Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༢ ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་རྒྱ་གར་ལྷོ་ཕྱོགས་ Karnataka མངའ་སྡེའི་ Mangalore གྲོང་ཁྱེར་ནང་གི་ Father Muller ཚོགས་ཁང་ཆེན་མོར་རྒྱ་གར་རྒྱལ་ཡོངས་ཡི་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༢ ཐོག་དབུ་བཞུགས་མཛད་འདུག མགོན་པོ་༸གང་ཉིད་མཆོག་ཁ་སང་ Mangalore གྲོང་ཁྱེར་ནང་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་དེ་རིང་སྔ་དྲོ་ཁུལ་དེའི་ Kankanady ས་གནས་སུ་ཆགས་པའི་ Father Muller ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་འབྲེལ་དེར་འཛོམས་པའི་ཡི་ཤུའི་སློབ་གྲྭ་ཁག་འདྲ་མིན་གྱི་སློབ་སྤྱིས་གཙོས་པའི་ཚོགས་བཅར་བ་ཡོངས་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་འདུག དེ་རིང་གི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མའི་ངོས་ནས་དུས་རབས་ ༢༡ པ་འདི་ཞི་བདེ་ལྡན་པ་ཞིག་བཟོ་དགོས་པ་དང་། འགྲོ་བ་མི་གཅིག་མཚུངས་ཀྱི་བློ་འཛིན་དགོས་པ། དེང་སྐབས་སློབ་ཕྲུག་གཞོན་སྐྱེས་ཚོར་ཕྱི་དངོས་པོའི་ཤེས་ཡོན་སྤྲད་པ་ཙམ་མིན་པར་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་ལ་སློབ་སྦྱོང་སྤྲོད་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་མཛད་འདུག གཞན་ཡང་དེ་རིང་སྔ་དྲོ་༸གོང་ས་མཆོག་ནས་མེང་ལོར་གྲོང་ཁྱེར་དང་ཉེ་འཁོར་གྱི་མཐོ་སློབ་ཁག་ཏུ་སློབ་བཞིན་པའི་བོད་པའི་སློབ་ཕྲུག་ ༢༣༠ སྐོར་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བ་དང་། དེ་བཞིན་མེང་ལོར་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་དང་གཙུག་ལག་སློབ་གཉེར་ཁང་ཞིག་གི་རིགས་བདག ས་གནས་ཁྲིམས་དཔོན་བཅས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རྒྱ་ནག་དང་ཐ་དད་ཡིན་པ་དང་། བོད་པའི་སློབ་ཕྲུག་རྣམས་ནས་ནང་ཆོས་ལ་དོ་སྣང་བྱེད་དགོས་གལ་དང་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བསྩལ་འདུག གཞི་རྩའི་དེ་རིང་གི་མཛད་སྒོ་དང་འབྲེལ་ནས་ས་གནས་དེར་ཡོད་བོད་པའི་སློབ་ཕྲུག་གཙོ་གྱུར་ཨ་རུ་ནཱ་ཅལ་མངའ་ཁུལ་དང་འབྲུག་ནས་ཡིན་པའི་སློབ་ཕྲུག་རྣམས་ལ་ཡང་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད། འབྲེལ་ཡོད་༸སྐུ་པར་རྣམས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

སྐད་འཕྲིན་ཐོག་ཁྲིམས་འགལ་གྱི་གནད་དོན་སྤེལ་མཁན་རྣམས་ལ་ལོ་བརྒྱད་བར་ཁྲིམས་ཐག་གཅད་རྒྱུ།

རྒྱ་ནག་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་གཞུང་གིས་ཟླ་བ་འདིའི་ཚེས་ ༢༧ ཉིན་ཛ་དྲག་གི་བརྡ་ཁྱབ་ཅིག་འདོན་སྤེལ་བྱས་ཏེ་སྐད་འཕྲིན་ཚོགས་པར་དོ་དམ་སླད་ཚང་མས་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་བཏང་བ་མ་ཟད། དྲྭ་རྒྱའི་ཐོག་སྐད་འཕྲིན་སྤྱོད་མཁན་ཚོགས་སྒེར་གང་འདྲ་ཞིག་ནས་དུས་ཚོད་ནམ་ཞིག་དང་ས་གནས་གང་རུང་དུ་རྒྱལ་ཁབ་དང་རྒྱ་ནག་དམར་ཤོག་ཚོགས་པར་གནོད་པའི་ཁྲིམས་འགལ་གྱི་གནད་དོན་རིགས་རྩ་བ་ནས་སྤེལ་མི་ཆོག་པ་དང་། གལ་ཏེ་ཁྲིམས་འགལ་གྱི་གནད་དོན་སྤེལ་མཁན་རྣམས་ལ་ལོ་བརྒྱད་བར་ཁྲིམས་ཐག་གཅད་རྒྱུའི་ཉེན་བརྡ་བཏང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གི་བརྡ་ཁྱབ་དེ་ནི་གཙོ་བོ་དྲྭ་རྒྱའི་ཐོག་གི་མི་བཅུ་ཡན་གྱི་སྐད་འཕྲིན་ཚོགས་པ་ཁག་ལ་དམིགས་པ་ཞིག་ཡིན་པ་དང་། བརྡ་ཁྱབ་དེ་གཞིར་བཟུང་ལྟར་ན་སྐད་འཕྲིན་ཚོགས་པ་སོ་སོའི་ངོས་ནས་རང་ཉིད་ཀྱི་ཚོགས་མི་ཡོངས་ལ་བརྡ་ཁྱབ་དེ་བརྒྱུད་སྤེལ་བྱེད་དེ་ཁ་དམ་པོ་བཟུང་ནས་རང་ཚུགས་བརྟན་པོའི་ཐོག་འཆལ་གཏམ་སྒྲོག་མི་ཆོག་པ་དང་། ཚོར་བ་རྣོ་བའི་ཆར་འཕྲིན་རིགས་སྤེལ་མི་ཆོག་པ་མ་ཟད་ཁྲིམས་འགལ་གྱི་ལས་དོན་དེ་ལྟར་སྤེལ་མཁན་ཚོགས་སྒེར་སུ་ཡིན་རུང་ད་ལྟའི་ནག་འཇོམས་ངན་སེལ་གྱི་ལས་འགུལ་འོག་ཁྲིམས་ཐག་གཅད་རྒྱུ་ཡིན་པ་བརྗོད་འདུག སྐད་འཕྲིན་ཚོགས་པ་སོ་སོའི་ཚོགས་གཙོ་རྣམས་ནས་དེའི་ཐོག་འགན་ཁུར་དགོས་པའི་སྐུལ་མ་བཏང་བ་དང་སྤྱིར་སྲིད་གཞུང་གྱི་འབྲེལ་ཡོད་ཚན་པ་རྣམས་ནས་ད་ལྟའི་འཆར་སྐད་འཕྲིན་ཚོགས་པའི་ཐོག་ཁྲིམས་ལྟར་ཐག་གཅོད་བྱེད་བཞིན་པ་དང་འབྲེལ་ཚོགས་པ་སོ་སོའི་ནང་སྤེལ་བའི་གནད་དོན་ཐོག་དོ་སྣང་ནན་པོ་བྱེད་བཞིན་ཡོད་པས་དེ་འབྲེལ་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་འདུག བརྡ་ཁྱབ་དེའི་ཐོག་གཙོ་བོ་དོན་ཚན་བཅུ་ཆེད་བཀོད་བྱས་པའི་ནང་ཆབ་སྲིད་ཀྱི་གནད་དོན་དང་། འཆལ་གཏམ། རྒྱལ་ཁབ་ཀྱི་གསང་བ། འཇིགས་སྐུལ་གྱི་བརྡ་ཕྲིན། དྲག་དམག་དང་འབྲེལ་བའི་གནད་དོན། སྲིད་གཞུང་གི་ལས་བྱེད་ཚོའི་པར་དང་བརྙན་སོགས་སྤེལ་ཆོག་གི་མེད་པ་མ་ཟད་ཐེ་ཝན་དང་ཧོང་ཀོང་། མ་ཀའོ་བཅས་ཀྱི་གནད་དོན་ཐོག་སྲིད་གཞུང་གིས་ཁྱབ་བསྒྲགས་མ་བྱེད་གོང་ཆར་འཕྲིན་གང་གི་ཐོག་ནས་བརྒྱུད་སྤེལ་བྱེད་ཆོག་གི་མེད་པ་སོགས་བརྗོད་འདུག

