Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

འཛམ་གླིང་ས་ཕྱོགས་གང་སར་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་ལས་འགུལ་སྤེལ་བཞིན་པ་རེད་འདུག

འདི་ལོའི་ཟླ་ ༣ ཚེས་ ༡༠ སྟེ་ཉིན་མོ་དེ་ནི་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ནས་རྒྱ་དམར་གི་བཙན་གནོན་ལ་ཞི་རྒོལ་གནང་སྟེ་མི་ལོ་ ༦༡ འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཡིན་སྟབས། འཛུམ་གླིང་ས་ཕྱོགས་གང་སར་ཉིན་མོ་དེ་དྲན་གསོ་གནང་རྒྱུའི་སླད་དུ་ལས་འགུལ་རྣམ་པ་འདྲ་མིན་གྲ་སྒྲིག་གནང་བཞིན་པ་ལྟར། ཁ་ཉིན་ཕྱི་ཚེས་ ༧ ཉིན་རྒྱ་གར་ Gujarat མངའ་སྡེའི་གྲོང་ཁྱེར་བྷ་རོ་ཊའི་ནང་བྷ་རོ་ཊ་ས་གནས་གཞོན་ནུ་དང་བྷ་རོ་ཊ་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བྷ་རོ་ཊར་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་མ་བརྒྱ་ལྷག་དང་། དེ་བཞིན་རྒྱ་གར་གྱི་སློབ་མ་དང་རྒྱལ་སྤྱིའི་སློབ་མ་བཅས་ཁྱོན་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ནས་མཉམ་ཞུགས་ཐོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡པ་སྲུང་བརྩི་དང་འབྲེལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག དེ་ཡང་ལས་འགུལ་ཁྲོད་བོད་ཕྲུག་གཙོས་རྒྱ་གར་གྱི་སློབ་ཕྲུག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་སློབ་ཕྲུག་རྣམས་ཀྱི་ཞལ་ལ་བོད་ཀྱི་རྒྱལ་དར་བྲིས་པ་དང་། ཆས་གོས་ནག་པོ་གྱོན་ནས་དཔྲལ་བར་རས་ནག་པོ་དཀྲིས་བ། གཞན་ཡང་སློབ་ཕྲུག་ཁག་ཅིག་གྱི་བོད་ཀྱི་རྒྱལ་དར་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱལ་དར་གྱོན་པ། དེ་བཞིན་རས་གཞི་སེར་པོའི་སྟེང་དུ་བོད་རང་བཙན་དང་། བོད་སྐྱོབ་ཅེས་འཁོད་པའི་ཆས་གོས་སྤྲས་འདུག་པ་མ་ཟད། ཕྱག་ལ་བོད་ཀྱི་རྒྱལ་དར་དང་བོད་ཀྱི་རང་དབང་ནི་རྒྱ་གར་གི་བདེ་འཇགས་ཡིན་ཟེར་བ་དང་། བོད་མི་ཚོ་ལོངས་ཤོག དེ་བཞིན་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དང་བོད་ནང་མི་གསོད་ཁྲག་སྦྱོར་དང་སྡུག་སྦྱོང་མནར་གཅོད་གཏང་རྒྱུ་མཚམས་དགོས་ཞེས་པའི་འབོད་ཚིགས་འཁོད་པའི་སྦྱར་ཡིག་བསྣམས་ཏེ་ཞལ་ནས་ཚོར་ཤུགས་ཆེན་པོའི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག འདི་ག་རླུང་འཕྲིན་ཁང་ནས་ཞལ་པར་བརྒྱུད་བྷ་རོ་ཊ་ས་གནས་གཞོན་ནུའི་ཚོགས་གཙོ་ཕུན་ཚོགས་ཡེ་ཤེས་ལགས་སུ་ལས་འགུལ་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་སྐབས། ཚོགས་གཙོ་ལགས་ཀྱིས་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་རྒྱ་གར་གྱི་ Holi དང་དུས་ཚོད་གཅིག་མཚུངས་སུ་འཁེལ་གྱི་ཡོད་སྟབས། ལས་འགུལ་དེ་བཞིན་སྔ་སྣུར་བྱས་པ་ཡིན་སྐོར་གྱི་ངོ་སྤྲོད་གནང་སོང་། དེ་བཞིན་ཁ་སང་ཕྱི་ཚེས་ ༨ ཉིན་དབྱིན་ཡུལ་གྱི་ཁྱབ་ཁོངས་ Scotland གྱི་ནང་དུའང་བོད་རིགས་གཙོས་ཁུལ་དེའི་མི་རིགས་མང་དག་ཅིག་གི་མཉམ་ཞུགས་ཀྱི་ཐོག་ནས་མི་ལོ་ ༦༡ འཁོར་བའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་དྲན་གསོ་གནང་འདུག་པ་དང་། སྐབས་དེར་ཕྱི་གླིང་བ་ཚོས་བོད་ཀྱི་ཕྱུ་པ་སྤྲས་ནས་བོད་ཀྱི་རྒྱལ་དར་བསྣམས་པ་དང་ཕྱག་ལ་ཁྱེར་བ། དེ་བཞིན་ཁོང་རྣམ་པའི་ཕྱག་ལ་བོད་མི་སྐྱིད་སྡུག་མཉམ་མྱོང་དང་། བོད་ལ་རང་དབང་དགོས། དབྱིན་ཡུལ་གྱི་མི་རིགས་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སླད་དུ་ལངས་དགོས་ཞེས་འཁོད་པའི་སྦྱར་ཡིག་བསྣམས་པའང་མངོན་རྒྱུ་འདུག་པ་མ་ཟད། ཡང་ཕྱི་ཚེས་ ༨ ཉིན་ཐེ་ཝན་གྱི་ཁུལ་དུའང་བོད་མི་བཅུ་ཕྲག་ཁ་ཤས་ཤིག་གིས་ཕྱག་ལ་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་བསྣམས་ནས་ཞལ་ལ་བོད་ཀྱི་རྒྱལ་དར་འཁོད་པའི་ཁ་རས་གྱོན་ཏེ་༸གོང་ས་མཆོག་ཐུགས་རྗེ་ཆེ་ཞེས་པའི་འབོད་ཚིག་དང་། ཞི་བདེ་བདེ་ངོ་མ་ནི་སེམས་ཀྱི་ཞི་བདེ་དེ་ཡིན་པ་དང་། སྙིང་རྗེ་ནི་སེམས་ཀྱི་གཞི་རྩ་རེད་ཟེར་བའི་འབོད་ཚིག་སོགས་འཁོད་པའི་སྦྱར་ཡིག་བསྣམས་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག རྩ་བའི་དེང་སྐབས་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམ་ནད་ཀྱིས་རྐྱེན་པའི་བོད་མི་ཙམ་མིན་པར་རྒྱལ་སྤྱིའི་ཁྲོད་་རིམས་ནད་སྔོན་འགོག་གི་ཆེད་དུ་གལ་ཆེའི་ཚོགས་འདུ་ཁག་དུས་ཚོད་ངེས་མེད་བར་ཕྱིར་བཤོལ་གནང་བཞིན་ཡོད་ནའང་། ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ཆེས་གལ་ཆེ་བའི་ཉིན་མོ་ཞིག་ཡིན་སྟབས། སྔོན་གྱི་འཆར་གཞི་ལྟར་བཞུགས་སྒར་ཁུལ་དུ་གཞུང་འབྲེལ་མཛད་སྒོ་ཚོགས་གཏན་འཁེལ་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་མ་ཟད། བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་ཏུ་ས་གནས་ཀྱི་གནས་བབ་དང་། ས་གནས་གཞུང་གི་ལམ་སྟོན་འོག་རང་ཉིད་ཀྱི་འཕྲོད་བསྟེན་ལ་བདག་གཅེས་དང་སྔོན་འགོག་གི་ཐབས་ལམ་སྤྱད་པའི་སྒོ་ནས་སྲུང་བརྩི་ཞུ་དགོས་པ་གསུངས་ཡོད་པ་ལྟར། དེང་སྐབས་སྤྱི་ཚོགས་དྲ་ལམ་ཁག་གི་ནང་དུའང་ཚ་ཚ་འུར་འུར་གྱི་སྒོ་ནས་ཏོག་དབྱིབས་རིམས་ནད་དེ་ཁྱབ་བརྡལ་འགྲོ་བཞིན་པར་ལྟོས་མེད་བོད་མི་ཚོས་ནད་ཡམས་དེའི་སྔོན་འགོག་བྱས་པའི་སྒོ་ནས་ལས་འགུལ་ནང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་བཞིན་འདུག་པ་མ་ཟད། བཙན་བྱོལ་བོད་མི་གནས་སྡོད་བྱ་སའི་ས་གནས་ཁག་གི་ཚོགས་པ་སྐྱིད་སྡུག་ནས་ཀྱང་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༡པ་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་གནང་བཞིན་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཚོགས་པ།

ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་རྣམས་ནས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་ཞི་རྒོལ་རྔམ་སྟོན་གནང་བ་དང་། སྐབས་དེར་རྒྱ་གཞུང་གིས་ལྷ་ས་ཕྱོགས་བཞི་མཚམས་བརྒྱད་དུ་དྲག་པོའི་བཀག་རྒྱ་བཏང་སྟེ་བོད་མིའི་ཐོག་བསམ་ཡུལ་ལས་འདས་པའི་དྲག་གནོན་ལག་བསྟར་གྱིས་བོད་མི་མང་པོ་ཚེ་སྲོག་ཤོར་བ་དང་བཙོན་འཇུག་བྱས་ཡོད་སྟབས།  བོད་མིའི་སྒྲིག་འཛུགས་ནས་དུས་ཚིགས་དེ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་སླད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང་། དེ་ཡང་ཁ་སང་ཆུ་ཚོད་ ༡༠ པའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་གཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྲིད་ཞུ་ལས་བྱེད།  དེ་བཞིན་སང་ཉིན་གསུམ་ཅུའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Frantisek Kopriva ལགས་དང་།  ལྕམ་སྐུ་ Dana Balcarova ལགས་བཅས་གཉིས་ནས་མཉམ་ཞུགས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས།  ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་ཚོས་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་གནང་ཏེ།  རྒྱ་གཞུང་གིས་དྲག་པོའི་བཀའ་རྒྱ་བཏང་ནས་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་དང་།  སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ཡོད་པ་དང་ཆབས་ཅིག  ༨༩ སྔ་རོལ་དང་དེ་བཞིན་དེ་རྗེས་སུའང་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པས།  ད་རེས་ང་ཚོ་འདིར་འཛོམས་ནས་ད་བར་བོད་ཀྱི་རྩ་དོན་སླད་ལུས་སྲོག་བློས་གཏོང་གནང་མཁན་གྱི་བོད་མི་རྣམས་བོད་ཁ་བའི་ལྗོངས་སུ་བསྐྱར་དུ་འཁྲུངས་པ་དང་།  ལྷག་པར་དུ་བོད་མིའི་རྩ་དོན་སླད་མུ་མཐུད་སྐུ་ལས་བསྐྱོན་མཁན་ཞིག་བྱུང་བར་ཤོག་ཅེས་སྨོན་ལམ་རྒྱག་རྒྱུ་གཙོ་བོ་དེ་ཡིན་ཞེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་ནད་རིམས་དང་འབྲེལ།   རྒྱ་ནག་ནས་ད་ཆ་ཁྱབ་གདལ་དུ་བྱུང་བའི་ Covid  19 འམ་ཏོག་དབྱིབས་ནད་རིམས་དེ་ད་ཆ་བོད་གཙོས་པའི་རྒྱལ་སྤྱིའི་ཁྱོན་ཡོངས་ནང་ཁྱབ་གདལ་དུ་འགྲོ་བཞིན་ཡོད་སྟབས།  བོད་ནང་གི་བོད་མི་ཁག་གཅིག་ལ་ནད་རིམས་ཕོག་ཡོད་པ་གནས་ཚུལ་ཐོན་པ་བཞིན་ནད་རིམས་ཕོག་པའི་བོད་མི་དེ་དག་མྱུར་ནས་མྱུར་དུ་དྲག་སྐྱེད་བྱུང་བར་ཤོག་ཅེས་གསུངས་གནང་སོང་། གཞན་ཡང་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་གཉིས་ནས་བོད་མིར་གདུང་སེམས་མཉམ་སྐྱེད་སླད་བཞུགས་སྒར་དུ་ཆེད་མངགས་ཕེབས་པར་བསྔགས་བརྗོད་དང་སྦྲགས།  ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་དམ་པ་སྐུ་ཞབས་ Vaclav Havel མཆོག་ནས་༸གོང་ས་མཆོག་ཁུལ་དེར་ཐོག་མར་གདན་འདྲེན་ཞུས་པའི་སྐོར་དང་།  ལྷག་པར་དུ་རྒྱ་གཞུང་གིས་གནོན་ཤུགས་ལ་ལྟོས་མེད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་བཞིན་པའི་སྐོར་སོགས་གསུངས་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་ཕྱི་ལོ་ ༡༩༨༩ ཟླ་བ་ ༣ པའི་ཚེས་ ༨ ཉིན་གྱི་ཞི་རྒོལ་སྐབས་རྐྱེན་འདས་སུ་ཕྱིན་པ་དང་།  བཙོན་འཇུག་བྱས་པ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་རྒྱལ་གཅེས་པ་དེ་དག་ལ་མྱ་ངན་གུས་འདུད་དང་།   གདུང་སེམས་མཉམ་སྐྱེད་སླད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་ཀྱི་ཡོད་པ་དང་།  འདི་ལོ་མཚོན་པ་ཡིན་ན་ ༨༩ དོན་རྐྱེན་བྱུང་ནས་མི་ལོ་ ༣༡ འཁོར་གྱི་ཡོད་པ་རེད།  འདྲ་པར། བོད་མིའི་སྒྲིག་འཛུགས།      

༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་བ།

རྡོར་སེམས་གཉིས་དང་འཇིགས་བྱེད། ༸རྒྱལ་བ་མི་འཁྲུག་པའི་ཆོ་ག་བཅས་གསུང་འདོན་ཐོག་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་སོང་། དེའང་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཡོད་པ་ལྟར། དེ་རིང་བོད་ཟླ་ ༡ ཚེས་ ༡༣ དང་ཕྱི་ཟླ་ ༣ ཚེས་ ༧ ཉིན་གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་དང་སྟབས་བསྟུན་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་ཕྱག་བཏབ་པའི་སྔ་འགྱུར་རྙིང་མའི་དགོན་པ་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་དུ་སྐུ་གདུང་ཞུགས་འབུལ་གནང་ཡོད་པ་རེད། སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཞུ་རྒྱུའི་མཛད་སྒོའི་ཐོག་ལ་ཆེད་དུ་བཅར་བའི་རྙིང་མའི་ཆོས་བརྒྱུད་ཀྱི་མ་དགོན་ཆེ་ཁག་དྲུག་ལས་སྔ་འགྱུར་རྙིང་མའི་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་དེ་བཞིན་མཁན་པོ་གཉིས། ༸དཔལ་ས་སྐྱའི་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག གནས་ཆུང་སྒྲ་དབྱངས་གླིང་གི་གནས་ཆུང་སྐུ་རྟེན་རིན་པོ་ཆེ་མཆོག རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་དགེ་འདུན་གྱི་སྡེ། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག རྙིང་མའི་སྤྱི་འཐུས་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་ཁག་གཅིག དེ་གཞུང་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་ཁག་གཅིག དེ་བཞིན་དད་ལྡན་མང་ཚོགས་ཁྱོན་ ༣༠༠ ལྷག་ཙམ་འདུ་འཛོམས་ཀྱིས་ཕྱག་ལ་མཇལ་དར་བསྣམས་པ་དང་། དེ་བཞིན་དུང་རྒྱ་གླིང་གིས་སྔོན་བསུས་ཏེ་སྔ་འགྱུར་རྙིང་མའི་དགོན་པ་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་དུ་སྐུ་གདུང་གདན་འདྲེན་གཟབ་རྒྱས་ཞུས་སོང་།སྐབས་དེར་ཤར་ཕྱོགས་སུ་འགྱུར་རྙིང་མའི་ལྷུན་གྲུབ་འཆི་མེད་དགའ་ཚལ་གླིང་དང་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྡོར་སེམས་ཀྱི་ཆོ་ག་དང་། ལྷོ་ཕྱོགས་སུ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༸དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་ག ནུབ་ཕྱོགས་སུ་༸དཔལ་བཀའ་བརྒྱུད་ཀྱི་རྒྱ་ར་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༸རྒྱལ་བ་མི་འཁྲུག་པའི་ཆོ་ག དེ་བཞིན་བྱང་ཕྱོགས་སུ་༸དཔལ་ས་སྐྱའི་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོགདབུ་བཞུགས་ཐོག་རྡོར་སེམས་ཀྱི་ཆོ་ག་བཅས་གསུང་འདོན་གནང་ཡོད་པ་རེད།རླུང་འཕྲིན་ཁང་གི་གསར་འགོད་པས་དེ་རིང་རིན་པོ་ཆེ་མཆོག་གི་སྐུ་གདུང་ཞུགས་འབུལ་དང་འབྲེལ་ཏེ། རིན་པོ་ཆེ་དམ་༸གང་ཉིད་ཀྱི་གདུང་སྲས་རྒན་པ་ཨ་བན་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་སྐུ་གདུང་ཞུགས་འབུལ་གནང་གྲུབ་པའི་རྗེས་སུ་གང་གནང་འཆར་ཡོད་པ་སོགས་ཀྱི་ཐོག་ལ་བཀའ་འདྲི་ཁག་གཅིག་ཞུས་ཡོད།གཞི་རྩའི་༸སྐྱབས་རྗེ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་མཆོག་ནི་བོད་ཆོལ་གསུམ་ལས་མདོ་ཁམས་ཁོངས་གཏོགས་ལི་ཐང་དུ་ཕྱི་ལོ་ ༡༩༢༨ ཟླ་ ༡༢ ཚེས་ ༢༩ ཉིན་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་ལོག་བྱུང་རྗེས་བཙན་བྱོལ་དུ་ཕེབས་ཡོད་པ་རེད། ཕྱི་ལོ་ ༡༩༦༡ ཙམ་ནས་གཞུང་ཞབས་ཁོངས་སུ་ཞུགས་ཏེ་སྲི་ཞུ་བའི་ཕྱག་ལས་གནང་མྱོང་ཡོད་པ་རེད། ལྷག་པར་དུ་རིན་པོ་ཆེ་དམ་པ་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྐུ་ཚེ་ཧྲིལ་པོར་ལུགས་གཉིས་ཀྱི་ཐོག་ནས་བསྟན་སྲིད་སྤྱིའི་སླད་དུ་མཛད་བཟང་དུ་མ་བསྐྱངས་མྱོང་ཡོད་པ་རེད།

གསུམ་བཅུའི་དུས་དྲན་ཉིན་གཞུང་གི་ཁྲིམས་སྒྲིག་ལས་འགལ་བའི་ལས་འགུལ་མི་སྤེལ་བའི་འབོད་སྐུལ།

