Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བཞུགས་སྒར་གྱི་ཚོགས་སྐྱིད་བཅུ་ཡིས་བོད་མཐོ་སྒང་གི་ཁོར་ཡུག་ཛ་དྲག་གི་གོ་རྟོགས་ལས་འགུལ།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག  རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་ཆེན་འཚོགས་ལ་ཉེ་བ་དང་སྟབས་བསྟུན་གྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པ་དང་། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་སོགས་ཀྱི་གཙོ་བྱས་པའི་ཚོགས་སྐྱིད་བཅུ་ཡིས་མཱེག་གྷན་ཁྲོམ་གཞུང་ནས་རྡ་རམ་ཀོ་ཊི་བར་དུ་གོམ་བགྲོད་ཀྱིས།  བོད་ནང་གི་ཁོར་ཡུག་གི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་པའི་དྲིལ་བསྒྲགས་དང་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་། དེ་རིང་གི་གོ་རྟོགས་གོམ་བགྲོད་ཀྱི་ལས་འགུལ་དེའི་ནང་དུ་ཚོགས་སྐྱིད་ཁག་གི་འཐུས་ཚབ་པ་དང་གཞན་ཡང་བཞུགས་སྒར་ཁུལ་གྱི་ཕྱི་གླིང་བ་སོགས་ཁྱོན་མི་བརྒྱ་སྐོར་ཞིག་གིས་མཉམ་ཞུགས་བྱས་ཡོད་པ་དང་། ཁོང་ཚོའི་དྲིལ་བསྒྲགས་ཀྱི་གླེང་བརྗོད་ཀྱི་ནང་དུ།  འདས་བའི་ཟླ་ངོ་ཁ་ཤས་ཀྱི་ནང་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་དུ་ཁོར་ཡུག་ཉམས་རྒུད་ཀྱི་གནས་བབ་དེ་ཛ་དྲག་རང་བཞིན་ཞིག་ཡིན་པར་ངེས་ཤོས་རྙེད་བཞིན་ཡོད་པ་དང་།  ད་ཆ་བོད་ནང་དུ། གནམ་གཤིས་ཚ་འགྱུར་གྱི་དྲོད་ཚད་དེ་རྒྱལ་སྤྱིའི་གོ་ལའི་ཚ་དྲོད་ལས་ལྡབ་གསུམ་གྱིས་འཕར་གྱི་ཡོད་པར་འཁོད་ཡོད་པ་མ་ཟད།  བོད་དང་ཧི་མ་ཡའི་རི་རྒྱུད་ཀྱི་ཁུལ་དུ། ལོ་རེར་འཁྱགས་རོམ་ཏོན་ཐེར་འབུམ་བརྒྱད་རེ་ཞུ་བཞིན་པར་མངོན་གསལ་གྱིས།  བོད་མཐོ་སྒང་གི་ཁོར་ཡུག་གིི་གནས་བབ་ཛ་དྲག་ཆགས་བཞིན་པ་ཡོངས་གྲགས་གནང་འདུག དེ་བཞིན་གོམ་བགྲོད་པ་རྣམས་ཀྱིས་ཕྱག་ཏུ་སྦྱར་ཡིག་སྣ་མང་བསྣམས་ཏེ་འཛམ་གླིང་འདི་མེ་ལྕེ་ཁྲོད་ན་ཡོད། བོད་མཐོ་སྒང་གི་འཁྱགས་རོམ་ཞུ་བཞིན་ཡོད་ཅེས་པ་དང་། བོད་ནང་དུ་ཁོར་ཡུག་གི་དྲང་བདེན་དགོས་ཞེས་པ། གཞནང་ཡང་།  བོད། འཛམ་གླིང་གི་སྣེ་གསུམ་པ་ཞུ་བཞིན་ཡོད་ཅེས་པ་སོགས་ཀྱི་དྲིལ་བསྒྲགས་ཀྱི་འབོད་བརྡ་སྣ་མང་དང་མཉམ་དུ།  ས་ཚུགས་འདྲ་མིན་ནས་ཚོགས་སྐྱིད་ཁག་གི་འཐུས་ཚབ་པའི་བོད་ནང་ཁོར་ཡུག་གཏོར་བཅོམ་སྤྱི་དང་། སྒོས་སུ་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན། དེ་བཞིན་ཆུ་མཛོད་གསར་རྒྱག་དང་འབྲོག་པ་གནས་སྤོར་སོགས་ཀྱི་ཐད་ནས་གཏམ་བཤད་གནང་སྟེ། རྒྱལ་སྤྱའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཁོར་ཡུག་གི་གནས་བབ་ལ་རྟོག་ཞིབ་བྱེད་དགོས་པའི་ཞུ་སྐུལ་གནང་སོང་། འདི་གའི་གསར་འགོད་པས་དེ་རིང་གི་ཚོགས་སྐྱིད་ཁག་བཅུ་ཡི་སྣ་འདྲེན་གྱི་འབྲེལ་མཐུད་པ།  རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པའི་ཉམས་ཞིབ་པ། འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ལ་བཀའ་འདྲི་ཞུས་པར་ཁོང་གིས།  ཕྱི་ཟླ་བཅུ་གཉིས་བའི་ཚེས་གཉིས་ནས་བཅུ་གསུམ་བར་གྱི་ཉིན་གྲངས་བཅུའི་རིང་གི་རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་འདུ་འཚོགས་ལ་ཉེ་བ་དང་བསྟུན།  བཞུགས་སྒར་གྱི་ཚོགས་སྐྱིད་ཁག་བཅུ་ཡིས་གཅིག་གྱུར་གྱིས་བོད་ནང་གི་ཁོར་ཡུག་གི་གནས་བབ་དེ་ཛ་དྲག་ཏུ་འགྱུར་བཞིན་པའི་ཞུ་སྐུལ་ཡོང་ཆེད་དང་། དེ་བཞིན་བོད་ནང་གི་ཁོར་ཡུག་གི་ཉམས་རྒུད་དེས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཡང་དོ་ཕོག་འགྲོ་ངེས་ཡིན་པ་སོགས་ཀྱི་གོ་རྟོགས་སྤེལ་ཆེད་གོམ་བགྲོད་ཀྱི་ལས་འགུལ་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་ཚུལ་ངོ་སྤྲོད་གནང་སོང་། གཞན་ཡང་། དབུས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ། མགོན་པོ་དོན་འགྲུབ་ལགས་ཀྱིས་གསར་འགོད་པར། རྩ་བའི་བོད་མཐོ་སྒང་དེ་རྒྱལ་སྤྱིའི་སྒང་གི་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱེད་ཀྱི་ཡོད་ནའང་།  ད་ཆ་རྒྱ་ནག་གི་གནོད་ཤུགས་དང་རྒྱལ་ཁབ་གཞན་རྣམས་ཀྱི་རང་རྒྱལ་གཙོར་འཛིན་གྱི་ཁེ་ཕན་སོགས་ཀྱི་ཚོང་ལས་ཀྱི་ཁྲོད་ནས། བོད་མཐོ་སྒང་གི་ཁོར་ཡུག་གནས་བབ་དེ་ཛ་དྲག་གི་གནས་བབ་ཏུ་འགྱུར་བཞིན་པར་ངོས་འཛིན་གསལ་བོ་ཞིག་ཡོང་གི་མེད་དུས།  དེ་རིང་གི་གོ་རྟོགས་གོམ་བགྲོད་ཀྱི་ལས་འགུལ་དེ་བརྒྱུད་ནས་གནས་ཚུལ་དེ་གསལ་འདོན་བྱེད་ཐབས་བྱེད་ཀྱི་ཡོད་པར་གསུངས་སོང་།

༸སྐུའི་བླ་སྨན་པ་ཟུར་པ་པདྨ་ཤྲི་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།

