Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བཞུགས་སྒར་དྷ་སར་ཏོག་དབྱིབས་ནད་རིམས་བརྟག་དཔྱད་གནང་ཡུལ་ཞིག་ཟུར་འཛུགས་གནང་རྒྱུ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ Coronavirus ཞེས་ཏོག་དབྱིབས་གློ་ཚད་རྐྱེན་པས་ད་ཆ་རྒྱ་ནག་ནང་མི་གྲངས་ ༡༡༨༠༠ ལྷག་ལ་ནད་གཞི་ཕོག་ཡོད་པ་མ་ཟད་འདས་གྲོངས་སུ་གྱུར་བའི་གྲངས་འབོར་ ༢༥༠ ལྷག་འཆར་ཡོད་པའི་ཁྲོད་བོད་མིའི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དྷརྨ་སཱ་ལཱའི་མེག་ལོཊ་གྷན་ཇ་དུ་ཏོག་དབྱིབས་ནད་རིམས་བརྟག་དཔྱད་གནང་ཡུལ་ཞིག་ཟུར་འཛུགས་གནང་རྒྱུ་རེད་འདུག དེའི་ཁྲོད་དེ་རིང་རྒྱ་གར་ Times གསར་ཁང་གིས་རེས་གཟའ་ཕུར་བུ་ཉིན་ཧི་མཱ་ཅལ་གྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་སིམ་ལར་ཛ་དྲག་གི་ཚོགས་འདུ་ཆེད་བསྐོང་གནང་ཐོག་འཕྲོད་བསྟེན་ལྷན་ཁང་ཁག་ནས་སྨན་ཁང་ཆེ་གྲས་སུ་ནད་གཞི་དེ་འབྲེལ་དོགས་གཞི་ཡོད་མཁན་ཚོའི་སླད་དུ་ཟུར་བཀག་གི་ལྟ་རྟོག་གནང་ཡུལ་ཞིག་ཆེད་འཛུགས་གནང་རྒྱུ་དང་། ལྷག་དོན་བཞུགས་སྒར་དུ་མང་ཚོགས་མང་པོ་ཞིག་མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་བར་ཆེད་བཅར་ཞུ་ཡི་ཡོད་སྟབས། མེག་གྷན་དུའང་དེ་འབྲེལ་ནད་གཞི་བརྟག་དཔྱད་གནང་ཕྱིར་དམིགས་བསལ་ཟུར་འཛུགས་གནང་རྒྱུ་དང་ཆབས་ཅིག་ཏུ་ནད་གཞི་དེ་འབྲེལ་གོ་རྟོགས་གནང་རྒྱུའི་ལམ་སྟོན་གནང་ཡོད་པ་རེད།གནས་ཚུལ་དེ་འབྲེལ་དེ་རིང་ཉིན་རྒྱབ་རྒྱ་གར་ས་གནས་རྫོང་དཔོན་ལས་ཁུངས་ནས་ཆེད་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་དྷ་ས་ས་གནས་འགོ་འཛིན་སོགས་ཕེབས་ནས་ནད་གཞི་དེ་འབྲེལ་ལས་འཆར་ཐོག་ཚོགས་འདུ་ཚོགས་ཡོད་པ་རེད། གཞི་རྩའི་བཞུགས་སྒར་དྷརྨ་སཱ་ལཱ་ནི་༸གོང་ས་མཆོག་གི་བཞུགས་གནས་ཡིན་པའི་ཆ་ནས་རྣམ་ཀུན་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་མགོན་པོ་༸གང་ཉིད་མཆོག་གི་གསེར་ཞལ་མཇལ་བར་ཆེད་བཅར་ཞུ་གནང་གི་ཡོད་ཀྱང་། ད་ལྟའི་ཆར་འཛམ་གླིང་སྤྱི་ལ་ཏོག་དབྱིབས་ཀྱི་ནད་གཞི་རིམ་པས་ཁྱབ་བརྡལ་འགྲོ་བཞིན་པར་བརྟེན་ཛ་དྲག་གི་དུས་ཚིགས་འདིར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མང་མཇལ་རེ་ཞིག་མཚམས་འཇོག་གནང་ཡོད་པ་རེད། སྤྱིར་ད་ཆ་ནད་རིམས་དེའི་རྐྱེན་པས་ཨ་མི་རི་ཀས་གཙོས་པའི་ཡོ་རོབ་དང་། ཉི་ཧོང་སོགས་ཀྱི་མི་སེར་ཝུ་ཧན་ནང་ཡོད་པ་རྣམས་རྒྱལ་ཁབ་སོ་སོས་འགན་ཁུར་ཏེ་རྒྱ་ནག་ནས་ཕྱིར་འདོན་གནང་གི་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣༡ ཉིན་རྒྱ་གར་གྱི་ Air India གནམ་གྲུ་ཞབས་ཞུ་ཁང་ནས་འགྲུལ་བཞུད་པ་ ༤༢༣ ཙམ་ཤོང་པའི་ AI Boeing 747 གནམ་གྲུ་ཆེད་གཏོང་གིས་རྒྱལ་ས་ལྡི་ལི་ནས་ཉིན་དགུང་ཚོུད་ ༡༌༡༨ ཐོག་ཝུ་ཧན་ལ་ཐོན་ཡོད་པ་དང་། དེ་རིང་སྔ་དྲོ་ཚོུད་ ༧༌༣༠ ཐོག་རྒྱ་གར་གྱི་མི་སེར་ ༣༢༤  ཞིག་ལྡི་ལིར་འབྱོར་འདུག ལྡི་ལིར་འབྱོར་མ་ཐག་ས་གནས་དེར་ཡོད་པའི་བོད་ས་མཚམས་ཉེན་རྟོག་གི་སྡོད་སྒར་དང་དེ་བཞིན་རྒྱ་གར་གྱི་མངའ་སྡེ་ཧ་རི་ཡ་ནར་ Manesar ཞེས་པའི་དམག་སྒར་གཉིས་སུ་སྨན་བཅོས་ལྟ་སྐྱོང་སླད་ཁྲིད་ཡོད་པ་རེད། རྒྱ་གར་གྱི་མི་སེར་དེའི་ཁྲོད་མི་གྲངས་ ༢༡༡ ཙམ་ཞིག་ཨན་དྷ་ར་མངའ་སྡེ་དང་། ཀེ་ར་ལ་ནས་ཡིན་པ་མ་ཟད་ ༢༢ ཙམ་ཞིག་མ་ཧ་རཤྚའི་སློབ་ཕྲུག་ཆགས་ཀྱི་འདུག  ཁ་སང་རྒྱ་གར་མི་སེར་ཕྱིར་འདོན་གནང་སྐབས་རྒྱ་ནག་གི་གཞིས་སྤོས་ལས་ཁང་ནས་རྒྱ་གར་སྐྱེས་པ་ཕོ་དང་མོ་ཞིག་ཚ་བ་ཧ་ཅང་རྒྱས་རྐྱེན་ཕྱིར་འདོན་གནང་བར་བཀག་འགོག་བྱས་པ་དང་།  ཁོང་གཉིས་ཝུ་ཧན་ནང་ཟུར་བཀག་སྨན་བཅོས་བྱེད་སྲིད་པ་དང་དེ་འབྲེལ་གྱི་ནད་རྟགས་དཔྱད་སླད་ཡིན་པ་འཁོད་འདུག   གཞི་རྩའི་ད་རེས་རྒྱ་གར་མི་སེར་ཕྱིར་འདོན་སླད་བཏང་བའི་གནམ་གྲུ་དེའི་ནང་རྒྱ་གར་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་པ་ལྔ་དང་། གནམ་གྲུའི་ཁ་ལོ་བ་བཞི། འཕྲུལ་ལས་འཆར་འགོད་པ། གནམ་གྲུའི་ལས་བྱེད་བཅས་མི་གྲངས་ ༣༠ ལྷག་ཆེད་ཕེབས་གནང་ཡོད་པ་དང་། ད་ཆ་ཕྱིར་འདོན་གནང་བའི་མང་ཚོགས་རྣམས་ནད་ཕོག་པའི་དོགས་གཞི་དང་དེ་བཞིན་འདས་པའི་ཉིན་གྲངས་ ༡༤ ནང་མཚོ་ཟས་ཁྲོམ་ར། ནད་གཞི་ཕོག་པའི་རྒྱ་རིགས་དང་འབྲེལ་བ་བྱུང་བ། ནད་གཞི་དེའི་རྟགས་མཚན་མེད་པ་སོགས་སྡེ་ཚན་གསུམ་ལ་བགོས་ནས་ཟུར་བཀག་གི་སྨན་བཅོས་གནང་སར་བཏང་བ་དང་ཆབས་ཅིག་ཏུ་ཉིན་གྲངས་ ༡༤ རྗེས་སུ་མི་སོ་སོར་ཏོག་དབྱིབས་ནད་དུག་གི་རྟགས་མཚན་མེད་པ་ཐོན་ཚེ་རང་ཁྱིམ་དུ་གཏང་བ་དང་ལྷག་པར་དུ་ནད་རྟགས་ཐོན་མཁན་ཚོར་ཟུར་བཀག་གི་སྨན་བཅོས་གནང་རྒྱུ་རེད་འདུག སྤྱིར་རྒྱ་ནག་ཝུ་ཧན་ནས་དེ་རིང་རྒྱ་གར་མི་སེར་ ༣༠༠ ལྷག་ཕྱིར་འདོན་གནང་ཐུབ་པ་བྱུང་ཡོད་ཀྱང་ད་ཆ་ཡང་ཝུ་ཧན་གྲོང་ཁྱེར་ནང་མི་སེར་ཁག་གཅིག་ལུས་ཡོད་སྟབས་ཁོང་རྣམས་ཡོངས་རྫོགས་ཕྱིར་འདོན་སླད་དེ་རིང་ཉིན་རྒྱབ་ཚོུད་ ༡༢ ཡོལ་ཙམ་ལ་ Air India ཞབས་ཞུ་ཁང་གི་གནམ་གྲུ་བཏང་ཡོད་པ་རེད། རྩ་བའི་ཁ་སྔོན་རེས་གཟའ་ཕུར་བུ་ཉིན་རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་ནད་པ་གཅིག་ཡོད་པ་མངོན་གསལ་བྱུང་བ་དང་། ནད་པ་དེའང་ཝུ་ཧན་གྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་ཀེ་ར་ལ་ནས་ཡིན་པ་མ་ཟད། རྒྱ་གར་ནང་ཏོག་དབྱིབས་ཀྱི་ནད་པའི་གནས་ཚུལ་ཐོན་མ་ཐག་ཀེ་ར་ལ་འཕྲོད་བསྟེན་བློན་ཆེན་གྱིས་ཀེ་ར་ལ་མངའ་སྡེ་ནས་ནད་རིམས་དེར་གདོང་ལེན་གནང་ཕྱིར་གྲ་སྒྲིག་ཡིན་པ་དང་། ད་ཆ་སློབ་ཕྲུག་ནད་པ་དེ་ཟུར་འཇོག་གིས་ལྟ་རྟོག་གནང་བཞིན་ཡོད་པས་མང་ཚོགས་ནས་དེར་དངངས་སྐྲག་གནང་མི་དགོས་ཞེས་གསུངས་ཡོད་པ་རེད། གཞན་ཡང་དེ་རིང་རྒྱ་ནག་གི་ CNR རླུང་འཕྲིན་གྱིས་གནས་ཚུལ་སྤེལ་བར་རྒྱ་གཞུང་གིས་དབྱེ་བའི་བོད་ས་ཁུལ་གྱི་ཞིང་ཆེན་བཞིའི་ཁག་ཏུ་ནད་རིམས་ཕོག་མཁན་ཇེ་མང་དུ་འགྲོ་ཡོད་པ་དང་ཟི་ཁྲོན་དུ་ནད་པ་ ༢༠༧ དང་། དཀར་མཛེས་ཁུལ་དུ་ནད་པ་ ༥ དེ་བཞིན་རྔ་བ་ཁུལ་དུ་ནད་པ་ ༡ དང་། མཚོ་སྔོན་དུ་ནད་པ་ ༨ དང་། ཀན་སུའུ་ནང་ནད་པ་ ༣༥ ཡུ་ནན་དུ་ནད་པ་ ༨༣ ཡོད་པ་མངོན་གསལ་གནང་འདུག ནད་གཞི་དེ་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་ཁྲོད་སྤྱི་ཚོགས་དྲྭ་རྒྱའི་ཐོག་རྒྱ་ནག་ནང་གི་བཟའ་ཆས་ཉོ་སའི་ཚོང་རར་མང་ཚོགས་ནས་བཟའ་ཆས་ཉོ་བར་འཚང་ཀ་རྒྱག་པ་དང་།  དེ་བཞིན་གྲོང་གསེབ་ཁག་ནང་ཕྱི་མི་ཡོང་བར་བཀག་འགོག་བྱས་པ་སོགས་ཀྱི་གནད་དོན་ཡང་མང་དག་ཅིག་མཐོང་རྒྱུ་འདུག

