Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བྱམས་བརྩེ་སྐུ་ཚབ་ལྷན་དུ་གླེང་མོལ་མཛད་པ།

དེ་རིང་སྔ་དྲོ་ཆུ་ཚོད་ ༨ པ་ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་དུ་ཨ་རི་ནས་ཆེད་བཅར་ཞུས་པའི་ཕྱི་ལོ་ ༢༠༢༠ ལོའི་བྱམས་བརྩེ་སྐུ་ཚབ་ལྷན་དུ་མི་རབས་རྗེས་མའི་ནང་བྱམས་རྩེ་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གླེང་མོལ་གྱི་ཚོགས་འདུ་གནང་སོང་། གླེང་མོལ་གྱི་མཛད་རིམ་དེའི་ཐོག་ཨ་རིའི་ Washington མངའ་སྡེའི་སྲིད་སྐྱོང་གཞོན་པ་སྐུ་ཞབས་ Cyrus Habib ལགས་ཀྱིས་དབུས་པའི་འཛིན་སྐྱོང་ལས་བྱེད་ཁག་གཅིག་དང་ཨ་རིའི་ Association of Washington Generals ཞེས་པའི་ཚོགས་པའི་གནད་ཡོད་མི་སྣ། དེ་བཞིན་ཤེས་ཡོན་དང་སྤྱི་ཚོགས་སྡེ་ཚན་ནང་ཕྱག་ལས་གནང་མཁན། ལྷག་པར་དུ་ཨ་རི་ཁྱོན་ཡོངས་ནས་ཡིག་རྒྱུགས་བརྒྱུད་འདེམས་སྒྲུག་གནང་བའི་སློབ་མ་དྲུག་བཅས་ཕེབས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཞོན་སྐྱེས་ཚོ་དང་མཇལ་མོལ་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་དང་། འགྲོ་བ་མི་རྣམས་ཐོག་མར་སྐྱེས་པའི་སྐབས་ནས་བྱམས་བརྩེའི་ས་བོན་ཡོད་པ་དེ་དག་བྱིས་པ་འཚར་ལོངས་ཀྱི་སྐབས་སུ་ཤེས་ཡོན་སློབ་གསོ་བརྒྱུད་ནས་སློབ་ཁྲིད་གནང་ཐུབ་ཚེ་རིམ་པས་གཞོན་སྐྱེས་ཚོའི་བསམ་བློའི་ནང་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་འཕེལ་རྒྱས་ཕྱིན་ཏེ་གཞོན་སྐྱེས་རང་ཉིད་གཙོས་པའི་དོ་དག་སོ་སོའི་ནང་མི་དང་སྤྱི་ཚོགས་ཁྱོན་ཡོངས་སུ་ཞི་བདེ་དང་བྱམས་བརྩེ་འཕེལ་རྒྱས་གཏོང་ཐུབ་པ་ཞིག་འགྱུར་ངེས་ཡིན་པ་དང་། སེམས་ཁམས་དང་སྤྱི་ཚོགས་ཁྱོན་ལ་ཞི་བདེ་བྱུང་ཚེ་སེམས་ཁམས་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་བསྩལ་སོང་།   ༸གོང་ས་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་ཁག་ངོ་སྤྲོད་དང་འབྲེལ། འཛམས་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མོ་འདོད་པ་གཅིག་མཚུངས་ཡིན་སྟབས་ང་དང་ངའི་ཞེས་བདག་འཛིན་གྱི་བསམ་བློ་ཁོ་ནའི་དབང་སུ་མ་འགྲོ་བར་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གཏོང་དགོས་པ་དང་། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་ཆ་ནས་ཆོས་ལུགས་ཚང་མའི་གཞི་རྩའི་བསླབ་བྱ་གཙོ་བོ་དེ་ནི་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་གཏོང་རྒྱུ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་ཀྱི་མཚན་ཐོག་ནས་འཁྲུག་རྩོད་ནམ་ཡང་གནང་རྒྱུ་མེད་པ་དང་ལྷག་པར་དུ་ཨ་མི་རི་ཀའི་རྒྱལ་ཁབ་དེ་ནི་འཛམ་བུ་གླིང་གི་སྣེ་ཁྲིད་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བཞིན་ཡོད་པ་ལྟར་ཆོས་ལུགས་མཐུན་སྒྲིལ་ཐོག་སྔར་ལྷག་ནུས་པ་སྤུངས་གལ་ཡིན་པ་ལམ་སྟོན་བསྩལ་ཡོད།     མགོན་པོ་མཆོག་གིས་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་འཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་ཐོག་ཐུགས་འགན་བཞེས་བཞིན་པར་བཀའ་བསྩལ་དང་སྦྲགས། ཚོང་དང་འཛུགས་སྐྲུན་སོགས་ཀྱི་ལས་གཞི་དེ་དག་གལ་ཆེན་པོ་ཡིན་ཡིན་ཀྱང་། ལས་གཞི་དེ་དག་སྤེལ་སྐབས་ཁོར་ཡུག་གི་བདེ་འཇགས་ལ་དགོངས་པ་བཞེས་དགོས་གལ་ལམ་སྟོན་བསྩལ་བ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་པའི་ཆོས་དེ་ནི་དད་པ་ཙམ་མིན་པར་དཔྱད་པའི་ཐོག་ནས་སློབ་གཉེར་གནང་ཡོད་པ་ཞིག་ཡིན་པ་དང་། ལྷག་པར་དུ་ནང་ཆོས་ནས་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་འགྲོ་བ་སྤྱི་ལ་ཕན་ཐོགས་བསྒྲུབ་ཐུབ་པ་ཞིག་ཡིན་སྟབས་དེང་སྐབས་ཚན་རིག་མཁས་པ་ཚོས་ཀྱང་དོ་སྣང་གསར་པ་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་སོགས་བཀའ་བསྩལ་ཡོད།   གཞི་རྩའི་ཐེངས་འདིའི་མཛད་རིམ་འདི་བཞིན་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་༸གོང་ས་མཆོག་ཨ་མི་རི་ཀའི་ Washington མངའ་སྡེའི་གྲོང་ཁྱེར་ Seattle དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ས་གནས་མི་མང་ཚོར་བྱམས་བརྩེ་དང་གཞན་ཕན་ཐོག་བཀའ་སློབ་སྩལ་སྐབས་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་ལྟར་རིམ་པས་ Washington མངའ་སྡེ་སྲིད་སྐྱོང་གཞོན་པའི་ལས་ཁུངས་དང་། Association of Washington Generals ཞེས་པའི་ཚོགས་པ་གཉིས་ཀྱིས་རྐང་འགན་བཞེས་ཐོག་གོ་སྒྲིག་ཞུས་པ་ཞིག་ ཡིན་པ་དང་། གླེང་མོལ་གྱི་མཛད་རིམ་ཐོག་ཨ་རིའི་ Seattle གཙུག་ལག་སློབ་གཉེར་ཁང་དང་ Washington མངའ་སྡེའི་ Whitman དང་ Evergreen མཐོ་སློབ་སོགས་ཤེས་ཡོན་དང་སྒྱུ་རྩལ་གྱི་བསྟི་གནས་ཁང་ཁག་དྲུག་ཙམ་གྱི་དགེ་ལས་སློབ་མ་ཚོས་དྲྭ་ཐོག་ནས་ལྷན་ཞུགས་གནང་འདུག ༸གོང་ས་མཆོག་དང་ལྷན་དུ་མཇལ་མོལ་གྱི་མཛད་རིམ་གྲུབ་མཚམས་སུ་ Washington སྡེའི་སྲིད་སྐྱོང་གཞོན་པ་སྐུ་ཞབས་ Cyrus Habib ལགས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་ཁོང་ལས་བྱེད་དང་སློབ་ཕྲུག་རྣམས་འདས་པའི་ཉིན་ཤས་ཁྲོད་བོད་མའི་སྒྲིག་འཛུགས་གཙོས་བོད་པའི་རིག་གཞུང་དང་ཤེས་ཡོན་བསྟི་གནས་ཁག་ཏུ་འཚམས་གཟིགས་གནང་སྐབས་བློ་སྐྱེད་གསར་པ་མང་པོ་རག་ཡོད་པ་དང་། ལྷག་པར་དུ་སློབ་ཕྲུག་ཚོ་ལ་བྱམས་བརྩེ་ལྡན་པའི་བོད་པའི་སྤྱི་ཚོགས་ཀྱི་རྣམ་པ་དངོས་དེ་མྱོང་ཚོར་བྱུང་ཡོད་པ་སོགས་གསུངས་སོང་བ་མ་ཟད། ༸གོང་ས་མཆོག་དང་ལྷན་དུ་གླེང་མོལ་གནང་སྐབས་ཨ་རི་འདི་བཞིན་ འཛམས་གླིང་སྣེ་ཁྲིད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བཞིན་ཡོད་པ་ལྟར་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་ཆོས་ལུགས་མཐུན་སྒྲིག་སོགས་ཀྱི་གནད་དོན་ཐད་ཐུགས་འགན་ཆེ་བཞེས་ཀྱིས་སྣེ་ཁྲིད་གནང་དགོས་པའི་ལམ་སྟོན་ཕེབས་པ་དེ་ཕྱིར་ཨ་རིར་འབྱོར་སྐབས་འབྲེལ་ཡོད་ཚོར་ཞུ་ངེས་ཡིན་པ་གསུངས་ཡོད།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ངེས་སྟོན་པ་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་མངོན་བསྟོད་ཀྱི་མཛད་སྒོ་སྲུང་བརྩི།

