Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་སྤེལ་མིང་འོག་མི་བདུན་བཀག་བསྐྱིལ།

བོད་ཆབ་མདོ་ནང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་མི་བརྒྱད་ལ་ཆབ་སྲིད་སློབ་གསོ་སྤྲད་པ་དང་བདུན་བཀག་བསྐྱིལ་བྱས་འདུག ཟླ་ ༢ ཚེས་ ༦ ཉིན་མི་དམངས་དྲྭ་བ་ཞེས་པའི་བོད་ནང་གི་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་རིམས་ནད་འགོག་ཐབས་དང་འབྲེལ་བའི་བརྡ་ཁྱབ་བཏང་བའི་ནང་རིམས་ནད་དང་འབྲེལ་བའི་གནས་ཚུལ་རྫུན་མ་དང་དཀྲོག་གཏམ་རིགས་སྤེལ་མི་ཆོག་པ་ནན་པོར་བརྗོད་བྱས་ཡོད་པ་ལྟར། ཆབ་མདོའི་ཉེན་རྟོག་པས་དྲྭ་ཐོག་ཏུ་རིམས་ནད་དང་འབྲེལ་བའི་དཀྲོག་གཏམ་དང་ཆ་འཕྲིན་ ༧༥ ཤེས་རྟོགས་བྱུང་བ། ཁྲིམས་ལྟར་མི་བདུན་བཀག་ཉར་བྱས་པ་མ་ཟད་མི་བརྒྱད་ལ་སློབ་གསོ་སྤྲོད་བཞིན་ཡོད་པ་འཁོད་འདུག ཉེ་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཆབ་མདོར་མི་ ༧ འཛིན་བཟུང་བྱས་པའི་ཁོངས་ནས་བོད་མི་རྡོ་རྗེ་ལགས་ཀྱིས་དེང་སྐབས་རིམས་ནད་འགོས་ཁྱབ་ཤུགས་ཆེ་འགྲོ་བཞིན་པ་ལྟར་ཚང་མས་༸རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་འདོན་ན་ཕན་ཐོགས་ཡོད་ལུགས་རང་ཉིད་སྒེར་གྱི་སྐད་འཕྲིན་སྟེང་བརྒྱུད་བསྐུལ་བྱས་པར་བརྟེན་སྟེང་ཆེན་རྫོང་སྤྱི་བདེ་མི་སྣས་བོད་མི་དེ་དཀྲོག་གཏམ་སྤེལ་མིང་འོག་བཀག་བསྐྱིལ་བྱས་ཡོད་སྐོར་འཁོད་འདུག སྤྱིར་ད་ལྟ་རྒྱ་ནག་ནང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཁྱབ་བརྡལ་ཕྱིན་པའི་ཆེས་ཛ་དྲག་གི་གནས་སྟངས་ཁྲོད་དེ་རིང་ CNR བརྒྱུད་ལམ་གྱི་བོད་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་དེ་རིང་ཕྱི་ཚེས་ ༡༠ ཉིན་སྔ་དྲོ་བར་རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་ནད་ཡམས་གསར་པ་འགོས་པའི་ནད་པ་ཁྲི་བཞི་བརྒལ་བ་དང་དོགས་ཡོད་ནད་པ་ཁྲི་གཉིས་བརྒལ་བ། དེ་བཞིན་མི་ ༩༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ། དེའི་ཁྲོད་ཀྱི་བོད་ཀྱི་ས་ཁུལ་ཁག་ཏུ་བལྟས་ཚེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དེ་སྔ་རིམས་ནད་ཕོག་པའི་མི་གཅིག་ཡོད་པ་དེ་རང་འཇགས་གནས་ཡོད་པ་དང། དེ་མིན་རྒྱ་གཞུང་གིས་དབྱེ་བའི་བོད་ས་ཁུལ་གྱི་ཞིང་ཆེན་ཁག་གི་ཁོངས་ནས་ཟི་ཁྲོན་ཞིང་ཆེན་ནང་རིམས་ནད་ཕོག་པའི་ནད་པ་ཁྱོན་ ༤༠༥ ཡོད་པ་དང་དེའི་ཁོངས་ནས་བོད་མི་འབོར་ཆེན་སྡོད་སའི་དཀར་མཛེས་ནང་ད་ཆ་རིམས་ནད་ཕོག་པ་ ༢༣ དང་རྔ་བ་ནང་ ༡ མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནང་ནད་པ་ ༡༥ མཚོ་བྱང་ཁུལ་དུ་ ༣ དེ་བཞིན་ཀན་སུའུ་ཞིང་ཆེན་ནང་ནད་པ་ ༨༣ ཡོད་པའི་ཁོངས་ནས་ཀན་ལྷོ་ཁུལ་དུ་ནད་པ་ ༦ ཡུ་ནན་ཞིང་ཆེན་ནང་ནད་པ་ ༨༣ ཡོད་པ་བཅས་མངོན་གསལ་གནང་འདུག དེ་རིང་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ངོ་དེབ་བརྒྱུད་བོད་ནང་གི་གནས་ཚུལ་ཡོངས་གྲགས་གནང་བར་དཀར་མཛེས་ཁུལ་དུ་རིམས་ནད་ཕོག་པ་ ༢༣ ཡོད་པའི་ཁོངས་ནས་ ༡༨ ཙམ་ཏྭའུ་རྫོང་ནང་ཡོད་པ་དང། ས་གནས་སུ་ད་ཆ་རིམས་ནད་འགོས་ཁྱབ་མི་ཡོང་བའི་སྔོན་འགོག་ཆེད་ཁ་རས་སོགས་ཀྱི་མཐུན་རྐྱེན་མི་གདངས་བའི་དཀའ་འཕྲད་བཞིན་པ་ལྟར། ཁུལ་དེའི་གསེར་ཁ་ཡུལ་ཤོག་གི་ཉི་འོད་བཤད་སྒྲུབ་བསྟན་པའི་ཆོས་གླིང་གི་དགེ་འདུན་པ་ཁག་ཅིག་གི་རྐང་འགན་འཁུར་ཐོག་དངུལ་བསྡུ་རུབ་གནང་སྟེ་ཁ་རས་ཀྱི་རྒྱུ་ཆ་ཉོ་སྟེ་གྲྭ་བཙུན་ ༦ དང་མི་སྐྱ་ལྔས་ཉིན་བདུན་ཙམ་གྱི་རིང་ལ་ཕྱག་ལས་གནང་བ་དང་འབྲེལ། ཁ་རས་ཁྱོན་ ༢༥༠༠ ལྷག་ཙམ་ཞིག་བཟོ་བསྐྲུན་གནང་སྟེ་ཉེ་འཁོར་གྱི་ས་ཁུལ་ཁག་ལ་རིན་མེད་ཐོག་བགོས་འགྲེམས་གནང་འདུག ཏོག་དབྱིབས་གློས་ཚད་རིམས་ནད་དེ་རྒྱ་ནག་གི་ཕྱི་ཕྱོགས་སུའང་འགོས་ཁྱབ་ཕྱིན་པའི་ཁྲོད་ད་བར་རྒྱལ་ཁབ་གཞན་ ༢༧ ཙམ་གྱི་ནང་ནད་ཕོག་པའི་ནད་པ་ཁྱོན་ ༤༠༠ ཙམ་ཐོན་ཡོད་པ་རེད། གྲོང་ཁྱེར་ནང་རིམས་ནད་ཕོག་པ་རྣམས་ལ་སྨན་བཅོས་དང་སྨན་ཁང་། དེ་བཞིན་ཁ་རས་སོགས་ཀྱི་མཐུན་རྐྱེན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཐོག་ཉེ་ཆར་ Li Wenliang ལགས་ནད་གཞི་དེའི་རྐྱེན་པས་འདས་གྲོངས་སུ་གྱུར་བ་དང་འབྲེལ་མང་ཚོགས་ཁྲོད་གཞུང་ལ་སྐྱོན་བརྗོད་དང་སྡང་བའི་རྣམ་པ་ཤུགས་ཆེན་པོ་མངོན་གསལ་གནང་ཡོད་པ་རེད།