འདི་ལོའི་ཟླ་ ༣ ཚེས་ ༡༠ ཉིན་མོ་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ནས་རྒྱ་དམར་གི་བཙན་གནོན་ལ་ཞི་རྒོལ་གནང་སྟེ་མི་ལོ་ ༦༡ འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཡིན་པ་ལྟར། བལ་ཡུལ་ཀཐ་མན་གྲུ་བོད་མིའི་བདེ་དོན་ལས་ཁང་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུར་བལ་ཡུལ་གཞུང་ནས་ཆོག་མཆན་བཀའ་འཁྲོལ་གནང་སྲོལ་མེད་པར་བརྟེན། ཁུལ་དེར་གནས་བཞུགས་རང་རེའི་བོད་མི་རྣམས་ནས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་དང་འགལ་བའི་ལས་འགུལ་རིགས་མི་སྤེལ་བར་གཞེན་སྐུལ་གནང་འདུག གཞི་རྩའི་བལ་ཡུལ་ནང་རྒྱ་ནག་གིས་གནོན་ཤུགས་སྤྲོད་རྐྱེན་བལ་ཡུལ་གཞུང་ནས་ལོ་ལྟར་འཆར་ཅན་ཁུལ་དེར་གནས་བཞུགས་བོད་མི་རྣམས་ནས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུར་ཆོག་མཆན་བཀའ་འཁྲོལ་གནང་སྲོལ་མེད་པ་ལྟར། ཉེ་ལམ་བལ་ཡུལ་ཀཐ་མན་གྲུ་བོད་མིའི་བདེ་དོན་ལས་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བར་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ཁུལ་དེར་གནས་བཞུགས་རང་རེའི་བོད་མི་རྣམས་ནས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་དང་འགལ་བའི་ལས་འགུལ་རིགས་མི་སྤེལ་བར་གཞེན་སྐུལ་གནང་འདུག་པ་དང་ཆབས་ཅིག དུས་དྲན་གྱི་ཉིན་མཆོད་འབུལ་སྨོན་ལམ་གསུང་འདོན་སོགས་རྣམ་དཀར་དགེ་བའི་ལས་ལ་མངོན་པར་འབད་གནང་ཡོང་བའི་ཡོངས་ཁྱབ་གནང་འདུག རླུང་འཕྲིན་ཁང་ནས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་འབོད་སྐུལ་དེ་བལ་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་གནས་སྟངས་ལ་བརྟེན་ནས་འབོད་སྐུལ་གནང་བ་ཅིག་ཡིན་སྐོར་གསུངས་སོང་། གཞན་ཡང་འདི་ལོའི་ཕྱི་ཟླ་དང་པོའི་ནང་བལ་ཡུལ་དང་རྒྱ་ནག་གཉིས་དབར་གསང་བའི་གྲོས་མཐུན་འདྲ་མིན་ ༢༠ བཞག་ཡོད་པ་དང་། གྲོས་མཐུན་དེའི་ནང་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་འཛུལ་མཁན་རྣམས་རྒྱལ་ཁབ་སོ་སོའི་མཐའ་སྲུང་དམག་མིར་རྩིས་སྤྲོད་བྱ་གཏན་འཁེལ་བ་འཁོད་ཡོད་པ་དང་། གལ་ཏེ་གྲོས་མཐུན་དེ་དངོས་སུ་ལག་བསྟར་གནང་ཚེ་བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་དུ་ཕེབས་མཁན་བོད་མི་ཚོ་ཉིན་གྲངས་བདུན་ནང་ཚུད་རྒྱ་ནག་ལ་ཕྱིར་ལོག་བྱེད་ཉེན་ཡོད་སྟབས་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ད་ཆ་གྲོས་མཐུན་དེ་དངོས་ཡོད་ལག་བསྟར་མི་གནང་བར་ཞུ་སྐུལ་གནང་མུས་ཡིན་པ་གསུངས་ཡོད།

གཞོན་སྐྱེས་ཚོས་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་དགོས།

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གནང་སྟེ་ཚེ་དབང་དངོས་གྲུབ་ལགས་ཀྱིས་དངོས་སུ་ལས་འཁུར་བཞེས་འདུགབོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་བཅས་ལྷན་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་བགྲེས་ཡོལ་དུ་ཕེབས་པ་དང་ལྷན་དུ་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར་ཟུར་པ་ཚེ་དབང་དངོས་གྲུབ་ལགས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་བ་ལྟར་ལས་འཁུར་ཞུས་འདུགགསར་འགོད་པས་ཁོང་ལ་ཚོགས་དྲུང་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ཆེ་ཤོས་ཀྱི་ཐོག་ལ་བཀའ་འདྲི་ཞུས་པར་འཛིན་སྐྱོང་གི་ཕྱག་ལས་སྤྱི་དང་རྩོམ་སྒྲིག རྩིས་ཞིབ། དེ་བཞིན་ལོ་འཁོར་གྱི་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་ལ་མཐུན་འགྱུར་གནང་ཕྱོགས་སོགས་ངོ་སྤྲོད་གནང་སོང་། ཁོང་གིས་ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཕལ་མོ་ཆེ་གཞོན་སྐྱེས་ཆགས་ཡོད་པ་དང་། གཞོན་སྐྱེས་རྣམས་ཀྱིས་རང་གི་ལྷག་བསམ་དང་འཇོན་ཐང་གཞིར་བཞག་གིས་མ་མཐའ་ཡང་ལོ་ངོ་བཅུ་ཙམ་ལ་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་དགོས་པའི་འབོད་སྐུལ་གནང་ཡོད། རྩ་བའི་ཚོགས་དྲུང་གསར་པ་ཚེ་དབང་དངོས་གྲུབ་ལགས་ནི་ཕྱི་ལོ་ ༡༩༦༨ ཟླ་ ༨ ཚེས་ ༡༤ ཉིན་རྡོར་གླིང་དུ་སྐྱེས་འཁྲུངས་ཤིང་། ཀ་སྦུག་གཞི་རིམ་སློབ་གྲྭ་ཐོན་རྗེས་ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༡༨ ནས་གནས་དགུ་པ་གཞོན་དྲུང་གནས་རིམ་ཐོག་ཨོ་རི་ས་ཕུན་ཚོགས་གླིང་བཟོ་གྲྭའི་རྩིས་པར་བསྐོ་གཞག་བྱུང་། དེ་ནས་བཟུང་ད་བར་ལོ་སུམ་ཅུ་ཙམ་རིང་སྦན་ད་ར་མཉམ་འབྲེལ་གྱི་རྩིས་པ་དང་། དྷ་ས་བདེ་དོན་ལས་ཁུངས་ཀྱི་ལས་དྲུང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ལས། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་པ། ཤེས་རིག་ལས་ཁུངས་ཀྱི་རྩིས་ཁང་འགན་འཛིན། སྦེལ་ཀོབ་ལུགས་བསམ་ས་གནས་མགོ་འཛིན། ལྡི་ལི་བོད་སློབ་འཛིན་ཚོགས་འཛིན་སྐྱོང་རྩིས་ལེན་གྱི་ལས་གཞིའི་ཟུང་དྲུང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་འཕར་བཅས་ཀྱི་ཕྱག་ལས་གནང་ཡོད་པ་རེད།