དེ་རིང་ཟླ་ ༡༡ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཚོུད་ ༦ ཡོལ་ཙམ་ལ་བཞུགས་སྒར་གྱི་དུར་ཁྲོད་དུ་ས་གནས་ཀྱི་རྒྱ་གར་གནད་ཡོད་མི་སྣ་གཙོ་གྱུར་རྒྱ་གར་གྱི་ས་གནས་གཞན་ནས་ཕེབས་པའི་ཡུལ་མི། དེ་བཞིན་བོད་མི་སོགས་ཆེད་བཅར་གྱིས་༸རྒྱལ་བའི་བོད་ལུགས་བླ་སྨན་པ་ཟུར་པ་དང་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་ Padma Shri བཞེས་མྱོང་མཁན་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་སོང་། སྐུ་ཕུང་ཞུགས་འབུལ་དེའི་ཐོག་ཀངྒ་ར་རྫོང་དཔོན་གྱི་དྲུང་འཕར་སྐུ་ཞབས་ Raghav Sharma ལགས་དང་དྷ་ས་ས་གནས་གྲོང་སྡེའི་འགོ་འཛིན་ Dr Harish Gajju ལགས། དེ་བཞིན་དྷ་ས་ས་གནས་སྐོར་སྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་དང་། དྷ་སའི་སྲིད་སྐྱོང་གཞོན་པ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་དང་ལས་སློབ་རྣམ་པ། དྷ་སའི་ས་གནས་ཡུལ་མི་དང་བོད་མི་བཅས་ཁྱོན་མི་འབོར་བརྒྱ་ཕྲག་ཁ་ཤས་ཆེད་ཕེབས་ཀྱིས་དམ་པ་ཁོང་གི་སྐུ་ཕུང་རང་ཤག་ནས་གདན་འདྲེན་ཞུས་ཏེ་ཆོས་དབྱངས་ཀྱི་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་གིས་ད་བར་མི་རིགས་ཁྱད་མེད་ཀྱི་ནད་པར་བྱམས་བརྩེའི་སྒོ་ནས་གཟིགས་སྐྱོང་གནང་བར་གུས་འདུད་མཚོན་པའི་གདུང་སེམས་མཉམ་བསྐྱེད་དང་སྐུ་ཕུང་ཞུགས་འབུལ་གནང་སོང་། སྐབས་དེར་སྐུ་ཞབས་ Raghav Sharma ལགས་ཀྱིས་༸སྐུའི་བླ་སྨན་པ་ཟུར་པ་དམ་པ་ཁོང་ནི་བོད་པའི་སྤྱི་ཚོགས་ནང་རླབས་ཆེན་གྱི་བྱས་རྗེས་འཇོག་མཁན་ཞིག་ཡིན་སྟབས། ཀངྒ་ར་རྫོང་དང་ཧི་མཱ་ཅལ་གྱི་ཚབ་ཞུས་ཏེ་དམ་པ་ཁོང་སྐུ་ཚེ་མ་ཟིན་པར་བློ་ཕམ་ཡོད་ཅེས་དང་ང་ཚོ་ད་རེས་བོད་མིར་གདུང་སེམས་མཉམ་བསྐྱེད་དང་། དམ་པ་ཁོང་གིས་བོད་པའི་སྤྱི་ཚོགས་དང་ཧི་མཱ་ཅལ་ལ་ཞབས་འདེགས་བླ་མེད་བསྒྲུབས་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་སོང་། དེ་བཞིན་དྷ་ས་ས་གནས་གྲོང་སྡེའི་འགོ་འཛིན་ Dr Harish Gajju ལགས་ཀྱིས་དམ་པ་ཁོང་གི་སྐུ་འཚོ་བཞུགས་རིང་ལ་ནད་པ་མང་དག་ཅིག་ལ་གཟིགས་སྐྱོང་གནང་ཡོད་པ་དང་སྒོས་རང་ཉིད་སོ་སོ་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སུ་ཡིན་རུང་ཁོང་གི་སར་བཅར་སྐབས་དུས་ཚོད་ཡོད་མེད་བལྟོས་མེད་ ནད་པར་གཟིགས་སྐྱོང་གནང་གི་ཡོད་སྟབས་ས་གནས་ཀྱི་འཛིན་སྐྱོང་ལས་ཁུངས་ནས་ཁོང་གི་སྤྱི་ཚོགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཁག་དྲན་པའི་ཡུལ་ནས་བརྗེད་ཐབས་མེད་པ་དང་། ད་རེས་དམ་པ་ཁོང་གློ་བུར་དུ་དགོངས་པ་རྫོགས་པར་བློ་ཕམ་ཡོད་པ་སོགས་གསུངས་ཡོད། ད་རེས་སྐུ་ཕུང་ཞུགས་འབུལ་ཐོག་ཕེབས་པའི་དམ་པ་ཁོང་ལས་སྨན་བཅོས་གནང་འོག་དྲག་སྐྱེད་བྱུང་བའི་རྒྱ་གར་ Maharashtra མངའ་སྡེའི་གྲོང་ཁྱེར་ Mumbai ནས་ཆེད་མངགས་ཕེབས་པའི་ Khushbu Mariwala ལགས་ཀྱིས་རང་ཉིད་ནས་དམ་པ་ཁོང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པ་ཐག་ཏུ་མུམ་བའེ་ནས་མཁའ་ལམ་བརྒྱུད་གུས་འདུད་མཚོན་ཕྱིར་དེ་རིང་སྐུ་ཕུང་ཞུགས་འབུལ་ཐོག་བཅར་བ་དང་།  རང་ཉིད་ལ་མཚོན་ན་དེ་སྔ་ཟེའུ་འབྲུའི་མངལ་ཁང་གི་འབྲས་སྐྲན་ Ovarian Cancer རིམ་པ་གསུམ་པ་ན་བ་དང་།  སྐབས་དེར་ཕྱི་ལུགས་སྨན་པས་སྨན་བཅོས་ཞུ་སླད་ Chemotherapy བྱེད་དགོས་པ་བརྗོད་ཡོད་ཀྱང་རང་ཉིད་ནས་སྨན་བཅོས་དེའི་ཚབ་ཏུ་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ད་བར་དམ་པ་ཁོང་གིས་གནང་བའི་གསོལ་སྨན་བཞེས་པར་བརྟེན་ད་ཆ་ལུས་པོ་བདེ་ཐག་ཆོད་ཡིན་པ་སོགས་གསུངས་སོང་། ད་དུང་རྒྱ་གར་ཅན་དི་གྷར་ནས་ཡིན་པ་ Harsh Handal ལགས་ཀྱིས་རང་ཉིད་ལོ་ ༤༥ ནས་ད་བར་དམ་པ་ཁོང་དང་ལྷན་དུ་རང་ཉིད་ཆེད་དང་སྐབས་རེ་གཞན་གྱི་ཆེད་དུ་འབྲེལ་བ་ཡོང་གི་ཡོད་པ་དང་། དམ་པ་ཁོང་གིས་བརྩེ་བ་ཆེན་པོ་གནང་མྱོང་ཡོད་སྟབས་ད་རེས་ཁོང་སྐུ་ཚེ་མ་ཟིན་པའི་གནད་ཚུལ་ཐོས་འཕྲལ་བློ་ཕམ་ཆེན་པོ་བྱུང་སྐོར་གསུངས་ཡོད།   གཞན་ཡང་དམ་པ་ཁོང་གི་སྨན་བཅོས་གནང་འོག་དྲག་སྐྱེད་བྱུང་བའི་མི་སྣ་དང་ཁོང་གི་དགེ་ཕྲུག་ནས་ཁོང་གི་མཛད་རྗེས་ལ་ཡི་རངས་དང་ནད་པའི་སྲོག་སྐྱོབ་ཚུལ་སོགས་གསུངས་སོང་། གཞི་རྩའི་དམ་པ་ཁོང་ཁ་ཉིན་ཕྱི་ཚེས་ ༢༦ ཉིན་གྱི་ནམ་ཕྱེད་ཡོལ་ཙམ་ལ་སྐུ་གཟུགས་བདེ་པོ་མ་བྱུང་བའི་ཐོག་གློ་བུར་དུ་དགོངས་པ་རྫོགས་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་འཕྲོད་བསྟེན་བཀའ་བློན་མཆོག་ནས་ཐུགས་གསོ་གནང་བ་དང་། དེ་བཞིན་སྤྱི་ཚོགས་དྲྭ་རྒྱའི་ཐོག་བོད་མི་རྣམས་ནས་བློ་ཕམ་གྱི་རྣམ་པ་མཚོན་པའི་མཆན་བཀོད་གནང་ཡོད་པ་མ་ཟད། ལྷག་དོན་དབུས་བོད་ཀྱི་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་བཅས་པས་བསྔོ་སྨོན་གསུང་འདོན་གནང་ཡོད་པ་རེད།