Joshua Wong ལགས་གཙོས་ཧོང་ཀོང་གི་ལས་འགུལ་བ་ཁག་གཅིག་འཛིན་བཟུང་།

འདི་ལོའི་ཕྱི་ཟླ་ ༦ པ་ནས་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་རྐྱེན་པས་ས་གནས་ན་གཞོན་གཙོ་གྱུར་མང་ཚོགས་ནས་ཧོང་ཀོང་གཞུང་ལ་ངོ་རྒོལ་རིམ་པ་གནང་བའི་ཁྲོད་མང་ཚོགས་དང་ཉེན་རྟོག་པ་དབར་གདོང་ཐུག་མི་ཉུང་བ་བྱུང་ཡོད་སྟབས་ཉེན་རྟོག་པས་ཧོང་ཀོང་མང་གཙོའི་ལས་འགུལ་བ་ Joshua Wong ལགས་གཙོས་ལས་འགུལ་བ་ཁག་གཅིག་འཛིན་བཟུང་བྱས་འདུག ཧོང་ཀོང་གི་ Demosisto ཆབ་སྲིད་ཚོགས་པས་ Twitter ཐོག་ཚོགས་པ་གསར་འཛུགས་གནང་མཁན་དང་།  དེ་སྔ་ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་ Umbrella Movement འམ་ཆར་གདུགས་ཀྱི་ལས་འགུལ་ཞེས་མང་གཙོའི་ལས་འགུལ་འགོ་ཁྲིད་བ་ན་གཞོན་ Joshua Wong ལགས་དང་མང་གཙོའི་ལས་འགུལ་བ་ Agnes Chow ལགས་གཉིས་དེ་རིང་སྔ་དྲོ་ཚོུད་ ༧༌༣༠ ཙམ་ལ་ཉེན་རྟོག་པས་འཛིན་བཟུང་གིས་ Wan Chai ཉེན་རྟོག་ལས་ཁུངས་སུ་ཁྲིད་ཡོད་པ་བརྗོད་འདུག གནད་དོན་དེ་འབྲེལ་ཉེན་རྟོག་པས་སྤྱི་བསྒྲགས་སྤེལ་བར་ Joshua Wong ལགས་དང་ Agnes Chow ལགས་རྣམ་གཉིས་ནས་ཤེས་བཞིན་དུ་ཆོག་མཆན་མེད་པའི་འདུ་འཛོམས་ནང་མཉམ་ཞུགས་གནང་བ་དང་། དེ་བཞིན་དེ་འབྲེལ་གནང་རྒྱུ་གཞན་ལའངབརྒྱུད་སྐུལ་བྱས་པ་མ་ཟད། Joshua Wong ལགས་ནས་ཁྲིམས་འགལ་གྱི་འདུ་འཛོམས་གོ་སྒྲིག་གནང་བའི་དོགས་གཞིའི་འོག་འདྲི་རྩད་སླད་འཛིན་བཟུང་བྱས་པར་བརྗོད་འདུག འོན་ཀྱང་དེ་རིང་ཕྱི་དྲོ་གནས་ཚུལ་ཐོན་པར་གཞིགས་ཚེ་ཁོང་གཉིས་གཏའ་དངུལ་ཐོག་ནས་གློད་བཀྲོལ་བཏང་ཡོད་པ་རེད་འདུག ཉེན་རྟོག་པས་ཧོང་ཀོང་རང་དབང་འཐབ་རྩོད་ཀྱི་འགོ་ཁྲིད་ Andy Chan ལགས་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཉེན་རྟོག་པར་བཙན་རྒོལ་གནང་བའི་དོགས་གཞི་འོག་རེས་གཟའ་ཕུར་བུའི་ཉིན་འཛིན་བཟུང་བྱས་ཡོད་པ་རེད།   གཞི་རྩའི་Joshua Wong ལགས་དང་ཁོང་གི་ཕྱག་རོགས་བཅས་ཀྱིས་སྣེ་ཁྲིད་འོག་དེ་སྔ་ཕྱི་ལོ་ ༢༠༡༤ ལོར་རྒྱ་གཞུང་གིས་ཧོང་ཀོང་སྤྱི་ཁྱབ་འོས་བསྡུ་ཆེན་མོའི་འོས་མི་རྣམས་རྒྱ་ནག་དབུས་གཞུང་གིས་ཆེད་འཛུགས་བྱས་པའི་ཚོགས་ཆུང་ནས་གདམ་རྒྱུའི་ཐག་གཅོད་བྱས་པར་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ཆར་གདུགས་ཀྱི་ལས་འགུལ་སྤེལ་ཡོད་སྟབས་ སང་རེས་གཟའ་སྤེན་པའི་ཉིན་དེ་འབྲེལ་ཐག་གཅོད་བྱས་ནས་ལོ་ལྔ་འཁོར་གྱི་ཡོད་པ་དང་། སྒོས་ཉིན་དེར་ཧོང་ཀོང་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་འགུལ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་ཀྱང་ཉེན་རྟོག་པས་དེ་འབྲེལ་ལས་འགུལ་སྤེལ་རྒྱུར་ཆོག་མཆན་སྤྲད་མེད་པ་རེད། ལས་འགུལ་བ་འཛིན་བཟུང་ཐད་ཧོང་ཀོང་བྷབ་ཊིསཊ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Kenneth Chan ལགས་ཀྱིས་ལས་འགུལ་བ་འཛིན་བཟུང་བྱས་པ་དེ་ལས་འགུལ་བའི་ཐོག་དྲག་གནོན་གྱི་ཆ་ཤས་གསར་པ་ཞིག་ཡིན་པ་མ་ཟད་གཞོན་སྐྱེས་འགོ་ཁྲིད་འཛིན་བཟུང་དེ་བརྒྱུད་ནས་ལས་འགུལ་བ་གཞན་ལ་འཇིགས་སྐུལ་བྱེད་རྒྱུར་དམིགས་པ་ཡིན་སྐོར་གསུངས་འདུག རྩ་བའི་ Joshua Wong ལགས་དང་ Agnes Chow ལགས་རྣམ་གཉིས་ནས་ཉེས་ཅན་རྩིས་སྤྲོད་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བའི་ནང་མཉམ་ཞུགས་དང་དེ་འབྲེལ་རྒྱབ་སྐྱོར་གནང་ཡོད་ཀྱང་། དམིགས་བསལ་གྱི་དེ་སྔ་བཞིན་ལས་འགུལ་སྣེ་ཁྲིད་སོགས་གནང་མེད་པ་རེད། Joshua Wong ལགས་ཀྱི་ཕྱག་རོགས་ Nathan Law ལགས་ཀྱིས་ད་རེས་ཀྱི་ལས་འགུལ་ནང་སྣེ་ཁྲིད་མཁན་ལོགས་སུ་མེད་ཀྱང་མང་ཚོགས་ནས་བསྟུད་མར་སྲང་ལམ་དུ་ཕེབས་ནས་ངོ་རྒོལ་གནང་བར་བརྒྱུད་སྐུལ་བྱེད་མཁན་ཞིག་ཡོད་ན་དེ་ནི་ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལེམ་གྱི་དྲག་པོའི་སྲིད་བྱུས་ཤིག་ཡིན་པར་གསུངས་འདུག སྤྱིར་ད་བར་ལས་འགུལ་ཁྲོད་མི་གྲངས་ ༨༠༠ ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་དང་ཧོང་ཀོང་མང་ཚོགས་ནས་ལས་འགུལ་བ་དེ་དག་ཆ་རྐྱེན་མེད་པར་གློད་བཀྲོལ་དང་ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་སྒོ་ནས་འདྲི་རྩད་བྱེད་དགོས་ཞེས་དགོས་འདུན་ཡང་ཡང་ཆེད་སྟོན་གནང་ཡོད་ཀྱང་། གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་ཉེན་རྟོག་པས་ཐེངས་དང་པོ་ལས་འགུལ་བར་ཉེན་བརྡའི་ཚུལ་དུ་ནམ་མཁར་མེ་མདའ་བརྒྱབ་པའི་གནད་དོན་བྱུང་ཡོད་པ་རེད།  རྒྱ་གཞུང་གི་གཞུང་འབྲེལ་གསར་ཁང་ Xinhua ཐོག་པེ་ཅིང་ལ་ཧོང་ཀོང་ནང་ཞི་བདེ་ལྷིང་འཇགས་བཟོ་སླད་འགན་ཁུར་དང་དབང་ཆ་ཡོད་སྟབས་གལ་ཏེ་ཧོང་ཀོང་ནང་འཁྲུག་ཟིང་ལངས་ན་རྒྱ་གཞུང་ནས་དེ་མ་ཐག་ཏུ་ཐེ་བྱུས་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་དང་། ད་ཆ་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་བར་ཧོང་ཀོང་ནང་རྒྱ་གཞུང་གི་དམག་མི་མང་པོ་ཞིག་ཡོང་བའི་གནས་ཚུལ་ཐོན་ཡོད་པ་དང་རྒྱ་ནག་གཞུང་འབྲེལ་མི་སྣས་དེ་ནི་དུས་རྒྱུན་འཆར་ཅན་གྱི་སྐོར་སྐྱོད་བྱས་པ་ཞིག་ཡིན་པར་བརྗོད་འདུག