ཨ་རིའི་རྒྱལ་ཡོངས་གསོལ་སྟོན་སྨོན་ལམ་ཐོག་བོད་མི་གཙོ་གྱུར་ཆོས་ལུགས་དད་མོས་དང་འབྲེལ་བའི་བཙོན་པ་ཚོར་ཐུགས་སྨོན།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་སྲིད་འཛིན་ Trump མཆོག་དབུ་བཞུགས་གནང་བའི་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་ཆོས་ལུགས་དད་མོས་རྐྱེན་གྱིས་རྒྱ་ནག་གི་བཙོན་ཁང་ཁག་ཏུ་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཆེད་ཐུགས་སྨོན་གནང་འདུག National Prayer Breakfast ཞེས་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་དེ་ནི་ཨ་རིའི་གྲོས་ཚོགས་ཀྱིས་ལོ་ལྟར་ཕྱི་ཟླ་ ༢ པའི་རེས་གཟའ་ཕུར་བུ་དང་པོའི་ཉིན་གོ་སྒྲིག་ཞུ་བཞིན་པའི་ཡེ་ཤུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་པ་དང་། ལས་རིམ་དེའི་ཐོག་རྒྱལ་སྤྱིའི་གནད་ཡོད་རང་བཞིན་གྱི་ཆབ་སྲིད་དང་སྤྱི་ཚོགས། ཆོས་འབྲེལ་མི་སྣ་སོགས་ལྷན་འཛོམས་གནང་གི་ཡོད་པ་མ་ཟད། ལས་རིམ་དེའི་ཐོག་ལོ་ལྟར་ཨ་རིའི་སྲིད་འཛིན་དང་དམིགས་བསལ་སྐུ་མགྲོན་གཅིག་ཆེད་ཕེབས་དང་སྦྲགས་གཏམ་བཤད་གནང་སྲོལ་ཡོད་པ་རེད། ཨ་རིའི་རྒྱལ་ས་ Washington DC ནང་ཁ་སང་ཚོགས་པའི་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐེངས་ ༦༨ པའི་ཐོག་ཨ་རིའི་སྲིད་འཛིན་ Donald Trump དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་དུ་ཨ་རིའི་ Harvard གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་ Arthur Brooks ལགས་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi ལགས་ཀྱིས་རང་ཉིད་ཀྱི་ཆོས་ལུགས་དད་མོས་ཀྱི་གནད་དོན་རྐྱེན་གྱིས་གཞན་གྱི་གདུག་རྩུབ་འོག་དཀའ་སྡུག་མྱོང་བཞིན་པ་ཚོའི་ཆེད་ཐུགས་སྨོན་གནང་བ་དང་། དེའི་ཁོངས་སུ་ཐོག་མར་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་དབུས་པའི་རྒྱ་ནག་གི་བཙོན་ཁང་ནང་གི་བོད་མི་བཙོན་པ་རྣམས་དང་ཡུ་གུར་མི་སྣ་ས་ཡ་བརྒལ་བ་རྣམས་གསལ་འདོན་གནང་འདུག ཁ་སང་གི་ལས་རིམ་དེའི་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་མཉམ་ཞུགས་གནང་ཡོད་པ་དང་རྒྱ་ནག་གིས་བོད་ཀྱི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་འགྲེལ་བརྗོད་གནང་བའི་ཁོང་གི་བརྙན་ཞིག་ཀྱང་སྐབས་དེར་གཟིགས་འབུལ་ཞུས་འདུག རྩ་བའི་ཐེངས་འདིའི་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་སྟེང་དུ་རྒྱལ་སྤྱིའི་ཆོས་ལུགས་ཀྱི་མི་སྣ་སོགས་ཀྱིི་མཚོན་པའི་སྐུ་མགྲོན་ ༣༥༠༠ ལྷག་གིས་མཉམ་ཞུགས་གནང་ཡོད་པ་དང་། སྐུ་མགྲོན་གྱི་ཁོངས་སུ་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས  Lai Ching-te ལགས་ཀྱིས་ཀྱང་ཚོགས་ཞུགས་གནང་ཡོད་པ་རེད། ཨ་རིའི་ནང་གི་ལོ་འཁོར་ལས་རིམ་དེའི་ཐོག་རྒྱལ་སྤྱིའི་ཁྲོད་སྐད་གྲགས་ཡོད་པའི་དབུ་ཁྲིད་ཁག་གདན་འདྲེན་ཞུ་སྲོལ་ཡོད་པ་ལྟར་ཕྱི་ལོ་ ༢༠༡༥ ལོར་སྐབས་དེའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ལྷན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་མཆོག་ཀྱང་ལས་རིམ་དམིགས་བསལ་སྐུ་མགྲོན་དུ་དབུ་ཞུགས་གནང་ཡོད་པ་རེད། གཞི་རྩའི་སྨོན་ལམ་གསོལ་སྟོན་དེ་ནི་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་གོ་སྒྲིག་གནང་གི་ཡོད་པ་དང་། སྔོན་ཆད་དེའི་ཐོག་ Mother Teresa དང་དབྱིན་ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Tony Blair སོགས་ཆབ་སྲིད་མི་སྣ་དང་སྤྱི་ཚོགས་ཞབས་ཞུ་བ། སྒྱུ་རྩལ་བ་དང་ཆེད་ལས་མི་སྣ་གྲགས་ཅན་མང་པོས་ཚོགས་ཞུགས་གནང་ཡོད་པ་རེད།  