རྒྱ་ནག་གིས་བོད་ཁུལ་དུ་བཙན་ཤེད་ཀྱིས་སྐད་གཉིས་ཀྱི་སློབ་གསོ་ལག་བསྟར་བྱེད་བཞིན་པའི་སྙན་ཐོ།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་རིང་ལ་བོད་རང་སྐྱོང་ལྗོངས་ཀྱིས་གཙོས་པའི་བོད་ཁུལ་གྱི་ས་གནས་གང་སར་སྐད་གཉིས་སློབ་གསོའི་སྲིད་བྱུས་གཏན་འབེབས་ཀྱིས་བོད་རིགས་སློབ་མ་རྣམས་ནས་བོད་སྐད་བོད་ཡིག་ཐོག་སློབ་སྦྱོང་གནང་རྒྱུའི་ཁོར་ཡུག་ལ་བཀག་སྡོམ་བྱེད་ཀྱི་ཡོད་པར་མངོན་གསལ་གནང་འདུག ཨ་རི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཁ་སང་བོད་ནང་གི་སྐད་གཉིས་སློབ་གསོའི་ཐད་ནས་སྙན་ཐོ་ཤོག་གྲངས་ ༩༡ ཅན་ཞིག་སྤེལ་བར་རྒྱ་ནག་གཞུང་གི་སྐད་གཉིས་སློབ་གསོའི་སྲིད་བྱུས་འོག་བོད་ཁུལ་དུ་གྲངས་ཉུང་མི་རིགས་མཐུན་སྒྲིལ་ཁ་ལ་ཁྱེར་ཏེ་བུ་བཅོལ་ཁང་གི་བྱིས་པ་ལོ་ ༣ ལོན་པ་ཚོ་ཚུན་ཆད་ལ་བཙན་གྱིས་སྐད་གཉིས་སློབ་གསོ་ཟེར་བ་ལག་བསྟར་བྱེད་མགོ་བཙུགས་ཡོད་སྐོར་བསྒྲགས་ཏེ་བོད་ཁུལ་དུ་བུ་བཅོལ་ཁང་དང་མཉམ་བསྲེས་འཛིན་གྲྭ་སོགས་བཙུགས་ནས་བོད་རིགས་བྱིས་པ་ཚོས་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་ཧ་ཅང་ཇེ་ཉུང་དུ་གཏོང་བཞིན་ཡོད་པར་ཡོངས་གྲགས་གནང་འདུགའགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཐོག་གི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱ་ནག་གི་སློབ་གསོའི་སྲིད་བྱུས་ནི་སློབ་གསོ་དམིགས་འབེན་དུ་བཟུང་བ་ཞིག་མིན་པར་ཆབ་སྲིད་ཀྱི་ཀུན་སློང་ཡོད་པ་ཞིག་རེད། རྒྱ་གཞུང་གིས་བོད་མི་ཚོར་བོད་ཀྱི་སྐད་ཡིག་གི་བསླབ་གཞི་མཁོ་སྤྲོད་བྱེད་རྒྱུའི་རྒྱལ་སྤྱིའི་ཁྲིམས་སྲོལ་དེར་རྡོག་རོལ་གཏོང་གི་ཡོད་པ་རེད་ཅེས་སྐྱོན་སྐྱོན་ཤུགས་ཆེ་གནང་བ་དང་སྦྲགས། རྒྱ་ནག་གི་བཙན་ཤེད་རང་བཞིན་གྱི་སྐད་གཉིས་སློབ་གསོ་ཁྱབ་སྤེལ་དེ་ནི་རྒྱ་ནག་གིི་རྩ་ཁྲིམས་དང་འགལ་བར་མ་ཟད།  མི་རིགས་གང་ཞིག་གིས་རང་སྐད་གཙོར་འཛིན་བྱེད་དགོས་པའི་རྒྱལ་སྤྱིའི་ཁྲིམས་ཡིག་དང་ཡང་འགལ་ཡོད་པར་ལུང་འདྲེན་གྱིས་སྐད་གཉིས་སློབ་གསོ་ལམ་ལུགས་འདི་ནི་མི་རིགས་མཐུན་སྒྲིལ་གྱི་ཐབས་ཤིག་མིན་པར་མ་ཟད་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཐད་ནས་ཀྱང་ཁས་ལེན་བྱེད་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུགགཞི་རྩའི་རྒྱ་ནག་གིས་ལོ་རབས་ ༨༠ ནས་བཟུང་མི་རིགས་ས་ཁུལ་གང་སར་སློབ་གསོའི་ལམ་ལུགས་དེ་བཙན་བཀའ་བཏང་ཟིན་ཡོད་པར་ལུང་འདྲེན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་ཆུང་ཁག་གི་ནང་ཕྱི་ལོ་ ༢༠༡༩༌༌༢༠༢༠ ལོ་བར་གྱི་ལོ་འཁོར་སློབ་དུས་སུ་རྒྱའི་སྐད་ཡིག་གཙོ་གཉེར་གྱི་བསླབ་གཞི་མགོ་འཛུགས་དགོས་པའི་སྲིད་བྱུས་ངོ་སྤྲོད་བྱས་ཟིན་ཡོད་པ་དང་།  ཕྱི་ལོ་ ༢༠༡༧ ནང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་ཁུལ་དུའང་གཅིག་མཚུངས་ཀྱི་ངོ་སྤྲོད་བྱས་ཡོད་པར་མ་ཟད་བོད་རིགས་ས་ཁུལ་གཞན་དུའང་གོང་གསལ་སྲིད་བྱུས་དེ་ལྟ་བུ་མི་འགྱངས་པར་ངོ་སྤྲོད་བྱ་སྲིད་སྐོར་བཀོད་འདུགགཞན་ཡང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཁུལ་དུ་ཕྱི་ལོག་གི་རང་དབང་ལྡན་པའི་རྟོག་ཞིབ་པ་གཅིག་ཀྱང་གཏོང་གི་མེད་ཀྱང་།  སྔར་ལོ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གི་ས་བགོས་བྱས་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཀྱི་ནག་ཆུ་ས་ཁུལ་དུ་གྲོང་ཚོ་དྲུག་གི་ནང་སྐད་གཉིས་སློབ་གསོའི་ཐད་ནས་ཁུལ་དེའི་ཕ་མ་དང་དགེ་རྒན་ཁག་ཅིག་ལ་འདྲི་གཅོད་བྱེད་རྒྱུའི་གོ་སྐབས་བྱུང་བ་ལྟར་ན།  སྔར་ལོ་ནས་བཟུང་ཁུལ་དེར་སློབ་ཁྲིད་ཀྱི་མ་སྐད་གཙོ་བོ་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་ཡོངས་གྲགས་གནང་སྟེ་རྒྱ་ནག་གི་བྱེད་བབ་དེ་ནི་ཕྱི་ནང་གི་ཁྲིམས་སྒྲིག་མང་པོ་ཞིག་ལ་འགལ་གྱི་ཡོད་སྟབས། རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ངེས་པར་དུ་གནད་དོན་འདིའི་ཐོག་གླེང་སློང་གནང་དགོས་པའི་སྐུལ་མ་གནང་འདུགགཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྙན་ཐོ་འདི་ནི་བོད་ཁུལ་གྱི་དགེ་རྒན་དང་ཕ་མ། དེ་བཞིན་ཤེས་ཡོན་ཅན་དང་ལས་བྱེད་ཟུར་བ། བོད་མི་རྣམས་ཀྱིས་རྒྱ་ནག་ལ་སྐད་གཉིས་སློབ་གསོའི་ཐད་ནས་སྙན་ཞུ་ཕུལ་བ་སོགས་ལ་གཞིར་བཞག་ནས་ཆེད་འདོན་གནང་བ་ཅིག་ཡིན་པ་དང་།  སྐད་གཉིས་སློབ་གསོ་ཟེར་བ་དེ་ནི་དོན་དངོས་སུ་བོད་ཁུལ་དུ་རྒྱ་ནག་སྲིད་གཞུང་གི་དྲིལ་བསྒྲགས་ལ་སློབ་སྦྱོང་བྱེད་རྒྱུ་དང་། བོད་མི་རྣམས་རང་གི་སྐད་དང་ཡི་གེ་ལས་ཐག་རིང་དུ་གཏོང་རྒྱུའི་སྲིད་བྱུས་ཤིག་ལ་ངོས་འཛིན་གནང་གི་ཡོད་པ་རེད།