བོད་མི་དང་ཡུ་གུར་བ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་རྣམས་ཤེས་རྟོགས་མེད་པར་གྱུར་ཉེན།

རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ཕྱིའི་རྒྱལ་ཁབ་ཁག་ནས་བོད་མི་དང་ཡུ་གུར་བ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་རྣམས་དུས་ཚོད་ངེས་མེད་བར་དུ་གར་སོང་ཆ་མེད་དུ་གྱུར་སྲིད་པའི་ཉེན་ཁ་ཡོད་པ་གསུངས་འདུག ཉེ་ཆར་འཇར་མ་ནི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཕྱོགས་བསྒྲིགས་ཞུས་པའི་གསང་ཡིག་ཞིག་ཡུལ་དེའི་གསར་ཁང་ཁག་གཅིག་ཏུ་ཕྱིར་འགྱར་བྱུང་ཡོད་སྟབས་ཁ་སང་ཡུལ་དེའི་གསར་ཁང་ཆེ་གྲས་ Deutsche Welle ཞེས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ཡུལ་དེའི་གྲངས་ཉུང་མི་རིགས་ལ་དྲག་གནོན་དང་མི་རིགས་དབྱེ་འབྱེད་སོགས་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད་པར་བརྟེན་ཉེ་བའི་ལོ་ཤས་ནང་རྒྱ་ནག་སྤྱི་དང་ལྷག་པར་དུ་ཤིན་ཅང་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་མངོན་གསལ་གསུངས་འདུག སྙན་ཐོ་ནང་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་ས་གནས་ཡུ་གུར་བ་ས་ཡ་བཅུ་ལྷག་བཀག་བསྐྱིལ་ཁང་དུ་བཀག་ཉར་བྱེད་བཞིན་པ་ཚོར་ལག་ཤེས་སྦྱོང་བསྡར་སོགས་སྤྲོད་མུས་ཡིན་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། ཡུ་གུར་བ་ཚོར་རྒྱ་ནག་གི་ལྟ་སྤྱོད་དང་མཐུན་པའི་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ་དང་། ངལ་རྩོལ་ཅན་གྱི་ལས་ཀ་བྱེད་འཇུག་པ། དེ་བཞིན་མང་དག་ཅིག་ལ་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བའི་ཁྲོད་འདས་གྲོངས་སུ་གྱུར་བའི་གནས་སྟངས་ཡང་འབྱུང་བཞིན་པ་ཐེར་འདོན་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཡུ་གུར་བ་ཚོར་གསང་བའི་ལྟ་སྲུང་བྱེད་དེ་ཤིན་ཅང་ནང་ཡོད་པའི་རང་ཉིད་ཀྱི་ཡུ་གུར་སྤུན་མཆེད་ཚོ་དང་འབྲེལ་བ་རིགས་བྱས་ཚེ་ཡུ་གུར་བ་དེ་དག་ལ་འདྲི་རྩད་ནན་པོ་བྱེད་ཀྱི་ཡོད་པ་ཆེད་བཀོད་གནང་འདུག ལྷག་དོན་རྒྱ་ནག་གཞུང་གི་ཉེ་བའི་ལོ་ཤས་ནང་ Egypt དང་ Kazakhstan Malaysia Pakistan དེ་བཞིན་ Thailand སོགས་ཀྱི་གཞུང་ལ་ས་གནས་སུ་ཡོད་པའི་ཡུ་གུར་བ་རྣམས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་དགོས་པའི་གནོན་ཤུགས་རིགས་སྤྲོད་བཞིན་ཡོད་པ་མངོན་གསལ་ཡིན་ཀྱང་ད་བར་རྒྱ་ནག་ལ་ཕྱིར་ལོག་བྱས་པའི་མིའི་གྲངས་འབོར་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་ཡུ་གུར་བ་དང་བོད་མི་རྣམས་དུས་ཚོད་ངེས་མེད་བར་དུ་གར་སོང་ཆ་མེད་དུ་གྱུར་ཉེན་ཡོད་པ་གསུངས་འདུག སྙན་ཐོ་དེ་དང་འབྲེལ་གསར་འགྱུར་སྤེལ་མཁན་ Deutsche Welle གསར་ཁང་ནས་འཇར་མ་ནི་གཞུང་ནས་རྒྱ་གཞུང་གིས་ཡུ་གུར་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོག་གཏོང་བཞིན་པ་ཤེས་བཞིན་ཡོད་ཀྱང་། གནད་དོན་དེ་དག་ཐོག་རྒྱ་ནག་ལ་འདྲི་རྩད་དང་སྐྱོན་བརྗོད་མ་གནང་བ་དེ་ནི་འཇར་མ་ནི་ཡི་ཚོང་ལས་སྡེ་ཚན་ཆེ་གྲས་ Siemens དང་ BASF དེ་བཞིན་ Volkswagen སོགས་ཤིན་ཅང་ནང་ཚོང་ལས་གཉེར་བཞིན་པ་དེའི་རྐྱེན་གྱིས་རེད་དམ་ཞེས་དོགས་གཞི་ཆེད་འདོན་གནང་ཡོད། གཞི་རྩའི་རྒྱ་ནག་གཞུང་ནས་བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་ཨ་རི་གཙོས་པའི་རྒྱ་སྤྱིའི་གཞུང་ཁག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དབུས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་སོགས་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་སྟབས་ཕྱིའི་རྒྱལ་ཁབ་དང་ཚོགས་པ་ཁག་ནས་དེར་ཐེ་བྱུས་བྱེད་དབང་མེད་སྐོར་འགྲེལ་བརྗོད་གནང་མུས་ཡིན་པ་རེད།