ལ་དྭགས་ཀྱི་ཆེས་མཐོའི་མི་སྣར་དགོང་ཚིགས་འདེགས་འབུལ།

ཁ་ཉིན་ཕྱི་ཚེས་ ༢༨ ཉིན་གྱི་དགོང་མོར་ལ་དྭགས་བསོད་ནམས་གླིང་མཉམ་འབྲེལ་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་དང་ལ་བྱང་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ལ་སྤྱིའི་ལས་ཁུངས་ཐུན་མོང་གིས་ལ་དྭགས་དེ་བཞིན་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་བར་རྟེན་འབྲེལ་དགའ་བསུའི་འཚམས་འདྲི་ཞུ་སླད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དབུས་བཞུས་ཐོག་ལ་དྭགས་ཀྱི་ཆེས་མཐོའི་མི་སྣ་༡༠༠ ཙམ་གདན་ཞུས་ཀྱིས་གཞས་སྣ་གཟིགས་འབུལ་དང་དགོང་ཚིགས་རྒྱས་པ་ཞིག་འདེགས་འབུལ་ཞུས་འདུག གསོལ་སྟོན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་པི་རྣམ་རྒྱལ་ལགས་དང་། དམིགས་བསལ་སྐུ་མགྲོན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གཙོས་པའི་ཆེས་མཐོའི་མི་སྣ་བརྒྱ་ཙམ་གདན་ཞུ་གནང་འདུག་པ་དང། སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་ལ་དྭགས་མི་མང་ཡོངས་ཀྱི་འདོད་དོན་རྙིང་པ་ཞིག་ད་ཆ་དངོས་སུ་གྲུབ་པར་འཚམས་འདྲི་དང་རྟེན་འབྲེལ་མཚོན་ཆེད་དུ་མཇལ་དར་སྒྲོན་གནང་འདུག དེ་བཞིན་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་པི་རྣམ་རྒྱལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ལ་སྤྱི་ལས་ཁུངས་ནས་དགའ་བསུའི་འཚམས་འདྲི་དང་གསོལ་སྟོན་རྒྱས་པ་ཞིག་བཤམས་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འབྲེལ། ལ་དྭགས་མི་མང་ཡོངས་ནས་མི་ལོ་བཅུ་ཕྲག་བདུན་ལྷག་གི་རིང་འབད་པ་དུ་མའི་རྩོལ་བ་གནང་འབྲས་ད་རེ་དངོས་སུ་འཐོན་པ་བཞིན་ཉེ་བའོ་ལོ་ངོ་བཅུའི་ནང་བོད་ཀྱི་བདེན་མཐའ་སེལ་བར་ཡིད་ཆེས་གནང་བཞིན་ཡོད་སྐོར་དང་། བོད་མིའི་འཐབ་རྩོད་སླད་དུ་དུས་ནམ་ཡང་རོགས་འདེགས་ཞུ་རྒྱུའི་གྲ་སྒྲིག་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ South Asia, Bureau of Population, Refugees and Migration ཞེས་ཨ་རིའི་ལྷོ་ཨེ་ཤ་ཡའི་མི་འབོར་དང་སྐྱབས་བཅོལ་བ། གཞིས་སྤོ་བཅས་ཀྱི་ལས་ཁུངས་ཀྱི་ལས་འཆར་འགན་འཛིན་སྐུ་ཞབས་ Hefright Brook ལགས་དང་མཇལ་མོལ་གནང་འདུག སྐབས་དེར་བཀའ་བློན་མཆོག་ནས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་དཀའ་ངལ་རྣམས་ཞིབ་ཕྲ་སྙན་སེང་ཞུས་འདུག་པ་དང་། སྐུ་ཞབས་ Hefright Brook ལགས་ཀྱིས་བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མི་ཕྱིར་རྒྱ་ནག་ལ་རྩིས་སྤྲད་པའི་གནས་ཚུལ་རིགས་བྱུང་ཚེ་ཁོང་ལ་འབྲེལ་གནང་བ་ཡིན་ན། བལ་ཡུལ་གྱི་རྒྱལ་སར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་བརྒྱུད་གནས་ཚུལ་ཞིབ་གཅོད་གནང་ཆོག་གི་རེད་ཅེས་གསུངས་འདུག གཞན་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་གི་ལས་ཁུངས་སུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་འཕེལ་རྒྱས་རྟོག་ཞིབ་ཚན་པའི་ངེས་སྟོན་པ་ Jon Stivers ལགས་དང་ཐུག་འཕྲད་གནང་འདུག་པ་མ་ཟད་སྐུ་ཞབས་ Jim McGovern མཆོག་གིས་མི་འགྱངས་པར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཆེད་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་གནང་རྒྱུ་ཡིན་སྐོར་ཐོག་ལ་གྲོས་བསྡུར་གནང་འདུག