ཧར་པ་སྤུར་གཏན་སློབ་ཀྱི་ལྔ་བཅུའི་དུས་སྟོན་སྲུང་བརྩི།

རྒྱ་གར་མངའ་སྡེ་ཨུ་ཏྲ་ཁནྚའི་རྒྱལ་ས་རྡེ་ར་ལྡུན་གྱི་ཉེ་འདབས་སུ་ཆགས་པའི་ཧར་པ་སྤུར་གཏན་ཉིན་དྭངས་སློབ་དམག་སྒར་གྱི་སློབ་གྲྭ་དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༧ ཉིན་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་སྲུང་བརྩི་ཞུས་སོང་། དུས་སྟོན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག དམིགས་བསལ་སྐུ་མགྲོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག དེ་བཞིན་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག  དང་སློབ་ཨང་ ༢༢ ཀྱི་དམག་སྤྱི་སྐུ་ཞབས་ Ashish Ahuja མཆོག་དང་དང་སློབ་དམག་སྒར་གྱི་རུ་དཔོན།  སློབ་གྲྭའི་སློབ་སྤྱིས་གཙོས་པའི་དགེ་ལས་སློབ་ཕྲུག འཛམ་གླིང་ཡུལ་གྲུ་གང་སར་ནས་ཕེབས་པའི་སློབ་ཟུར་བརྒྱ་ལྷག་དང་མི་མང་བཅས་ལྷན་འཛོམས་གནང་འདུག དུས་སྟོན་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཡོད་པ་དང་སློབ་ཟུར་མཐུན་ཚོགས་ཀྱི་ཚོགས་གཞོན་མགོན་པོ་དོན་གྲུབ་ལགས་ནས་སྙན་སྒྲོན་གནང་བའི་གསུང་འཕྲིན་དེའི་ནང་ཧར་པར་སྤུར་གཏན་ཉིན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་འཚམས་འདྲི་མཛད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ཧར་པ་སྤུར་ནི་དེ་སྔ་བཙན་བྱོལ་ནང་སློབ་གྲྭ་ཐོག་མར་བཙུགས་པའི་ཁོངས་སུ་ཡོད་པ་དང་། འདས་པའི་ལོ་ངོ་ ༥༠ རིང་སློབ་གྲྭ་དེའི་དགེ་ལས་ཡོངས་ནས་སྐུ་བསྐྱོན་པར་བརྟེན་ནས་སློབ་གྲྭ་འཕེལ་རིམ་དང་། དེ་བཞིན་ཤེས་ཡོན་སོགས་ཀྱི་ཐད་གྲུབ་འབྲས་ལེགས་པོ་ཐོན་ཡོད་སྐོར་བཀའ་བསྩལ་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་སློབ་སྦྱོང་གི་རིན་ཐང་དང་འབྲེལ་ཏེ་དགེ་ལས་ཡོངས་ལ་ཤེས་ཡོན་སློབ་ཁྲིད་སྐབས་སློབ་ཕྲུག་ཚོར་སློབ་ཚན་གཏན་འབེབས་གནང་བ་དེ་དག་ཁོ་ན་ཙམ་མིན་པར་དེའི་ཐོག་མིའི་གཞི་རྩའི་རིན་ཐང་སྐོར་སློབ་ཁྲིད་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཧར་པ་སྤུར་སློབ་གྲྭའི་འཕེལ་རིམ་རགས་བསྡུས་ངོ་སྤྲོད་དང་སྦྲགས། དེ་རིང་སློབ་གྲྭ་བཙུགས་གནང་ནས་ལོ་ངོ་ ༥༠ འཁོར་བ་དང་བསྟུན་ཐོག་མར་སློབ་གྲྭ་དེར་ཕྱག་ལས་གནང་མཁན་དང་ད་བར་དེ་འབྲེལ་ཕྱག་ལས་གནང་བཞིན་པའི་ལས་བྱེད་ཀུན་གྱིས་ལོ་ངོ་ལྔ་བཅུའི་རིང་སྐུ་ངལ་འཛེམ་མེད་ཀྱིས་ཕྱག་ལས་གནང་བར་བརྟེན་ད་ཆ་སྤྱི་ཚོགས་ཁྲོད་སློབ་གྲྭ་འདིའི་སློབ་ཟུར་མང་དག་ཅིག་བོད་མིའི་སྒྲིག་འཛུགས་གཙོས་པའི་སྤྱི་ཚོགས་ནང་ལས་དོན་རྒྱ་ཆེ་གནང་བཞིན་པ་མངོན་རྒྱུ་ཡོད་སྟབས་དེ་ནི་སློབ་གྲྭ་གསར་འཛུགས་གནང་བའི་གྲུབ་འབྲས་ཤིག་ཡིན་པས་དེ་འབྲེལ་ཀུན་ལ་ལེགས་གསོ་བསྔགས་བརྗོད་གནང་སོང་། དེ་བཞིན་ཚོགས་གཙོ་མཆོག་གིས་ད་ཆ་འཛམ་གླིང་གི་གནས་བབས་དང་འབྲེལ་ནས་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ངེས་པར་དུ་སློབ་སྦྱོང་གནང་སྟེ་མགོན་པོ་༸གང་ཉིད་མཆོག་གི་ལམ་སྟོན་ལ་འཇུག་ནས་སླད་མར་སྤྱི་ཚོགས་འདི་ཚུལ་མཐུན་ཞིག་དང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་ལ་འབད་རྩོན་དགོས་གལ་ཡིན་སྐོར་གསུངས་ཡོད། དམིགས་བསལ་སྐུ་མགྲོན་དང་དེ་སྔ་སློབ་གྲྭ་དེར་ ༡༩༨༠ ནང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན་ཁྲིམས་ཞིབ་པ་ཆེ་བ་བསོད་ནམས་དྭགས་པོ་མཆོག་གིས་རང་ཉིད་སློབ་གྲྭ་དེར་ཕྱག་ལས་གནང་སྐབས་ཀྱི་གནས་སྟངས་དྲན་གསོ་དང་སྦྲགས། དེ་རིང་ལྔ་བཅུའི་དུས་སྟོན་འདི་ང་ཚོའི་ངོས་ནས་སློབ་གྲྭ་ཐོག་མར་གསར་འཛུགས་གནང་མཁན་རྣམས་ལ་བཀའ་དྲིན་བསམ་ཤེས་ཞུ་རྒྱུའི་དུས་ཚིགས་ཤིག་དང་། གཏན་ཉིན་སློབ་གྲྭ་འདི་ལྟ་བུར་མཚོན་ན་སློབ་ཟུར་མང་དག་ཅིག་ད་ལྟའི་ཆར་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་ལས་དོན་གཉེར་བཞིན་པ་དང་ཆབས་ཅིག་ཏུ་སློབ་གྲྭ་འདིར་བོད་ཕྲུག་གཙོས་པའི་རྒྱ་གར་གྱི་སློབ་ཕྲུག་མང་དག་ཅིག་ཡོད་པ་རྣམས་ནས་མི་བཟང་པོ་བྱམས་བརྩེ་ལྡན་པ་ཞིག་ཆགས་རྒྱུ་དང་ལྷག་པར་དུ་སླད་མར་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་ཞིག་བྱེད་དགོས་པ་གསུངས་ཡོད། དུས་སྟོན་གྱི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གཏན་ཉིན་སློབ་གྲྭ་དེའི་དགེ་ལས་ཡོངས་ནས་ལོ་ངོ་མང་པོའི་རིང་སྐུ་ལས་བསྐྱོན་པར་བརྟེན་ད་ཆ་སློབ་ཟུར་མང་པོ་ཞིག་རང་ཉིད་ཀྱི་རྐང་པར་ཧྲ་ཏག་ཏག་ལངས་ཐུབ་པ་ཆགས་པ་འདི་གཟི་རྗིད་ཅིག་ཡིན་པ་གསུངས་ཡོད་པ་རེད། སློབ་གྲྭ་འདིའི་ནང་སློབ་ཕྲུག་ ༤༠༠ ལྷག་ཡོད་པའི་ཁྲོད་བོད་ཕྲུག་ ༤༠ ཙམ་ལས་མེད་པ་ལྟར་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་པའི་སློབ་གྲྭ་གཞན་ཁག་ཏུའང་བོད་ཕྲུག་ཉུང་ཤས་ལས་མེད་པའི་གནས་སྟངས་གྱུར་བས་བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་རྩིས་བཞེས་གནང་རྒྱུར་འབོད་སྐུལ་ཞུས་པ་ལྟར་ད་ཆ་གཞིས་ཆགས་ཁག་ནང་ཡོད་པའི་སློབ་གྲྭ་རྣམས་རྩིས་བཞེས་ཐུབ་ཡོད་སྐོར་གསུངས་སོང་། གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་པའི་སློབ་གྲྭ་ཁག་གི་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་དེ་རྒྱ་གར་སློབ་གྲྭ་མང་དག་ཅིག་ལས་བརྒྱ་ཆ་མཐོ་བ་སོན་གྱི་ཡོད་པ་དང་། ལྷག་པར་དུ་བོད་པའི་ཡི་གེ་འབྲི་ཀློག་ཤེས་པའི་བརྒྱ་ཆ་དེ་རྒྱ་གར་དང་སྐྱབས་བཅོས་བ་གཞན་ལས་ཚད་མཐོ་བ་ཆགས་ཀྱི་ཡོད་སྟབས་ང་ཚོ་ནི་ལུང་པ་ཡོད་མཁན་གྱི་རྒྱལ་ཁབ་ལས་ལྷག་པའི་གྲུབ་འབྲས་སྨིན་ཐུབ་པའི་སྤྱི་ཚོགས་ཤིག་ཡིན་པ་དེ་ནམ་ཡང་བརྗེད་རྒྱུ་མེད་པ་གསུངས་ཡོད། གཞི་རྩའི་ཧར་པ་སྤུར་གཏན་ཉིན་སློབ་གྲྭ་བོད་མིའི་སློབ་གྲྭ་ནི་ཕྱི་ལོ་ ༡༩༧༠ ལོར་གསར་འཛུགས་གནང་ཞིང༌། ཐོག་མར་དང་སློབ་ལས་ཁང་གིས་འཛིན་སྐྱོང་གནང༌བ་དང་། སློབ་དམག་སྤྱི་ཟུར་སྐུ་ཞབས་ཤར་དཱ་དང་དབུས་བོད་སློབ་འཛིན་ཚོགས་དྲུང་ཆེ་སྐུ་ཞབས་ S.P.Datta གཉིས་ནས་འབད་བརྩོན་ལ་བརྟེན་ཕྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༢༣ ཉིན་སློབ་གྲྭ་འདི་ཉིད་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་རྩིས་བཞེས་གནང་བ་ཞིག་ཡིན་པ་རེད།