རྒྱ་གར་ཨུཏྲཔྲ་དེ་ཤ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ངེས་སྟོན་པ་ཟུར་པ་༸སྐྱབས་རྗེ་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། ཟླ་བ་འདིའི་ཚེས་ ༩ ཉིན་བོད་དང་ཧི་མཱ་ལ་ཡའི་ཆོས་དང་ལོ་རྒྱུས། ལེགས་བྱང་དང་འབྲེལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་གནང་བ་མ་ཟད་ཕྱི་ཚེས་ ༡༠ ཉིན་ཆོས་འབྲེལ་དང་། དེ་རིང་ཕྱི་ཚེས་ ༡༡ ཉིན་མངོན་བསྟོད་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་པ་དང་འབྲེལ་ཏེ་རིན་པོ་ཆེ་མཆོག་ལ་བཀྲིན་རྗེས་སུ་དྲན་པ་དང་ཐུགས་རྗེ་ཆེ་ཞུ་མཚོན་ཕྱིར་རིན་ཆེན་གཉིས་པ་ལས་གྲུབ་པའི་རི་དྭགས་ཆོས་འཁོར་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུག སློབ་ཁང་དེའི་སློབ་ཟུར་ཡོངས་ནས་གོ་སྒྲིག་གནང་བའི་དེ་རིང་གི་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Balmiki Prasad Singh མཆོག་དང་དམིགས་བསལ་སྐུ་མགྲོན་སློབ་ཁང་གི་སློབ་ཟུར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག སློབ་ཁང་གི་སློབ་ཟུར་ཚོགས་པའི་ཚོགས་གཙོ་སློབ་ཟུར་བཀའ་ཟུར་ཐུབ་བསྟན་ལུང་རིག་མཆོག སློབ་ཁང་གི་རིགས་བདག་པདྨ་ཤྲི་དགེ་བཤེས་ངག་དབང་བསམ་གཏན་མཆོག སློབ་ཁང་གི་སློབ་ཟུར་ཁག་གཅིག་དང་དེ་བཞིན་སློབ་ཁང་གི་དགེ་ལས་སློབ་གཉེར་བ་བཅས་ལྷན་འཛོམས་གནང་འདུག སྐབས་དེར་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ངོས་རང་གཙུག་ལག་སློབ་ཁང་འདིར་ལོ་ངོ་བཅུ་ཕྲག་གསུམ་རིང་ལ་ལས་ཀ་བྱས་ནས་བསྡད་སྐབས་སྐུ་ཞབས་ Balmiki Prasad Singh མཆོག་གིས་གཟིགས་སྐྱོང་ཆེན་པོས་དབུ་ཁྲིད་ལམ་སྟོན་གནང་བར་བཀྲིན་ཆེ་ཞེས་གསུངས་སོང་བ་དང་། དུས་ཡུན་དེའི་རིང་ལ་གྲོགས་པོ་ཁག་གཅིག་གིས་སློབ་ཁང་དེ་འདྲ་ཞིག་གསར་རྒྱག་བྱེད་པར་ལོ་བཞི་ལྔ་ནང་ཚར་ངེས་ཡིན་པས་སྐྱོན་བརྗོད་གནང་བ་དང་ཡང་ལ་ལས་རིན་པོ་ཆེ་མཆོག་ནས་ཞིབ་ཚགས་པོས་ཕྱག་གནང་བར་བསྔགས་བརྗོད་གནང་མཁན་གཉིས་བྱུང་སྐོར་བཀའ་བསྩལ་བ་དང་ཆབས་ཅིག སྒྲིག་འཛུགས་གང་ཡིན་ཡང་དེ་སྲ་བརྟན་དང་ཚགས་ཚུད་ཡོང་བར་དུས་ཡུན་རིང་ཙམ་ཕྱག་ལས་གནང་གལ་གཟིགས་སྐོར་གསུངས་ཡོད་པ་རེད། སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་ Balmiki Prasad Singh མཆོག་གིས་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ངོས་རང་རྒྱ་གར་རང་དུ་ཞབས་ཞུའི་ལས་དོན་གཉེར་རྒྱུ་ལས་ཕྱི་རྒྱལ་ཁག་ལ་བཅར་མི་དགོས་པའི་བཀའ་འཁྲོལ་གསོལ་འདེབས་ཞུས་དོན་བཞིན་རིན་པོ་ཆེ་མཆོག་གིས་རྒྱ་གར་ནང་དུ་རླབས་ཆེན་གྱི་ཕྱག་ལས་མང་དག་ཅིག་གནང་བ་མ་ཟད། འཕགས་བོད་གཉིས་ཀྱི་ལེགས་བྱང་ཐོག་གཞན་འགྲན་མ་མཆིས་པའི་ཕྱག་ལས་གནང་ཡོད་པ་གསུངས་སོང་། དམིགས་བསལ་སྐུ་མགྲོན་སློབ་ཁང་གི་སློབ་ཟུར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདི་ལེགས་སྦྱང་སློབ་གཉེར་ཁང་ནས་ལོགས་སུ་གྱེས་ཚུལ་དང་ཕྱིས་སུ་གཙུག་ལག་སློབ་གཉེར་ཁང་གི་ངོ་བོར་བསྒྱུར་ཚུལ་དང་འབྲེལ་ནས་རིགས་བདག་ཟུར་པ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་སློབ་གཉེར་ཁང་གི་ཆེད་དུ་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལག་གནང་ཁག་བཅས་ངོ་སྤྲོད་དང་བཀྲིན་ཆེ་ཞེས་ཞུས་སོང་། ཚོགས་གཙོ་མཆོག་གིས་ད་དུང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་དགོངས་བཞེད་ལྟར་དེ་སྔའི་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་སྐབས་ཕྱག་ལས་གནང་ཕྱོགས་ཀྱི་སྒྲིག་གཞི་རྩ་འཛིན་གཏན་འབེབས་གནང་ཡོད་པ་གསུངས་པ་མ་དང་བཀའ་ཁྲིའི་ཐུགས་འགན་བཞེས་སྐབས་དངུལ་རྩིས་བཏང་འཛིན་གནང་སྟངས་ཕྱི་གསལ་ནང་གསལ་མཛད་ཡོད་པ་སོགས་ཀྱི་མཛད་འཕྲིན་ཁག་གསུངས་པ་དང་ཆབས་ཅིག ཟམ་གདོང་རིན་པོ་ཆེ་མཆོག་ནི་དོན་དམ་གྱི་མཁས་པ་དང་ལམ་སྟོན་པ་ཞིག་ཀྱང་ཡིན་སྐོར་གསུངས་ཡོད། ཡང་སློབ་ཁང་གི་རིགས་བདག་པདྨ་ཤྲི་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་སྐྲུན་གནང་བར་རིན་པོ་ཆེ་མཆོག་གིས་ཐུགས་འགན་བཞེས་པར་བརྟེན་སློབ་ཁང་འདིའི་མཚན་སྙན་རྒྱས་པ་སོགས་ངོ་སྤྲོད་གནང་བ་དང་སྦྲགས། གཙུག་ལག་སློབ་གཉེར་ཁང་འདི་ནི་འཕགས་བོད་གཉིས་ཀྱི་ལེགས་བྱང་སླར་གསོ་གནང་བར་སློབ་གཉེར་ཁང་གལ་ཆེན་པོ་ཞིག་ཆགས་ཡོད་པ་སོགས་རིན་པོ་ཆེའི་༸སྐུ་ཚེའི་མཛད་རྗེས་ཁག་གཅིག་དྲན་སྐུལ་གནང་སོང་། གཞན་ཡང་དེ་རིང་༸སྐུའི་གྱ་སྟོན་དང་འབྲེལ་བའི་མངོན་བསྟོད་ཀྱི་ཉིན་གསུམ་པའི་ལས་རིམ་ཐོག་ཝཱ་ཎའི་སློབ་ཟུར་བའི་ཁོངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་དང་ལེགས་བྱང་ཐོག་ཕྱག་རྗེས་རླབས་ཆེན་འཇོག་མཁན་ཁག་གཅིག་ལ་གཟེངས་བསྟོད་ཀྱི་ཕྱག་འཁྱེར་ཕུལ་ཡོད་པ་རེད། དེ་རྗེས་སུ་མངོན་བསྟོད་ཀྱི་མཛད་སྒོའི་ཆ་ཤས་སུ་ཝཱ་ཎའི་སློབ་ཟུར་བས་ཕྱོགས་བསྒྲིགས་ཞུས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་རིགས་བདག་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་དུ་ཐོག་མར་ཕེབས་པ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་ཚུལ་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཆབ་དཔལ་རིག་གསུམ་གྱིས་གཙོས་པའི་ད་ལྟའི་ཆར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་མཛད་འགན་གལ་ཆེ་ཁག་ལ་གཟིགས་རྟོག་གནང་མུས་བཅས་ཀྱི་༸སྐུའི་མཛད་རྣམ་སྙིང་བསྡུས་ཀྱི་བརྙན་ཐུང་ཞིག་གཟིགས་འབུལ་ཡོད་པ་རེད། གཞི་རྩའི་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་༸གྱ་སྟོན་དང་འབྲེལ་ཝཱ་ཎ་དབུས་བོད་ཀྱི་གཙུལ་ལག་སློབ་གཉེར་ཁང་གིས་གཙོས་པའི་ཨ་རིའི་ནིའུ་ཡོག བཞུགས་སྒར་དྷ་ས། རྒྱལ་ས་དི་ལླཱི། དེ་བཞིན་ཁེ་ན་ཌ་ཊོ་རན་ཊོ་ལ་སོགས་པའི་བོད་མིའི་གནས་ཡུལ་ས་གནས་འདྲ་མིན་ནང་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་པ་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་དུས་ཚིགས་འདི་དང་བསྟུན་ནས་ཚེས་ ༩ ཉིན་བོད་དང་ཧི་མཱ་ལ་ཡའི་ཆོས་དང་ལོ་རྒྱུས། ལེགས་བྱང་དང་འབྲེལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་གནང་བ་དང་ཕྱི་ཚེས་ ༡༠ ཉིན་རིན་པོ་མཆོག་གིས་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཆོས་འབྲེལ་བསྐྱངས་ཡོད་པ་རེད།

ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཐོག་དབུ་བཞུགས་བརྒྱུད་གུ་རུ་ནཱ་ནག་མཆོག་གི་འཁྲུངས་སྐར་སྲུང་བརྩི།

སིག་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་གུ་རུ་ནཱ་ནག་མཆོག་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༥༥༠ འཁོར་བའི་དུས་དྲན་དང་བསྟུན་རྒྱ་གར་པན་ཇབ་མངའ་སྡེའི་གྲོང་ཁྱེར་ Amritsar དུ་རྟེན་གཞི་བྱས་པའི་ Guru Nanak Dev གཙུག་ལག་སློབ་གཉེར་ཁང་ནས་བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར༸གོང་ས་༸སྐྱབས་མགོན་མཆོག་མཐོ་སློབ་ཏུ་གདན་ཞུ་གནང་བ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཁ་ཉིན་ཕྱི་ཚེས་ ༩ ཉིན་མཐོ་སློབ་དེར་ཆིབས་བསྒྱུར་མཛད་དེ་ཆོས་ལུགས་ལྷན་མཐུན་སྒྲིལ་གྱི་ལྷན་ཚོགས་ཤིག་གི་ཐོག་བཀའ་སློབ་ལམ་སྟོན་བསྩལ་འདུག ༸གོང་ས་མཆོག་གིས་དེ་ཉིན་ཐོག་མར་སིག་ཆོས་ལུགས་ཀྱི་གནས་ཆེན་ངོ་མཚར་སྟོང་ལྡན་གྱི་གསེར་གྱི་ལྷ་ཁང་ལ་གནས་གཟིགས་མཛད་རྗེས་ Guru Nanak Dev གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་འབུམ་རམས་པ་ Jaspal Singh Sandhu ལགས་ཀྱིས་གཙོས་པའི་རྒྱ་གར་ནང་གི་ཆོས་ལུགས་འདྲ་མིན་གྱི་ཆོས་དཔོན་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཐོག་སློབ་གཉེར་ཁང་གི་མཛད་སྒོའི་སྟེང་དངོས་སུ་དབུ་བཞུགས་མཛད་ཡོད་པ་དང་སྐབས་དེར་༸སྐུའི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་བཞི་ལས་ཐོག་མར་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་དང་བཟོད་བསྲན། ཆོག་ཤེས་སོགས་གོང་འཕེལ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་བསྩལ་བ་དང་འབྲེལ། གུ་རུ་ནཱ་ནག་མཆོག་གིས་མི་ལོ་ ༥༥༠ གོང་དུ་ཁ་ཆེའི་གདན་ས་ Mecca ལ་གནས་གཟིགས་ཆེད་ཕེབས་གནང་བ་མཚོན་ཆོས་ལུགས་མཐུན་སྒྲིལ་གྱི་ཐད་ནས་ཕྱག་ལས་རྒྱ་ཆེར་གནང་སྟེ་བྱས་རྗེས་རླབས་ཆེན་བཞག་ཡོད་སྐོར་ངོ་སྤྲོད་མཛད་དེ་དེང་གི་དུས་འདིར་ཆོས་ལུགས་མཐུན་སྒྲིལ་དེ་དགོས་གལ་ཡིན་པ་ལམ་སྟོན་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་འགྲོ་བ་མི་ནི་ཐོག་མར་སྐྱེས་དུས་སུ་བྱིས་པ་གཞན་སུ་འདྲ་ཞིག་འཕྲད་སྐབས་གཅིག་གྱུར་གྱི་བསམ་བློ་དེ་ཡོད་ཀྱང་། རིམ་བཞིན་སྤྱི་ཚོགས་ཀྱི་ཟང་ཟིང་གི་ནང་དུ་ནར་སོན་ཏེ་སློབ་གྲྭ་སོགས་འགྲིམ་སྐབས་ང་ཚོ་དང་ཁོང་ཚོ་ཞེས་པའི་དབྱེ་འབྱེད་ཀྱི་བསམ་བློ་ཡོང་གི་ཡོད་པ་ལྟར་ཆོས་དད་དང་མི་རིགས། རྒྱལ་ཁབ་སོགས་ཀྱི་ཕྱོགས་ཞེན་གྱི་གནས་སྟངས་མི་འདྲ་བ་དེར་གཙིགས་ཆེར་བཟུང་ནས་དམག་འཁྲུག་གིས་གཙོས་པའི་རྙོག་གྲ་མང་པོ་ཡོང་བཞིན་ཡོད་པ་དང་། དེང་སྐབས་ཆོས་ཀྱི་མིང་ཐོག་ནས་མི་ཕན་ཚུན་གསོད་རེས་ཀྱང་བྱེད་བཞིན་ཡོད་པ་དེ་ནི་ཧ་ཅང་ཐབས་སྡུག་ཅིག་རེད་ཅེས་བཀའ་བསྩལ་བ་དང་ལྷན་དུ་དེང་གི་སྤྱི་ཚོགས་ཁྲོད་དུ་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་འགྲོ་བ་མིས་བཟོས་བ་ཁོ་ན་ཡིན་པར་བརྟེན་དཀའ་ངལ་དེ་དག་སེལ་རྒྱུར་འགྲོ་བ་ཡོངས་ལ་གཅིག་གྱུར་གྱི་འགན་འཁྲིའི་འདུ་ཤེས་དགོས་པའི་ལམ་སློབ་མཛད་ཡོད། རྒྱ་གར་གྱི་ནང་གི་དེང་དུས་ཀྱི་ཤེས་ཡོན་སྲིད་བྱུས་དེ་ནི་དབྱིན་ཇིས་གཏན་འབེབས་བྱས་པའི་ལམ་སྲོལ་དེ་ཡིན་པ་དང་། དེ་ལྟ་བུའི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་འགྲོ་བ་མིར་དགོས་གལ་ཆེ་བའི་བློ་སྦྱོང་གི་རྣམ་གཞག་མེད་སྟབས་ལོ་ངོ་ ༣༠༠༠ གི་ཡར་སྔོན་ནས་རྒྱ་གར་དུ་དར་ཁྱབ་བྱུང་བའི་གནའ་རབས་ཀྱི་བློ་སྦྱོང་གི་རྣམ་གཞག་དེ་དག་བསྐྱར་གསོ་གནང་སྟེ་གནའ་དེང་ཟུང་གི་ཤེས་ཡོན་གྱི་སྲིད་བྱུས་ཤིག་གཏན་འབེབས་ཡོང་ཐབས་ལ་འབད་དགོས་པ་སོགས་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གིས་མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོད་ཚད་ལས་རྒན་ཡོལ་ཞུས་ཟིན་ནའང་དུས་རྟག་ཏུ་བོད་ཀྱི་ཆོས་རིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁུར་ཡོད་པར་བཀའ་བསྩལ་བ་མ་ཟད། བོད་ཀྱི་རིག་གཞུང་ནི་དུས་རབས་བརྒྱད་པའི་ནང་དུ་རྒྱ་གར་ནས་དར་ཡོང་བ་ཞིག་ཡིན་པ་དང་། ད་ལྟའི་ཆར་བོད་ཀྱི་ཆོས་རིག་གིས་འགྲོ་བ་མི་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པའི་ནུས་བ་ཡོད་པར་བཀའ་བསྩལ་འདུག མཛད་སྒོའི་ཐོག་ཆོས་ལུགས་ཀྱི་དབུ་ཁྲིད་གཞན་ཡོངས་ཀྱིས་གུ་རུ་ནཱ་ནག་མཆོག་གི་རླབས་ཆེན་མཛད་རྗེས་ལ་ཆེས་བསྟོད་ཞུས་པ་མ་ཟད་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བྱམས་བརྩི་དང་ཆིག་སྒྲིལ་སོགས་ཀྱི་སྨོན་འདུན་ཞུས་ཡོད་པ་དང། མཛད་སྒོ་གྲོལ་རྗེས་  མགོན་པོ་༸གངཉིད་མཆོག་གིས་དབུ་ཁྲིད་དེ་དག་དང་གཙུག་ལག་སློབ་ཁང་གི་མཛད་གཙོ་རྣམ་པ་དང་ལྷན་དུ་ལྗགས་སྨིན་བཞེས་རྗེས་མཁའ་ལམ་བརྒྱུད་ནས་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཡོད་པ་རེད། ༸སྐུ་པར་རྣམས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་།

ནུབ་བྷན་གྷལ་་ཁུལ་དུ་དྲག་ཆར་གྱི་གོད་ཆག་ཕོག་པར་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ནུབ་ Bengal གྱི་མངའ་སྡེའི་ས་གནས་མང་དག་ཅིག་གི་ནང་དུ་ Cyclone Bulbul ཞེས་དྲག་ཆར་རླུང་འཚུབ་ཆེན་པོ་བྱུང་བའི་དབང་གིས་གོད་ཆག་ཆེན་པོ་ཕོག་པ་མ་ཟད་ས་གནས་མང་ཚོགས་དུ་མའི་ཚེ་སྲོག་ཤོར་བ་དང་། སྡོད་ཁང་དང་ས་ཞིང་སོགས་མི་རྒྱུ་གཉིས་ཀར་གོད་ཆག་འཚབས་ཆེན་ཕོག་པར་ཐུགས་གསོ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ནུབ་ Bengal གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་ Mamata Banerjee མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་ཏེ་འབྱུང་བའི་གོད་ཆག་གི་འཇིག་པ་ལས་སྲོག་ཐར་བ་དང་རྨས་སྐྱོན་ཕོག་པ་ཚོའི་ཆེད་དུ་ངལ་བ་ཁྱད་གསོད་ཀྱིས་ཉེན་སྐྱོབ་ལས་གཞི་སྤེལ་དང་སྤེལ་བཞིན་པ་ལ་བསྔགས་བརྗོད་མཛད་པ་དང་ཆབས་ཅིག ཁུལ་དེའི་སྤྱི་ཁྱབ་བློན་ཆེན་གྱིས་གཙོས་པའི་གནོད་འཚེ་ཕོག་ཡུལ་གྱི་ནང་མི་དང་སྤུན་མཆེད་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་རོགས་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་པ་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་དེ་བཞིན་གནས་ཁྱད་པར་ཅན་ཞིག་ཡིན་པ་དང་། ལྷག་པར་དུ་བོད་རིགས་ཚོའི་ལོ་ངོ་དྲུག་ཅུའི་རིང་གི་གནས་ཡུལ་ཞིག་ཡིན་པ་མ་ཟད་ནུབ་བྷལ་གྷལ་ལྟ་བུར་མཚོན་ན་བོད་དང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། ནུབ་བྷན་གྷལ་ནས་ཡིན་པའི་མཁན་ཆེན་ཞི་བ་འཚོ་ནི་རིགས་ལམ་དང་མཚན་ཉིད་ལ་མཁས་པ་ཞིག་ཡིན་པ་མ་ཟད་དུས་རབས་ ༨ པའི་ནང་བོད་ཁུལ་དུ་ཆེས་ཐོག་མའི་དགོན་པ་སྟེ་བསམ་ཡས་གཙུག་ལག་ཁང་གསར་བཞེངས་གནང་མཁན་ཞིག་ཡིན་པ་དང་། དེ་བཞིན་དུས་རབས་ ༡༡ པའི་ནང་དུ་ནང་པའི་ཆོས་དེ་སླར་གསོ་གནང་མཁན་དཔལ་མར་མེ་མཛད་ཀྱང་ཁུལ་དེ་ནས་ཡིན་པ་བཀའ་བསྩལ་འདུག