Ilham Tohti ལགས་  Václav Havel ཞེས་ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཞེས་མཁན་གྱི་འོས་མིར་འདེམས་ཐོན་བྱུང་འདུག

རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་རྒྱའི་བཙོན་ཁང་ནང་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་ནང་དུ་ཡུ་གུར་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ལ་གདོང་ལེན་གནང་བ་རྒྱུ་མཚན་གཙོ་བཟུང་གིས་ཁོང་ལ་ཡོ་རོབ་ནང་གི་སྙན་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཞེས་མཁན་མཐའ་མའི་མིང་གཞུང་ནང་འདེམས་སྒྲུག་གནང་འདུག སྐུ་ཞབས་ Ilham Tohti ལགས་ཀྱིས་ཕྱི་ལོ་ ༢༠༠༦ ལོར་ Uyghur Online ཞེས་པའི་དྲྭ་རྒྱ་གསར་བཟོ་གནང་སྟེ་ཡུ་གུར་མི་རིགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྩོམ་ཡིག་སོགས་སྤེལ་རྐྱེན་རྒྱ་གཞུང་གིས་རྒྱ་ནག་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བར་ཉེས་འཛུགས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ད་རེས་ཁོང་ལ་ཡོ་རོབ་ནང་ཆེས་སྙན་གྲགས་ཆེ་བའི་ Václav Havel Human Rights Prize ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཞེས་མིར་འོས་འདེམས་གནང་བ་དང་ཁོང་གི་ལྷན་དུ་ Tajikistan ནང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་ Buzurgmehr Yorov ལགས་དང་། ཡོ་རོབ་ལྷོ་ཤར་མངའ་ཁུལ་དུ་ཆགས་པའི་ Balkans ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཐོག་དང་བླངས་ཀྱི་ཕྱག་ལས་གནང་མཁན་ཚོགས་པ་བཅས་ཆགས་ཀྱི་ཡོད་པ་རེད། དེའི་བར་ན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་སྐུ་ཞབས་ Ilham Tohti ལགས་ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཞེས་མི་ཁོངས་ནས་ཕྱིར་འཐེན་གནང་དགོས་པ་བརྗོད་པ་དང་སྦྲགས། སྐུ་ཞབས་ཊོཧྚི་ལགས་ནི་གཞུང་མགོ་རྟིང་སློག་པའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་སྟབས་ད་རེས་གཟེངས་རྟགས་དེ་གནང་ཚེ་དེ་ནི་འཇིགས་སྐུལ་བར་རྒྱབ་སྐྱོར་ཡོད་པའི་རྣམ་པ་མངོན་སྐོར་སྐྱོན་བརྗོད་བྱས་འདུག འོན་ཀྱང་གཟེངས་རྟགས་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་ Council of Europe ཞེས་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཡོ་རོན་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Liliane Maury Pasquier ལགས་ཀྱིས་ཐེངས་འདིའི་འོས་མི་དེ་དག་གིས་དྲང་བདེན་དང་འཇིགས་པ་མེད་པའི་གཞི་རྩའི་རྨང་གཞི་ཆེད་དུ་ཞུམ་པ་མེད་པའི་སྙིང་སྟོབས་དང་བློས་བཏང་བཅས་མཚོན་གྱི་ཡོད་སྐོར་གསུངས་འདུག རིང་མིན་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་འདེམས་སྒྲུག་ཚོགས་ཆུང་ནས་ཐེངས་འདིའི་གཟེངས་རྟགས་བཞེས་མིའི་ཁོངས་ནས་སུ་ལ་གནང་མིན་ཐག་གཅོད་གནང་སྟེ་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ཚོུད་ ༡༢༌༣༠ ཐོག་ལ་དངོས་སུ་ཡོ་རོབ་ Strasbourg གྲོས་ཚོགས་ནང་གསལ་བསྒྲགས་བསྐྱང་གཏན་ཁེལ་འདུག རྩ་བའི་སྐུ་ཞབས་ Ilham Tohti ལགས་ལ་ད་རེས་ཡོ་རོབ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཟེངས་རྟགས་ཀྱི་འོས་མིར་འདེམས་ཐོན་མ་གནང་བའི་གོང་དུ་འདི་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ ༡༣ གྱིས་ཁོང་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མིར་མཚན་འདོན་གནང་ཡོད་པ་རེད། གཞི་རྩའི་རང་ལོ་ ༥༠ ལ་ཕེབས་པའི་སྐུ་ཞབས་ Ilham Tohti ལགས་ནི་རྒྱ་ནག་དབུས་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཞིག་དང། ཡུ་གུར་གྱི་དཔལ་འབྱོར་རིག་པའི་མཁས་པ། རྩོམ་པ་པོ། དེ་བཞིན་པེ་ཅིང་ནང་གི་ Minzu གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་གི་མཚན་གནས་ཡོད་པ་རེད། ཁོང་གིས་ཕྱི་ལོ་ ༢༠༠༦ ལོར་ Uyghur Online ཞེས་པའི་དྲྭ་རྒྱ་གསར་བཟོ་གནང་སྟེ་ཡུ་གུར་མི་རིགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྩོམ་ཡིག་སོགས་སྤེལ་བ་བརྒྱུད་རྒྱ་གཞུང་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་སྟབས། རྒྱ་གཞུང་གིས་ཁོང་གི་དྲྭ་རྒྱ་ལ་བཙན་དབང་གིས་སྒོ་བརྒྱབ་བཅུག་པ་མ་ཟད། ཁོང་གི་དྲྭ་རྒྱ་དེ་བརྒྱུད་ནས་ཕྱི་སྡོད་ཡུ་གུར་དྲག་སྤྱོད་པའི་ལྷན་དུ་རྒྱ་ནག་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བར་ཉེས་འཛུགས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