སུད་སི་ནང་གི་བོད་མི་སྐྱབས་བཅོལ་བ་ཚོར་གཏན་སྡོད་ཀྱི་ངལ་བ་མུ་མཐུད་འཕྲད་བཞིན་པ།

སུད་སི་སྦན་གཞུང་ནས་ཁུལ་དེའི་བོད་མི་སྐྱབས་བཅོལ་བ་ ༢༢ སྐོར་ཞིག་ལ་ས་གནས་སུ་གཏན་སྡོད་ཆོག་པའི་ཞུ་གཏུག་སྙན་ཞུར་ངོས་ལེན་གནང་མེད་པའི་གནས་ཚུལ་ཞིག་བྱུང་འདུགའདས་པའི་ངོ་བཅུ་ལྷག་གི་ནང་ཡོ་རོབ་རྒྱལ་ཁབ་སུད་སི་གཙོ་བོ་འགྱུར་པའི་ཡོ་རོབ་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་འབྱོར་མཁན་གྱི་བོད་མིའི་གྲངས་འབོར་ཇི་ཆེར་སོང་ཡོད་པ་དང་། དེ་མཚུངས་སུ་རྒྱལ་ཁབ་དེ་དག་ནང་འབྱོར་བའི་བོད་མི་སྐྱབས་བཅོལ་བ་ཚོར་ཡིག་ཆ་མ་རག་པའི་དཀའ་ངལ་རིམ་པ་འཕྲད་བཞིན་པའི་གནས་ཚུལ་འཐོན་མུས་ཡིན་པ་རེད། དེ་དག་ཁྲོད་ནས་ཡོ་རོབ་རྒྱལ་ཁབ་སུད་སི་ལྟ་བུར་ཆ་མཚོན་ན་བོད་མི་མང་པོ་ཞིག་ས་གནས་འདྲ་མིན་དུ་ཁ་འཐོར་ནས་གནས་ཡོད་སྟབས། ད་ལྟའི་ཆར་ཡིག་ཆ་ནག་པོ་ཆགས་པའི་བོད་མི་སྐྱབས་བཅོལ་བའི་གྲངས་འབོར་ཇི་ཆགས་གཏན་འཁེལ་བ་ཞིག་བརྗོད་ཐུབ་རྒྱུར་དཀའ་བར་བརྟེན་རླུང་འཕྲིན་ཁང་གིས་སུད་སི་བོད་མི་སྐྱབས་བཅོལ་ཚོགས་པ་བརྒྱུད་ནས་གྲངས་འབོར་གང་ཡིན་རྒྱུས་ལོན་ཞུས་པར་གཞིགས་ཚེ་ད་དུང་བོད་མི་ ༣༠༠ སྐོར་ཞིག་ལ་ཡིག་ཆ་མ་རག་པའི་གནས་སྟངས་འོག་ལྷག་ཡོད་པ་ཤེས་རྟོགས་བྱུང་བར་མ་ཟད། དེ་དག་ཁྲོད་ནས་ལོ་ན་ཆུང་ཤོས་བྱིས་པ་ལོ་ ༡ མ་སོན་པ་དང་ལོ་ན་རྒན་ཤོས་ལོ་ ༥༠ ཡས་མས་ཤིག་ཆགས་ཀྱི་འདུག་ཅིང་། བོད་མི་དེ་དག་ལས་མང་ཆེ་བ་ནི་ཡིག་ཆ་མ་རག་ནས་ལོ་བདུན་དང་བརྒྱད་ཕྱིན་པ་ཤ་སྟགས་ཆགས་ཀྱི་འདུག རྩ་བའི་ཕྱི་ལོ་ ༢༠༡༧ ལོར་སུད་སི་ཕྱི་མི་ཞིབ་དཔྱོད་དོ་དམ་ལས་ཁུངས་ནས་བོད་མི་སྐྱབས་བཅོལ་ཞུ་མཁན་ ༣༠༠ ཡས་མས་ཤིག་ལ་སྐྱབས་བཅོལ་གྱི་ཐོབ་ཐང་གནང་རྒྱུའི་ཆ་རྐྱེན་ཚང་མེད་པར་བྲཏེན་རང་གནས་སུ་ཕྱིར་ལོག་དགོས་ཞེས་བརྡ་ལན་གནང་བའི་གནས་ཚུལ་བྱུང་ཡོད་པ་རེད། དེས་ན་བོད་མི་སྐྱབས་བཅོལ་བ་དེ་དག་ནས་ད་ལྟའི་ཆར་སུད་སི་ཁྲིམས་ཐོག་ནང་གསལ་བའི་ Härtefallgesuche ཞེས་པའི་ཁྲིམས་མཐུན་ཐོབ་ཐང་གི་མིང་ཐོག་ནས་སུད་སིར་གཏན་སྡོད་ལག་འཁྱེར་ཞུ་བཞིན་ཡོད་པ་རེད། འོན་ཀྱང་དེའི་ཁྲོད་ནས་ཉེ་ཆར་སུད་སི་སྦན་གཞུང་ནས་ཁུལ་དེའི་བོད་མི་སྐྱབས་བཅོལ་བ་ ༢༢ སྐོར་ཞིག་ལ་ས་གནས་སུ་གཏན་སྡོད་ཆོག་པའི་ཞུ་གཏུག་སྙན་ཞུར་ངོས་ལེན་གནང་མེད་པའི་གནས་ཚུལ་ཞིག་བྱུང་འདུག གསར་འགོད་པས་ད་རེས་སྦན་གཞུང་གིས་ས་གནས་སུ་གཏན་སྡོད་ལག་འཁྱེར་ཞུ་གཏུག་གནང་མཁན་བོད་མི་ཚོའི་ཐོག་གནང་བའི་ཐག་གཅོད་དང་གནད་དོན་སྤྱི་དང་སྒོས་ད་ལྟའི་ཆར་སུད་སི་ནང་བོད་མི་སྐྱབས་བཅོལ་བ་ཡིག་ཆ་མེད་པ་རྣམས་ཀྱི་གནས་བབ་སྐོར་ལ་བོད་མི་སྐྱབས་བཅོལ་ཚོགས་པའི་ཚོགས་གཙོ་ཤེས་ལེགས་ཚང་འཕྲིན་ལས་རྒྱལ་མཚན་ལགས་སུ་དམིགས་བསལ་བཅར་འདྲི་ཁག་གཅིག་ཞུས་ཡོད།