རྒྱ་གཞུང་གི་ལྟ་སྲུང་དང་དྲག་གནོན་ཞེས་པའི་བགྲོ་གླེང་ཚོགས་འདུ།

ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་སུད་སི་རྒྱལ་ས་སྦན་ནང་དུ་སུད་བོད་མཐུན་ཚོགས་དང་ Society  for Threatened People ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པའི་གཉིས་ཀྱི་གོ་སྒྲིག་འོག Surveillance and oppression འམ་རྒྱ་ནག་གཞུང་གི་ལྟ་སྲུང་དང་དྲག་གནོན་འོག་བོད་དང་ཤར་ཏུར་ཀི་སི་ཐན་ཕྱི་ནང་གཉིས་སུ་ཡོད་པའི་མང་ཚོགས་ཐོག་འཇིགས་སྐུལ་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཚོགས་འདུ་ལས་རིམ་ཞིག་ཚོགས་སོང་། བགྲོ་གླེང་ལས་རིམ་དེའི་ཐོག་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Fabian Molina ལགས་དང་། སུད་སི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་འབྲེལ་ལས་བྱེད་ Pascal Hubatka ལགས། ༸གོངས་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། དེ་བཞིན་འཛམ་གླིང་ཡུར་གུ་མཐུན་ཚོགས་ཀྱི་ཚོགས་གཙོ་ Dolkun Isa ལགས་དང། དེ་བཞིན་རྒྱ་ནག་ཉམས་ཞིབ་པ་ Kai Strittmatter ལགས་བཅས་གསུང་བཤད་གནང་ཕྱིར་ཆེད་ཕེབས་གནང་འདུག སྐབས་དེར་ཁོང་རྣམས་ནས་གཙོ་བོ་རྒྱ་གཞུང་གིས་ཚད་མཐོའི་འཕྲུལ་རིགས་བཀོལ་སྤྱོད་བརྒྱུད་དེ་རྒྱ་ནག་སྤྱི་དང་སྒོས་བོད་དང་ཤར་ཏུར་ཀི་སི་ཐན་མང་ཚོགས་ཐོག་དྲག་གནོན་དང་ལྟ་སྲུང་གིས་ཁུལ་དེའི་ནང་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་དང་། ལྷག་པར་དུ་ཉེ་བའི་ཆར་རྒྱལ་སྤྱིའི་ཁྲོད་རྒྱ་གཞུང་གིས་ཚད་མཐོའི་ལྟ་སྲུང་འཕྲུལ་རིགས་ཚོང་འགྲེམས་དང་ཤུགས་རྐྱེན་རྒྱ་ཁྱབ་གཏོང་བཞིན་པའི་དུས་སྐབས་འདིར་སུད་སིས་གཙོས་པའི་ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་ཁག་ལ་ཉེན་འཚབ་ཆེན་པོ་དང་གདོང་ལེན་ཇེ་ཆེར་འགྲོ་བཞིན་པ་སོགས་ཀྱི་གནད་དོན་ཐད་ལ་གསུང་བཤད་གནང་ཡོད་པ་རེད། ཐེངས་འདིའི་ལས་རིམ་གོ་སྒྲིག་གནང་མཁན་སུད་སི་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་ Thomas Buechli ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གྱིས་བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི་རྒྱ་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་མི་སྣ་རྣམས་ལྷན་བཞུགས་ཀྱིས་རྒྱ་གཞུང་གི་མང་ཚོགས་ཐོག་སྤེལ་བཞིན་པའི་སྡུག་རྩུབ་ཅན་གྱི་བྱ་སྤྱོད་གསལ་འདོན་བྱ་རྒྱུ་དང་ད་ལྟའི་དུས་སྐབས་འདིར་ང་ཚོ་ཚང་མས་ཆིག་སྒྲིལ་ཐོག་ནས་རྒྱ་གཞུང་ལ་གདོང་ལེན་བྱ་རྒྱུའི་ནུས་ཤུགས་ཆེ་རུ་གཏོང་དགོས་པ་དང་། དེ་བཞིན་ཉེ་བའི་ཆར་རྒྱ་གཞུང་གིས་རྒྱ་ཁྱབ་བྱེད་བཞིན་པའི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ཐབས་བྱུས། ཚད་མཐོའི་འཕྲུལ་རིགས་ལྟ་སྲུང་ཡོ་ཆས་ཚོང་འགྲེམས་བཅས་ཀྱི་ཤུགས་རྐྱེན་སུད་སི་ནང་རྒྱ་ཁྱབ་འབྱུང་བཞིན་ཡོད་པར་བརྟེན། སུད་བོད་མཐུན་ཚོགས་གཙོ་གྱུར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་གནད་དོན་དེའི་ཐོག་ས་གནས་མང་ཚོགས་ལ་གོ་རྟོགས་ལས་འགུལ་ཞིག་སྤེལ་ཡོད་པ་དང། བགྲོ་གླེང་ལས་རིམ་དེ་ཡང་ལས་འགུལ་དེའིི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་རེད།   ཁ་སང་ཕྱི་དྲོའི་བགྲོ་གླེང་ཚོགས་འདུ་དེའི་སྔ་རོལ་དུ་སུད་སི་གྲོང་ཁྱེར་སྦན་ནང་དུ་ཡོ་རོབ་གཞོན་ནུ་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གསལ་འདོན་ཆེད་མར་མེ་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་། ལས་འགུལ་ཐོག་འཛམ་གླིང་ཡུར་གུ་མཐུན་ཚོགས་ཀྱི་ཚོགས་གཙོ་ Dolkun Isa ལགས་དང་༸གོངས་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། དེ་བཞིན་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་དུ་རྒྱལ་སྤྱིའི་ཚོགས་པ་ Society  for Threatened People བཅས་ཀྱི་སྐུ་ཚབ་གཙོས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ལྷན་འཛོམས་གནང་ཡོད་པ་རེད།

ཆོས་ཚོགས་ཚོགས་ཆེན་བཅུ་བཞི་བའི་ཉིན་གཉིས་པའི་ཐོག་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས།