ནང་ཆོས་དང་བོད་ཀྱི་རིག་གཞུང་སོགས་དང་འབྲེལ་བའི་ཚོང་འབྲེལ་གྱི་ལྟེ་གནས་ཤིག་ཡོང་བའི་རེ་བ་ཡོད།

དེ་རིང་འདི་ད་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་ངམ་མ་ཇུ་ཊི་ལར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད་པ་རེད། ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལྡི་ལི་བོད་ཁང་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བའི་ཉིན་གྲངས་གཉིས་ཀྱི་རིང་ལྷན་ཚོགས་འདི་གཙོ་བོ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་ཡོང་བ་བརྒྱུད་རིམ་པས་བོད་སྒར་བསམ་ཡས་གླིང་འདི་བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་སོགས་ཤེས་ཡོན་གྱི་སློབ་གསོ་དང་འབྲེལ་བའི་ཚོང་འབྲེལ་གྱི་ལྟེ་གནས་ཤིག་ཡོང་བའི་ཐུགས་རེ་ཡོད་པ་རེད་འདུག བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་འདས་པའི་ལོ་གཉིས་ཀྱི་ལས་འགན་བཞེས་རིང་ས་གནས་སུ་ནང་ཆོས་དང་མིའི་བཟང་སྤྱོད་སོགས་དང་འབྲེལ་བའི་ཆོས་འབྲེལ་དང་བཀའ་སློབ་སོགས་ཐེངས་འགའ་ཞིག་གོ་སྒྲིག་ཞུ་རྒྱུ་བྱུང་ཡོད་པ་དང་། དེ་དག་ནི་བོད་སྒར་བསམ་ཡས་གླིང་འདི་ཤེས་ཡོན་དང་འབྲེལ་བ་ཡོད་པའི་ཚོང་འབྲེལ་གྱི་ལྟེ་གནས་ཤིག་ཡོང་ཐབས་ལ་ཆེད་དམིགས་གནང་བ་ཡིན་པར་གསུངས་སོང་། དེ་རིང་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་དུ་ Shiv Nadar གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Siddiq Wahid མཆོག དེ་བཞིན་མཁས་དབང་དང་དོན་གཉེར་ཅན་ཚོགས་བཅར་བ་བཅས་མི་གྲངས་ ༡༠༠ ལྷག་འདུ་འཛོམས་བྱུང་འདུག སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ས་གནས་འགོ་འཛིན་ན་གཞོན་ཞིག་ནས་བཟང་སྤྱོད་དང་འབྲེལ་བའི་སློབ་གསོའི་ལས་འགུལ་གོང་འཕེལ་ཡོང་ཐབས་ལ་འབད་བརྩོན་གནང་བར་ཡི་རངས་བསྔགས་བརྗོད་དང་འབྲེལ། བོད་སྒར་བསམ་ཡས་གླིང་ཐོག་མར་ཆགས་སྐབས་ཀྱི་གནས་སྟངས་དང་རིམ་བཞིན་དུས་ཚོད་དང་བསྟུན་ད་ལྟ་བར་གྱི་འགྱུར་ལྡོག་བཅས་སྙིང་བསྡུས་སུ་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཏུ་བཟང་སྤྱོད་དང་འབྲེལ་བའི་སློབ་གསོའི་ལས་འགུལ་འདི་ནི་བོད་མི་ཚོའི་ཆོས་དང་རིག་གཞུང་ཙམ་མ་ཡིན་པར་རྩ་དོན་ཐོག་ཏུའང་ཕན་ཐོགས་ཆེན་པོ་ཡོད་པའི་ལག་ཆ་ཞིག་ཀྱང་ཡིན་པར་དྲན་སྐུལ་སོགས་ཀྱང་གནང་ཡོད།    བོད་སྒར་བསམ་ཡས་གླིང་དུ་གོ་སྒྲིག་ཞུས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལྷན་ཚོགས་དབུ་འབྱེད་ཐོག་ལོ་རྒྱུས་སྨྲ་བ་མཁས་དབང་སློབ་དཔོན་ Siddiq Wahid མཆོག་གིས་དབུས་པའི་ལྡི་ལི་བོད་ཁང་གི་ངེས་སྟོན་པ་དགེ་བཤེས་རྡོ་རྗེ་དགྲ་འདུལ་མཆོག བིཝ་ནཱདྷར་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་ལྕམ་སྐུ་ Kaveri Gill མཆོག་བཅས་ནས་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་མ་ཟད། དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་བོད་སྒར་བསམ་ཡས་གླིང་གི་ཆུ་བཞི་སྒང་དྲུག་ཚོགས་ཁང་དུ་རྒྱ་གར་གྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་དང་བོད་རིགས་ན་གཞོན། དོན་གཉེར་ཅན་བཅས་མི་གྲངས་ ༡༠༠ ལྷག་ཡོད་པ་དེ་དག་ལ་མཁས་དབང་ཚོའི་གསུང་བཤད་སོགས་གོ་སྒྲིག་གནང་ཡོད་པ་རེད།