༸གོང་ས་མཆོག་མེང་ལོར་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཟླ་ ༨ ཚེས་ ༢༩ ཉིན་གྱི་སྔ་དྲོ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་པའི་ཕེབས་ལམ་དུ་ཁེལ་བའི་བྷེང་ལོར་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་གནམ་ཐང་དུ་ཚོུད་ ༢ ཙམ་རིང་༸སྐུ་ལྷོད་བཞུགས་མཛད་གྲུབ་རྗེས་ Bangalore ནས་སྤྱི་ལེ་ ༣༥༠ ཙམ་གྱི་སར་ཆགས་པའི་ Mangalore གྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་འདུག དེ་རིང་སྔ་དྲོ་བྷེང་ལོར་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་རྒྱ་གར་མངའ་སྡེ་གཞུང་གི་སྐུ་ཚབ་དང་སྐོར་སྲུང་སྤྱི་ཁྱབ་པ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག་པ་དང་། དེ་རིང་མེང་ལོར་གནམ་ཐང་དུའང་མེང་ལོར་རྫོང་དཔོན་མཆོག་དང་སྐོར་སྲུང་སྤྱི་ཁྱབ་པ་བཅས་ཕེབས་བསུར་ཆེད་བཅར་ཞུས་ཡོད་པ་རེད། དེ་ཡང་ All India Association of Catholic Schools ཞེས་རྒྱ་གར་རྒྱལ་ཡོངས་ཀྱི་ཡི་ཤུ་རྣམ་དག་ཚོགས་པའི་ཁྱབ་ཁོངས་ཀྱི་སློབ་གྲྭའི་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་དེ་རིང་སྔ་དྲོ་རྒྱལ་ས་ལྡི་ལི་ནས་བྷེང་ལོར་གྲོང་ཁྱེར་བརྒྱུད་ཆིབས་སྒྱུར་མཛད་དེ་དེ་རིང་ཉིན་གུང་ཙམ་ལ་མེང་ལོར་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་རྗེས་༸གོང་ས་མཆོག་གི་བཞུགས་གནས་ Taj Group ཡི་ Hotel Gateway གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་དང་འབྲེལ། ཕེབས་བསུར་བཅར་བའི་ཡི་ཤུ་རྣམ་དག་ཚོགས་པའི་ཁྱབ་ཁོངས་ཀྱི་སློབ་གྲྭའི་ལྷན་ཚོགས་ཀྱི་ཚོགས་ཆེན་གོ་སྒྲིག་པ་རྣམས་དང་མཇལ་འཕྲད་གནང་འདུག ༸གོང་ས་མཆོག་གིས་སྐབས་དེར་ཁོང་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གྲོང་ཁྱེར་དེའི་ནང་ཆིབས་བསྒྱུར་བསྐྱང་རྒྱུར་གསོལ་འདེབས་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་། ཐུགས་བསྐྱེད་དམ་བཅའ་གསུམ་ལས་དང་པོ་འགྲོ་བ་མིའི་རིན་ཐང་གོང་འཕེལ་མཛད་རྒྱུ་དེ་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་ཁུལ་དེར་ཕེབས་པ་ནི་ཐུགས་བསྐྱེད་དང་པོའི་ཆ་ཤས་ཤིག་ཡིན་པ་དང་། འཛམ་གླིང་ནང་གི་ཆོས་ལུགས་མི་འདྲ་བ་རྣམས་ཀྱི་ལྟ་གྲུབ་མི་འདྲ་བ་ཡོད་པར་ལྟོས་མེད་ཚང་མས་བྱམས་བརྩེའི་བརྡ་ལན་སྤེལ་གྱི་ཡོད་པ་བཞིན་དེ་ལྟ་བུའི་ཆོས་ལུག་མཐུན་སྒྲིལ་དང་ཆིག་སྒྲིག་གི་རྣམ་པ་མངོན་པའི་གནང་སྒོ་ཁག་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པར་ལམ་སྟོན་མཛད་འདུག ཐེངས་འདིའི་ཆིབས་བསྒྱུར་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Mangalore གྲོང་ཁྱེར་ནང་ཆིབས་བསྒྱུར་མཛད་པ་ཆེས་ཐོག་མ་ཡིན་ཞིང་། སང་ཕྱི་ཚེས་ ༣༠ ཉིན་༸གོང་ས་མཆོག་ནས་གྲོང་ཁྱེར་དེའི་ Kankanady ས་གནས་སུ་རྟེན་གཞི་བྱས་པའི་ Father Muller ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་ཡི་ཤུའི་རྣམ་དག་ཚོགས་པའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་ལྷན་ཚོགས་ཐེངས་ ༥༢ པའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེང་ལོར་དུ་༸ཞབས་སོར་བདེ་བར་འཁོད་རྗེས་སང་ཉིན་གྱི་མཛད་རིམ་ཁག་དབུ་འཛུགས་མ་གནང་གོང་དུ་ཁུལ་དེར་མཐོ་སློབ་ཏུ་སློབ་བཞིན་པའི་བོད་རིགས་སློབ་མ་དང་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་མཛད་རྒྱུ་ཡིན་པ་དང་། གནངས་ཕྱི་ཚེས་ ༣༡ སྔ་དྲོ་ཕྱིར་བྷེང་ལོར་བརྒྱུད་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་གཏན་ཁེལ་འདུག རྩ་བའི་རྒྱ་གར་རྒྱལ་ཡོངས་ཡི་ཤུའི་རྣམ་དག་ཚོགས་པའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་ལྷན་ཚོགས་འདི་ཐོག་མར་ཕྱི་ལོ་ ༡༩༥༣ ལོར་གསར་འཛུགས་གནང་ཞིང། ཕྱི་ལོ་ ༡༩༧༡ ལོར་གཞུང་འབྲེལ་དེབ་སྐྱེལ་གནང་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་དང་། ལྷན་ཚོགས་དེའི་འོག་རྒྱ་གར་ནང་གི་ཡི་ཤུ་རྣམ་དག་གི་སློབ་གྲྭ་ཁྱོན་སུམ་ཁྲི་ཙམ་ཡོད་པ་རེད། སང་ཟླ་ ༨ ཚེས་ ༣༠ ཉིན་དབུས་འཛུགས་ཀྱིས་ཟླ་ ༩ ཚེས་ ༡ བར་ Mangalore གྲོང་ཁྱེར་དུ་ཚོགས་རྒྱུའི་ལྷན་ཚོགས་ཐེངས་ ༥༢ པའི་ཐོག་ལྷན་ཚོགས་དེའི་ཁྱབ་ཁོངས་སློབ་ཁག་ ༢༠༠༠ ཙམ་གྱི་སློབ་སྤྱི་རྣམ་པ་ལྷན་འཛོམས་གནང་གི་ཡོད་པ་རེད།