ཧོང་ཀོང་གི་ངོ་རྒོལ་མཚོན་བྱེད་ཅན་ཀྱི་མངར་ཟས་་སྤྲི་གོར་ཞིག་རྒྱལ་སྤྱིའི་འགྲེམས་སྟོན་ལས་རྩིས་མེད་བཏང་འདུག

བདུན་ཕྲག་སྔོན་མོའི་ནང་དུ། དབྱིན་ཡུལ་གྱི་གྲོང་ཁྱེར་ Birmingham གྱི་ནང་དུ་རྒྱལ་སྤྱིའི་ cake  འམ། མངར་ཟས་སྤྲི་གོར་འགྲན་བསྡུར་གྱི་འགྲེམས་སྟོན་བྱས་ཡོད་པའི་ཁྲོད་དུ།   ཧོང་ཀོང་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་མཚོན་བྱེད་ཅན་གྱི་བར་རིམ་གསུམ་ལྡན་གྱི་མངར་ཟས་སྤྲི་གོར་ཞིག་ཀྱང་འགྲེམས་སྟོན་བྱས་ཡོད་པར་བརྟེན། རྒྱ་ནག་གིས་གནོན་ཤུགས་སྤྲད་ནས་མངར་ཟས་སྤྲི་གོར་དེ་འགྲན་ཞུགས་ལས་ཕྱིར་བསྡུ་བྱེད་དགོས་བྱུང་འདུག  3rd space café ཞེས་པའི་ཇ་ཁང་གིས་བཟོས་གནང་བའི་མངར་ཟས་སྤྲི་གོར་དེར་བང་རིམ་གསུམ་ཡོད་པ་དང་། དེའི་སྟེང་དུ། སྟོད་གོས་ནག་པོ་དང་ཞྭ་མོ་སེར་པོ་གྱོན་པའི་ངོ་རྒོལ་བ་ཆུང་ཆུང་ཞིག་གི་དཔེ་གཟུགས་དང་། ཧོང་ཀོང་གི་ངོ་རྒོལ་བའི་གྱོན་བཞིན་པའི་གདོང་འབག་དང་ཉི་གདུགས་སོགས་བཟོས་པ་མ་ཟད། སྒྲ་སྒམ་ཆུང་ཆུང་ཞིག་ཀྱང་མཉམ་སྦྱར་ཡོད་པ་ལས་ཧོང་ཀོང་ལ་གཟི་བརྗིད་ལྡན་པར་ཤོག་ཟེར་བའི་ཧོང་ཀོང་གི་ངོ་རྒོལ་བ་རྣམས་ཀྱིས་གྱེར་བཞིན་པའི་འབོད་བརྡ་ཡང་གྲག་གི་ཡོད་པར་བརྟེན། སྤྱི་ཚོགས་དྲ་ལམ་ཐོག་རྒྱ་རིགས་མི་མང་གིས་སྐྱོན་བརྗོད་དང་འབྲེལ། མངར་ཟས་སྤྲི་གོར་དེ་འཕྲོད་བརླག་ཏུ་གཏོང་རྒྱུའི་ཉེན་བརྡ་ཡང་གཏོག་མཁན་བྱུང་ཡོད་པ་རེད་འདུག ཧོང་ཀོང་གི་གྲོང་བརྡལ་ Sheung Wan ནང་རྟེན་གཞི་བྱས་པའི་ཇ་ཁང་དེར་རྒྱལ་སྤྱིའི་སྤྲི་གོར་འགྲེམས་སྟོན་ཁང་གིས་ཡིག་ལམ་ནས་འཕྲིན་ཡིག་ཅིག་འབྱོར་བའི་ནང་དུ།   མངར་ཟས་སྤྲི་གོར་དེའི་མཚོན་དོན་དང་བརྗོད་ཚིག་དེ་དག་མི་མང་ལ་ཕོག་ཐུག་འགྲོ་གཞིའི་གནད་དོན་ཞིག་ལ་མཐོང་གི་ཡོད་པར་བརྟེན་འགྲེམས་སྟོན་ལ་ཞུགས་མཁན་གྱི་ཁྲོད་ནས་ཞུ་གཏུག་བྱེད་མཁན་བྱུང་ཡོད་སྟབས། འགྲེམས་སྟོན་ལས་ཕྱིར་བསྡུ་བྱེད་དགོས་བར་བརྗོད་ཡོད་པ་དང།    མངར་ཟས་སྤྲི་གོར་གསར་བཟོ་བྱེད་མཁན་ཇ་ཁང་དེའི་ངོས་ནས་ཆབ་སྲིད་ཀྱི་བཀག་སྡོམ་གྱི་རྐྱེན་གྱིས་མངར་ཟས་སྤྲི་གོར་དེ་ཉེས་ཅན་དུ་གྱུར་ཡོད་ཚུལ་བརྗོད་འདུག དབྱིན་ཡུལ་གྱི་འགྲེམས་སྟོན་གོ་སྒྲིག་པ་རྣམས་ཀྱིས་ངོ་དེབ་ཀྱི་སྟེང་དུ་ཁ་སང་རེས་གཟའ་ཉི་མའི་ཉིན་གསལ་བཤད་ཅིག་སྤེལ་ཏེ།  སྤྲི་གོར་དེ་འགྲེམས་སྟོན་ལས་ཕྱིར་བསྡུ་བྱེད་དོན་ནི་མང་ཚོགས་ཀྱི་ཁྲོད་དུ་སྤྲི་གོར་དེའི་མཚོན་དོན་ལ་ཞུ་གཏུགས་བྱེད་མཁན་བྱུང་ནས་གཏོར་བཅོམ་བྱེད་རྩིས་བྱས་ཡོད་སྟབས་རྩིས་མེད་བཏང་ཡོད་པར་བརྗོད་འདུག  གསལ་བཤད་དེ་དྲ་ལམ་དུ་སླེབས་མ་ཐག་མི་མང་༣༠༠༠ ལྷག་གིས་འཕྲལ་དུ་མཆན་མང་པོ་བྲིས་ནས་འགྲེམས་སྟོན་གོ་སྒྲིག་པ་རྣམས་ལ་སྐྱོན་བརྗོད་ཚ་ནན་བྱས་ཡོད་པ་རེད།  མི་ཞིག་གིས་གནད་དོན་དེ་འབྲེལ་ནས་མཆན་བྲིས་པ་ལྟར་ན།   མི་གཞན་གྱིས་སྤྲི་གོར་དེར་འཕྲོ་བརླག་ཏུ་གཏོང་རྩིས་བྱེད་དུས། ཁྱེད་ཀྱི་ཐག་གཅོད་ནི་སྤྲི་གོར་དེར་སྲུང་སྐྱོབ་བྱེད་རྒྱུའི་ཚབ་ཏུ་འགྲེམས་སྟོན་ལས་རྩིས་མེད་གཏོང་རྒྱུ་དེ་རེད་དམ་ཞེས་ཟུར་ཟ་བྱས་ཡོད་པ་དང་། ཡང་རེ་འགས། ཐག་གཅོད་དེ་ནི་ངོ་ཚ་དགོས་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག དེ་བཞིན་མི་གཞན་ཞིག་གིས།  ཐེངས་འདིའི་འགྲེམས་སྟོན་དེར་སྨྲ་བརྗོད་ཀྱི་རང་དབང་སྤུ་ཙམ་ཡང་མི་འདུག  རང་དབང་ནི་ཁྲིམས་སྒྲིག་དང་རྒྱལ་ཡོངས་ཀྱི་དགོས་འདུན་ལ་གཞིི་བཞག་ནས་བཟོ་དགོས་ཞེས་པའི་སྦྱར་ཡིག་ཀྱང་སྤེལ་ཡོད་པ་རེད། སྤྲི་གོར་ཆེད་བཟོ་བས།  དབྱིན་ཡུལ་གྱི་འགྲེམས་སྟོན་པ་རྣམས་ཀྱིས་ཁོང་ཅག་གི་སྤྲི་གོར་དེ་རྩིས་མེད་བཏང་བར་བློ་ཕམ་ཆེན་པོ་ཡོད་པར་གསར་ཁང་ལ་བརྗོད་འདུག་