བོད་ཕྲུག་རྣམས་ལ་རྒྱ་གར་གྱི་སློབ་ཕྲུག་གཞན་ལྟར་ཤེས་ཡོན་གྱི་མཐུན་འགྱུར་གཅིག་མཚུངས་གནང་རྒྱུ།

རྒྱ་གར་ Haryana མངའ་སྡེའི་གཞུང་གིས་རྒྱ་གར་དབུས་གཞུང་གིས་གཏན་འབེབ་གནང་བའི་བཙན་བྱོན་བོད་མི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ ༢༠༡༤ དགོངས་དོན་ལྟར་བོད་ཕྲུག་རྣམས་ལ་རྒྱ་གར་གྱི་སློབ་ཕྲུག་གཞན་ལྟར་ཤེས་ཡོན་གྱི་མཐུན་འགྱུར་གཅིག་མཚུངས་གནང་རྒྱུའི་སྲིད་བྱུས་ཤིག་ཕྱག་བསྟར་གནང་རྒྱུ་ཡིན་སྐོར་བརྗོད་འདུག ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་གར་གྱི་གསར་ཁང་ republic world ཡིས་ཧ་རི་ཡ་ན་མངའ་སྡེའི་གཞུང་གི་ཤེས་རིག་བློན་ཆེན་སྐུ་ཞབས་ Kanwar Pal ལགས་ཀྱིས་རྒྱ་གར་ནང་གནས་སྡོད་བྱས་ནས་ཉིན་གྲངས་ ༡༨༢ སོང་བའི་ཐོག་སྐྱབས་བཅོལ་ལག་དེབ་ཡོད་མཁན་གྱི་བོད་ཕྲུག་ཚོར་རྒྱ་གར་གྱི་སློབ་མ་གཞན་ལྟར་རྒྱ་གར་གཞུང་གིས་སློབ་གྲྭའི་ནང་སློབ་འཇུག་བྱ་རྒྱུ་གཙོས་པའི་སྒྲིག་ཆས་དང་ཀློག་དེབ། དེ་བཞིན་ཉིན་དགུང་གསོལ་ཚིགས་བཅས་རིན་མེད་གནང་རྒྱུ་ཡིན་སྐོར་གསུངས་འདུག རླུང་འཕྲིན་ཁང་གིས་དེ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུས་སྐབས་ཧ་རི་ཡ་ན་མངའ་སྡེའི་གཞུང་གི་ངོས་ནས་གཞུང་འབྲེལ་ཐོག་ནས་དེ་ལྟར་སྤེལ་བ་ནི་གཏམ་བཟང་ཞིག་དང་དེ་ཡང་གཙོ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་ལྷག་པར་དུ་ཐེངས་འདིའི་སྲིད་བྱུས་དེ་བཞིན་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལ་རྩ་འཛིན་གནང་བའི་སྲིད་བྱུས་ཤིག་ཡིན་སྐོར་གསུངས་སོང་། དེ་བཞིན་རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དང་འབྲེལ་ནས་ད་བར་བཙན་བྱོལ་བོད་མིའི་གནས་སྡོད་གནང་ཡུལ་ས་གནས་གང་དག་ལ་སྲིད་བྱུས་དེ་ཕྱག་བསྟར་གནང་ཡོད་མེད་དང་དེ་ལྟར་ཕྱག་བསྟར་གནང་མ་ཐུབ་པའི་གཞིས་ཆགས་གང་དག་ཆགས་ཀྱི་ཡོད་མེད་བཅས་ཀྱི་ཐོག་བཀའ་འདྲི་ཞུས་པར་སྤྱིར་བོད་མི་གནས་སྡོད་གནང་ཡུལ་རྒྱ་གར་གྱི་མངའ་སྡེ་ཕལ་མོ་ཆེར་སྲིད་བྱུས་དེ་ཕྱག་བསྟར་གནང་བཞིན་ཡོད་ཀྱང་། ལ་དྭགས་དང་ནུབ་བྷེང་གྷལ། ཨ་རུ་ནཱ་ཅལ་བཅས་ལ་སྲིད་བྱུས་དེ་ཕྱག་བསྟར་གནང་རྒྱུར་ཆབ་སྲིད་ཀྱི་རྐྱེན་པས་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། འདས་ལོར་ལ་དྭགས་དེ་རྒྱ་གར་དབུས་གཞུང་གིས་ཐད་ཀར་སྟངས་འཛིན་གནང་ཡུལ་གྱི་ས་གནས་ཆགས་སྟབས། ལ་དྭགས་ཁུལ་དུ་ ༢༠༡༤ ལོའི་སྲིད་བྱུས་དེ་ཕྱག་བསྟར་གནང་རྒྱུ་དབུ་འཛུགས་གནང་ཟིན་པ་ཞིག་དང་། ད་ཆ་ནུབ་བྷེང་གྷལ། ཨ་རུ་ནཱ་ཅལ་བཅས་ལ་སྲིད་བྱུས་དེ་ཕྱག་བསྟར་གནང་རྒྱུར་ཆབ་སྲིད་ཀྱི་རྐྱེན་པས་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསུངས་སོང་།

མང་ཚོགས་ཁྲོད་ཏོག་དབྱིབས་ནད་དུག་སྐོར་ལ་ཐོག་མ་སྔོན་བརྡ་གཏོང་མཁན་རྒྱ་རིགས་སྨན་པ་ Li Wenliang རྐྱེན་འདས་སུ་གྱུར་འདུག