 ཕྱི་ཕྱོགས་སུ་གནས་པའི་རྒྱ་རིགས་སློབ་མའི་སྨྲ་བརྗོད་རང་དབང་ལ་སེམས་ཚབ།  

ཨ་རིའི་Minnesota ནང་གི་རྒྱ་རིགས་སློབ་མ་ཞིག་རྒྱ་ནག་ཏུ་ཕྱིར་ལོག་བྱས་མ་ཐག་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་ཁྲོད། ད་སྐབས་རྒྱ་ནག་གཞུང་གིས་ཕྱིའི་ཡུལ་གྲུ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་ཚོའི་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་ཕྱོགས་ཐད་སེམས་ཚབ་ཆེན་པོ་གནང་བཞིན་འདུག དེའང་སྤྱི་ལོ་ ༢༠༡༩ ལོར་ཨ་རིའི་གྲོང་ཁྱེར་ Minnesota ཡི་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་ Luo Daiqing གིས་རང་གི་Twitter དྲ་གནས་ཀྱི་སྟེང་།  རྒྱ་ནག་གི་ནང་གི་བཀག་སྡོམ་རང་བཞིན་གྱི་གནས་ཚུལ་ཞིག་དང་འབྲེལ་ནས་སྲིད་འཛིན་ཞི་ཅིན་ཕེན་གྱི་ཟུར་ཟའི་པར་ཞིག་འགྲེགས་འཇོག་བྱས་ཡོད་སྟབས།  སྔ་ལོའི་ཕྱི་ཟླ་ ༧ པའི་ནང་ཁོང་ཕྱིར་རྒྱ་ནང་དུ་ལོག་མ་ཐག་རྒྱ་ནག་སྲིད་གཞུང་གིས་ཁོང་བྱེད་བབ་དེར་སྐྱོན་བརྗོད་ཀྱིས་འཛིན་བཟུང་བྱས་པ་མ་ཟད།  ཉེ་ལམ་ཕྱི་ཟླ་ ༡༡ ནང་ཟླ་བ་དྲུག་གི་རིང་བཙོན་འཇུག་ཉེས་ཆད་གསལ་སྒྲགས་བྱས་ཡོད་པ་རེད། དེ་རིང་གསར་ལམ་ཁག་ཏུ་དེའི་སྐོར་ལ་འབྲེལ་ཡོད་གནས་ཚུལ་སྤེལ་བའི་ནང་དུ།   གཞི་རྩའི་ཕྱི་ལོག་གི་སློབ་གྲྭ་ཁག་གི་ནང་དུ་རྒྱ་རིགས་སློིབ་མ་རྣམས་ལ་ཡང་རྒྱལ་ཁབ་གཞན་གྱི་སློབ་མ་ལྟར་སྨྲ་བརྗོད་རང་དབང་གཅིག་པ་ཡོད་ནའང་།  རྒྱ་ནག་སྲིད་གཞུང་གི་གནོན་ཤུགས་ཀྱི་འོག་ནས།  རྒྱ་རིགས་སློབ་མ་དང་དགེ་རྒན་རྣམས་ཀྱིས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དེ་ལོངས་སུ་སྤྱོད་ཐུབ་ཀྱི་མེད་པའི་སེམས་ཚབ་དང་གླེང་སློང་བྱེད་མཁན་མང་པོ་བྱུང་འདུག ཨོ་གླིང་གི་གཙུག་ལག་སློབ་གྲྭ་ཆེན་པོ་ཞིག་གི་སློབ་དཔོན།  Kevin Carrico ལགས་ཀྱིས་རྒྱ་ནག་གཞུང་གིས་ Luo Daiqing འཛིན་བཟུང་བཙོན་བཅུག་བྱས་པ་དེ་ནི་ཧ་ཅང་བློ་ཕམ་པའི་གནད་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་པ་དང་སྦྲགས།  རྒྱ་ནག་སྲིད་གཞུང་གིས་ཕྱི་ལོགས་སུ་ཡོད་པའི་རྒྱ་རིགས་སློབ་མ་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་བྱེད་བཞིན་པ་མ་ཟད།   སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མཁན་གྱི་སློབ་མ་རྣམས་ཀྱི་བྱ་སྤྱོད་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ་བཙོན་འཇུག་ཁྲིམས་ཐག་བཅད་པ་བརྒྱུད། དོན་དངོས་སྲིད་གཞུང་གིས་ཕྱི་ལོག་ཏུ་ཡོད་པའི་རྒྱ་རིགས་རྣམས་ལ། ཁྱེད་ཅག་སྲིད་གཞུང་ལ་དབང་གི་ཡོད་པ་རེད་ཅེས་བརྗོད་བཞིན་ཡོད་པ་ཡོངས་གྲགས་གནང་འདུག ཨ་རིའི་གསར་ཁང་ཁག་གཅིག་གིས་ Luo Daiqingལགས་སུ་གློག་འཕྲིན་བརྒྱུད་འབྲེལ་བ་ཞུས་ཡོད་པ་ལྟར། ཁོང་སྒེར་ངོས་ནས་ལན་འདེབས་གང་ཡང་གནང་མེད་ཀྱང་ཁོང་སློབ་སྦྱོང་གནང་སའི་གཙུག་ལག་སློབ་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། རྒྱ་ནག་གཞུང་གིས་ Luo ལགས་སུ་ཟླ་བ་དྲུག་གི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་དེ་ལྟར་ཡང་། ཁོང་ཐོག་མར་ཕྱི་ཟླ་ ༧་པའི་ནང་འཛིན་བཟུང་གིས་ཟླ་བ་དྲུག་བཙོན་ཁང་ནང་བཅུག་ཟིན་པའི་གནད་དོན་གཞིར་བཟུང་། ཁོང་ད་ཆ་གློད་བཀྲོལ་ཐོབ་སྟེ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་གནས་སྡོད་གནང་བཞིན་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་སྲིད་གཞུང་གིས་ཕྱི་ཕྱོགས་ཀྱི་རང་དབང་ཅན་གྱི་སློབ་སྦྱོང་གི་ཁོར་ཡུག་ལ་སྟངས་འཛིན་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས།      ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཀྱང་རྒྱ་ནག་གིས་ཨ་རིའི་རང་དབང་གི་སློབ་སྦྱོང་གི་མཁའ་དབུགས་དེར་སྟངས་འཛིན་དང་བཀག་སྡོམ་བྱས་ནས་གནོད་ཤུགས་སྤྲོད་བཞིན་པར་སེམས་ཚབ་བྱེད་མཁན་མང་པོ་བྱུང་ཡོད་པ་མ་ཟད།  ཨ་རིའི་གྲོས་ཚགས་གོང་མའི་འཐུས་མི།   ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་མཉམ་སྤྲེལ་གྱི་ཚོགས་གཙོ་སྐུ་ཞབས་Marco Rubio ལགས་ཀྱིས།   རྒྱ་ནག་སྲིད་གཞུང་གིས་ཨ་རིར་སློབ་སྦྱོང་བྱེད་མྱོང་མཁན་གྱི་རྒྱ་རིགས་སློབ་མ་ Luo Daiqing འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་དེ་སྒེར་གྱི་ Twitter དྲ་གནས་སུ་བཀོད་དེ།  གོང་གི་གནད་དོན་དེར་ཚང་མས་ཐུགས་ཞིབ་གནང་དགོས་གལ་ཡིན་པར་འབོད་སྐུལ་གནང་ཡོད་པ་རེད མ་ཟད་ཨ་རིའི་སྲིད་དོན་དབྱེ་ཞིབ་ཁང་། Wilson Center ཞེས་པའི་སྤྱི་ལོ་ ༢༠༡༨ ལོར་རྒྱ་ནག་གིས་ཨ་རིའི་མཐོ་རིམ་སློབ་སྦྱོང་གི་ཁོར་ཡུག་ཏུ་རྒྱ་ནག་གིས་གནོན་ཤུགས་སྤྲོད་བཞིན་པའི་ཐད་ནས་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་།  ཨ་རིར་རྟེན་གཞི་བྱས་པའི་རྒྱ་རིགས་སློབ་མ་རྣམས་ཀྱིས་རྒྱ་ནག་དང་འབྲེལ་བའི་ཚོར་རྣོ་བའི་བརྗོད་བྱ་གང་གི་སྒང་དུ་མི་སྒེར་གྱི་ལངས་ཕྱོགས་ཐད་ནས་སྐད་ཆ་བཤད་ཐུབ་ཀྱི་མེད་པ་མ་ཟད།  གལ་ཏེ་སུ་ཞིག་གིས་རྒྱ་ནག་དང་འབྲེལ་བའི་གནད་དོན་གང་ཡང་རུང་བ་ཞིག་གི་སྒང་ལ་སྐད་ཆ་བཤད་པ་ཡིན་ན།   གནས་ཚུལ་དེ་གཞན་གྱིས་རྒྱ་ནག་སྲིད་གཞུང་གི་དཔོན་རིགས་རྣམས་ལ་རྩིས་སྤྲོད་བྱེད་ངེས་བའི་དངངས་སྐྲག་བྱེད་ཀྱི་ཡོད་པར་འཁོད་ཡོད་པ་རེད། དེ་བཞིན་ Scholars at Risk ཞེས་ཉེན་ཁའི་འོག་ལྷུང་བའི་ཤེས་ལྡན་མི་སྣའི་ཚོགས་པའི་ངོས་ནས་རྒྱ་ནག་གི་སློབ་སྦྱོང་གི་ཁོར་ཡུག་རང་དབང་དང་འབྲེལ་ནས་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་།    རྒྱ་ནག་གིས་རྒྱལ་ནང་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་ཤེས་ཡོན་སློབ་གསོའི་རང་དབང་ལ་ཤན་ཤུགས་སྤྲོད་བཞིན་པ་ཐེར་འདོན་བྱས་ཡོད་པ་མ་ཟད།  Finnish གཙུག་ལག་སློབ་ཁང་གི་འབུམ་རམས་པའི་ཞིབ་འཇུག་པ་Zhan Wang ཞེས་པ་ཞིག་སྒེར་གྱི་ལས་དོན་དང་འབྲེལ་ནས་རྒྱ་ནག་ཏུ་སྐྱོད་སྐབས།  སྲིད་གཞུང་གིས་ཁོང་གིས་དྲ་རྒྱའི་ཐོག་གི་གླེང་མོལ་དང་འབྲེལ་ནས་བཀག་སྡོམ་བྱས་ཡོད་པ་སོགས་ཡོངས་གྲགས་གནང་འདུག གོང་གི་གནས་ཚུལ་དེ་དང་འབྲེལ་ནས།  Scholars at Risk  ཚོགས་པའི་ངེས་སྟོན་པ། སྐུ་ཞབས་ Clare Robinson ལགས་ཀྱིས།  ད་རེས་རྒྱ་ནག་གཞུང་གིས་ Luo Daiqingལགས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་དེའི་ཁྲོད་དོ་སྣང་བྱེད་དགོས་པ་ཞིག་ནི། གནས་ཚུལ་དེའི་བརྒྱུད་ཕྱི་ལོག་ཏུ་ཡོད་པའི་རྒྱ་རིགས་སློབ་མ་དང་མཁས་དབང་རྣམས་ཀྱིས་སྤྱི་ཚོགས་དྲ་རྒྱའི་ཐོག་རྒྱ་ནག་སྲིད་གཞུང་དང་སློབ་སྦྱོང་གི་གནད་དོན་སོགས་ལ་སྐྱོན་བརྗོད་ཀྱིས་གནད་དོན་བཀོད་རྒྱུ་དང་། ཡང་ན་འབྲེལ་ཡོད་ཞིབ་འཇུག་སྙན་ཐོ་སོགས་འདོན་སྤེལ་མ་བྱས་གོང་བསམ་བློ་གཉིས་བ་གཉིས་མི་གཏོང་ཀ་མེད་དུ་གྱུར་ཡོད་སྐོར་གསུང་འདུག གང་ལྟར་ Luo Daiqing ལགས་སློབ་སྦྱོང་གནང་སའི་ Minnesota ཡི་གཙུག་ལག་སློབ་ཁང་ནས་ཁོང་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་དེ་བདུན་ཕྲག་སྔོན་མའི་ནང་གཞི་ནས་ཤེས་རྟོགས་བྱུང་ཡོད་སྐོར་གསུངས་བ་དང་ད་ཆ་ཁོང་གློད་བཀྲོལ་བྱུང་བའི་གནས་ཚུལ་ལ་དགའ་བསུ་ཞུས་ཡོད་པ་དེ་ལྟར་ཡང་། དགེ་རྒན་ཆེན་པོ་ཁག་གཅིག་གིས། གཙུག་ལག་སློབ་ཁང་དེའི་ངོས་ནས་གནད་དོན་དེའི་ཐོག་རང་ཉིད་ཀྱི་བཞེངས་ཕྱོགས་ཡོང་གྲགས་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བྱེད་སྟངས་འདིར་ངོས་ལེན་བྱེད་ཐབས་མེད་པའི་སྐྱོན་བརྗོད་ཀྱིས་གསལ་བསྒྲགས་སྤེལ་དགོས་པའི་ཞུ་སྐུལ་གནང་བཞིན་པ་རེད་འདུག