བཞུགས་སྒར་དུ་གོ་ལའི་མ་འཛུགས་ཚོགས་ཆེན་གྱི་ཚོགས་བཅར་བ་ཁག་ཅིག་གིས༸གོང་ས་མཆོག་ལ་མཇལ་ཁ་ཞུས་སོང་།

དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་Global Investors Meet ཞེས་གོ་ལའི་མ་འཛུགས་ཚོགས་ཆེན་དུ་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་ཁག་ཅིག་གིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་༨ པ་ཡོལ་ཙམ་ལ་བཞུགས་སྒར་དུ་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་འཚོགས་པའི་གོ་ལའི་མ་འཛུགས་ཚོགས་ཆེན་དུ་ཕེབས་མཁན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang མཆོག་གཙོས་པའི་དྲ་ཐོག་གི་ཚོང་ར་ཆེ་ཤོས་གྲས་ Amazon གྱི་སྐུ་ཚབ་དང་། དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་ཚོང་གཉེར་བ་ཁག་ཅིག་གིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས། འགྲོ་བ་མི་ཐེར་འབུམ་ ༧ ལྷག་ཡོད་པ་རྣམས་འགྲོ་བ་མི་ཡིན་པ་གཅིག་མཚུངས་དང་། འགྲོ་བ་མི་དེ་ཡང་གཞི་རྩའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེ་ཡིན་ཡང་། ད་ཆ་འཛམ་བུ་གླིང་ནང་རྙོག་འཛིང་མང་པོ་ཞིག་མིས་བཟོས་པ་ཞིག་ཡིན་སྟབས། དཀའ་ངལ་དེ་དག་སེལ་ཐབས་སླད་ང་ཚོས་འགྲོ་མི་གཅིག་མཚུངས་ཀྱི་འདུ་ཤེས་སྒོ་ནས་དགོངས་པ་བཞེས་དགོས་པའི་དུས་ལ་སླེབས་ཡོད་སྐོར་བཀའ་བསྩལ་སོང་།  དེ་བཞིན་༸གོང་ས་མཆོག་གིས། དེང་དུས་ཤེས་ཡོན་སློབ་གསོའི་ཁྲོད་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་སློབ་ཚན་གཏན་འབེབས་དགོས་པའི་ལམ་སྟོན་དང་། ལྷག་པར་དུ་ལོ་ངོ་ ༣༠༠༠ ལྷག་གི་རྒྱ་གར་གནའ་བོའི་རིག་གནས་ཁྲོད་སེམས་ཀྱི་སྦྱོང་བརྡར་ཐད་ཚད་མཐོ་སྒོ་ནས་གསུངས་ཡོད་པ་དང་། ད་ཆ་ཤེས་ཡོན་སློབ་གསོའི་ཁྲོད་སེམས་ཀྱི་ཞི་བདེ་ཐད་སློབ་སྦྱོང་ལྡང་ངེས་ཤིག་མེད་སྐོར་བཀའ་བསྩལ་སོང་། ཚོགས་བཅར་བའི་ཁོངས་སུ་ཡོད་པ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang མཆོག་གིས། ད་རེས༸གོང་ས་མཆོག་གིས་ཆེད་བསྔགས་དུས་ཡུན་བཏོན་གནང་མཛད་པའི་ཐོག་ང་ཚོར་མཇལ་ཁ་གནང་བར་རང་ཉིད་སྐུ་སྒེར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཡང་སྒོས་ད་རེས་ཀྱི་མཇལ་ཁ་དེ་ཧ་ཅང་གི་ཡག་པོ་ཞིག་བྱུང་བ་དང་སྦྲགས། ང་ཚོས་༸གང་ཉིད་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་མཛད་རྒྱུ་དང་ཁུལ་དེའི་མང་ཚོགས་ལ་མཇལ་ཁ་བསྩལ་རྒྱུ་གདན་འདྲེན་ཞུས་སྐོར་གསུངས་སོང་།   དེ་བཞིན་རྒྱ་གར་ནང་དུ་ཡོད་པའི་ Amazon གྱི་འགན་འཛིན་ Amit Agarwal ལགས་ཀྱིས། ད་རེས་མཇལ་ཁ་བརྒྱུད་ ༸གོང་ས་མཆོག་གི༸སྐུ་མདུན་དུ་འདུག་རྒྱུ་དང་༸གང་ཉིད་མཆོག་གི་ཕྱག་ལ་འཆང་རྒྱུ་རག་པ་ཙམ་གྱིས་རང་ཉིད་ལ་བརྗོད་དུ་མེད་པའི་ཚོར་བ་བྱིན་ཡོད་སྐོར་གསུངས་སོང་།   དེ་དང་ལྷན། རྒྱ་གར་ཀར་ན་ཊ་ཀ་མངའ་སྡེ་གྲོང་ཁྱེར་ Udupi ནས་ཡིན་པའི་ Abu Dhabi ནང་ NMC Health ཞེས་པའི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི་ཆེད་འཛུགས་གནང་མཁན་དང་། དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས། དེ་བཞིན་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་གཙོ་བྱས་པའི་ལས་དོན་སྣ་མིན་ཐོག་ཞབས་འདེགས་ཞུ་མཁན་སྐུ་ཞབས་ Bavaguthu Raghuram Shetty ལགས་ཀྱིས། ད་རེས་ཀྱི་ཆུ་ཚོད་ ༡ མན་ཙམ་གྱི་མཇལ་ཁ་དེའི་ཁྲོད་༸གང་ཉིད་མཆོག་གིས་ལས་རྒྱུ་འབྲས་སྐོར་དང་། དེ་བཞིན་སེམས་ཚོར་དྲག་པོ་སོགས་སྟངས་འཛིན་གནང་སྟངས་དང་འབྲེལ་བཀའ་སློབ་བསྩལ་བྱུང་བས། ད་རེས་ཀྱི་མཇལ་ཁ་དེ་དུས་ཡུན་ཡག་ཤོས་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་སོང་། གཞི་རྩའི་ཁ་སང་ཡང་རྒྱ་གར་དང་ཕྱི་རྒྱལ་ཚོང་པ་ཁག་ཅིག་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་ལས་གསུངས་པའི་འཚེ་བ་མེད་པ་དང་། བྱམས་པ་དེ་བཞིན་སྙིང་རྗེ་སོགས་དེང་དུས་ཀྱི་འཛམ་བུ་གླིང་ལ་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པ་བཀའ་སློབ་ལམ་སྟོན་དང་། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ཁྲོད་ཕྱིའི་དངོས་པོ་ཡར་རྒྱས་ཐད་མ་གཏོགས་ནང་སེམས་ཀྱི་ཞི་བདེ་ཐད་དོ་སྣང་གནང་གི་མེད་སྐོར་དང་སྦྲགས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་ཡོད་པ་རེད།

རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་།

ཁ་སང་ཕྱི་དྲོ་བཞུགས་སྒར་རྡ་སའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་བྱས་པ་བརྒྱུད་ DIFF འམ་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་། དེ་ཡང་ཁ་སང་ཕྱི་དྲོ་ཚོུད་ ༥.༣༠  སྟེང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ཕྱི་ནང་གི་གློག་བརྙན་བཟོ་སྐྲུན་པ་དང་འཁྲབ་ཁྲིད་མི་སྣ་སོགས་ཁྱོན་མི་གྲངས་གཅིག་སྟོང་བརྒལ་བ་ལྷན་འཛོམས་གནང་བའི་ཐོག་ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་རི་ཏུ་ས་རིན་ལགས་རྣམ་གཉིས་ཀྱིས་གཙོ་གཉེར་གནང་བཞིན་པའི་འདི་ལོའི་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བརྒྱད་པ་དེ་དབུ་འཛུགས་གནང་པ་དང་བསྟུན་དུས་སྟོན་དབུ་འབྱེད་ཀྱི་གློག་བརྙན་ཐོག་མ་དེ་རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་ Prateek Vats ལགས་ཀྱིས་ཕབ་སྐྲུན་གནང་པའི་གློག་བརྙན་དེ་གཟིགས་འབུལ་ཞུས་སོང་། སྐབས་དེར་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས་འདི་ལོའི་དུས་སྟོན་ཐོག་རྒྱ་གར་གྱི་གྲགས་ཅན་གློག་བརྙན་བཟོ་སྐྲུན་པ་བདུན་དང་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་པ་གཉིས་བཅས་ཆེད་ཕེབས་གནང་ཡོད་པ་མ་ཟད། རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་རྩེད་ཕུད་ཀྱི་བྱ་དགའ་ཐོབ་མྱོང་མཁན་ Adil Hussain ལགས་ཀྱང་ཕེབས་ཡོད་པ་སོགས་སྐུ་མགྲོན་ཡོངས་ལ་དུས་སྟོན་ངོ་སྤྲོད་ཀྱི་དགའ་བསུའི་གསུང་བཤད་གནང་པ་དང་སྦྲགས། དུས་སྟོན་འདི་ནི་གཙོ་བོ་རྒྱལ་སྤྱིའི་ནང་གི་གློག་བརྙན་བཟོ་སྐྲུན་པ་ཙམ་མ་ཟད། ཆེད་ལས་དེ་ལ་དགའ་མོས་གནང་མཁན་རྣམས་མཉམ་འཛོམས་ཡོང་རྒྱུའི་སྡིངས་ཆ་ཞིག་དང་དེ་མཚུངས་ས་གནས་མང་ཚོགས་ལ་གོ་རྟོགས་དང་མཉམ་ཞུགས་གང་མང་ཡོང་ཆེད་དུ་གོ་སྒྲིག་བྱས་བ་ཞིག་ཡིན་པར་ངོ་སྤྲོད་གནང་སོང་། སྐབས་དར་རི་ཏུ་ས་རིན་ལགས་ཀྱིས་ཁོང་བཟའ་ཟླ་གཉིས་ནས་དེ་སྔ་དབུ་འཛུགས་གནང་བའི་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ལོ་རེ་བཞིན་སྙན་གྲགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་དེར་སྔར་ལས་ལྷག་པའི་གདོང་ལེན་གནང་དགོས་ཀྱི་ཡོད་པ་དང་། ཁོང་བཟའ་ཟླ་གཉིས་ཀྱིས་ད་རེས་བཞུགས་སྒར་དུ་སླར་ཡང་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བརྒྱད་པ་དེ་གོ་སྒྲིག་ཞུ་ཐུབ་པ་དེ་ནི་གཙོ་བོ་དུས་སྟོན་དེར་དངོས་ཤུགས་བརྒྱུད་གསུམ་ནས་དགའ་མོས་གནང་མཁན་རྣམ་པས་ཤ་ཚ་དང་རྒྱབ་སྐྱོར། དེ་བཞིན་སེམས་ཁུར་གནང་བར་བརྟེན་ནས་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས་ཏེ་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་། དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱལ་སྤྱིའི་ཚད་དང་མཉམ་པའི་གློག་བརྙན་དུས་སྟོན་ཞིག་གོ་སྒྲིག་ཞུ་རྒྱུ་ནི་ལས་སླ་པོ་ཞིག་མིན་ནའང་། བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་རི་ཏུ་ས་རིན་ལགས་རྣམ་གཉིས་ཀྱིས་འདས་པའི་ལོ་ཤས་ནང་ཐུགས་འགན་བཞེས་ཐོག་བཞུགས་སྒར་དུ་རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དབུ་འཛུགས་གནང་ནས་ད་ཆ་ཐེངས་བརྒྱད་པ་དེ་ཆགས་ཀྱི་ཡོད་པར་བསྔགས་བརྗོད་དང་ལྷག་དོན་དུས་སྟོན་ཐེངས་བརྒྱད་པ་ཚོགས་ཐུབ་པ་ནི་བཀྲིས་རྟེན་འབྲེལ་བཟང་པོ་ཞིག་ཡིན་པས་དུས་སྟོན་དེ་མུ་མཐུད་ལོ་བརྒྱད་ཅུར་འཚོགས་རྒྱུའི་རྟེན་འབྲེལ་བཟང་པོ་ཡོད་ཅེས་གསུངས་སོང་། རྩ་བའི་ Diff འམ་རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞེས་པ་དེ་ནི་བཞུགས་སྒར་དུ་ ༢༠༡༢ ལོ་ནས་དབུ་འཛུགས་གནང་པ་ཡོད་པ་དང་། དུས་སྟོན་འདིའི་ཐོག་རྒྱ་གར་དང་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་པ་བྱ་དགའ་མང་པོ་ཐོབ་མྱོང་མཁན་མང་དག་ཅིག་ཕེབས་ཡུལ་རྒྱལ་སྤྱིའི་རང་བཞིན་ཞིག་ཆགས་ཡོད་པ་མ་ཟད། གཟིགས་མོར་ཕེབས་མཁན་མང་ཆེ་བ་དུས་རྒྱུན་ནས་གློག་བརྙན་བརྒྱུད་ལམ་ལ་དོ་སྣང་དང་དགའ་མོས་གནང་མཁན་ཤ་སྟག་ཕེབས་ཀྱི་ཡོད་པ་རེད། ཁ་སང་ནས་ཚེས་ ༡༠ བར་གྱི་ཉིན་གྲངས་བཞིའི་རིང་གི་གློག་བརྙན་དུས་སྟོན་དེའི་ཐོག་རྒྱལ་ཁབ་འདྲ་མིན་བརྒྱད་ཙམ་ནས་རྒྱལ་སྤྱི་དང་རྒྱ་གར་གྱི་དངོས་བྱུང་དང་རྟོགས་སྒྲུང་། བྱིས་པའི་གློག་བརྙན་རིང་གྲས ༢༨ དང་ཐུང་གྲས་ ༢༡ ཙམ་གཟིགས་འབུལ་ཞུ་རྒྱུ་རེད་འདུག