རང་ལོ་ ༣༤ ལ་ཟིན་པའི་རྒྱ་རིགས་སྨན་པ་ Li Wenliang ཁོང་ནི་ཝུ་ཧན་གྱི་ནད་འབུ་ཐོག་མར་ངོས་བཟུང་ནས་ཕྱིར་བསྒྲགས་གནང་མཁན་ཆེས་ཐོག་མ་དེ་ཡིན་ཞིང་། ཁོང་གིས་སྔ་ལོ་ཕྱི་ཟླ་ ༡༢ ནང་ཏོག་དབྱིབས་ནད་འབུ་ངོས་བཟུང་བའི་རྗེས་སུ་སྨན་པ་རྐྱང་པ་ལས་གྲུབ་པའི་ལས་རོགས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་ SARS དང་འདྲ་བའི་དོགས་གཞི་ཅན་གྱི་ནད་དུག་ཐོན་འདུག་ཅེས་བརྗོད་དེ་ཚང་མས་དེར་ཡིད་གཟབ་གནང་རོགས་ཞེས་གནས་ཚུལ་ཁྱབ་སྤེལ་གནང་རྗེས་ཉིན་གསུམ་ལས་མ་སོང་བར་ཕྱི་ཟླ་ ༡ ཚེས་ ༡ ཉིན་ཝུ་ཧན་གྱི་ཉེན་རྟོག་པས་ཁོང་ལ་དཀྲོག་གཏམ་སྤེལ་མཁན་གྱི་ཉེས་མིང་འོག་བཀག་ཉར་བྱས་པ་མ་ཟད། ཕྱིས་སུ་ཁོང་ལ་ཉེན་རྟོག་པའི་སར་ནས་དོགས་ཟོན་བྱེད་དགོས་པའི་ཉེན་བརྡའི་ཡི་གེ་ཞིག་བཏང་བ་བརྒྱུད་ཁོང་གིས་སྤེལ་བའི་གནས་ཚུལ་དེ་དངོས་འབྲས་མིན་ཚུལ་བཙན་དབང་གིས་ཁས་བླངས་ཀྱི་མིང་རྟགས་བཀོད་དུ་བཅུག་ཡོད་པ་རེད། ལྷག་དོན་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་སྨན་པ་ Wenliang ཁོང་ལ་རིམས་ནད་དེ་ཕོག་ནས་ཝུ་ཧན་གྲོང་ཁྱེར་སྨན་ཁང་དུ་ཟུར་བཀག་གནང་སྟེ་དུས་ཡུན་ཉིན་གྲངས་ ༢༠ རིང་བཞག་ཡོདཔ་རེད། དེ་རིང་སྨན་པ་ Weliang རྐྱེན་འདས་སུ་གྱུར་བའི་གནས་ཚུལ་ཐད་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་ Weibo དང་ Twitter གཙོས་པའི་དྲྭ་ཐོག་གི་བརྒྱུད་ལམ་ཁག་ཏུ་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཁོང་ཁྲོའི་རྣམ་པ་ཤུགས་ཆེ་སྟོན་བཞིན་པའི་ཁྲོད་འདིར་ཁག་གཅིག་གིས་ཝུ་ཧན་གཞུང་ནས་སྨན་པ་ Wenliang ལགས་སུ་དྲིན་འོག་ཏུ་དགོངས་སེལ་ཞུ་དགོས་པ་དང་ང་ཚོར་སྨྲ་བརྗོད་རང་དབང་དགོས་ཞེས་འབོད་ཚིགས་འདྲ་མིན་སྤྱོད་དེ་དགོས་འདུན་ཆེད་འདོན་གནང་བར་མང་ཚོགས་སྟོང་ཕྲག་མང་པོས་དེར་ལྟ་ཀློག་གནང་བ་མ་ཟད། ལྷག་དོན་ང་ཚོར་སྨྲ་བརྗོད་རང་དབང་དགོས་ཞེས་པའི་དགོས་འདུན་དེར་དེ་རིང་སྔ་དྲོ་ཚོུད་ ༥ པ་བར་མང་ཚོགས་ས་ཡ་གཅིག་བརྒལ་བས་ལྟ་ཀློག་གནང་འདུག དེ་མིན་ཁག་ཅིག་གིས་སྨན་པ་ Weliang ལགས་རྐྱེན་འདས་སོང་བ་ནི་གཙོ་བོ་རྒྱ་གཞུང་ནས་ཁོང་གི་ནད་གཞིར་བརྟག་དཔྱད་གནང་རྒྱུར་ཕྱིར་འགྱངས་བཏང་བ་བཅས་ལ་དོགས་པ་གནང་གི་ཡོད་པ་གསུངས་འདུག དེ་རིང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསར་འགོད་གསལ་བསྒྲགས་ཞིག་འདོན་སྤེལ་བརྒྱུད་སྐུ་ཞབས་ཁོང་འདས་གྲོངས་ཕྱིན་པ་དེ་ནི་རྒྱ་གཞུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁོ་ནར་དམིགས་ཏེ་མང་ཚོགས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་གལ་ཆེའི་གནས་ཚུལ་ཁག་སྦས་བསྐུངས་བྱས་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནད་དོན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་སྲུང་ཞུ་དགོས་པ་དང་གནད་དོན་དེ་དག་གླེང་མཁན་རྣམས་ལ་དྲག་གནོན་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པ་གསུངས་འདུག སྤྱིར་རྒྱ་ནག་གཞུང་འབྲེལ་གྱི་ Global Times གསར་ཁང་གིས་ཁ་སང་ Tweet བརྒྱུད་སྨན་པ་ Li Wenliang ལགས་ཁ་སང་ཕྱི་དྲོ་ཚོུད་ ༡༠༌༤༠ ཡས་མས་ཤིག་ལ་ཝུ་ཧན་གྲོང་ཁྱེར་སྨན་ཁང་ནང་སྐུ་གྲོངས་ཡོད་པའི་གནས་ཚུལ་སྤེལ་ཡོད་ཀྱང་། ཕྱིས་སུ་གནས་ཚུལ་དེ་སྤེལ་བའི་ཚོུད་ཁ་ཤས་རྗེས་སུ་རྒྱ་གཞུང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་དེ་འབྲེལ་གྱི་གནས་ཚུལ་ཡོངས་རྫོགས་ལ་གསལ་བཤད་མེད་པར་སུབ་འདོན་གནང་ནས་དེ་རིང་ཝུ་ཧན་གྲོང་ཁྱེར་སྨན་ཁང་གིས་སྨན་པ་ཁོང་འདས་གྲོངས་སོང་བར་ར་སྤྲོད་ཀྱིས་བསྒྲགས་གཏམ་གསར་པ་ཞིག་སྤེལ་ཡོད་པ་རེད། ཡང་དེའི་བར་ན་ཏོག་དབྱིབས་ནད་དུག་གི་རིམས་དེ་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་དུ་འགོས་ཁྱབ་དང་འབྲེལ་ནས་དེ་རིང་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བར་དཀར་མཛེས་ཁུལ་དུ་རིམས་ནད་ཕོག་པའི་མི་ལྔ་མང་རུ་ཕྱིན་ཡོད་པ་དང་དེ་དག་ཡོངས་རྫོགས་བོད་མི་ཡིན་པ་བཅས་ཁྱོན་རིམས་ནད་ཕོག་མཁན་གྱི་མི་གྲངས་ ༡༧ བྱུང་ཡོད་པ་ར་འཕྲོད་བྱུང་འདུག ཕྱི་ཟླ་ ༢ ཚེས་ ༦ བར་དུ་རྒྱ་ནག་ནང་རིམས་ནད་རྐྱེན་པས་མི་རྐྱེན་འདས་སུ་གྱུར་བའི་གྲངས་འབོར་དེ་ ༦༣༨ ཡིན་པ་དང་དེ་བཞིན་མི་གསུམ་ཁྲི་ལྷག་ལ་ནད་གཞི་དེ་འགོས་ཁྱབ་བྱུང་ཡོད་པ་མ་ཟད། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ ༢༥ ནང་ནད་གཞི་དེ་འགོས་ཁྱབ་བྱུང་ཡོད་པ་དང་ Philippines དང་ Hong Kong ནང་ནད་གཞི་དེའི་རྐྱེན་པས་མི་རེ་ཟུང་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད། ད་ཆ་ཝུ་ཧན་གྲོང་ཁྱེར་ནང་དུ་གློ་ཚད་ནད་ཡམས་ཁྱབ་གདལ་ཆེས་ཆེར་བྱུང་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བོད་ནང་གི་དགོན་སྡེ་མང་པོས་འདས་པའི་གཟའ་འཁོར་ནས་རིམས་ནད་ཀྱི་མནར་བའི་ཝུ་ཧན་ལ་རྒྱ་སྒོར་འབུམ་མང་པོའི་ཞལ་འདེབས་དང་མང་ཚོགས་ལ་ལོ་གྱོན་མའི་རིལ་བུ་སྒྲུབ་སྦྱོར་གནང་སྟེ་རིན་མེད་ཐོག་འགྲེམས་སྤེལ་དང་། ཁག་གཅིག་གིས་ཝུ་ཧན་གྲོང་ཁྱེར་ལ་རྩ་ཆེའི་སྨན་རྫས་དང་ཆེས་རིན་ཐང་ཆེ་བའི་དབྱར་རྩ་དགུན་འབུ་བཅས་མ་དངུལ་དང་དངོས་རྫས་སོགས་ཀྱི་སྒོ་ནས་ཞལ་འདེབས་གནང་བཞིན་ཡོད་པ་ལྟར་ཁ་ཉིན་འབྲོག་པ་བསོད་ནམས་ཚེ་རིང་ལགས་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་རྒྱ་སྒོར་ཁྲི་བཅུ་གཅིག་ཞལ་འདེབས་གནང་འདུག