ཆོས་ཚོགས་ཚོགས་ཆེན་བཅུ་བཞི་བའི་ཉིན་གཉིས་པའི་ཐོག་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས། ཁ་སང་རེས་གཟའ་ལྷག་པ་ནས་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་བཙན་བྱོལ་བོད་མིའི་ཆོས་བརྒྱུད་ཁག་གི་་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམས་ཀྱི་དབུས་པའི་ཆོས་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་ ༡༡༧ ལྷག་ཙམ་དབུ་བཞུགས་ཐོག་བཙན་བྱོན་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཚོགས་དུས་ཉིན་གཉིས་པའི་ཐོག་ཆོས་ཚོགས་འདིའི་གྲོས་གཞི་གཙོ་བོ་བཞི་དང་དོན་གནད་གཞན་བཅས་ཀྱི་ཐོག་ཁྱོན་གྲོས་ཆོད་ ༣༢ སྤྱི་མོས་ཐོག་ནས་གཏན་འབེབས་གནང་སོང་། དེ་ཡང་ཁ་སང་ཉིན་དང་པོའི་ཉིན་རྒྱབ་ཏུ་ཚོགས་བཅར་བ་རྣམས་སྡེ་ཚན་བཞི་རུ་འཆར་འགོད་ཐོག་བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས། ཆོས་ལུགས་གཞན་དང་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས། དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་བཅས་གྲོས་གཞི་གཙོ་བོ་བཞི་དང་གནད་དོན་གཞན་བཅས་ཀྱི་ཐོག་བཀའ་བསྡུར་བགྲོ་གླེང་སོགས་གནང་ཡོད་པ་རེད། དེ་རིང་ཚོགས་དུས་ཉིན་གཉིས་པའི་ཉིན་རྒྱབ་ཆུ་ཚོད་གསུམ་དང་ཕྱིད་ཀའི་ཐོག་སྡེ་ཚན་ཁག་ཏུ་བཀའ་བསྡུར་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་མཉམ་སྤུངས་ཀྱིས་མཐའ་མིའི་བགྲོ་གླེང་སོགས་གནང་མཐར། བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཞེས་པའི་གྲོས་གཞིའི་འོག་དགོན་སྡེ་ཁག་ཏུ་ད་ལྟ་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་གཞོན་པ་རྣམས་མུ་མཐུད་རྒྱུན་གནས་ཀྱིས་བསླབ་པ་མཐར་སོན་ཡོང་ཐབས་ཆེད་དམིགས་བསལ་འཆར་གཞི་དང་ཐབས་ལམ་གྲ་སྒྲིག་དགོས་པ་དང་། དགོན་སྡེ་ཁག་གི་གོ་སྒྲིག་འོག་དམིགས་བསལ་མི་སྐྱ་ཚོར་ནང་ཆོས་གོ་རྟོག་སྤེལ་ཆེད་སློབ་གཉེར་གནང་ཡུལ་གོ་སྐབས་བསྐྲུན་རྒྱུ་དང་། རྒྱ་ཆེ་མང་ཚོགས་རྣམས་ལ་ཡང་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཐབས་དགོས་པ། རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཏུ་ཆོས་ལུགས་ཕན་ཚུན་གྱི་གཞུང་ལུགས་དང་ལྟ་གྲུབ། ཆོས་འབྱུང་ལོ་རྒྱུས་སོགས་ཀྱི་ཐོག་ལ་བགྲོ་གླེང་གང་མང་གནང་དགོས་པ། དགོན་སྡེ་ཁག་གི་གཞི་རིམ་སློབ་གྲྭ་དང་གཞུང་ཆེན་སློབ་གཉེར་གནང་ཡུལ་རྣམས་གནས་ཡུལ་རྒྱལ་ཁབ་སོ་སོའི་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་ངམ་འབྲེལ་ཡོད་སྡེ་ཚན་ནས་གཞུང་འབྲེལ་ངོས་ལེན་ཡོད་པའི་ལག་འཁྱེར་ཐོབ་ཐབས་དང་དགོན་པ་སོ་སོའོ་གྲྭ་བཙུན་རྣམས་སྤུས་ཚད་དང་ལྡན་པ་ཡོང་ཐབས་སུ་ཕྱོགས་ཡོང་ནས་ལག་བསྟར་དགོས་རྒྱུ་སོགས་གྲོས་ཆོད་དོན་ཚན་༡༤ སྤྱི་མོས་ཐོག་གཏན་འབེབས་གནང་སོང་། དེ་བཞིན་གྲོས་གཞི་གཉིས་པ་ཆོས་ལུགས་གཞན་དང་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་ཞེས་པ་དང་འབྲེལ། ཆོས་རིག་ལས་ཁུངས་ནས་ཕྱི་ནང་གི་ཆོས་ལུགས་དང་ཆོས་བརྒྱུད་ནང་ཕན་ཚུན་ཐུགས་ཡིད་འོ་ཆུ་གཅིག་ཏུ་འདྲེན་ཐབས་སུ་ཡི་ཤུ་དང་ཧིན་དུ། ཁ་ཆེ་སོགས་དང་ཆོས་ལུགས་སོ་སོའི་ལྟ་གྲུབ་ཕན་ཚུན་ངོ་སྤྲོད་ཀྱི་བགྲོ་གླེང་གོ་སྒྲིག་ཞུ་དགོས་པ་དང་དེང་རབས་དང་བསྟུན་ནང་ཆོས་དང་ཚན་རིག་གཉིས་ཀྱི་གནད་དོན་གཅིག་ཏུ་འབབ་པའི་མཐུན་ཕྱོགས་ཀྱི་བགྲོ་གླེང་། དེ་བཞིན་འབར་མ་སོགས་ནང་ཆོས་བརྒྱུད་འཛིན་པ་མང་པོ་ཞིག་ནས་རང་རེའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་རབ་བྱུང་བ་རྣམས་ལ་མཐོང་སྣང་མ་བདེ་བ་ཡོད་ཚུལ་གོ་རྒྱུ་འདུག་པས་རང་རེའི་ངོས་ནས་དེ་ལུགས་གཟབ་དགོས་པ་སོགས་ཁྱོན་གྲོས་ཆོད་དོན་ཚན་བཞི་གཏན་འབེབས་གནང་ཡོད། མ་ཟད་གྲོས་གཞི་དོན་ཚན་གསུམ་པ་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ཞེས་པ་དང་འབྲེལ། ད་ཕན་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་བྱེད་ཕྱོགས་ལ་ཞན་ཆ་མཐོང་བས། དེ་ལ་བསྐྱར་ཞིབ་དང་། མཁས་དབང་གདན་ཞུའི་ཐོག་དེང་རབས་དང་མཐུན་པའི་ཉམས་ཞིབ་བྱེད་སྟངས་ཐོག་སློབ་ཁྲིད་ལག་བསྟར་དགོས་པ། གཞུང་ཆེན་ཁག་གི་རིགས་གཅིག་རྐང་འཛིན་ཐོག་ཆོས་བརྒྱུད་སོ་སོའི་བཤད་གྲ་ཁག་ཏུ་དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་ངོ་སྤྲོད་ཙམ་མ་ཟད། དེང་དུས་དང་མཐུན་པའི་ཐོག་ནས་གོམ་པ་རིམ་བརྒྱུད་དགོས་པ་སོགས་གྲོས་ཆོད་དོན་ཚན་ལྔ་བཞག་སོང་། དེ་བཞིན་གྲོས་གཞི་བཞི་པ་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་དང་འབྲེལ། དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་ཚོར་དམིགས་བསལ་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་དང་སྨན་ཁང་ཡོད་པ་ཁག་ལ་རོགས་རམ་མཐུན་འགྱུར་དགོས་པ་དང་། གཞུང་ལུགས་ཁག་ཏུ་གསལ་བའི་སྲོལ་རྒྱུན་གྱི་ལུས་སྦྱོང་དར་སྤེལ་དང་རྒྱུན་འཛིན་གནང་དགོས་པ་སོགས་གྲོས་ཆོད་དོན་ཚན་བདུན། དེ་བཞིན་གནད་དོན་གཞན་ཁོངས་སུ་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་སྐོར་དང་། ལྷག་པར་དུ་༸གོང་ས་རྒྱལ་དབང་སྐུ་འཕྲེང་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཡིག་ཆ་འགྲེམ་སྤེལ་དགོས་པ་སོགས་གྲོས་ཆོད་དོན་ཚན་གཉིས་བཅས་ཁྱོན་གྲོས་ཆོད་དོན་ཚན་ ༣༢ གཏན་འབེབས་གནང་སོང་། རྩ་བའི་བཙན་བྱོན་བོད་མིའི་ཆོས་ཚོགས་ཐོག་ཐེངས་ ༡༤ པའི་ཚོགས་དུས་ཉིན་དང་པའི་ཐོག་ལ་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན། དེ་བཞིན་རྒྱལ་བ་ཇོ་ནང་བ་བཅས་པའི་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམ་པ་དབུས་པའི་ཆོས་སྡེ་ཁག་གི་སྐུ་ཚབ་ཚོགས་བཅར་བ་རྣམ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་གྱི་གྲོས་ཆོད་ཅིག་སྤྱི་མོས་ཐོག་ནས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། སང་ཉིན་ཆོས་ཚོགས་ཉིན་མཐའ་མའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཀྱིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་བཀའ་དྲིན་སྩོལ་རྒྱུ་ཡིན་པ་དང་། ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཀྱི་གནས་ཚུལ་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་ཡིན་པ་རེད།