བསོད་རྒྱལ་རིན་པོ་ཆེ་མཆོག་ཐེ་ལན་ཌི་དུ་སྙུང་གཞིའི་རྐྱེན་པས་དགོངས་པ་རྫོགས་པ།

རིག་པ་ཆོས་ཚོགས་གསར་འཛུགས་གནང་མཁན་བསོད་རྒྱལ་རིན་པོ་ཆེ་མཆོག་ཁ་སང་ཉིན་རྒྱབ་དགུང་ལོ་ ༧༢ ཐོག་ཐེ་ལན་ཌི་ཁུལ་དུ་སྙུང་གཞིའི་རྐྱེན་པས་དགོངས་པ་རྫོགས་འདུག རིན་པོ་ཆེ་དམ་པ་ཁོང་ནི་ཕྱི་ལོ་ ༡༩༤༧ ལོར་བོད་ཁམས་ཕྱོགས་ཀྱི་ཏྲེ་ཧོར་ལྭ་དཀར་ཞེས་པའི་ཁྱིམ་ཚང་དུ་འཁྲུངས་ཤིང་། བོད་ཕྱི་ནང་གཉིས་སུ་སྐྱེས་ཆེན་དམ་པ་མང་པོའི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་དུ་མ་ཞུ་མྱོང་ཡོད་པ་མ་ཟད། དེང་རབས་ཀྱི་ཤེས་ཡོན་དང་འབྲེལ་ནས་ཕྱི་རྒྱལ་གྱི་གཙུག་ལག་སློབ་ཁག་ཏུའང་སློབ་སྦྱོང་གནང་འདུག་པ་དང་། ཕྱི་ནང་གྱི་རྗེས་འཇུག་དུ་མ་ལ་ནང་ཆོས་ངོ་སྤྲོད་གནང་བ་སོགས་བསྟན་པ་སྤྱིའི་ཞབས་འདེགས་རིམ་པ་བསྒྲུབས་ཡོད་པ་རེད། རིན་པོ་ཆེ་དམ་པ་ཁོང་གིས་ཕྱི་གླིང་བ་ཚོ་ཕྱིའི་མཐུན་རྐྱེན་ལེགས་ཀྱང་ནང་སེམས་ཀྱི་དཀའ་ངལ་ཆེན་པོ་ཡོད་པ་གཟིགས་ཚུལ་བྱུང་ནས་དཀའ་ངལ་དེ་དག་སེལ་ཆེད་དུ་ཕྱི་ལོ་ ༡༩༩༢ ལོར་ཨིན་ཡིག་གི་ཐོག་ནས་ The Tibetan Book of Living and Dying ཞེས་པའི་བོད་ཀྱི་སྐྱེ་འཆིའི་སྐོར་གྱི་ཕྱག་དེབ་ཅིག་ལྗགས་རྩོམ་གནང་ཡོད་པ་དང་། ཕྱག་དེབ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་གཙོས་བླ་ཆེན་མང་པོའི་བཀའ་ཆོས་དང་བཀའ་སློབ། དེ་བཞིན་ཕྱི་ནང་གཉིས་ཀྱི་ལྟ་གྲུབ་ཀྱི་སྐོར་འཁོད་ཡོད་པ་མ་ཟད། དེབ་དེ་སྐད་རིགས་མི་འདྲ་བ་ ༣༥ ནང་ལ་ཕབ་སྒྱུར་ཞུས་ཡོད། རྒྱལ་ཁབ་མི་འདྲ་བ་ ༥༠ ལྷག་གི་ནང་དེབ་གྲངས་ས་ཡ་གསུམ་དང་། ལྷག་པར་དུ་རྒྱ་ནག་གི་ཁུལ་དུ་དེབ་གྲངས་ས་ཡ་བཞི་ཙམ་ཚོང་འགྲེམས་བྱས་པའི་ལོ་རྒྱུས་འདུག རིན་པོ་ཆེ་དམ་པ་ཁོང་གིས་རིག་པ་ཆོས་ཚོགས་ཞེས་ཕྱི་ལོ་ ༡༩༧༥ ཙམ་ལ་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་གསར་འཛུགས་གནང་ཡོད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་ ༣༠ ཙམ་གྱི་ནང་ཆོས་ཚོགས་གྲངས་ ༡༠༠ ལྷག་ཆེད་འཛུགས་གནང་ཡོད་པ་རེད། སྤྱིར་བསོད་རྒྱལ་རིན་པོ་ཆེ་མཆོག་དམ་པ་དེ་ཉིད་ནི་ནུབ་ཕྱོགས་སུ་བོད་ཀྱི་ནང་བསྟན་ཆོས་བརྒྱུད་དར་སྤེལ་གནང་མཁན་ཐོག་མའི་གྲས་ཤིག་ལ་ངོས་འཛིན་གྱིས་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུ་མཁན་མང་པོ་ཡོད་ཀྱང་། འདས་པའི་ལོ་ཤས་ནས་རིན་པོ་ཆེ་དེ་ཉིད་ཀྱི་སློབ་མ་མི་ཉུང་བ་ཞིག་གིས་ཁོང་ལ་ཚུལ་མིན་བྱ་སྤྱོད་ཀྱི་ཉེས་འཛུགས་བྱས་པའི་གནས་ཚུལ་ཁག་གཅིག་ཐོན་པ་མ་ཟད། སྔ་ལོར་ནང་ཆོས་ལ་དོན་གཉེར་གནང་མཁན་གྱི་ཕྱི་རྒྱལ་མི་སྣ་ཁག་གཅིག་གིས་༸གོང་ས་མཆོག་ལ་དེ་འབྲེལ་སྙན་གསེང་ཞུ་པའི་ཁྲོད་ཕྱི་རྒྱལ་གྱི་བརྒྱུད་ལམ་མང་དག་ཅིག་ཏུ་དེའི་སྐོར་གནས་ཚུལ་དུ་མ་ཐོན་ཡོད་པ་རེད།

