་འབུམ་བརྒལ་བ་རྐྱེན་འདས་སུ་གྱུར་བ་སོགས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཉེ་ཆར་གཉན་རིམས་དེ་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་སྐབས་དོན་རྐྱེན་འདིའི་འོག་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ། སི་པན། དེ་བཞིན་ཕ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ཏུ་ད་བར་བོད་མི་བརྒྱ་ཙམ་ལ་གཉན་རིམས་ཕོག་ཡོད་པར་ཚོད་དཔག་གནང་བཞིན་པ་དང་དེའི་ཁོངས་བོད་མི་ཉུང་ཤས་ཤིག་འདས་གྲོངས་སུ་གྱུར་ཡོད་པར་ར་སྤྲོད་བྱུང་ཡོད་ཀྱང་། ད་ལྟའི་ཆར་བོད་མིའི་ཁྲོད་གཉན་རིམ་དེ་ཕོག་ཡོད་མེད་ཐོག་གསང་རྒྱ་གནང་བཞིན་རྐྱེན་བོད་མི་གང་ཚོད་ཙམ་ལ་གཉན་རིམས་དེ་ཕོག་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པར་གསུངས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཟླ་བ་འདིའི་ཚེས་ ༡ ཉིན་གསལ་བསྒྲགས་སྤེལ་བའི་ནང་དོན་ལ་གཞིགས་ན། དེ་ལྟ་ནའང་ཡོངས་ཁྱབ་ཛ་དྲག་གི་གནས་སྟངས་དེའི་ཁྲོད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀོད་ཁྱབ་ལམ་སྟོན་འོག་བོད་མིའི་ཁྲོད་གཉན་རིམས་དེ་རྐྱེན་འདས་གྲོངས་སུ་གྱུར་བའམ་ནད་ཀྱིས་མནར་བཞིན་པ་རྣམས་མྱུར་དུ་ནད་ལས་གྲོལ་ཏེ་ཚེ་ལྷག་དོན་ལྡན་ཡོང་བ། ཚེ་འདས་དང་ནད་པའི་ནང་མི་ཉེ་འཁོར་བཅས་པར་ནད་དེ་མི་འགོས་བ་བཅས་ཀྱི་སླད་དུ་སྨོན་གསུང་འདོན་དང་རྐྱེན་སེལ་རིམ་གྲོ་བྱ་རྒྱུའི་ཐོག་རོགས་སྐྱོར་དགོས་གལ་ཡོད་རིགས་ནས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་འབྲེལ་གཏུག་ཞལ་བྱང་ཐོག་མཚན་ཐོ་དང་གནས་ཚུལ་སྙིང་བསྡུས་ཟུར་འབུལ་གནང་ཐོག་མཆོད་དོད་དང་སྐུ་ཡོན་གྱི་འགྲོ་གྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་མ་དངུལ་ཁོངས་ནས་གནང་ཆོག་རྒྱུའི་ཐུགས་ཐག་བཅད་ཡོད་པ་མ་ཟད། ཆོས་ཕྱོགས་ཀྱི་གནང་སྒོ་དེ་དག་དུས་ཐོག་སྨིན་འགྲུབ་ཡོང་བ་དང་དྲྭ་བརྙན་བརྒྱུད་ཐད་སྲིང་བྱེད་སྟབས་སོགས་ལ་དམིགས་ཏེ་གནས་སྐབས་དྷ་སར་རྟེན་གཞི་བྱས་པའི་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་དང་ཀིརྟི་བྱེས་པ་གྲྭ་ཚང་གཉིས་ལ་འབོད་སྐུལ་ཞུས་འདུག གཞི་རྩའི་དེང་སྐབས་འཛམ་གླིང་ཡུལ་གྲུ་མང་པོར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་མི་རྒྱུ་གཉིས་ཀར་གོད་ཆག་ཤུགས་ཆེན་ཕོག་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་བོད་མིའི་ཚོགས་སྒེར་མང་དག་ཅིག་གིས་དབུལ་ཕོངས་རྣམས་ལ་ཉེར་མཁོ་བཟའ་ཆས་སོགས་སྦྱིན་གཏོང་གི་ལས་འགུལ་སྣ་མིན་སྤེལ་བཞིན་ཡོད་པར་མ་ཟད། ཉེ་ལམ་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་མངའ་སྡེ་སོ་སོའི་ངལ་སེལ་རོགས་སྐྱོར་ཐེབས་རྩར་ཞལ་འདེབས་དང་ལྷག་དོན་བོད་པའི་དགོན་སྡེ་གྲྭ་ཚང་ཁག་དང་བསྟན་བདག་བླ་ཆེན་རྣམ་པས་དབུས་པའི་བླ་སྤྲུལ་མཁན་སློབ་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་སྨོན་དང་ཛ་དྲག་མཐུན་འགྱུར་རོགས་རམ་སོགས་གནང་མུས་ཡིན་པ་རེད།