Better  We Better World ཞེས་པའི་ཚོགས་པས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག

དེ་རིང་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Better  We Better World ཞེས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་པའི་ཚོགས་པའི་ཚོགས་མི་ ༣༣ ཙམ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག ཚོགས་པ་དེའི་ཚོགས་མི་རྣམས་ནི་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་བྷེལ་ཇམ་གཙོས་པའི་ས་གནས་འདྲ་མིན་ནས་ཡིན་པའི་ཚན་རིག་མཁས་པ་དང་།  སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་མཁན་སོགས་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ཡིན་པ་དང་།     ད་རེས་ཚོགས་མི་རྣམས་པས་བྱམས་བརྩེ་སྒོ་ནས་འཛམ་བུ་གླིང་ཞི་བདེ་ཇི་ལྟར་བསྐྲུན་ཐབས་ཐད་༸གང་ཉིད་མཆོག་གི་ལམ་སྟོན་ཞུ་བར་བཅར་ཡོད་པ་དང་།  སྐབས་དེར་༸མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་འཛམ་བུ་གླིང་ཞི་བདེ་སྐྲུན་ཐབས་སྐོར་དང་།  དེ་བཞིན་ནང་སེམས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བཀའ་སློབ་ལམ་སྟོན་བསྩལ་ཡོད་པ་རེད་འདུག  མ་ཟད།  ༸གང་ཉིད་མཆོག་གིས་ཆིག་སྒྲིལ་གྱི་གལ་གནད་ཐད་བཀའ་བསྩལ་དང་འབྲེལ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་བསྔགས་བརྗོད་མཛད་སྐོར་ཚོགས་པ་དེ་མཉམ་འཛུགས་གནང་མཁན་ལྕམ་ Sophia Stril Rever ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་ད་རེས་༸གོང་ས་མཆོག་གི་མཇལ་ཁ་ཞུས་བ་བརྒྱུད་རང་ཉིད་ལ་འཛམ་བུ་གླིང་སྤྱི་ཡོངས་ཀྱི་ཁེ་ཕན་སླད་ཞབས་འདེགས་སྒྲུབ་རྒྱུར་སེམས་འགུལ་དང་སྙིང་སྟོབས་སྐྱེས་བ་དང་སྦྲགས།  ང་ཚོའི་ཚོགས་པ་ལྟ་བུ་མཚོན་ན་དམིགས་ཡུལ་གཙོ་བོ་དེ་ ༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ་ཡིན་པ་དང་།   ༸གང་ཉིད་མཆོག་གི་འཛམ་བུ་གླིང་སྤྱི་ཡོངས་ཀྱི་བདེ་འཇགས་སླད་ཀྱི་དགོངས་བཞེས་ནི་ད་ཆ་འགྲོ་བ་མིར་ངེས་པར་དུ་དགོས་ངེས་དང་།     ལྷག་པར་དུ་བླ་ན་མེད་པའི་དགོངས་བཞེས་དེ་ནི་སྐྱེ་འགྲོ་ཡོངས་འཚོ་ཐབས་སླད་མན་ངག་ཅིག་ཏུ་གྱུར་ཡོད་སྐོར་གསུངས་སོང་། དེ་དང་ལྷན་དུ་ཕ་རན་སི་ནས་ཡིན་པའི་ཚོགས་བཅར་བ་ Philippe Guettier ལགས་ཀྱིས་ད་རེས་༸གོང་ས་མཆོག་མཇལ་འཕྲད་བྱུང་བར་དགའ་བ་ཚད་མེད་སྐྱེས་པ་དང་སྦྲགས།    རང་ཉིད་ཀྱིས་སྤྱི་ཡོངས་ཀྱི་ཁོར་ཡུག་གི་གནས་བབ་ཡར་རྒྱས་དང་འཛམ་བུ་གླིང་ཞི་བདེ་བསྐྲུན་ཐབས་སླད་བྱམས་བརྩེ་ལྟ་བའི་སྒོ་ནས་ཐབས་ལམ་ཞིག་ཡོད་པ་ཤེས་དུས་དངོས་གནས་དགའ་པོ་བྱུང་སོང་སྐོར་གསུངས་སོང་། གཞི་རྩའི་ཚོགས་པ་དེས་ཚོགས་མི་རྣམས་བཞུགས་སྒར་དུ་ཆེད་མངགས་བཅར་བའི་ཐོག་མེག་ལོཊ་གྷན་ཇི་ལ་རྟེན་གཞི་བྱས་པའི་ཆོས་ནོར་གསོལ་སྒྲོན་ཁང་དུ་ཟླ་བ་འདིའི་ཚེས་ ༢༤ ནས་འགོ་བཙུགས་ཀྱིས་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོས་ཕྱོགས་དང་།      བྱམས་བརྩེ།  དེ་བཞིན་མང་ཚོགས་ཀྱི་བདེ་འཇགས་སྒོ་ནས་འཛམ་བུ་གླིང་གི་གནས་བབ་བཟང་ཕྱོགས་ལ་བསྒྱུར་ཐབས་སླད་ཐབས་ལམ་ལག་བསྟར་གནང་རྒྱུའི་ཐད་བགྲོ་གླེང་ཚོགས་ཡོད་པ་དང་།  བགྲོ་གླེང་གི་ཚོགས་ཆེན་དེ་ཡང་སང་ཕྱི་ཚེས་ ༢༩ འི་སྔ་དྲོའི་ལས་རིམ་གྲུབ་རྗེས་མཇུག་སྒྲིལ་གནང་རྒྱུ་རེད་འདུག  

ཡོན་ཏན་ལགས་ཀྱིས་སྐུ་ལུས་ཞུགས་འབུལ་གནང་རྗེས་འདས་གྲོངས་སུ་གྱུར་འདུག

ཁ་ཉིན་ཟླ་ ༡༡ ཚེས་ ༢༦ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་བཞི་པ་ཡོལ་ཙམ་ལ་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་དགུང་ལོ་ ༢༤ ཙམ་ཕེབས་པའི་བོད་མི་ན་གཞོན་ཡོན་ཏན་ལགས་ཀྱིས་སྐུ་ལུས་ཞུགས་འབུལ་གནང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་རྗེས་སྐུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་འགྲེལ་བརྗོད་གནང་བར་ད་ལྟའི་ཆར་ཡོན་ཏན་ལགས་སྐུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གསལ་པོ་ཡིན་ཀྱང་། ཁོང་གི་སྐུ་ཕུང་ནང་མིའི་ཕྱག་ལ་སོན་ཡོད་མེད་དང་ས་གནས་རྒྱ་ནག་གཞུང་གིས་ཡོན་ཏན་ལགས་ཀྱི་ནང་མིས་གཙོས་པའི་ས་གནས་སུ་སྔ་རྗེས་ཀྱི་དམ་བསྒྲགས་གང་བྱེད་བཞིན་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་གསུངས་སོང་། རྩ་བའི་དགུང་ལོ་ ༢༤ ཙམ་ཕེབས་པ་ཡོན་ཏན་ལགས་ནི་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་བསོད་དོན་དང་མ་ཚེ་ཁོ་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། རྔ་བ་ཀིརྟི་དགོན་པར་གྲྭ་ཞུགས་གནང་མྱོང་ཡོད་ཀྱང་རྗེས་སུ་སྐྱ་སར་བབས་ནས་འབྲོག་པའི་འཚོ་བ་སྐྱེལ་ནས་བཞུགས་འདུག གཞི་རྩའི་ཕྱི་ལོ་ ༢༠༠༩ ནས་ད་བར་གཞིས་ལུས་བོད་མི་ ༡༥༥ ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་ངོ་རྒོལ་གྱིས་སྐུ་ལུས་ཞུགས་འབུལ་གནང་ཡོད་པ་དང་། རྔ་བ་རྨེའུ་རུ་མ་ནས་ཡིན་པའི་རྒྱལ་གཅེས་པ་ཡོན་ཏན་ལགས་ནི་ལོ་འདི་ནང་སྐུ་ལུས་ཞུགས་འབུལ་གནང་མཁན་ཐོག་མ་ཆགས་ཡོད་པ་རེད།