ཚེས་བཅུ་སྒྲོལ་མ་ལགས་ལ་ཕྱི་ལོ་ ༢༠༡༩༌༢༠ ལོའི་སི་ཀོལ་སློབ་ཡོན་ཐོབ་འདུག

Mountain Resiliency ཞེས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཡར་ཐོན་ཚོང་ལས་གསར་འཛུགས་གནང་མཁན་ཨ་རིར་གནས་བཞུགས་ཚེས་བཅུ་སྒྲོལ་མ་ལགས་ལ་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ Skoll ཞེས་པའི་སློབ་ཡོན་ཐོབ་ནས་ཨ་རིའི་ Oxford གཙུག་ལག་སློབ་གཉེར་ཁང་དུ་ Master of Business Administration ཞེས་ལོ་གཅིག་གི་རིང་ཚོང་གཉེར་གི་འཛིན་སྐྱོང་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་རྒྱུ་རེད་འདུག Skoll Scholarship ཞེས་པའི་སློབ་ཡོན་དེ་ཕྱི་ལོ་ ༢༠༠༢ ལོར་ཐོག་མ་དབུ་འཛུགས་གནང་བ་བཞིན་ལོ་ལྟར་ས་གནས་དང་འཛམ་གླིང་ཁྱོན་ཡོངས་ལ་གང་ཟག་སྒེར་གྱིས་གསར་གཏོད་ཀྱི་ལམ་ནས་སྤྱི་ཚོགས་ཡོངས་ལ་སྨན་པའི་ཡར་ཐོན་ཚོང་ལས་རིགས་གཉེར་ཞིང་སྤྱི་ཚོགས་ནང་དེ་འབྲེལ་ཉེ་བར་མཁོ་བའི་ཐབས་བྱུས་དང་ཁོར་ཡུག་གི་གནས་སྟངས་བཅས་ལ་དགོས་ངེས་ཀྱི་གདོང་ལེན་གནང་མཁན་རྣམས་ལ་གཟེངས་རྟགས་ཀྱི་ཚུལ་དུ་སློབ་ཡོན་གནང་གི་ཡོད་པ་རེད། འོན་ཀྱང་སློབ་ཡོན་དེའི་དགོས་དམིགས་གཙོ་བོ་ནི་ཡར་ཐོན་ཚོང་ལས་རིགས་གསར་འཛུགས་དང་ཚོང་ལས་གཉེར་མཁན་ཚོར་ཚོང་གཉེར་གྱི་འཛིན་སྐྱོང་སློབ་ཡོན་ཕུལ་བ་ཙམ་མིན་པར་སློབ་ཡོན་དེ་བརྒྱུད་སླད་མར་གོ་ལའི་ཁྱོན་ཡོངས་ནས་སྤྱི་ཚོགས་ཡར་རྒྱས་ལ་ཕན་པའི་མགོ་ཁྲིད་ཅིག་བསྐྲུན་ཆེད་ཡིན་པ་མ་ཟད། ལྷག་པར་དུ་འཛམ་གླིང་ནང་ཆེས་སྙན་གྲགས་ཡོད་པའི་ཡར་ཐོན་ཚོང་གཉེར་བ་ཁག་དང་ཐུག་འཕྲད་གནང་རྒྱུ་དང་དེ་བཞིན་མགོ་ཁྲིད་དང་མ་འཛུགས་བྱེད་མཁན་ཚོ་དང་བསམ་བློ་བརྗེ་རེས་གནང་རྒྱུ་སོགས་ཀྱི་གོ་སྐབས་བསྐྲུན་གྱི་ཡོད་པ་ལྟར། འཛམ་གླིང་གི་རྒྱལ་ཁབ་ Australia དང་།  Bangladesh དེ་བཞིན་ Costa Rica དང་། Kenya ཨ་རི་བཅས་ནང་སྤྱི་ཚོགས་ལ་ཕན་པའི་ཡར་ཐོན་ཚོང་གཉེར་བ་སྟོང་ཕྲག་ལྷག་གིས་སློབ་ཡོན་དེ་འཐོབ་ཐབས་སུ་ཞུ་སྙན་ཕུལ་བའི་ཁྲོད་ནས་སློབ་ཡོན་ཐེངས་ ༡༦ པ་འམ་ཕྱི་ལོ་ ༢༠༡༩༌༌༢༠ ལོའི་སློབ་ཡོན་བཞེས་མཁན་མི་ཡར་ཐོན་ཚེང་གཉེར་བ་མི་ལྔ་འདེམས་སྒྲུག་གནང་བའི་ཁོངས་སུ་བོད་མི་ཆེས་ཐོག་མ་ཚུད་མཁན་ཨ་རིར་གནས་བཞུགས་ཚེས་བཅུ་སྒྲོལ་མ་ལགས་ཆགས་ཀྱི་འདུག འདི་ག་རླུང་འཕྲིན་ཁང་གིས་བལ་ཡུལ་ནང་དུ་ Mountain Resiliency ཞེས་ཁོར་ཡུལ་སྲུང་སྐྱོབ་དང་འབྲེལ་བའི་སྤྱི་ཚོགས་ཡར་རྒྱས་ཚོང་ལས་གཉེར་མཁན་ཚེས་བཅུ་སྒྲོལ་མ་ལགས་སུ་ད་རེས་ཁོང་ལ་ Skoll སློབ་ཡོན་དེ་ཐོབ་དོན་གང་ཡིན་སོགས་ཀྱི་ཐོག་ལ་བཅར་འདྲི་ཁག་ཞུས་པར་ཁོང་གིས་སློབ་ཡོན་འདི་ཐོབ་ཚུལ་ངོ་སྤྲོད་གནང་བ་སྦྲགས། མ་འོངས་པར་རྒྱལ་སྤྱིའི་ཚོང་གཉེར་རིག་པའི་ཐོག་ལ་སློབ་གཉེར་གནང་རྒྱུ་དང་མུ་མཐུད་སྤྱི་ཚོགས་ལ་ཕན་པའི་ཡར་ཐོན་ཚོང་ལས་ཐད་ལ་ཕྱག་ལས་གནང་འདོད་ཡོད་པ་གསུངས་སོང་། རྩ་བའི་ Skoll སློབ་ཡོན་དེ་ནི་འཛམ་གླིང་ཁྲོད་དུ་གང་ཟག་གང་ཞིག་ཡར་ཐོན་ཚོང་གཉེར་གནང་མཁན་ཚོར་འགྲན་ཞུགས་ཀྱི་ལམ་ནས་ Oxford གཙུག་ལག་སློབ་གཉེར་ཁང་དུ་ཚོང་གཉེར་གྱི་འཛིན་སྐྱོང་ཐོག་སློབ་སྦྱོང་བྱ་ཆེད་སྤྱི་ཚོགས་ལ་སྨན་པའི་ཉེར་བར་མཁོ་བའི་ཚོང་གཉེར་གྱི་ཐབས་བྱུས་དང་ཁོར་ཡུག་བཅས་ལ་གདོང་ལེན་གནང་མཁན་ཚོར་སློབ་ཡོན་ཆ་ཚང་གནང་བ་མ་ཟད། དེ་བཞིན་རང་ཉིད་ལ་དགོས་ངེས་ཀྱི་ལག་དངུལ་ཨིན་སྒོར་ ༡༤༠༠༠ ལྷག་གནང་གི་ཡོད་པ་རེད། གཞི་རྩའི་ཨ་རིར་བཞུགས་པའི་ཚེས་བཅུ་སྒྲོལ་མ་ལགས་ཀྱིས་བལ་ཡུལ་དུ་ Mountain Resiliency ཞེས་ཁོར་ཡུལ་སྲུང་སྐྱོབ་དང་འབྲེལ་བའི་ཡར་ཐོན་ཚོང་ལས་གསར་འཛུགས་གནང་ཞིང་། རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་ Forbes དུས་དེབ་ཐོག་ཨ་རིའི་ནང་ལོ་ངོ་སུམ་ཅུ་མན་གྱི་ན་གཞོན་ཁྲོད་ནས་རང་ཉིད་ཀྱིས་གསར་གཏོད་ལམ་ནས་ཡར་ཐོན་ཚོང་ལས་རིགས་གསར་འཛུགས་གནང་སྟེ་སྤྱི་ཚོགས་ལ་ཕན་པའི་ལས་དོན་གཉེར་བཞིན་པའི་མི་སྣ་ ༦༠༠ དང་། དེ་དག་ལས་མ་འོངས་པར་ལས་གཞི་དེའི་བརྒྱུད་སྤྱི་ཚོགས་ཁྱོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པ་འདུག་སྙམ་པའི་ཆེས་དྲག་གྲས་ན་གཞོན་སུམ་ཅུའི་ཁོངས་སུ་ཚུད་ཐུབ་ཡོད་པ་མ་ཟད། སྔ་ལོའི་ནང་ Asia 21 Young Leaders Class of 2018 ཞེས་ཕྱི་ལོ་ ༢༠༡༨ ལོའི་ཨེ་ཤ་ཡའི་ཕུལ་བྱུང་ན་གཞོན་མགོ་ཁྲིད་ཁོངས་སུ་ན་གཞོན་གཟེངས་ཐོན་ ༣༡ འདེབས་སྒྲུག་གནང་བའི་ནང་ཚེས་བཅུ་སྒྲོལ་མ་ལགས་ཀྱང་འདེམས་སྒྲུག་གནང་ཡོད་པ་རེད།

ཧོང་ཀོང་ནང་གི་ངོ་རྒོལ་བ་རྩིས་སྤྲོད་བྱས་ཚེ་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་དྲྭ་རྒྱ་དབུ་འབྱེད།