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་སྲིད་བྱུས་ཉམས་ཞིབ་པ་ཁག་གཅིག་ལ་བོད་ཀྱི་གནད་དོན་ཐོག་ཐུགས་སྣང་ཡོང་བའི་ཞུ་སྐུལ།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་སྲིད་བྱུས་ཉམས་ཞིབ་པ་ཁག་གཅིག དེ་བཞིན་རྒྱལ་སྤྱིའི་སྲིད་དོན་པ་ཁག་གཅིག་དང་ཐུག་འཕྲད་ཀྱིས་བོད་ཀྱི་གནད་དོན་ཐོག་ཛ་དྲག་གི་རང་བཞིན་ཐོག་ནས་ཐུགས་སྣང་ཡོང་བའི་ཞུ་སྐུལ་གནང་འདུག དེ་རིང་བོད་མིའི་སྒྲིག་འཛུགས་གཙོས་པའི་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲྭ་རྒྱའི་ཐོག་འདོན་སྤེལ་གནང་བར་ཉེ་ལམ་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཆེད་བཅར་གྱིས་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གཙོས་གྲོས་ཚོགས་འཐུས་མི་ ༢༥ དང་ལྷན་དུ་བོད་ཀྱི་གནད་དོན་ཐོག་ཛ་དྲག་གི་ཐོག་ནས་ཐུགས་སྣང་གནང་སླད་ཉིན་གྲངས་གཉིས་རིང་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་མཆོག་དང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་ཤེས་རབ་མཐར་ཕྱིན་ལགས་རྣམ་གཉིས་ནས་གྲོས་ཚོགས་འཐུས་མི་རྣམ་པ་བསྐྱར་དུ་གྲོས་ཚོགས་ཀྱི་ཚོགས་མིར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་མ་ཟད་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་འོག་བོད་མིའི་དྲང་བདེན་གྱི་འཐབ་རྩོད་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་ཐུགས་སྣང་ཡོང་བར་ཞུ་སྐུལ་གནང་ཡོད་པ་རེད། གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་རྒྱ་ནག་གི་བོད་ནང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་སྤེལ་བའི་ཐད་དུས་དང་རྣམ་པ་ཀུན་ཏུ་དེར་ངོ་རྒོལ་དང་དགག་པ་གནང་རྒྱུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་དབར་གྲོས་མོལ་ཡོང་རྒྱུར་འབད་རྩོན་གནང་རྒྱུ་ཡིན་པ་གསུངས་འདུག གཞི་རྩའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་ཁོངས་སུ་ཁེ་ན་ཌའི་གུ་ཡངས་ཚོགས་པའི་ཚོགས་མི་སྐུ་ཞབས་ Arif Virani མཆོག་ དང་། རྙིང་ཞེན་ཚོགས་པའི་སྐུ་ཚབ་ Garnett Genuis མཆོག མང་གཙོ་ཚོགས་པ་གསར་པའི་སྐུ་ཚབ་ Randall Garrison ལགས། གུ་ཡངས་ཚོགས་པའི་ཚོགས་མི་སྐུ་ཞབས་ James Maloney ལགས་སླར་ཡང་ཚོགས་མིར་བདམས་ཐོན་བྱུང་ཡོད་པ་མ་ཟད་ཚོགས་མི་གསར་པའི་ཁོངས་སུ་ལྗང་ཁུ་ཚོགས་པའི་སྐུ་ཚབ་ Paul Manly ལགས་དང་ Bloc Québécois  ཚོགས་པའི་སྐུ་ཞབས་ Alexis Brunel-Duceppe ལགས་ཡོད་པ་རེད།   སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་ཤེས་རབ་མཐར་ཕྱིན་ལགས་རྣམ་གཉིས་ནས་ Macdonald-Laurier Institute ཞེས་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ David Watson ལགས་དང་གཞན་ཁག་གཅིག་དང་ཐུག་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ཞུ་སྐུལ་གནང་འདུག དེ་བཞིན་དོན་གཅོད་དངོས་གྲུབ་ལགས་ཁེ་ན་ཌར་འཚམས་གཟིགས་དང་འབྲེལ་ཨོ་ཊ་ཝའི་ཐེ་ཝན་གཞུང་ཚབ་པ་སྐུ་ཞབས་ Winston Wen-yi Chen ལགས་དང་ཐུག་འཕྲད་གནང་སྟེ་བོད་མི་དང་ཐེ་ཝན་གཉིས་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐད་གཟིགས་ཕྱོགས་དང་དགོངས་པ་བཞེས་ཕྱོགས་ཐད་གྲོས་བསྡུར་གནང་ཡོད་པ་རེད། ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་དང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་རྣམ་གཉིས་ནས་ཨོ་ཊ་ཝའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ཚེ་དབང་ལགས་དང་ལྷན་ཁེ་ན་ཌའི་གྲོས་ཚོགས་གོང་མའི་སྐུ་ཞབས་ Thanh Hai Ngo ལགས་ལ་ཐུག་འཕྲད་གནང་སྟེ་གྲོས་ཚོགས་གོང་མར་བོད་དོན་ཞུ་གཏུག་གི་ལས་འགུལ་ནུས་ཤུགས་ཆེ་རུ་གནང་རྒྱུའི་གྲོས་བསྡུར་གནང་ཡོད་པ་མ་ཟད་སྐུ་ཞབས་ Thanh Hai Ngo ལགས་ཀྱིས་ཀྱང་ད་བར་བོད་དོན་ཐོག་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

སྐུ་ཞབས་ Sandesh Meshram ལགས་ཧུན་སུར་བོད་མི་གཞིས་སྒར་དུ་འབྱོར་བ།

བོད་དོན་གོ་རྟོགས་ཀྱི་རྐང་འཁོར་སྐོར་སྐྱོད་གནང་མཁན་སྐུ་ཞབས་ Sandesh Meshram ལགས་ཉེ་སྔོན་སྨྱུང་གཞི་རྐྱེན་པས་ལས་འགུལ་གནས་སྐབས་རིང་སྤེལ་མཚམས་བཞག་དགོས་པ་བྱུང་ཡོད་ཀྱང་། ད་ལྟའི་ཆར་ཁོང་དྲག་སྐྱེད་བྱུང་ནས་ལས་འགུལ་དེ་མུ་མཐུད་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་འབྱོར་འདུག སྐུ་ཞབས་བསམ་གཏན་ཡེ་ཤེས་ལགས་ཀྱིས་སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དབུ་འཛུགས་ཀྱིས་དུས་ཡུན་ཟླ་བ་གསུམ་དང་ཕྱེད་ཀ་ལྷག་ནང་རྒྱང་ཐག་སྤྱི་ལེ་ ༧༥༠༠ ལྷག་གི་སར་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་བཞི་པ་སྤེལ་ཏེ་ད་བར་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ ༡༡ དང་གྲོང་ཁྱེར་ ༦༠ ལྷག་གི་ནང་སྐོར་སྐྱོད་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་ ༣ དང་ས་འཐུས་ ༥ དེ་བཞིན་ས་གནས་ཀྱི་སྤྱི་ཁྱབ་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་སྟེ་བོད་དོན་ལས་འགུལ་སྤེལ་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་སྒར་དུ་འབྱོར་ཡོད་པ་རེད། ད་བར་རྒྱ་གར་མང་ཚོགས་དང་བརྒྱུད་ལམ་ཁག་ནས་ཁོང་གི་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བར་དོ་སྣང་དང་གཟིགས་ཕྱོགས་ཡག་པོ་ཡོད་པ་རེད་འདུག རླུང་འཕྲིན་ཁང་ནས་སྐུ་ཞབས་བསམ་གཏན་ཡེ་ཤེས་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་སྐོར་སྐྱོད་ཐོག་ནས་རྒྱ་གར་མང་ཚོགས་ཁྲོད་ Free Tibet, Save India འམ་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་འཇགས་ཞེས་པའི་ཐོག་ནས་རྒྱ་གར་སྐྱོབ་དགོས་པ་དང་རྒྱ་གཞུང་གིས་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་གནད་དོན། དེ་བཞིན་༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་ Bharat Ratna ཕུལ་དགོས་པ་སོགས་བོད་དོན་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གོ་རྟོགས་སྤེལ་བཞིན་ཡོད་པ་གསུངས་སོང་། ལྷག་པར་དུ་ཁོང་གི་སྐོར་སྐྱོད་ལས་འགུལ་སྤེལ་བའི་ཁྲོད་ལྷོ་ཕྱོགས་ནས་ཐོག་མར་ལས་འགུལ་དབུ་འཛུགས་མ་གནང་བའི་གོང་དུ་ལྷོ་ཕྱོགས་ Karwar ས་གནས་སུ་འབྱོར་སྐབས་མགོ་ཡོམ་འཁོར་བ་དང་ཕྲག་སྐྱུག་པ་བཅས་ཛ་དྲག་གི་ངལ་བའི་འོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འབྱོར་སྐབས་ས་གནས་གཞིས་འགོ་དང་ས་གནས་གཞོན་ནུ་དང་བེུད་བཅས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་མི་སྣ་ཚོས་ཁོང་ལ་ཕེབས་བསུ་ཞུས་ཏེ་ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་དང་ Mysore Apollo སྨན་ཁང་གཉིས་སུ་བརྟག་དཔྱད་རིམ་པ་གནང་རྗེས་ཁོང་དྲག་སྐྱེད་བྱུང་ཡོད་པ་དང་ད་ལྟའི་ཆར་ལས་འགུལ་མུ་མཐུད་སྤེལ་མུས་རེད་འདུག རྩ་བའི་ཐེངས་འདིའི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་དུ་མཇུག་སྒྲིལ་གནང་གཏན་འཁེལ་ཡོད་ཀྱང་། ཉེ་སྔོན་ཁོང་ལ་གློ་བུར་དུ་ནད་མནར་རྐྱེན་པས་ཟླ་བ་འདིའི་ཚེས་ ༢༡ ཉིན་ལས་འགུལ་དེ་མཇུག་སྒྲིག་གནང་གི་ཡོད་པ་རེད།