ཏོག་དབྱིབས་ནད་དུག་དང་འབྲེལ་དགོན་སྡེ་ཁག་གིས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་རྟོག་དབྱིབས་ནད་དུག་གམ་ Coronavirus ཞེས་པ་དེ་ད་ཆ་འཛམ་གླིང་སྤྱི་ཡོངས་ནང་རིམ་བཞིན་ཁྱབ་གདལ་འགྲོ་མུས་ཐོག་ཛ་དྲག་གི་གནས་སྟངས་གྱུར་ཡོད་པ་ལྟར། ནད་རིམས་དེ་ཞི་བར་སེ་འབྲས་དགའ་གསུམ་གྱིས་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཡོངས་ཀྱི་དགོན་སྡེ་ཁག་གིས་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གསུང་འདོན་དང་འབྲེལ་ཞབས་རིམ་གསོག་སྒྲུབ་གནང་བཞིན་ཡོད་པ་རེད། གཞི་རྩའི་ནད་གཞི་དེ་དང་འབྲེལ་ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནད་རིམས་ཞི་བར་མང་ཚོགས་ནས་༸རྗེ་བཙུན་སྒྲོལ་མའི་གཟུང་སྔགས་དང་ཐུབ་པའི་མཚན་སྔགས། མ་ཎི་གསོག་སྒྲུབ་དང་ལྷག་པར་དུ་དགོན་སྡེ་ཁག་ནས་འཕྲལ་དུ་སྒྲུབ་གལ་ཆེ་བའི་ཞབས་རིམ་ཁག་ཅིག་གསོག་སྒྲུབ་གནང་དགོས་པར་ལམ་སྟོན་བཀའ་ཕེབས་པ་ལྟར་བྱེས་ཀྱི་གདན་ས་སེ་འབྲས་དགའ་གསུམ་གཙོ་གྱུར་ཆོས་བརྒྱུད་ཡོངས་ཀྱི་དགོན་སྡེ་ཁག་ནས་དེ་ལྟར་༸རྒྱལ་བའི་བཀའ་བཞིན་ཞབས་རིམ་གསོག་སྒྲུབ་དབུ་འཛུགས་གནང་ཡོད་པ་དང་། དེའི་ཁྲོད་ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་༸དཔལ་ལྡན་སྨད་བརྒྱུད་གྲྭ་ཚང་གི་མཁན་བླ་འདུས་མང་ལྷན་འཛོམས་ཀྱིས་རྟོག་དབྱིབས་ནད་དུག་ཟློག་ཐབས་ལ་དམིགས་ཏེ་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་ཀྱི་སྒོམ་བཟླས་གནང་འདུག དེ་བཞིན་ད་ལྟའི་ཆར་རྒྱ་གར་མངའ་སྡེ་བྷི་ཧཱར་གྱི་གྷ་ཡ་རྫོང་དུ་ཆགས་པའི་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༡ པ་འཚོགས་བཞིན་པ་དང་བསྟུན་ཁ་སྔོན་ཕྱི་ཚེས་ ༢༩ ཉིན་སྨོན་ལམ་སྐབས་རྙིང་མའི་སྨོན་ལམ་འགན་འཛིན་ཚོགས་པ་རྣམས་བཀའ་བསྡུར་གནང་མཐར་ནད་རིམས་ཞི་བའི་གཟུང་སྔགས་སངས་རྒྱས་སྨན་བླའི་གཟུངས་སྔགས་དང་དུས་འཁོར་སྣ་ཚོགས་ཡུམ་གྱི་འབྲུམ་སྲུང་། དེ་བཞིན་ལྷ་མོ་ལོ་གྱོན་མའི་གཟུངས་སྔགས། ཨོ་རྒྱན་སྨན་བླའི་གསོལ་འདེབས། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་ས་སྐྱ་ནད་གྲོལ་མ་བཅས་སྨོན་ལམ་བྱིན་རླབས་ཅན་དེ་དག་ཕྱོགས་བསྒྲིགས་ཀྱིས་སྨོན་ལམ་ལ་ཕེབས་མཁན་གྲྭ་བཙུན་གཙོ་གྱུར་མི་སྐྱ་རྣམས་ལ་འགྲེམས་སྤེལ་གནང་ཐོག་སྨོན་ལམ་གསུང་འདོན་གནང་འདུག དེ་དང་ཕྱོགས་མཚུངས་རྡོར་གདན་དུ་འཚོགས་བཞིན་པའི་བཀའ་འགྱུར་སྨོན་ལམ་ཆེན་མོ་ཐེངས་ ༣༧ པའི་སྐབས་སུའང་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དྲྭ་རྒྱའི་ཐོག་ནད་རིམས་དེ་ཞི་བར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་ས་སྐྱ་ནད་གྲོལ་མའི་སྨོན་ལམ་ལྗགས་ལུང་བསྩལ་བ་དང་།  སྨོན་ལམ་གྱི་བར་གསེང་སྐབས་ས་སྐྱ་ནད་གྲོལ་མའི་སྨོན་ལམ་གསུང་འདོན་གནང་དགོས་པར་བཀའ་ཕེབས་ལྟར་གནང་མུས་ཡིན་པ་རེད། རྩ་བའི་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནད་རིམས་ཞི་བར་༸རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་དང་ཞབས་རིམ་གཞན་ཁག་གཅིག་འཕྲལ་དུ་གསོག་སྒྲུབ་གནང་དགོས་པར་སྤྱི་རིམ་གསལ་བསྒྲགས་ཤིག་སྤེལ་མ་ཐག་ཏུ་བྱེས་ཀྱི་གདན་ས་ཁག་ཏུ་གྲྭ་བཙུན་རྣམས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་ལམ་སྟོན་ཕེབས་དོན་བཞིན་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གཙོ་གྱུར་འཕགས་བསྟོད། མ་ཎི། ཏཱ་རེ་འབུམ་ཐེར། ལྷ་མོའི་བསྐང་བཤགས། པཎ་གྲུབ་བསྟོད་ཆེན། བོད་སྐྱོང་འཕྲིན་བསྐུལ། དེ་བཞིན་གདུགས་ཤེར་སེང་གསུམ་གསུང་འདོན་གྱིས་ཞབས་རིམ་གསོག་སྒྲུབ་དབུ་འཛུགས་གནང་ཡོད་པ་རེད།

ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་གཏན་འབེབས་གནང་བར་དགའ་བསུ།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་སམ United States Commission on International Religious Freedom ནས་ཉེ་ཆར་ ༢༨ ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ Tibetan Policy and Support Act ཞེས་ཨ་རི་བོད་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་བར་དགའ་བསུ་དང་སྦྲགས་ཏེ་ཁྲིམས་འཆར་དེ་གང་མགྱོགས་གྲོས་ཚོགས་གོང་མར་གཏན་འབེབས་དང་། ཨ་རི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་དེར་མཚན་རྟགས་བསྐྱོན་ཏེ་ཁྲིམས་འཆར་གྱི་དོན་ཚན་ཁག་བཅོས་མིན་གྱིས་ཕྱག་བསྟར་གནང་དགོས་པའི་ཞུ་སྐུལ་གནང་འདུག ཁ་སང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དྲྭ་གནས་ཐོག་བསྒྲགས་གཏམ་ཞིག་སྤེལ་བར་ཨ་རིའི་གྲོས་ཚོགས་འོག་མས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་རིམ་པས་གྲོས་ཚོགས་གོང་མ་དང་ཨ་རི་སྲིད་འཛིན་བརྒྱུད་དེ་ཡུལ་དེའི་ཁྲིམས་སུ་གཏན་འབེབས་ཐུབ་ཚེ་ཁྲིམས་འཆར་གྱི་ནང་གསལ་ལྟར་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་བྱེད་དབང་མེད་པ་དང་། ཨ་རིའི་ཕྱི་ལས་ཁུངས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་ཆེད་འཛུགས་གནང་ཐུབ་ངེས་ཡིན་པ་སོགས་ཀྱི་དགེ་མཚན་ལྡན་ཡོད་པ་གསུངས་འདུག ལྷག་པར་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པ་སྐུ་ཞབས་ Gary Bauer ལགས་ནས་ཨ་མི་རི་ཀའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་འདིས་རྒྱ་ནག་གཞུང་གིས་བོད་དེ་རྒྱལ་སྤྱིའི་ཐོག་སྒོ་བརྒྱབ་ཏེ་ཕྱིའི་རྒྱལ་ཁབ་ཚོ་དང་འབྲེལ་ཐག་གཅོད་བཞིན་པའི་དུས་སྐབས་འདིར་ཨ་རི་གཞུང་ནས་བོད་དོན་དང་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པ་མངོན་གསལ་གནང་ཡོད་ཅེས་གསུངས་པ་དང་ཆབས་ཅིག ཁྲིམས་འཆར་དེ་རིམ་པས་གྲོས་ཚོགས་གོང་མར་གཏན་འབེབས་གནང་ཐོག་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་དེར་མཚན་རྟགས་བསྐྱོན་ཏེ་ཁྲིམས་འཆར་གྱི་དོན་ཚན་ཁག་བཅོས་མིན་གྱིས་ཕྱག་བསྟར་དགོས་པའི་ཞུ་སྐུལ་གནང་འདུག དེ་བཞིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་གྲས་སུ་ཡོད་པ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨ་རི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཆེད་འདོན་གནང་མཁན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ཚོགས་ཆུང་དེའི་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས། དེ་བཞིན་ཁྲིམས་འཆར་གཏན་འབེབས་སྐབས་སུ་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་མཁན་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁྲིམས་འཆར་དེ་གང་མགྱོགས་ཁྲིམས་སུ་གཏན་འབེབས་ཐོག་ཁྲིམས་འཆར་གྱི་ནང་གསལ་ལྟར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་དགོས་པའང་གསུངས་འདུག ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གི་མཚན་ཐོག་ལ་ཕྱག་ཡིག་ཞིག་ཕུལ་ཏེ་འདས་ལོ་ནང་ཨ་རི་གཞུང་ནས་བོད་མི་སྐྱབས་བཅོལ་བ་ཨ་རིར་གཞིས་སྤོས་ཀྱི་ལས་གཞི་དང་། བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་ཁྲིམས་འཆར་གཏན་འབེབས། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས། ༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་གཙོ་གྱུར་ཆེས་མཐོའི་གཟེངས་རྟགས་མང་དག་ཅིག་ཕུལ་ཡོད་པ་སོགས་ལུང་འདྲེན་དང་སྦྲགས། ཨ་རི་གཞུང་དང་མི་མང་ཡོངས་ནས་ད་བར་བོད་དོན་ཐོག་གཡོ་བ་མེད་པར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག ལྷག་པར་དུ་ཚོགས་གཙོ་མཆོག་གིས་ཐེངས་འདིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆེ་དེ་ཚད་མཐོའི་མང་མོས་ཀྱིས་ གཏན་འབེབས་བྱུང་བ་དེ་ནི་དྲང་བདེན་གྱི་རྒྱལ་ཁ་ཞིག་མཚོན་པ་མ་ཟད། ད་ལྟ་རྒྱ་གཞུང་གི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་རེ་བ་གསར་པ་ཞིག་བསྐྲུན་ཐུབ་ཡོད་པ་སོགས་གསུངས་ཡོད། གཞི་རྩའི་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་ཟིན་པའི་ Tibetan Policy and Support Act ཞེས་ཨ་རི་བོད་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་དེ་རིམ་པས་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་གི་ཡོད་པ་དང་། ཁྲིམས་འཆར་གསར་པ་དེར་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ་དང་། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། བོད་མིའི་སྒྲིག་འཛུགས་འདི་བོད་མི་ཡོངས་ཀྱི་མངོན་འདོད་མཚོན་པའི་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་གནང་རྒྱུ་སོགས་འཁོད་ཡོད་པ་རེད།