ས་བྱི་ལོའི་ཞི་རྒོལ་སྐབས་ཀྱི་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་ཞུ་སྐུལ།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས།  སྤྱི་ལོ་ ༢༠༠༨ ཀྱི་ས་བྱི་ལོའི་ཞི་རྒོལ་ཁྲོད་ནས་རྒྱ་ནག་གིས་གང་བྱུང་འཛིན་བཟུང་བྱས་པའི་དོན་རྐྱེན་ ༨༠ ལྷག་ཕྱོགས་བསྒྲིགས་ཀྱིས། སྐབས་དེར་འཛིན་བཟུང་བྱས་པའི་མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ནས་ཤི་གསོན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོག་མེད་པར་གྱུར་ཡོད་པས་རྒྱ་ནག་གིས་བཙོན་པ་དེ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ཞུ་སྐུལ་གནང་འདུག ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་ས་ཕྱིའི་ཞི་རྒོལ་དང་འབྲེལ་ནས་མ་ཉེས་ཁག་གཡོགས་ཀྱིས་འཛིན་བཟུང་བྱས་པ་རྣམས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་ཐབས་མེད་པར་ལུང་འདྲེན་གྱིས་བོད་ནང་དུ་སྐབས་དེར་འཛིན་བཟུང་བྱས་པ་རྣམས་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཕྱི་ལ་བཤད་པ་ཡིན་ན། བཤད་མཁན་དེ་ཡང་རྒྱ་ནག་གིས་འཕྲལ་དུ་འཛིན་བཟུང་བཙོན་འཇུག་བྱེད་རྒྱུའི་ཉེན་ཁ་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས་ཁྲིམས་ཆད་བཅད་པའི་གནས་ཚུལ་ཁ་ཤས་ལས་ཕྱིར་བསྒྲགས་བྱས་མེད་སྟབས།  འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཐེངས་འདིར་ཆབ་སྲིད་བཙོན་པ་བརྒྱད་ཅུའི་མིང་འདོན་བྱས་པ་དེ་ནི་ས་གནས་ཀྱི་གནས་ཚུལ་ལས་མཁོ་སྒྲུབ་བྱས་པ་ཞིག་ཡིན་ཚུལ་བསྒྲགས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་གོང་གི་གནས་ཚུལ་དེ་དང་འབྲེལ་ཏེ་རྒྱ་ནག་སྲིད་གཞུང་གིས་བོད་མི་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་བའི་ཞི་བའི་སྐད་འབོད་ཙམ་བྱས་པ་ཡོད་ཚད་ཀྱང་འཛིན་བཟུང་གིས་ལོ་མང་གི་རིང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་ལུང་འདྲེན་གནང་སྟེ། རྒྱ་ནག་གིས་ཁོང་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་བ་མ་ཟད། ཁོང་ཚོར་མ་ཉེས་ཁག་གཡོགས་ཀྱིས་འཛིན་བཟུང་བཙོན་འཇུག་བྱེད་མཁན་རྣམས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ཉེན་བརྡ་བཏང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པའི་ནང་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་རྣམས་ཀྱི་ནང་མི་ལ་བཀག་སྡོམ་བྱས་ཏེ་ཁོང་ཚོར་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་། བཙོན་པ་མང་པོ་ཞིག་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། བཙོན་ཁང་དུ་བཙོན་པ་མང་པོ་ཞིག་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་པ་དང་ལུས་ཁམས་ཀྱི་འཕྲོད་བསྟེན་གྱི་ཆ་ནས་སྨན་བཅོས་ཀྱི་མཐུན་རྐྱེན་གཅིག་ཀྱང་སྦྱོར་གྱི་མེད་པར་བརྟེན་བཙོན་པ་མང་པོ་བཙོན་འཇུག་གི་དུས་ཡུན་མ་རྫོགས་གོང་མྱུར་སྐྱོབ་ཀྱི་སྨན་ཁང་དུ་འགྲོ་བཞིན་ཡོད་པ་སོགས་ཀྱི་གནད་དོན་འགྲེལ་བརྗོད་ཀྱིས་བཙོན་པ་སྤྱི་ཡོངས་ཀྱི་འཕྲོད་བསྟེན་གྱི་ཆ་ནས་སེམས་ཁྲལ་ཡོད་པར་ཡོངས་གྲགས་གནང་འདུག དེ་བཞིན་རྒྱ་ནག་གིས་བོད་མི་ཞི་རྒོལ་བ་མང་པོ་གང་བྱུང་འཛིན་བཟུང་བྱས་པ་རྣམས་ལ་ཁྲིམས་བཤེར་བྱས་མེད་པ་མ་ཟད། ཁོང་ཅག་གི་ཉེས་བ་ཅི་ཞིག་བསགས་ཡོད་པ་སོགས་ཀྱང་གསལ་ཁ་མེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་སྤྲོད་བཞིན་པ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་པ་སོགས་ཀྱི་མ་ཉེས་ཁག་གཡོགས་ཀྱི་ནག་ཉེས་བཀལ་ཡོད་པ་ལས་ནག་ཉེས་དེ་དག་ལ་ཁུངས་ཐུབ་རང་བཞིན་གྱི་དཔང་རྟགས་གཅིག་ཀྱང་མེད་པར་བསྒྲགས་འདུག ས་བྱི་ལོའི་ཞི་རྒོལ་གྱི་ཁྲོད་དུ་འབྲས་སྤུངས་དགོན་གྱི་མཁས་དབང་དང་དགེ་རྒན་འཇམ་དཔལ་དབང་ཕྱུག་ལགས།  དཀོན་མཆོག་ཉི་མ་ལགས་དང་ངག་དབང་ཆོས་ཉིད་ལགས་བཅས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཅག་དངོས་སུ་ཞི་རྒོལ་གྱི་ནང་དུ་ཞུགས་མེད་ནའང་ཁོང་ཚོས་དགོན་པའི་ནང་གི་ཞི་རྒོལ་ལ་སྔོན་འགོག་བྱེད་མ་ཐུབ་པར་བསྙད་ནས་འཛིན་བཟུང་བྱས་ཏེ། སྤྱི་ལོ་ ༢༠༡༠ ལོར།  ཁོང་ཅག་ལ་ལོ་༡༥ དང་ ༢༠ ཁྲིམས་ཐག་བཅད་ཡོད་པ་ཡང་ཡོངས་གྲགས་གནང་འདུག གཞན་ཡང་ས་ཕྱི་ལོའི་ཞི་རྒོལ་དང་འབྲེལ་ནས་ལྷ་ས་ཁུལ་དང་རྔ་བ་ཁུལ་དུ་བོད་མི་མང་པོ་ཉེས་མིང་སྣ་ཚོགས་ཀྱི་འོག་ནས་འཛིན་བཟུང་བྱས་ནས་ཁྲིམས་ཐག་བཅད་ཡོད་པ་ལུང་འདྲེན་གྱིས།  སྤྱིོ་ལོ་ ༢༠༡༩ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་སྐབས་སུ། རྒྱ་ནག་གིས་བཙོན་ཁང་ནང་གི་བཙོན་པའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ཀྱི་རང་དབང་སོགས་ལ་བརྩི་བཀུར་ཞུ་རྒྱུར་ངོས་ལེན་བྱས་ཡོད་ནའང་།  ད་ཆ་རྒྱ་ནག་གི་སྐབས་དེར་ཁས་ལེན་བྱས་པ་རྣམས་བོད་ཁུལ་དུ་ལག་བསྟར་དོན་འཁྱོལ་བྱེད་ཀྱི་མེད་ལུགས་ཀྱི་སྐྱོན་བརྗོད་བྱས་འདུག ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། རྒྱ་ནག་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་དང་ཁ་བྲལ་རིང་ལུགས་སོགས་ཀྱི་ཉེས་མིང་འོག    ཞི་བའི་འཐབ་རྩོད་བྱེད་མཁན་རྣམས་འཛིན་བཟུང་བཙོན་འཇུག་བྱེད་རྒྱུ་མཚམས་འཇོག་དགོས་བ་དང་། རྒྱ་ནག་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་བ་རྣམས་བོད་ཁུལ་དུ་སྐྱོད་ནས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུའི་ཆོག་མཆན་སྤྲོད་དགོས་བ་དང་།  རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་སྐབས་སུ་ཁས་ལེན་བྱས་པའི་གནད་དོན་ཁག་ལ་བརྩི་བཀུར་ཞུ་དགོས་བའི་ཉེན་བརྡ་བཏང་འདུག