རྒྱ་གར་གཞུང་གིས་སྐྱབས་བཅོལ་བར་གནང་རྒྱུའི་རོགས་དངུལ་ལྡབ་གསུམ་ཙམ་ཉུང་འཕྲི་གནང་བ།

རྒྱ་གར་ནང་ NRC འམ་མི་སར་ཐོ་འགོད་དང་ CAA འམ་མི་སེར་ཐོབ་ཐང་གི་ཁྲིམས་འཆར་དང་འབྲེལ་ངོ་རྒོལ་རིམ་པ་འབྱུང་བཞིན་པའི་ཁྲོད་འདིར་རྒྱ་གར་གཞུང་གི་ངོས་ནས་འདི་ལོའི་སྔོན་རྩིས་བཀའ་འཁྲོལ་ནང་བོད་མིས་གཙོས་པའི་ཡུལ་དེའི་ནང་གནས་སྡོད་བྱེད་མཁན་སྐྱབས་བཅོལ་བར་རོགས་དངུལ་ཧིན་སྒོར་ས་ཡ་ཉིས་བརྒྱ་ལྷག་ཙམ་མ་གཏོགས་གཏན་འབེབ་གནང་མེད་པའི་ཁར་སྔ་ལོའི་སྔོན་རྩིས་ལས་གསུམ་ལྡབ་ཙམ་ཉུང་འཕྲི་གནང་འདུག ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་ The Economic Times གསར་ཁང་ཞིག་གིས་གནས་ཚུལ་སྤེལ་བར་རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༡༨༌༡༩ ལོའི་སྔོན་རྩིས་ནང་རྒྱལ་ཁབ་འདི་ནང་གནས་སྡོད་བྱེད་མཁན་གྱི་བོད་མི་དང་ཤྲི་ལངྒ་ནས་ཡིན་པའི་ཏ་མིལ་མི་རིགས། དེ་བཞིན་པ་ཀིས་ཐན་བཅས་ཀྱི་སྐྱབས་བཅོལ་བའི་རོགས་དངུལ་ས་ཡ་ ༡༠༠༠ ལྷག་གཏན་འབེབས་གནང་ཡོད་ཀྱང་། ཕྱི་ལོ་ ༢༠༡༩༌༢༠༢༠ ལོའི་སྔོན་རྩིས་ནང་ས་ཡ་ ༨༠༠ ལྷག་ཙམ་དང་འདི་ལོའི་སྔོན་རྩིས་བཀའ་འཁྲོལ་ནང་ས་ཡ་ཉིས་བརྒྱ་ལས་གཏན་འབེབས་གནང་མེད་སྟབས་འདི་ནི་སྔ་ལོའི་སྔོན་རྩིས་ལས་གསུམ་ལྡབ་ཙམ་ཉུང་འཕྲི་གནང་འདུག གནད་དོན་འདི་དང་འབྲེལ་རླུང་འཕྲིན་ཁང་གིས་དེ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མིར་གནང་བའི་རོགས་དངུལ་དེ་འཕར་ཆ་དང་ཉུང་འཕྲི་གང་གནང་ཡོད་མེད་ཀྱི་བཀོད་ཁྱབ་གང་ཡང་ཕེབས་མེད་སྐོར་གསུངས་པ་དང་སྦྲགས། སྤྱིར་རྒྱ་གར་གཞུང་ནས་ད་བར་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་མུ་མཐུད་གནང་བཞིན་ཡོད་པ་མ་ཟད། ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༡ ཉིན་ཀ་ན་ཊ་ཀ་མངའ་སྡའི་གཞུང་གིས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔ་དང་ལྷོ་སྤྱི་བཅས་ཀྱི་རྒྱུན་གྲོན་དང་འཛུགས་སྐྲུན་ཡར་རྒྱས་སླད་དུ་རོགས་དངུལ་ཧིན་སྒོར་ས་ཡ་ ༣༠ གནང་སོན་བྱུང་ཡོད་སྐོར་གསུངས་ཡོད། གཞི་རྩའི་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིའི་འཛུགས་སྐྲུན་དང་གཞིས་ཆགས་སྲ་བརྟན་སོགས་ལ་དམིགས་པའི་ལོ་ལྔ་རེའི་མཚམས་ནས་རོགས་དངུལ་ཧིན་སྒོར་ས་ཡ་ ༨༠ གནང་མུས་ཡིན་པ་དང་། ཉེ་ཆར་ ༢༠༡༥ ནས་ ༢༠༢༠ བར་གྱི་རོགས་དངུལ་དེ་གནང་འབྱོར་བྱུང་དོན་ལྟར་འགྲོ་གྲོན་སླད་དུ་བཏང་དང་གཏོང་མུས་ཡིན་པ་མ་ཟད། མ་འོངས་ཀྱི་ལོ་ལྔའི་རོགས་དངུལ་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དབུས་གཞུང་ལ་སྙན་སེང་ཞུས་ཡོད་པ་རེད་འདུག

དཀར་མཛེས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ཁོངས་སུ་བོད་མི་བདུན་འདུག