༸གོང་ས་མཆོག་༸རྒྱལ་བའི་བཞུགས་སྒར་ནས་ཨ་མི་རི་སར་ཆིབས་བསྒྱུར་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་ ༨  ཉིན་གྱི་ཉིན་དགུང་ཚོུད་ ༡༢༌༣༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་སིག་ཆོས་ལུགས་ཀྱི་གནས་མཆོག་ཨ་མི་རི་སར་མཛད་འཆར་གྱི་སླད་ཆིབས་བསྒྱུར་བསྐྱང་གནང་མཛད་སོང་། མཛད་འཆར་ལྟར་ན་མགོན་པོ་མཆོག་སང་ཉིན་ཕྱི་ཚེས་ ༩ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡ བར་གུ་རུ་ནཱ་ནག་དེ་ཝ་གཙུག་ལག་སློབ་ཆེན་ Guru Nanak Dev University དུ་པན་ཇབ་མངའ་སྡེ་གཞུང་གིས་གོ་སྒྲིག་ཞུས་པའི་གུ་རུ་ནཱ་ནག་དེ་ཝ་མཆོག་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༥༥༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། Inter-Faith Conclave ཞེས་ཆོས་ལུགས་འདྲ་མིན་དབར་གྱི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་བཀའ་སློབ་བཀྲིན་བསྩལ་གཏན་ཁེལ་འདུག དེ་རྗེས་ཕྱི་ཚེས་ ༡༡ ཉིན་ཕྱིར་བཞུགས་སྒར་དུ་ཆིབས་ཐོན་མཛད་ཀྱི་ཡོད་པ་རེད།

སྐད་འཕྲིན་བརྒྱུད་བོད་པའི་ཕྱག་དེབ་བརྒྱུད་སྤེལ་གནང་རྐྱེན་བོད་མི་ཞིག་འཛིན་བཟུང་།

སྐད་འཕྲིན་བརྒྱུད་༸གོང་ས་མཆོག་གི་ཕྱག་དེབ་དང་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་བརྩམས་པའི་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བའི་ཕྱག་དེབ་བརྒྱུད་སྤེལ་གནང་རྐྱེན་བོད་མི་ཞིག་འཛིན་བཟུང་བྱས་འདུག དེའང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་གནས་ཚུལ་སྤེལ་བའི་ནང་གསལ་ལྟར་ན། བོད་གཞིས་ཀ་རྩེ་ནས་ཡིན་པའི་རང་ལོ་ ༤༥ ཡིན་པ་སྐུ་ཞབས་དབང་ཕྱུག་ལགས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་རང་གནས་སུ་ཕྱིར་ལོག་གནང་སྐབས་རྒྱའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གར་ཡོད་ཀྱི་གནས་ཚུལ་ངེས་གཏན་ཞིག་ཤེས་རྟོགས་མེད་ཀྱང་། འབྲེལ་ཡོད་ཁག་གཅིག་གིས་ཁོང་གཞིས་ཀ་རྩེའི་ཉ་རི་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པར་ཚོད་དཔག་གནང་བཞིན་ཡོད་པ་གསུངས་འདུག གནས་ཚུལ་ཡོང་ཁུངས་ཁག་གཅིག་གིས་ལྟེ་གནས་ཁང་ལ་འགྲེལ་བརྗོད་གནང་བར་སྐུ་ཞབས་དབང་ཕྱུག་ལགས་ཀྱིས་བོད་ཕྱི་ཕྱོགས་སུ་ཡོད་པའི་རང་ཉིད་ཀྱི་གྲོགས་པོ་ཁག་གཅིག་བརྒྱུད་ནས་ཀ་ལིང་པོང་གི་ཐུག་ལ་ལས་བཟོ་བ་ཞེས་པའི་ཕྱག་དེབ་དང་ལྷག་པར་དུ་༸གོང་ས་མཆོག་གི་ཆོས་འབྲེལ་གྱི་ཕྱག་དེབ་ཁག་གཅིག་སྐད་འཕྲིན་བརྒྱུད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང། ཁོང་གི་ཁྱིམ་མི་སུའང་ཁོང་འཛིན་བཟུང་བྱས་པའི་གནད་དོན་དང་ནག་ཉེས་ག་རེ་བཙུགས་མིན་སོགས་ཀྱི་གནས་ཚུལ་གང་ཡང་བརྗོད་མེད་པ་མ་ཟད་ད་ལྟའི་ཆར་ཁོང་གི་ནང་མི་རྣམས་ཀྱི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ལ་དམ་དྲག་ཤུགས་ཆེ་བྱས་ཏེ་དཀའ་སྡུག་ཚད་མེད་གཏོང་བཞིན་པ་རེད་འདུག ཁོང་གི་ནང་མི་རྣམས་ཀྱི་རྒན་ཕོག་དང་ཐོབ་ཐང་སོགས་མེད་པ་བཟོས་པ་མ་ཟད། ས་གནས་གཞུང་གི་བཀའ་འཁྲོལ་མེད་པར་ཕྱི་སྐྱོད་མི་ཆོག་པ་དང་རྟག་ཏུ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་རེད་འདུག རྩ་བའི་དབང་ཕྱུག་ལགས་ནི་ཕ་མ་གཉིས་དང་བུ་ཕྲུག་ལྔ་སོགས་ནང་མི་ཡོངས་ཀྱི་འཚོ་རྟེན་གཙོ་བོ་དེ་ཆགས་ཀྱི་ཡོད་པ་དང་ཁོང་འཛིན་བཟུང་བྱས་པ་དེས་ཁོང་གི་ནང་མི་ཡོངས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་པ་རེད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་གི་གནས་སྟངས་ལ་ཐུགས་འཚབ་དང་འབྲེལ་ཏེ་ཁོང་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་དགོས་པ་དང། ལྷག་པར་ཁོང་གི་ནང་མི་རྣམས་ལ་སུན་གཙེར་བཟོ་བའི་ལས་དོན་མཐའ་ དག་མཚམས་འཇོག་དང་འབྲེལ་ཁོང་རྣམ་པའི་ཐོབ་ཐང་ཁག་སླར་གསོ་དགོས་པའི་དགོས་འདུན་བཏོན་འདུག

Latest news