ཆོས་ཚོགས་ཐེངས་བཅུ་བཞི་པ་དབུ་འཛུགས་དང་སྦྲགས་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་སྤྱི་མོས་ཀྱིས་དམིགས་བསལ་གྲོས་ཆོད་གཏན་འབེབས།

དེ་རིང་སྔ་དྲོ་བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་དབུ་ཁྲིད་སྐུ་ཚབ་བཅས་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་དབུ་འཛུགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་སྤྱི་མོས་ཀྱིས་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་གཏན་འབེབས་གནང་སོང་། ཐེངས་འདིའི་ཆོས་ཚོགས་ཐོག་འཁོན་རིགས་བསྟན་པའི་གཙུག་རྒྱན་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག གཡུང་དྲུང་བོན་གྱི་བསྟན་བདག་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༸འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག དེ་བཞིན་༸སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་༸སྐྱབས་རྗེ་ཚུར་ཕུ་རྒྱལ་ཚབ་གོོ་ཤྲཱི་རིན་པོ་ཆེ་མཆོག་དང་༸སྔ་འགྱུར་རྙིང་པའི་སྐུ་ཚབ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་མཆོག ༸སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེའི་སྐུ་ཚབ་༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་ཚོགས་བཅར་བ་ཁྱོན་ ༡༡༧ ནས་དངོས་སུ་ཆིབས་བསྒྱུར་བཀྲིན་བསྐྱངས་སོང་བ་དང་། དེ་རིང་དབུ་འབྱེད་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་གནང་ཡོད་པ་རེད། སྔ་ཐོག་ཚོུད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཚོགས་འདུ་ངོ་སྤྲོད་དང་སྦྲགས། ཐེངས་འདིའི་ཆོས་ཚོགས་ཀྱི་མཚན་བྱང་ལ་འགྱུར་བ་ཕྲན་བུ་བཏང་ཡོད་སྐོར་དང་དེ་བཞིན་ད་ལྟའི་ཆར་དུས་ཀྱི་གནས་བབས་ཤིག་གི་ཐོག་ནས་༸རྒྱལ་བའི་ཡང་སྲིད་རིན་པོ་ཆེའི་གནད་དོན་ཐོག་ཁྲིམས་འཕེལ་ཡིག་ཆ་བཟོ་འཇོག་གནང་གལ་ཆེ་བ་ལྟར། ཐེངས་འདིའི་ཆོས་ཚོགས་བརྒྱུད་ནས་༸སྐུའི་ཡང་སྲིད་དང་འབྲེལ་བའི་དམིགས་བསལ་གྲོས་ཆོད་ཅིག་གཏན་འབེབས་གནང་རྒྱུ་ཡིན་སྐོར་གསུངས་ཡོད། སྐབས་དེར་དམིགས་བསལ་སྐུ་མགྲོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བསྟན་བདག་དབུ་ཁྲིད་གཙོས་ཚོགས་བཅར་ཡོངས་ལ་བཀའ་ཤག་གི་ངོས་ནས་འཚམས་འདྲི་ཞུས་པ་དང་འབྲེལ། ཉེ་ཆར་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམ་པ་མགྲིན་དབྱངས་གཅིག་གྱུར་གྱིས་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་རྣམས་ངེས་ཕེབས་ཡོང་བ་དང་༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་༸གོང་ས་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་བླ་བྲང་ཁོ་ནར་ཡོད་པ་ལས་གཞན་སུ་ལའང་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་དེ་ལོ་རྒྱུས་དང་རྩ་དོན་གཉིས་ཀའི་ཐོག་ནས་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གིས་དབུས་པའི་བོད་པའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐད་ཁྲིམས་སྒྲིག་གསར་བཟོ་དང་ཐད་བྱུས་བྱེད་བཞིན་པའི་སྐབས་འདིར་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པ་དང་སྐུ་ཚབ་ཚོས་ད་ལན་ཆོས་ཚོགས་འདིའི་སྟེང་ཡོད་པའི་དམིགས་བསལ་གྲོས་ཆོད་ཐོག་བཀའ་བསྡུར་གྱིས་རྒྱབ་སྐྱོར་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་པར་ནན་སྐུལ་གནང་ཡོད། ཐེངས་འདིའི་ཆོས་ཚོགས་སུ་ལྷན་འཛོམས་གནང་བའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་སྐུ་ཚབ་བཅས་ནས་བཀའ་སློབ་གསུང་བཤད་བཀྲིན་བསྐྱངས་པའི་ཁྲོད་དུ་༸དཔལ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་པོ་མཆོག་ནས་ད་བར་བོད་བརྒྱུད་ནང་བསྟན་དང་སངས་རྒྱས་ཀྱི་བསྟན་པ་ནང་ཕན་ཚུན་ཙམ་མ་ཡིན་པར་འཛམ་གླིང་ནང་གི་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་ཡོང་ཐབས་སུ་སྐུ་ངལ་འཛེམ་མེད་ཀྱིས་ཐུགས་འགན་གཙོ་བཞེས་མཛད་བཞིན་ཡོད་པ་ལྟར་ང་ཚོ་བོད་རྒྱ་ཆེ་མང་ཚོགས་ཚོས་ཀྱང་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་མཐུན་འབྲེལ་གནང་དགོས་པ་མ་ཟད། མི་རིགས་ཡོངས་རྫོགས་མཐུན་སྒྲིལ་ངང་མཛད་པ་རྒྱ་ཆེ་བསྐྱང་ཐུབ་ཡིན་ན་ཕྱོགས་ཀུན་ནས་དགེ་མཚན་ཆེན་པོར་གཟིགས་ ཡོད་སྐོར་བཀའ་བསྩལ་སོང་། ལྷག་དོན་༸དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་༸སྐུའི་ཡང་སྲིད་ཕེབས་དགོས་གལ་ཡིན་ཀྱང་ཡང་སྲིད་དེ་ཆོས་ལུགས་གང་གི་ཁོངས་སུ་འཁྲུངས་མིན་ལ་བལྟོས་མེད་དེར་ཡིད་ཆེས་དང་ངོས་འཛིན་ཞུ་དགོས་པ་མ་ཟད། ང་ཚོས་ཀྱང་ཡང་སྲིད་རིན་པོ་ཆེས་བཀའ་ཆོས་བསྩལ་ཁག་བོད་ཀྱི་སྐད་ཡིག་ཐོག་ནས་གོ་ཐུབ་པ་ཞིག་བྱེད་དགོས་ཞེས་ལམ་སྟོན་བསྩལ་ཡོད། དེ་བཞིན་དབུ་ཁྲིད་བླ་ཆེན་རྣམ་པ་དང་གཞན་ཡང་སྐུ་ཚབ་བཅས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཚོགས་འདི་ལྟ་བུའི་ཐོག་ནས་བསྟན་འགྲོ་སྤྱི་ལ་སྨན་པ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒོས་བོད་བརྒྱུད་ནང་བསྟན་ནང་གི་ཆོས་བརྒྱུད་ཕན་ཚུན་དབར་ལ་ཐུགས་མཐུན་ཁྲིམས་གཙང་དམ་ཆོས་འོ་ཆུ་གཅིག་འདྲེས་ལྟ་བུ་ཡོང་སླད་ཀྱི་དགོངས་བཞེད་འདི་ནི་རླབས་ཆེན་ཞིག་དང་དུས་རབས་དང་མཐུན་པ་སོགས་ཆེ་བསྟོད་ཞུས་པ་མ་ཟད། ཕྱིན་ཆད་དབུ་ཁྲིད་བླ་ཆེན་རྣམ་པས་བསྟན་འགྲོ་སྤྱི་ལ་སྨན་པའི་ཆོས་ཚོགས་འདི་ལྟ་བུ་རྒྱུན་འཁྱོངས་གནང་རྒྱུ་དང་མང་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་ལྟར་ཤར་བསྐྱོད་གནང་རྒྱུ་གལ་ཆེན་པོར་གཟིགས་ཀྱི་ཡོད་པ་སོགས་བཀའ་བསྩལ་སོང་། སྔ་དྲོའི་དབུ་འབྱེད་མཛད་སྒོ་གྲུབ་རྗེས་ཆོས་ཚོགས་ཀྱི་ཚོགས་དུས་དང་པོའི་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་སྐུ་ཚབ་བཅས་གདན་ཞུ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་དམིགས་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་། གྲོས་ཆོད་དེའི་ནང་༸གོང་ས་ཏཱ་ལའི་བླ་མའི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མུ་མཐུད་ངེས་འབྱོན་དགོས་པ་བོད་མི་ཡོངས་ཀྱི་བཅོས་མིན་མངོན་འདོད་ཡིན་པར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ་དང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸གང་ཉིད་གཅིག་པུར་ཡོད་པ་ལས་གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་༸རྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ་ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན། དེ་བཞིན་༸གོང་ས་ཏཱ་ལའི་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ནང་པ་སངས་རྒྱས་པའི་གཞི་རྩའི་ལྟ་གྲུབ་ཡང་དག་ལ་བརྟེན་ཅིང་། མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་ཐོུང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུན་འཛིན་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་ཡིན་པ་བཅས་དོན་ཚན་གཙོ་བོ་གསུམ་འཁོད་ཡོད་པ་རེད། ཐེངས་འདིའི་ཆོས་ཚོགས་འདི་ནི་དེ་རིང་ནས་ཉིན་གྲངས་གསུམ་རིང་འཚོགས་གནང་གི་ཡོད་པ་དང། ཆོས་ཚོགས་ཀྱི་མཇུག་སྡོམ་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད། ཉིན་གསུམ་གྱི་ཆོས་ཚོགས་དེའི་ཁྲོད་དབུ་ཁྲིད་བླ་ཆེན་རྣམ་པ་དང་སྐུ་ཚབ་རྣམ་པ་ཚོགས་མགོན་དུ་དབུ་བཞུགས་ཀྱིས་བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཇི་དགེའི་གཙོས། ཆོས་ལུགས་གཞན་དང་ནང་པའི་ཆོས་བརྒྱུད་དབར་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ལ་བསྐྱར་ཞིབ། དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་བཞེས་ཕྱོགས་སོགས་གཙོ་བོ་གྲོས་གཞི་དོན་ཚན་མི་འདྲ་བ་ཁག་བཞིའི་ཐོག་བཀའ་བསྡུར་གནང་གི་ཡོད་པ་རེད།