དེ་རིང་ཧོང་ཀོང་གི་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བར་ཀོང་ཧོང་གི་སྲིད་གཞུང་ལ་ངོ་ལོག་རྒྱག་མཁན་ཀྱི་གཏེ་བོ་དག་རྩིས་སྤྲོད་བྱེད་མཁན་རྣམས་ལ་དངུལ་གྱི་བྱ་དགའ་སྟེར་རྒྱའི་དྲྭ་རྒྱ་གསར་པ་ཞིག་དབུ་འབྱེད་བྱས་ཏེ་རྩིས་སྤྲོད་བྱེད་མཁན་གྱི་མི་རྣམས་གསང་བ་བྱེད་རྒྱུ་ཡིན་པར་བསྒྲགས་འདུག དྲྭ་རྒྱ་དེར་འཁོད་པ་ལྟར་ན་ངོ་རྒོལ་བ་རྩིས་སྤྲོད་ཀྱི་དྲྭ་རྒྱ་དེ་ནི་ཕྱི་ཟླ་ ༨ ཚེས་ ༣ ཉིན་གྱི་ངོ་ལོག་གི་ལས་འགུལ་དང་འབྲེལ་ནས་བཟོས་པ་ཞིག་ཡིན་པར་ཁྱབ་བསྒྲགས་ཀྱིས་ངོ་རྒོལ་བ་རྩིས་སྤྲོད་ཀྱི་བྱ་དགའི་མ་དངུལ་ཧོང་ཀོང་གི་ཌོ་ལོར་ཉིས་འབུམ་ནས་ས་ཡ་གཅིག་གི་བར་རིམ་དབྱེ་ཐོག་ནས་སྟེར་རྒྱུ་ཡིན་པ་བཀོད་འདུག བྱ་དགའི་མ་དངུལ་མཐོ་ཤོས་ནི་ཧོང་ཀོང་གི་མཚོ་གྲུ་འབབ་ཚུགས་སུ་རྒྱ་ནག་གི་རྒྱལ་དར་མར་ཕབས་ཏེ་ཆུ་ལ་གཡུག་མཁན་རྩིས་སྤྲོད་བྱེད་རྒྱུ་ནི་དམིགས་འབེན་གཙོ་བོ་ཡིན་པ་རེད་འདུག ངོ་རྒོལ་བ་འཚོལ་བྱེད་དྲྭ་རྒྱ་དེར་ཞིབ་འཇུག་བྱས་པའི་ཁྲོད་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་  Leung Chun-ying  ཧོང་ཀོང་གི་སྤྱི་ཁྱབ་ཟུར་པའི་མིང་ཐོག་ནས་དྲྭ་རྒྱ་དེབ་སྐྱེལ་བྱས་ཡོད་པ་ལྟར་སྤྱི་ཁྱབ་ཟུར་པས་སྒེར་གྱི་ངོ་དེབ་ཐོག་གནས་ཚུལ་དེ་ཁྱབ་བསྒྲགས་ཀྱི་འདྲ་པར་འགའ་བཀོད་ཡོད་པར་འཁོད་འདུག དྲྭ་རྒྱ་དེར་ང་ཚོ་སྤྱི་ཚོགས་ཀྱི་གྲུ་ཟུར་མང་པོ་ནས་ཡོང་བ་ཡིན། ང་ཚོའི་རེ་བར་ཧོང་ཀོང་གང་མགྱོགས་སྔར་ལྟར་ཞི་འཇགས་ཡོང་བའི་རེ་བ་ཡོད་པ་བསྒྲགས་ཏེ་ངོ་རྒོལ་བ་རྩིས་སྤྲོད་ཀྱི་མ་དངུལ་དེ་ནི་མི་མང་གི་ལག་ནས་ཡོང་བ་ཞིག་ཡིན་པ་དང་། མ་འོངས་པར་ད་དུང་མ་དངུལ་བསྡུ་འཆར་ཡོད་པ་འཁོད་འདུག གཞན་ཡང་མི་མང་ལ་བརྒྱུད་སྐུལ་གྱིས་འདས་པའི་དོན་རྐྱེན་སུམ་བཅུ་སྟེ། རྒྱ་ནག་གི་ལས་ཁུངས་མདུན་གྱི་རྒྱལ་རྟགས་ལ་སྣག་ཚ་བྱུག་མཁན། དེ་བཞིན་གྲོས་ཚོགས་ཀྱི་མདུན་གྱི་རྒྱལ་རྟགས་ལ་ཚོན་རྩི་བྱུག་མཁན་སུ་ཡིན་མིན། གཞན་ཡང་གནམ་ཐང་དང་ཡུལ་གཞན་དུ་དྲག་སྤྱོད་སྤེལ་མཁན་སོགས་རྩིས་སྤྲོད་བྱེད་རྒྱུའི་རེ་སྐུལ་བྱས་ཡོད་པ་མ་ཟད་ཕྱི་ཟླ་ ༧ ཚེས་༢༡ དང་ཟླ་ ༨ ཚེས་ ༡༡ སོགས་ཀྱི་དྲག་སྤྱོད་པ་རྣམས་ཀྱང་རྩིས་སྤྲོད་བྱེད་དགོས་པར་འཁོད་འདུག ཧོང་ཀོང་གི་ཉེན་རྟོག་ཁང་གིས་བརྗོད་པར་གཞིགས་ཚེ་ཟླ་དྲུག་པ་ནས་བཟུང་ཉེན་རྟོག་པས་ངོ་རྒོལ་བ་ ༨༨༣ འཛིན་བཟུང་བྱས་ཡོད་པ་དང་དེ་དག་ལས་ངོ་རྒོལ་བ་ ༡༣༦ ལ་ཁྲིམས་ཐག་བཅད་ཡོད་པ་བརྗོད་ཡོད་པ་མ་ཟད་དམག་མི་དང་མི་མང་གི་གདོང་ཐུག་གི་ཁྲོད་དུ་ཉེན་རྟོག་པ་ ༢༠༥ ལ་རྨས་སྐྱོན་ཕོགས་ཡོད་སྐོར་བཀོད་ཡོད་པ་རེད། ཧོང་ཀོང་གི་རང་དབང་གསར་ཁང་གིས་རྒྱ་ནག་དང་ཧོང་ཀོང་དབར་གྱི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཡོངས་སུ་ཕྱིར་བསྡུ་མ་བྱས་བར་དུ་མི་མང་གིས་རྒོལ་ལན་སློག་བཞིན་ཡོད་པ་གསལ་བཤད་གནང་འདུག ཧོང་ཀོང་གི་རང་དབང་གསར་ཁང་གིས་ངོ་རྒོལ་བ་རྩིས་སྤྲོད་ཀྱི་དྲྭ་རྒྱའི་ཐོག་གི་ཁ་པར་ཨང་གྲངས་ལ་འབྲེལ་བ་བྱེད་སྐབས་དྲྭ་རྒྱའི་ངོས་ནས་རང་འགུལ་གྱིས་མི་སྒེར་གྱི་ས་གནས་དང་འབྲེལ་བྱང་སོགས་སྐུར་རྒྱུའི་རེ་འདུན་འདོན་བཞིན་ཡོད་སྐོར་འཁོད་འདུག

Latest news