བོད་མི་ཞི་རྒོལ་བའི་ཐོབ་ཐང་སྲུང་སྐྱོབ་སླད་དྲྭ་ཐོག་ལས་འགུལ་དབུ་འཛུགས།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་མི་ཞི་རྒོལ་གྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་སླད་དྲྭ་ཐོག་གི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགཁ་སང་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་བསྟུན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་བོད་ནང་རྒྱ་ནག་གཞུང་གིས་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་འོག བོད་མིས་རང་ལུས་མེར་བསྲེགས་གནང་བའི་ལས་འགུལ་དེ་ཡང་ཁྲིམས་འགལ་གྱོ་ངོ་བོར་ངོས་འཛིན་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་འོག་བོད་ནང་གི་བོད་མི་ཚོར་ཞི་བའི་འདུ་འཛོམས་དང་མི་མང་གི་བསམ་འཆར་མི་འདྲ་བར་བརྗོད་ས་མེད་པའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་དང་འབྲེལ། ལྟེ་གནས་ཁང་གིས་ཁ་སང་ནས་དབུ་འཛུགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དུ་ #WhyProtest ཞེས་བོད་མི་ཞི་བའི་ལས་འགུལ་སྤེལ་ཆོག་པའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་ཞུ་ཕྱིར་དྲྭ་ཐོག་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ལྟེ་གནས་ཁང་གིས་ལས་འགུལ་དབུ་འཛུགས་དང་སྦྲགས། བཙན་བྱོལ་ནང་གི་བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་དོན་ལས་འགུལ་སྤེལ་བ་དང། དེའི་ཁྲོད་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བརྒྱུད་རིམ་ངོ་སྤྲོད་གནང་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བར་གཞིས་བྱེས་གཉིས་ཀྱི་ནང་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བཅས་ཁྱོན་མི་གྲངས་ ༣༠ ཡིས་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་གནང་བའི་གནས་ཚུལ་སྤེལ་གནང་རྒྱུ་རེད་འདུག ད་ལྟ་རྒྱ་གཞུང་གིས་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ལ་ཁ་གཡར་ནས་བོད་ནང་གི་ཆེས་ཛ་དྲགས་ཀྱི་གནས་སྟངས་སྦས་བསྐུངས་བྱེད་བཞིན་པའི་དུས་སྐབས་འདིར་ལས་འགུལ་འདི་བརྒྱུད་ནས་བོད་མི་ཞི་རྒོལ་གྱི་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་ལོ་རྒྱུས་ཁྱབ་སྤེལ་གནང་སྟེ་བོད་ནང་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་པ་ཅི་འདྲ་ཞིག་བསྟན་ནའང་། དེ་དག་ལ་ཆེས་དྲག་གནོན་དང་མནར་གཅོད་གཏོང་བཞིན་པ་མངོན་གསལ་ཐུབ་པའི་རེ་བ་གནང་བཞིན་འདུག ལྟེ་གནས་ཁང་གིས་ད་དུང་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་བྱས་ནས་བོད་མི་ཞི་རྒོལ་བའི་ཐོག་ཉེན་རྟོག་པའི་དྲག་གནོན་དང་གང་བྱུང་འཛིན་བཟུང་བཀག་ཉར། དེ་བཞིན་གར་སོང་ཆ་མེད་གཏང་རྒྱུའི་ལས་དོན་རྣམས་འཕྲལ་མར་མཚམས་འཇོག་གིས་དེ་ལྟར་བྱེད་མཁན་དཔོན་རིགས་དང་ཉེན་རྟོག་པར་ཉེས་ཆད་གཏང་དགོས་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་འདུ་འཛོམས་རང་དབང་དང་འབྲེལ་བའི་སྐུ་ཚབ་ཕེབས་འཇུག་དགོས་པ། བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་གནང་འཇུག་དགོས་པའི་རེ་སྐུལ་ཞུས་འདུག

Latest news