མ་ཎིའི་ལྗགས་ལུང་དང་ཡིག་དྲུག་གི་འགྲེལ་བ་བཀའ་ཁྲིད་མཛད་པ།

དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེ་ཏི་ནམ་མཇལ་བཅར་བ་མི་གྲངས་ ༤༠ ཙམ་ལ་མཇལ་ཁ་བསྩལ་བ་དང་མ་ཎིའི་ལྗགས་ལུང་དང་ཡིག་དྲུག་གི་འགྲེལ་བ་བཀའ་ཁྲིད་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཎི་ཡིག་དྲུག་གི་འགྲེལ་བ་བཀའ་ཁྲིད་མཛད་པའི་སྐབས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་འབྲེལ་ནས་ཉམས་ལེན་བྱས་པ་ཡིན་ན་མཐར་མ་དག་པའི་ལུས་ངག་ཡིད་གསུམ་པོ་དེ་བསྒྱུར་ནས་སརྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཆགས་ངེས་ཡིན་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཎིའི་ལྗགས་ལུང་དང་དེའི་དོན་འགྲེལ་མཛད་ཟིན་པའི་རྗེས་སུ་ མཇལ་བཅར་བ་རྣམས་ལ་མ་ཎི་བསགས་སྐབས་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་མ་ཎི་བགྲངས་པ་ཡིན་ན་དོན་དང་ལྡན་པ་ཞིག་ཆགས་ངེས་ཡིན་པ་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་འདུག གཞི་རྩའི་༸གོང་ས་མཆོག་བདུན་ཕྲག་སྔོན་མའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མ་ཧཱ་རཱཤྚའི་མཛད་འཆར་ལེགས་གྲུབ་ཟིན་ནས་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། མཛད་འཆར་ལྟར་ན་ཕྱི་ཟླ་ ༡༢ པའི་གཟའ་འཁོར་གཉིས་པའི་ནང་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་མཛད་རྒྱུ་དང་། དེ་རྗེས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་མཛད་འཆར་ཁག་གཅིག་གི་སླད་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གཏན་ཁེལ་ཡོད་པ་རེད།