དེང་སྐབས་རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་གློ་ཚད་རིམས་ནད་དེ་འགོས་ཁྱབ་འབྱུང་བཞིན་པའི་ཁྲོད་འདིར་རྒྱ་ནག་གཞུང་གིས་དབྱེ་བའི་ཟིན་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་དུ་རིམས་ནད་ཕོག་པའི་མི་ ༡༢ བྱུང་བའི་ཁོངས་སུ་ ༧ ས་གནས་བོད་མི་རེད་འདུག དེ་རིང་རྒྱ་ནག་གི་ Weixin དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་བོད་དཀར་མཛེས་ཁུལ་དུ་རིམས་ནད་ཕོག་པའི་མིའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་ལྟར་དཀར་མཛེས་ཁུལ་ཡོངས་ནང་དུ་རིམས་ནད་ཕོག་པའི་ནད་པ་ ༡༢ ཐོན་ཡོད་ཅིང་། དེའི་ཁྲོད་ནད་པ་ ༧ ས་གནས་བོད་མི་ཡིན་པར་མངོན་གསལ་གནང་འདུག དེ་བཞིན་དེ་རིང་རྒྱ་ནག་གི་ CNR བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་ད་ལྟའི་ཆར་བོད་མཚོ་སྔོན་ཞིང་ཆེན་ནང་རིམས་ནད་ཕོག་པའི་ནད་པ་མང་རུ་ཕྱིན་སྟེ་ ༡༨ ཆགས་ཡོད་པ་བརྗོད་འདུག བོད་གཞིས་རྩེ་གྲོང་ཁྱེར་ནང་གི་རླངས་རྫས་ཚོང་ལས་ཁང་ཞིག་གི་ཚོང་བདག་བོད་མི་བཀྲ་ཤིས་དབང་རྒྱལ་ལགས་ཀྱིས་རིམས་ནད་འགོག་ཐབས་སླད་རྒྱ་སྒོར་ས་ཡ་གསུམ་ཞལ་འདེབས་གནང་འདུག ཉེ་སྔོན་རླུང་འཕྲིན་ཁང་གིས་ཝུ་ཧན་དུ་མཐོ་སློབ་གཉེར་བཞིན་པའི་བོད་པའི་སློབ་ཕྲུག་ ༡༩༠༠ ཙམ་ཡོད་པ་དང་དེ་དག་གི་ཁོངས་ནས་མང་ཆེ་བ་སྤྱི་གསར་དུས་ཆེན་གྱི་གུང་སེང་དང་བསྟུན་བོད་ནང་སྐྱོད་ཡོད་པ། དེ་བཞིན་གྲོང་ཁྱེར་དེ་ནང་བོད་ལྗོངས་སློབ་འབྲིང་ཞིག་ཡོད་པའི་ནང་བོད་སློབ་མང་དག་ཅིག་ཡོད་པ་རྣམས་ཀྱི་གནས་སྟངས་གང་ཆགས་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་ཚུལ་སྤེལ་ཡོད་པ་ལྟར། དེ་རིང་ CNR རྒྱ་ནག་བརྒྱུད་ལམ་གྱིས་ཝུ་ཧན་བོད་ལྗོངས་སློབ་འབྲིང་ནང་བོད་ནས་ཡིན་པའི་བོད་ཕྲུག་སྟོང་ཕྲག་ཁ་ཤས་ཡོད་པ་དང་སྤྱི་གསར་དུས་ཆེན་དང་བསྟུན་ཕྲུ་གུར་ཐུབ་འཕྲད་ཆེད་ཡོང་བའི་བོད་པའི་ཕ་མ་ ༦༠ སྐོར་ཞིག་ཀྱང་གྲོང་ཁྱེར་སྒོ་མོ་བརྒྱབས་ཡོད་པ་དང་འབྲེལ་ཏེ་ཁྱེར་དེར་ལུས་འདུག འོན་ཀྱང་ད་ལྟའི་ཆར་བོད་ཕྲུག་དང་ཕ་མ་དེ་དག་བདེ་ཐང་ངང་གནས་ཡོད་པར་བརྗོད་འདུག རྒྱལ་སྤྱིའི་བརྒྱུད་ལམ་ཐོག་རྒྱ་ནག་ནང་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་ཁྲོད་དེ་རིང་བར་མི་གྲངས་ ༢༨༠༠༠ ལྷག་ལ་རིམས་ནད་ཕོག་ཡོད་པ་དང་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་དེ་ ༥༦༥ ཙམ་ཆགས་ཡོད་པར་མངོན་གསལ་བྱས་འདུག ཉེ་ཆར་ Tencent ཞེས་པའི་རྒྱ་ནག་གི་དྲྭ་རྒྱའི་མཉེན་ཆས་ཚོང་ལས་ཁང་ཆེ་ཤོས་གཉིས་པ་དེས་རྒྱ་ནག་ནང་རིམས་ནད་དང་འབྲེལ་བའི་གྲངས་ཐོ་འདོན་སྤེལ་བྱས་པར་རིམས་ནད་ཕོག་པའི་མི་གྲངས་འབུམ་གཅིག་དང་ཕྱད་ཀ་ཙམ་ཡོད་པ་དང་རྐྱེན་འདས་སུ་ཕྱིན་པའི་གྲངས་ཐོ་དེ་ ༢༤༥༠༠ ལྷག་ཡོད་པ་རེད་འདུག ཐེ་ཝན་བརྒྱུད་ལམ་གྱིས་ Tencent ཚོང་ལས་ཁང་གིས་སྣང་མེད་ཐོག་རིམས་ནད་དང་འབྲེལ་བའི་གྲངས་ཐོ་ཇི་ཡིན་དངོས་བསྟན་ཡོད་པར་ངོས་འཛིན་གནང་བཞིན་འདུག གྲངས་འབོར་དེའང་རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཐོ་ལས་ལྡབ་བཅུ་ཙམ་མང་བ་ཡོད་སྐོར་གསུངས་འདུག རྒྱ་ཕྱོགས་ནས་དྲག་སྐྱེད་བྱུང་བ་ ༦༠༠ ལྷག་ཡོད་པ་བཤད་བཞིན་ཡོད་ཀྱང། Tencent དྲྭ་གནས་ཐོག་ཕྱི་འགྱར་བྱུང་བའི་གྲངས་ཐོ་ནང་མི་ ༢༦༩ ལས་མེད་པར་མངོན་གསལ་གནང་འདུག དེ་བཞིན་ཁ་སང་ BBC བརྒྱུད་ལམ་ཐོག་ཝུ་ཧན་གྲོང་ཁྱེར་དུ་ཡོད་པའི་རང་ལོ་ ༣༣ ཡིན་པའི་རྒྱ་རིགས་བེུད་ Wenjun Wang ལགས་ཀྱི་གནས་སྟངས་དང་འབྲེལ་ཁུལ་དེའི་གནས་ཚུལ་ཕྱིར་བསྒྲགས་གནང་བའི་ནང་ཁོང་དང་ཁོང་གི་ནང་མི་ཚང་མ་ཝུ་ཧན་ནང་ཡོད་པ་དང་། ཨ་ཁུ་ལགས་རིམས་ནད་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད་པཱ་ལགས་ཀྱི་གནས་སྟངས་ཛ་དྲག་ཡིན་པ་དང་ཨ་མ་ལགས་དང་སྲུ་མོ་གཉིས་ལ་ནད་རྟགས་མངོན་ཡོད་པ། སྤུན་ཆུང་བ་དབུགས་རྔུན་གཏོང་གི་ངལ་བ་འཕྲད་ཡོད་པ་དེ་ལྟར་ཡང། སྨན་ཁང་ནང་བརྟག་དཔྱད་ཀྱི་ཡོ་བྱད་རྫོགས་པ་དང་མཐུན་རྐྱེན་མེད་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་ཡོད་སྐོར་མངོན་གསལ་གནང་འདུག དེ་བཞིན་དེ་རིང་ Aljazeera བརྒྱུད་ལམ་ཐོག་ཝུ་ཧན་གྲོང་ཁྱེར་ནང་བཞུགས་མཁན་སྐུ་ཞབས་ FangBin ལགས་ཀྱིས་ཝུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ལྔ་པའི་ནང་ཕྱིན་པའི་བརྙན་པར་སྐུར་བ་ཞིག་འདོན་སྤེལ་གནང་བའི་ནང་སྨན་ཁང་དུ་སྐར་མ་ཁ་ཤས་ཀྱི་མཚམས་ལ་མི་གྲོངས་བཞིན་ཡོད་པ་དང་། རླངས་འཁོར་ནང་མིའི་ཕུང་པོ་བརྩིགས་ནས་ཡོད་པ་སོགས་མངོན་གསལ་གནང་བའི་ཛ་དྲག་གི་གནས་སྟངས་བྱུང་འདུག དེ་རིང་ Hindustan གསར་ཁང་གིས་ད་ལྟའི་ཆར་སིམ་ལ་རྫོང་ནང་ཕྱི་ནས་འགྲུལ་བཞུད་ཀྱིས་འབྱོར་བའི་འགྲུལ་པ་ ༣༢ རྒྱ་ནག་ནས་ཡིན་པ་དང། དེ་བཞིན་སོ་ལཱན་ས་ཁུལ་དུ་མི་ ༡༨ དང་བཞུགས་སྒར་དྷརྨ་ས་ལའི་ཉེ་འདབས་ཀངྒ་རཱ་རྫོང་དུ་རྒྱ་ནག་ལས་ཡོང་བའི་མི་ ༢༠ ཡོད་པ་མངོན་གསལ་གནང་འདུག ད་ལྟའི་ཆར་མངའ་སྡེ་དེའི་ནང་རྒྱ་ནག་ནས་འབྱོར་བའི་མི་རྣམས་ས་གནས་ཀྱི་སྨན་ཁང་ཁག་གཅིག་ཏུ་བརྟག་དཔྱད་དང་ནད་རྟགས་ལ་རྟོག་ཞིབ་གནང་མུས་རེད་འདུག

Latest news