ཏོག་དབྱིབས་ནད་དུག་དེ་རྒྱལ་སྤྱིའི་ཐོག་ཛ་དྲག་གི་རིམས་ནད་ཡིན་པར་གསལ་བསྒྲགས།

ཁ་སང་རེས་གཟའ་ཕུར་བུ་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནས་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་ནད་དུག་དེ་རྒྱལ་སྤྱིའི་ཐོག་ཛ་དྲག་གི་རང་བཞིན་ལྡན་པའི་རིམས་ནད་ཅིག་ཏུ་ངོས་འཛིན་གནང་ཡོད་པ་གསལ་བསྒྲགས་གནང་འདུག གསལ་བསྒྲགས་དེ་ནི་ཁ་སང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ Tedros  Adhanom Ghebreyesus ལགས་ཀྱིས་གཙོ་སྐྱོང་འོག་རྒྱལ་ཚོགས་ཀྱི་དམིགས་བསལ་ཛ་དྲག་ཚོགས་ཆུང་གིས་རིམས་ནད་དེ་ཉེན་ཚབས་ཅན་ཞིག་ཡིན་མིན་ཐོག་དཔྱད་ཞིབ་ཀྱིས་ཚོགས་འདུ་ཐེངས་གཉིས་པ་ཚོགས་ཏེ་ཐག་གཅོད་གནང་བ་ཞིག་ཆགས་ཀྱི་ཡོད་པ་ལྟར། གསར་འགོད་ལྷན་ཚོགས་ཐོག་སྐུ་ཞབས་ Tedros ལགས་ཀྱིས་རིམས་ནད་དེ་ཐོག་མར་རྒྱ་ནག་ནས་ཐོན་པ་དང་ད་ཆ་རྒྱ་ནག་རྒྱལ་ནང་ཙམ་མིན་པར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་མང་པོའི་ནང་ཆེས་མྱུར་པོ་ཁྱབ་བཞིན་པར་བརྟེན་རིམས་ནད་དེ་འཛམ་གླིང་སྤྱིའི་ཐོག་ཛ་དྲག་གི་རང་བཞིན་ཅན་གྱི་རིམས་ནད་ཡིན་པར་གསལ་བསྒྲགས་གནང་བ་ཡིན་ཅེས་གསུངས་པ་དང་ཆབས་ཅིག ད་ཆ་ཁོང་རྣམས་ཀྱི་བློ་འཚབ་ཆེ་ཤོས་གནང་གཞི་ཞིག་ནི་རིམས་ནད་དེ་འཕྲོད་བསྟེན་གྱི་མཐུན་རྐྱེན་ཆེས་ཞན་པོ་ཡོད་སའི་རྒྱལ་ཁབ་ཁག་ཏུ་ཧ་ཅང་མྱུར་པོ་ཁྱབ་གདལ་འགྲོ་རྒྱུའི་ནུས་པ་དེ་ཆགས་ཡོད་པ་གསུངས་འདུག སྐབས་དེར་ཁོང་གིས་རྒྱ་ནག་གཞུང་ནས་རིམས་ནད་དེ་རྩད་གཅོད་བྱས་ཏེ་ནད་གཞི་ཁྱབ་གདལ་མི་འགྲོ་བར་ལས་དོན་སྤེལ་བ་དང་དེ་བཞིན་ནད་གཞི་ཕོག་ཟིན་པ་རྣམས་འཕྲལ་མར་ཟུར་བཅད་ཀྱིས་སྨན་བཅོས་བྱས་པ་དང་དེའི་སྐོར་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་དུས་ཐོག་ཏུ་ཡོངས་ཁྱབ་གནང་བ་དེར་བསྔགས་བརྗོད་གནང་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་ཕུད་པའི་འཛམ་གླིང་རྒྱལ་ཁབ་ ༡༨ ནང་རིམས་ནད་དེ་ཁྱབ་གདལ་འགྲོ་བཞིན་པའི་གནད་དོན་ ༩༨ ཙམ་བྱུང་ཡོད་པ་དང་དེ་དག་ཕལ་ཆེ་བ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཕྱིར་སྐྱོད་མཁན་འགྲུལ་བཞུད་བ་བརྒྱུད་དེ་འགོས་པ་ཞིག་ཆགས་ཡོད་སྟབས། ཐེངས་འདིར་རྒྱལ་ཚོགས་ཀྱིས་དེ་འབྲེལ་གསལ་བསྒྲགས་བརྒྱུད་སྤེལ་གྱིས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཡོངས་ལ་ད་ཆ་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་གདལ་འགྲོ་བཞིན་པའི་རིམས་ནད་ཀྱི་གནད་སྟངས་དེ་ཆེས་ཛ་དྲག་གི་རང་བཞིན་ལ་ངོས་འཛིན་གནང་ཐོག་རྒྱལ་ཁབ་སོ་སོས་རང་ཐག་རང་གཅོད་ཀྱིས་རང་ཉིད་ཀྱི་ས་མཚམས་དེ་ཕྱི་ལ་སྒོ་མོ་བརྒྱབ་རྒྱུ་གཙོས་རྒྱ་ནག་ནས་སྐྱོད་མཁན་གནམ་གྲུ་ཡོངས་རྫོགས་བཀག་སྡོམ་དང་གནམ་ཐང་དུ་ནད་གཞི་དེ་ཕོག་ཡོད་མེད་ཀྱི་བརྟག་དཔྱད་གནང་རྒྱུ། དེ་བཞིན་རིམས་ནད་དེ་ཉེན་སྲུང་གི་ཐབས་ལམ་གཞན་འཚོལ་རྒྱུ་སོགས་ལ་འབད་དགོས་གལ་ཡིན་པའི་སྐུལ་མ་གནང་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཐོ་གཞིར་བཟུང་ལྟར་ན་རྒྱ་ནག་ནང་ཁ་སང་བར་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་ཕོག་པའི་མི་གྲངས་ ༧༧༡༡ ཡོད་པ་དང་མི་གྲངས་ ༡༣༧༠ ཛ་དྲག་གི་གནས་སྟངས་ངང་གནས་ཡོད་པ། མི་ ༡༧༠ རྐྱེན་འདས་སུ་ཕྱིན་ཡོད་པ། དེ་མིན་འཛམ་གླིང་རྒྱལ་ཁབ་གཞན་ནང་མི་གྲངས་ ༡༢༡༦༧ ལ་ནད་གཞི་དེ་ཕོག་པའི་དོགས་གཞི་ཡོད་པ་དང་ད་བར་ནད་གཞི་ཕོག་པའི་མི་ ༡༢༤ སྐོར་ཞིག་དྲག་སྐྱེད་བྱུང་སྟེ་རང་ཁྱིམ་དུ་ལོག་ཡོད་པ་འཁོད་འདུག རྩ་བའི་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བར་ཏོག་དབྱིབས་ནད་དུག་རྐྱེན་པས་རྒྱ་ནག་ནང་དེ་རིང་བར་མི་གྲངས་ ༢༡༣ ཙམ་འདས་གྲོངས་སུ་གྱུར་ཟིན་ཡོད་པ་མ་ཟད། མི་གྲངས་ ༩༦༩༢ ལྷག་ལ་ནད་ཡམས་དེ་ཕོག་ཡོད་པའི་གནས་ཚུལ་བཀོད་ཡོད་པའི་ཁར་ཁ་སང་ཨུ་རུ་སུ་ཡིས་རྒྱ་ནག་དང་ས་འབྲེལ་ཡོད་པའི་རང་ཉིད་ཀྱི་ས་མཚམས་དང་གྲུ་ཁའི་དགག་སྒོ་ཁག་ཡོངས་རྫོགས་ཟླ་བ་རྗེས་མའི་ཚེས་ཤར་བར་བཀག་ཡོད་པ་མ་ཟད། མཱོས་ཀོ་དང་པེ་ཅིང་བར་གྱི་མེ་འཁོར་མ་གཏོགས་གཞན་རྒྱལ་ཁབ་དེ་གཉིས་དབར་སྐྱོད་མཁན་གྱི་མེ་འཁོར་ཡོངས་རྫོགས་བཀག་སྡོམ་བྱས་གནས་སྟངས་ཆགས་ཀྱི་འདུག

སྲིད་གཞུང་གིས་ཇི་ཙམ་དམ་དྲག་བྱས་ན་དེ་ཙམ་གྱིས་གཞོན་སྐྱེས་ཀྱིས་ངོ་རྒོལ་བྱེད་བཞིན་པ་ཐེར་འདོན།

ཨ་རིའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཨེ་ཤ་ཡའི་ཁུལ་གྱི་རྒྱལ་ཁབ་མང་དག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མ་ཟད།  སྲིད་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་པ་རྣམས་ལ་སྡང་སྡུག་དྲག་པོ་སྟོན་བཞིན་པ་ཡོངས་གྲགས་གནང་འདུག དེ་རིང་ཨ་རིའི་ New York Post གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ཁག་ཅིག་གི་ལོ་འཁོར་གྱི་སྙན་ཐོའི་ནང་ཨེ་ཤ་ཡའི་མི་འབོར་མང་ཤོས་ཀྱི་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་སྲིད་གཞུང་གི་དབང་ཆ་གཅིག་ཏུ་སྒྲིལ་ཏེ་གྲངས་ཉུང་མི་རིགས་རྣམས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། སྲིད་གཞུང་གིས་མི་མང་ལ་དམ་དྲག་བྱེད་ཤུགས་ཆེ་རུ་སོང་བ་དང་ལྷན་དུ་གཞོན་སྐྱེས་རྣམས་ཀྱིས་དབུ་ཁྲིད་པའི་གཞུང་རྒོལ་གྱི་ལས་འགུལ་དེ་ཤུགས་ཆེ་རུ་འགྲོ་བཞིན་པ་མངོན་གསལ་གནང་འདུག དེ་བཞིན་ཐེངས་འདིའི་སྙན་ཐོ་ནང་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་གཞུང་དང་ལྟ་བ་ཐ་དད་ཡིན་པའི་མི་སེར་རྣམས་ལ་སྡང་སྡུག་དྲག་པོས་ཕམ་ཉེས་གཏོང་བཞིན་པ་མ་ཟད་སྲིད་གཞུང་གི་དབང་ཤུགས་རྒྱ་སྐྱེད་བཏང་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག གཞན་ཡང་སྙན་ཐོ་དེའི་ནང་རྒྱ་ནག་གི་གཙོ་བྱས་པའི་ལྷོ་ཨེ་ཤ་ཡིའི་ཁུལ་དུ་སྲིད་གཞུང་གིས་ཐད་ཀར་གཞུང་དང་ལྟ་བ་མི་མཐུན་པའི་མི་སེར་རྣམས་ལ་བཀག་སྡོམ་བྱེད་ཀྱི་ཡོད་པ་མ་ཟད། གསར་ཁང་ཁག་ལ་ཡང་གནོད་ཤུགས་སྤྲོད་བཞིན་པ་བརྒྱུད་དེ་སྲིད་གཞུང་གི་ལངས་ཕྱོགས་ལ་རྒྱབ་འགལ་བྱེད་མཁན་རྣམས་ལ་ཁྲིམས་སྒྲིག་གསར་པ་བཟོས་ནས་ཉེས་ཆད་གཅོད་བཞིན་ཡོད་སྟབས། མི་མང་གིས་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་རྒྱུའི་གོ་སྐབས་དེ་ཡང་ཧ་ཅང་ཉུང་དུ་དྲག་འདུག་པ་དང་། བཟོ་ཚོང་ཁང་རྣམས་ཀྱང་དཔལ་འབྱོར་མཐོར་འདེགས་ཀྱི་ཆེད་དུ་ཕྱི་གསལ་ནང་གསལ་མེད་པར་བཟོས་ཏེ་མི་སུ་ཞིག་གིས་དེར་སྐྱོན་བརྗོད་བྱས་པ་ཡིན་ན་ཁྲིམས་ཐོག་ནས་ཉེས་ཆད་ལྕི་མོ་གཅོད་བཞིན་ཡོད་པ་ཡོངས་གྲགས་གནང་ཡོད། དེ་བཞིན་ཐེངས་འདིའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལོ་འཁོར་གྱི་སྙན་ཐོར་རྒྱ་ནག་གི་སྤྱི་ཡོངས་ཀྱི་སྲིད་གཞུང་གི་དབང་ཤུགས་ཁྲོད་ནས་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་སོགས་མཚོན་པའི་ཧོང་ཀོང་ནང་གི་སྲིད་གཞུང་གི་དམ་དྲག་དང་རྩུབ་སྤྱོད། གཞན་ཡང་བྷར་མ་ནང་གི་ཁ་ཆེ་མི་རིགས་རྣམས་ཀྱི་གནད་དོན། ད་དུང་རྒྱ་གར་ནང་གི་འདི་ལོའི་མི་སེར་ཐོབ་ཐང་ཐད་ཀྱི་ཁྲིམས་འཆར་སོགས་ཨེ་ཤ་ཡའི་ཁུལ་གྱི་སྲིད་གཞུང་མང་དག་ཅིག་གིས་དབང་ཆ་སྒེར་གཅོད་ཀྱིས་འབངས་མི་སེར་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་མངོན་གསལ་གནང་འདུག རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དམ་དྲག་ཆེན་པོ་བྱས་ཏེ་ཡུ་གུར་དང་ Kazakhs སོགས་མཚོན་པའི་གྲངས་ཉུང་མི་རིགས་རྣམས་གང་བྱུང་དུ་འཛིན་བཟུང་གིས་བཙོན་འཇུག་བྱེད་བཞིན་པ་མ་ཟད་བཙན་དབང་གིས་རང་གི་ཡུལ་སྲོལ་གྱི་ལྟ་སྤྱོད་རྣམས་འདོར་དུ་འཇུག་བཞིན་ཡོད་པར་བརྗོད་འདུག ལྷོ་ཨེ་ཤ་ཡིའི་ཁུལ་གྱི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངེས་སྟོན་པ་སྐུ་ཞབས་ Nicholas Bequelin  ལགས་ཀྱིས་སྲིད་གཞུང་གིས་དམ་དྲག་ཇི་ལྟར་བྱས་ནའང་། ད་ཆ་ལྷོ་ཨེ་ཤ་ཡའི་ཁུལ་དུ་གཞོན་སྐྱེས་རྣམས་ཀྱིས་རང་གི་ཐོབ་ཐང་གཙོས་པའི་སྲིད་གཞུང་གི་ཕྱི་གསལ་ནང་གསལ་གྱི་བྱེད་ལས། དེ་བཞིན་དྲང་བདེན་དང་ཁོར་ཡུག་གི་གནད་དོན་སོགས་ཕྱོགས་ཡོངས་ནས་གཙུག་ཏུ་བཟུང་ཐོག་སྲིད་དབང་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསུངས་འདུག