རྟ་དབང་བོད་དོན་ཞི་བའི་གོམ་བགྲོད་ཐེངས་བརྒྱད་པ་གནང་བ།

ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་གནང་སྟེ་ Tawang Yatra ཞེས་རྟ་དབང་བོད་དོན་ཞི་བའི་གོམ་བགྲོད་ཐེངས་བརྒྱད་པ་དེར་རྒྱ་གར་གྱི་མངའ་སྡེའི་འདྲ་མིན་ནས་རྒན་གཞོན་དར་གསུམ་བཅས་ལས་འགུལ་བ་མི་གྲངས་ ༣༥༠ ལྷག་མཉམ་ཞུགས་ཀྱིས་རྒྱ་གར་བྱང་ཤར་མངའ་སྡེ་ཨཱ་སམ་ནས་རྟ་དབང་བར་སྤེལ་འདུག Tawang Yatra ཞེས་རྟ་དབང་བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་དེ་ཟླ་ ༡༡ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༤ དབར་སྤེལ་ཡོད་པ་དང་། ལས་འགུལ་དབུ་འབྱེད་དེ་ཡུལ་དེའི་མངའ་སྡེ་སྲིད་སྐྱོང་སྐུ་ཞབས་ Jagdish Mukhi ལགས་ནས་གནང་ཡོད་པ་རེད། དབུ་འབྱེད་ཀྱི་སྔ་ཉིན་དུ་ཨཱ་སམ་གྱི་ Rukmininagar ཚོགས་ཁང་དུ་མངའ་སྡེའི་སྲིད་སྐྱོང་མཆོག་གཙོས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འགན་འཛིན་སྐུ་ཞབས་ Rinchen Khandu Krimey ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Pankaj Goyal ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་སོགས་འབྲེལ་ཡོད་མི་སྣ་འདུ་འཛོམས་ཀྱིས་གོ་སྒྲིག་ཚོགས་པས་ལས་འགུལ་གྱི་རྒྱབ་ལྗོངས་སོགས་ངོ་སྤྲོད་གནང་ཡོད་པ་རེད། སྐབས་དེར་དམིགས་བསལ་སྐུ་མགྲོན་ R.K. Khrimey ལགས་ཀྱིས་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་རྣམས་ནས་ལས་འགུལ་དེ་གྲུབ་རྗེས་རང་ཉིད་ནས་རྩ་དོན་ལ་དམིགས་པའི་ཕྱག་ལས་གང་གནང་ཐུབ་མིན་སྐོར་ལམ་སྟོན་གནང་ཡོད་པ་དང་འབྲེལ། ཨ་རུ་ནཱ་ཅལ་གནས་སྡོད་ཡུལ་མི་དང་རྒྱ་གར་དམག་མི་ནས་དེ་གའི་ས་མཚམས་སུ་རྒྱ་ནག་གི་ཁྲིམས་འགལ་བཙན་རྒོལ་ལས་ད་བར་མུ་མཐུད་ནས་སྲུང་ཡོད་སྐོར་དང་ཡུལ་དེའི་གནས་སྡོད་ཡུལ་མི་རྣམས་རྒྱ་གར་གྱི་ཁོངས་གཏོགས་ཡིན་པ་ནན་བཤད་གནང་འདུག ཁོང་གིས་སྐབས་དེར་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་ཏེ་རྒྱ་ནག་གི་འཆར་གཞི་ལྡན་པའི་ཐོག་བོད་རྩ་མེད་བཟོ་རྒྱུར་དམིགས་པ་དེ་རང་ཉིད་ཀྱི་ས་གནས་དང་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་གོ་སྐབས་ནམ་བྱུང་ལ་དྲིལ་བསྒྲགས་གནང་དགོས་སྐོར་གསུངས་འདུག དེ་བཞིན་ལས་འགུལ་དེའི་ཁོངས་སུ་ཡོད་པ་ India Tibet Coordination Center འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྣམས་ནས་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་རེས་ཀྱི་ལས་འགུལ་འདིས་རྒྱ་ནག་དམར་ཤོག་ཚོགས་པའི་སེམས་ཁམས་ལ་ཕོག་ཐུག་བྱུང་རྒྱུ་ཡིན་སྐོར་གསུངས་འདུག ཁོང་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཞན་གྱི་ཕྱག་ལས་གནང་ཕྱོགས་ངོ་སྤྲོད་དང་ཚོགས་པ་ཚང་མས་མཉམ་རུབ་ཀྱིས་ལས་དོན་གནང་དགོས་གལ་གསུངས་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ Jagdish Mukhi མཆོག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པ་ཆེད་འཛུགས་གནང་མཁན་སྐུ་ཞབས་ Indresh Kumar ལགས་ནས་ལས་འགུལ་འདི་དབུ་འཛུགས་གནང་ཐུབ་པར་འཚམས་འདྲི་ཞུས་པ་དང་སྦྲགས་ཏེ་ཁོང་གིས་རྒྱ་ནག་ནས་ཐབས་བྱུས་སྣ་མིན་སྒོ་ནས་རྒྱ་གར་ལ་བཟང་ཕྱོགས་ཀྱི་ལམ་ལ་འགྲོ་བར་འགོག་རྐྱེན་བཟོ་བཞིན་སྐོར་གྱི་གསུངས་འདུག དེ་བཞིན་གོམ་བགྲོད་པ་རྣམས་བསྟན་འཛིན་སྒང་བོད་མིའི་གཞིས་སྒར་འབྱོར་ཚེ་ས་གནས་ལས་ཁུངས་ཀྱི་དྲུང་ཆེ་གཙོས་པའི་ཚོགས་སྡེ་དང་སློབ་གྲྭ་ཁག་གི་འགོ་ཁྲིད་ནས་སྣེ་ལེན་གཟབ་རྒྱས་ཞུས་འདུག གོམ་བགྲོད་པ་ཚོར་ས་གནས་ཆགས་སྟངས་དང་མི་མང་གི་འཚོ་བ་དང་མངོན་འདོད་སོགས་ངོ་སྤྲོད་གནང་འདུག ལས་འགུལ་བ་རྣམས་འབུམ་སྡེ་ལར་འབྱོར་སྐབས་སྐུ་ཞབས་ Pankaj Goyal ལགས་ནས་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་རང་དབང་སླད་ལས་དོན་གནང་ཕྱོགས་ཀྱི་གལ་གནད་སྐོར་མང་ཚོགས་ལ་གཏམ་བཤད་གནང་འདུག་པ་དང་ཁོང་གིས་རྒྱ་ནག་གི་དངོས་ཟོག་རིགས་ཉོ་རྒྱུ་མེད་སྐོར་དང་། དེ་བཞིན་བོད་དོན་གྱི་དཀའ་རྙོག་མ་སེལ་བར་དུ་ཚོགས་པ་དེས་མུ་མཐུད་ལས་དོན་གནང་རྒྱུ་ཡིན་སྐོར་གསུངས་འདུག ལས་འགུལ་བ་རྣམས་རྟ་དབང་ལ་འབྱོར་སྐབས་ས་གནས་བོད་མི་ནས་ཕེབས་བསུ་སྣེ་ལེན་ཞུས་པ་དང་། རྟ་དབང་གི་ཀ་ལ་དབང་པོ་ཚོགས་ཁང་དུ་བོད་མིར་གདུང་སེམས་མཉམ་བསྐྱེད་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་བོད་ལ་རང་དབང་སྤྲོད་དགོས་ཞེས་འབོད་ཚིག་ཆེད་འདོན་གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཐོག་ལས་འགུལ་མཇུག་སྒྲིལ་གནང་འདུག གཞི་རྩའི་རྒྱ་ནག་དང་རྒྱ་གར་གཉིས་དབར་རྒྱུན་མི་ཆད་པར་ས་མཚམས་ཀྱི་རྩོད་རྙོག་བྱུང་བའི་ཁྲོད་དུ་ཉེ་ལམ་རྟ་དབང་ནང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་ Rajnath Singh མཆོག་ཡུལ་དེའི་ནང་ Maitree Diwas ཞེས་སྤྱི་དམངས་དང་དམག་མི་དབར་མཛའ་འབྲེལ་གྱི་དུས་སྟོན་དུ་ཕེབས་ཡོད་པ་དང་། སྐབས་དེར་བདེ་སྲུང་བློན་ཆེན་མཆོག་གིས་རྟ་དབང་གནས་སྡོད་མི་མང་རྣམས་དེ་གའི་རྒྱལ་ཁབ་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་དེར་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་ནས་མངའ་སྡེ་དེ་རྒྱ་གར་གྱི་ཆ་ཤས་ཡིན་པ་ངོས་ལེན་བྱེད་ཀྱི་མེད་སྐོར་དང་སྒོས་རྒྱ་ནག་ནས་ཁུལ་དེར་རྒྱ་གར་གྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་ནས་ལས་འགུལ་རིགས་སྤེལ་ཚེ་དེར་མཐའ་ཅིག་ཏུ་དགག་པ་ཡོད་སྐོར་བརྗོད་འདུག ཁོང་གིས་རྒྱ་གར་ནས་རྒྱ་ནག་གི་དེ་འབྲེལ་ཐུགས་འཚབ་ལ་གུས་བརྩི་དང་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་ཞི་བདེ་སྲུང་སྐྱོབ་སླད་དོན་དམ་པའི་ལས་དོན་གནང་དགོས་པ་བརྗོད་འདུག རྩ་བའི་རྒྱ་ནག་ནས་ཨ་རུ་ནཱ་ཅལ་བོད་ལྷོ་ཕྱོགས་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ས་མཚམས་ཀྱི་རྩོད་རྙོག་ཐད་རྒྱ་གར་དང་རྒྱ་ནག་གཉིས་དབར་ད་ཆ་གྲོས་མོལ་ཐེངས་ ༢༡ བྱུང་ཡོད་པ་རེད།  

Latest news