བོད་ནི་རྒྱལ་སྤྱིའི་ཁྲོད་ནས་རང་དབང་ཆེས་ཞན་ཤོས་ཀྱི་ས་ཁུལ་གཉིས་བ་ཡིན་པར་མངོན་གསལ།

ཁ་སང་། ཨ་རིའི་རང་དབང་ཁང་པས་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ཀྱི་རྨང་གཞིའི་སྒང་ནས་རྒྱལ་ཁབ་༡༩༥ ཙམ་ལ་རྟོག་ཞིབ་བྱས་པའི་ཁྲོད།  བོད་ནི་འཛམ་གླིང་ནང་གི་རང་དབང་ཆེས་ཞན་ཤེས་ཀྱི་ས་ཁུལ་གཉིས་བ་དེ་ཡིན་པར་མངོན་གསལ་གནང་འདུག རང་དབང་ཁང་པས་ངོས་ནས།  རྒྱལ་ཁབ་ ༡༩༥ དང་དམིགས་བསལ་གྱི་ས་ཁུལ་ ༡༥ ལྷག་གི་སྤྱི་དམངས་ཀྱི་ཐོབ་ཐང་དང་ཆབ་སྲིད་ཀྱི་ཐོབ་ཐང་སོགས་ལ་རྟོག་ཞིབ་བྱས་པའི་མཇུག་འབྲས་སུ།   འབངས་གྱེན་ལོག་གི་དམག་འཐབ་ཆེས་ཆེ་སའི་རྒྱལ་ཁབ་ Syria ཡི་རྗེས་ནས།  བོད་ནི་རྒྱལ་སྤྱིིའི་ཁྲོད་ནས་རང་དབང་ཆེས་ཞན་ཤོས་ཀྱི་ས་ཁུལ་གཉིས་བ་དེ་ཡིན་པར་བསྒྲགས་འདུག ཐེངས་འདིའི་རང་དབང་ཁང་པའི་རྟོག་ཞིབ་ཀྱི་ཁྲོད་དུ།  སྤྱི་དམངས་ཀྱི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་གཉིས་གཙོར་བཟུང་བྱས་ཡོད་པའི་ཁྲོད་དུ། བོད་ཁུལ་དུ་ཆབ་སྲིད་ཐོབ་ཐང་གི་སྐར་གྲངས་ ༤༠ ལས་ཀོར་ཐིག་མན་གྱི་གྲངས་ཆུང་ ༢ དང་།  སྤྱི་དམངས་ཀྱི་ཐོབ་ཐང་སྐར་གྲངས་ ༦༠ ལས་གྲངས་ཆུང་ ༣ ལས་ཐོབ་མེད་པར་བརྟེན། སྤྱི་ཡོངས་ཀྱི་བརྒྱ་ཆ་ ༡༠༠ ནས་བརྩིས་བ་ཡིན་ན། ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་ལས་བརྒྱ་ཆ་ ༡ ལས་མ་རག་པར་འཛམ་གླིང་ནང་གི་རང་དབང་དང་ཐོབ་ཐང་ཆེས་ཞན་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་ཕྱིར་བསྒྲགས་གནང་ཡོད་པ་རེད། གཞན་ཡང་རང་དབང་ཁང་པའི་སྙན་ཐོའི་ནང་དུ།   རྒྱ་ནག་ནི་རང་རྒྱལ་དུ་མི་མང་གི་ཐོག་དྲག་སྤྱོད་སྤེལ་མཁན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་ལུང་འདྲེན་གྱིས།  འདི་ལོར་ཡུ་གུར་རྒན་དར་གཞོན་གསུམ་ས་ཡ་གཅིག་ཙམ་བཀག་སྐྱིལ་གྱིས་ཁོང་ཅག་གི་གཞི་རྩའི་ཐོབ་ཐང་ལ་ཚད་ལས་བརྒལ་བའི་རྡོག་རོལ་བཏང་ཡོད་པ་མ་ཟད། ཁོང་ཅག་གི་རིག་གཞུང་རྩ་གཏོར་གྱིས་མི་རིགས་ཀྱི་བསམ་བློ་བཅོས་བསྒྱུར་གཏོང་གི་ཡོད་པ་ཡོངས་གྲགས་གནང་སྟེ།  རྒྱ་ནག་དམར་ཤོག་གཞུང་དེ་འཛམ་གླིང་ནང་གི་རང་དབང་འཕྲོག་མཁན་གྱི་རྒྱལ་ཁབ་སྡུག་ཤོས་ ༡༥ ནང་ཚུད་དུ་ལྷུང་ཡོད་པ་ཡོངས་གྲགས་གནང་བ་དང་སྦྲགས།    རྒྱ་ནག་ནི་མི་རིགས་རྩ་མེད་གཏོང་མཁན་གྱི་རྒྱལ་ཁབ་ ༡༡་ཀྱི་ཁོངས་ཀྱི་གཅིག་ཀྱང་ཆགས་ཡོད་པར་འཁོད་འདུག ཨ་རིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཐེངས་འདིའི་རང་དབང་ཁང་བའི་སྙན་ཐོ་དང་འབྲེལ་ནས།  རྒྱ་ནག་གི་དབང་ཤེད་ཀྱི་འོག་ཏུ། བོད་ནི་རྣམས་ལ་གཞི་རྩའི་རང་དབང་གཅིག་ཀྱང་མེད་པར་འགྲེལ་བརྗོད་ཀྱིས།  བོད་མི་རྣམས་ཀྱིས་རང་དབང་གི་ཐོག་ནས་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མེད་པ་དང་། དེ་བཞིན་སྲོལ་རྒྱུན་གྱི་རིག་གཞུང་གི་བྱ་འགུལ་དུ་ཡང་ཞུགས་ཆོག་གི་མེད་པ།  གཞན་ཡང་ཞི་བའི་ཐོག་ནས་རྒྱ་ནག་གི་བཙན་གནོན་ལ་རྣམ་འགྱུར་རྣམ་ཙམ་ཡང་སྟོན་ཆོག་གི་མེད་པར་འགྲེལ་བརྗོད་གནང་འདུག

Latest news