༸གོང་ས་མཆོག་གི་མང་མཇལ་གནས་སྐབས་རིང་མཚམས་འཇོག་གནང་འདུག

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་ཁྱབ་བརྡལ་དུ་བྱུང་བའི་ཏོག་དབྱིབས་ནད་དུག་གམ་ Coronavirus ཞེས་པ་དེ་ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་ཡུལ་གྲུ་མང་དག་ཅིག་ཏུ་རིམ་བཞིན་ཁྱབ་བརྡལ་འགྲོ་མུས་ཡིན་སྟབས། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མགོན་པོ་༸གང་ཉིད་མཆོག་གི་མང་མཇལ་གནས་སྐབས་རིང་མཚམས་འཇོག་གནང་འདུག གཞི་རྩའི་རྣམ་ཀུན་བཞུགས་སྒར་དུ་༸གོང་ས་མཆོག་༸སྐུ་བཞུགས་མཛད་པའི་རིང་རེས་གཟའ་ཟླ་བ་དང་ལྷག་པ། པ་སངས་ནམ་ཡིན་ལ་བོད་མིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་བཅར་བའི་མང་ཚོགས་ལ་མཇལ་མང་བསྩལ་གྱི་ཡོད་པ་མ་ཟད། དེ་བཞིན་ནང་པའི་དད་ལྡན་རྣམས་ལ་དགོས་གལ་ནམ་གཟིགས་བཀའ་ཆོས་སོགས་བཀྲིན་བསྩལ་གྱི་ཡོད་པ་དང་། དེ་དག་གི་ཁོངས་སུ་རྒྱ་ནག་དང་ལྷོ་ཤར་ཨེ་ཤ་ཡ་སོགས་གཙོ་གྱུར་ཡུལ་གྲུ་ཁག་གི་ནང་པའི་དད་ལྡན་ཕོན་ཆེ་ཡོད་པ་རེད། འདི་ག་རླུང་འཕྲི་ཁང་གིས་དེ་རིང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཏོག་དབྱིབས་ནད་དུག་རྐྱེན་པས་གཟའ་འཁོར་འདིའི་རེས་གཟའ་ཟླ་བ་ནས་བཟུང་རྒྱ་ནག་སྐམ་ས་ནས་བཅར་མཁན་ཚོར་མཇལ་ཁ་བསྩལ་མཚམས་བཞག་ཟིན་ཡོད་པ་མ་ཟད། དེ་རིང་ནས་དུས་རྒྱུན་གྱི་མང་མཇལ་ཞུ་སླད་ཐོ་འགོད་གནང་རྒྱུ་རེ་ཞིག་མཚམས་འཇོག་གནང་འདུག གཞི་རྩའི་ཏོག་དབྱིབས་ནད་ཡམས་ཁྲོད་ཉེ་ལམ་རྒྱ་ནག་སྐམ་སའི་ནང་གི་དད་ལྡན་པ་ཁག་གཅིག་ནས་༸གོང་ས་མཆོག་ལ་ནད་གཞི་དེ་ཞི་བར་ཐུགས་སྨོན་སྐྱབས་འཇུག་ཞུས་ཡོད་པ་དང་།  ཁ་སང་༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཐེ་ལན་ཌི་དང་ཝེ་ཏི་ནམ་གྱི་དད་ལྡན་ཁག་གཅིག་ལ་མཇལ་ཁ་བསྩལ་སྐབས་རྒྱ་ནག་ནང་གི་ནད་ཡམས་དེའི་ཆེད་ཐུགས་སྨོན་མཛད་པ་མ་ཟད། ནད་ཡམས་དེ་ཞི་བར་སྒྲོལ་མའི་གཟུངས་སྔགས་གསུང་འདོན་གནང་ཚེ་ཕན་ཕོགས་ཡོད་པར་ལམ་སྟོན་མཛད་ཡོད་པ་རེད། དེ་རིང་༸མགོན་པོ་མཆོག་གི་ངོ་དེབ་རྒྱལ་བ་རིན་པོ་ཆེ་ཐོག་སྤྱི་རིམ་གསལ་བསྒྲགས་ཤིག་སྤེལ་གནང་བར་ཏོག་དབྱིབས་ནད་གཞི་སྔོན་འགོག་འབྱུང་བཅོས་སླད། བླ་ལྷའི་ཐུགས་དམ་དགོངས་དོན་ལྟར་ཐུབ་པའི་མཚན་སྔགས་དང་མ་ཎི་དུང་ཕྱུར།  དེ་བཞིན་སྒྲོལ་མའི་མཚན་སྔགས་ཡི་གེ་བཅུ་པ། བཀའ་འགྱུར་དག་སྒྲོག རྡོ་རྗེ་རྣམ་འཇོམས་མའི་སྒོ་ནས་རྟེན་ཁྲུས་ཡུལ་ཁྲུས་དང་། འདོད་ཁམས་བདག་མོའི་བསྐང་བ་དང་འབྲེལ་མ་མོའི་འཁྲུགས་སྐོང་། པདྨའི་མནོལ་བསངས་བཅས་འཕྲལ་དུ་བསྒྲུབ་དགོས་པ་དང་། གཟུང་སྔགས་ཁག་མང་ཚོགས་སོ་སོ་ནས་གནང་དགོས་པ། དེ་མིན་རྣམས་དགོན་སྡེ་དང་གྲོང་སྡེ་སྤྱི་ཚོགས་བཅས་ནས་རང་དོན་རང་གཅེས་ཀྱིས་འཕྲལ་དུ་བསྒྲུབ་གལ་ཆེ་བའི་འབོད་སྐུལ་གནང་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་དད་ལྡན་པ་རྣམས་ལ་རྒྱ་ནག་ནང་གི་ཏོག་དབྱིབས་ནད་དུག་ཞི་བའི་སླད་སྒྲོལ་མའི་གཟུངས་སྔགས་གསུང་འདོན་གནང་ན་ཕན་ཕོགས་ཆེན་པོ་ཡོད་པར་ལམ་སྟོན་བཀྲིན་བསྩལ་བ་ལྟར། བྱེས་ཀྱི་གདན་ས་ཁག་ཏུ་གྲྭ་བཙུན་རྣམས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་ལམ་སྟོན་ཕེབས་དོན་བཞིན་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གཙོ་གྱུར་འཕགས་བསྟོད། མ་ཎི། ཏཱ་རེ་འབུམ་ཐེར། ལྷ་མོའི་བསྐང་བཤགས། པཎ་གྲུབ་བསྟོད་ཆེན། བོད་སྐྱོང་འཕྲིན་བསྐུལ། དེ་བཞིན་གདུགས་ཤེར་སེང་གསུམ་གསུང་འདོན་གྱིས་ཞབས་རིམ་གསོག་སྒྲུབ་དབུ་འཛུགས་གནང་འདུག

Latest news