Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ན་གཞོན་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ཐེངས་དང་པོ་དབུ་འཛུགས།

དེ་རིང་ཟླ་ ༩ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་དྷ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་མདུན་ལམ་སློབ་སྟོན་ཁང་གིས་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་ཐུབ་བསྟན་རིག་འཛིན་ལགས། དེ་བཞིན་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་དབུས་པའི་ལས་བྱེད་དང་མཉམ་ཞུགས་བ་བཅས་ལྷན་འཛོམས་ཐོག་ན་གཞོན་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ཐེངས་དང་པོ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཟབ་སྦྱོང་ཐོག་བཞུགས་སྒར་གཙོ་གྱུར་བོད་མི་གནས་ཡུལ་ས་གནས་འདྲ་མིན་ནས་བོད་པའི་གཞོན་སྐྱེས་ ༢༠ ཙམ་ནས་མཉམ་ཞུགས་གནང་འདུག གཞོན་སྐྱེས་དེ་དག་གིས་ཐེངས་འདིའི་ཟབ་སྦྱོང་བརྒྱུད་མ་འོངས་པའི་མི་ཚེ་ནང་རང་ཉིད་ནས་སློབ་སྦྱོང་གནང་བའི་རྒྱབ་ལྗོངས་དང་དོ་དབྱིངས་ཡོད་པའི་ལས་གནས་ཡོད་རིགས་ཐོག་མདུན་སྐྱོད་གནང་ཐུབ་པའི་ཐུགས་རེ་གནང་གི་འདུག ན་གཞོན་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དབུ་འབྱེད་སྐབས་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་དེང་གི་འཛམ་གླིང་ཐོག་རང་ཉིད་ནས་སློབ་སྦྱོང་དང་ཕྱག་ལས་སོགས་གང་གནང་ཡང་གནང་ཐུབ་ངེས་ཡིན་པ་དང་། ལྷག་པར་དུ་མི་ཚེ་ནང་ཕྱག་ལས་གནང་སྐབས་ངེས་པར་དུ་ཤེས་ཡོན་གྱི་གནས་ཚད་ངེས་ཅན་ཞིག་དགོས་པ་མ་ཟད་སོ་སོའི་དགའ་མོས་ཡོད་པའི་ལས་རིགས་གང་ཡིན་པ་དེར་སེམས་ཞུམ་པ་མེད་པའི་ཐོག་ནས་གནང་དགོས་གནད་ཡིན་པ་ལམ་སྟོན་གནང་ཡོད། གཞི་རྩའི་ཐེངས་འདིའི་ཟབ་སྦྱོང་འདི་འདས་པའི་ལོ་དུས་ནང་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་མདུན་ལམ་སློབ་སྟོན་པ་དང་ལས་བྱེད་རྣམ་པ་བོད་པའི་གཞིས་ཆགས་ཁག་ཏུ་མདུན་ལམ་སློབ་སྟོན་དང་འབྲེལ་བའི་སྐོར་སྐྱོད་གནང་སྐབས་ས་གནས་སུ་དེ་མུར་བཞུགས་བཞིན་པའི་བོད་པའི་གཞོན་སྐྱེས་རྣམས་ནས་ན་གཞོན་ནུས་སྟོབས་དང་འབྲེལ་བའི་ཟབ་སྦྱོང་ཞིག་དགོས་གལ་གྱི་དགོངས་འཆར་མི་ཉུང་བ་ཕུལ་དོན་ལྟར་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། མི་ཚེ་ནང་འཆར་གཞི་བཀོད་སྒྲིག་གནང་སྟངས་སོགས་ཀྱི་ཐོག་སློབ་སྟོན་གནང་མཁན་རྒྱ་གར་གྱི་གྲོང་ཁྱེར་ Banglore ནས་གདན་ཞུ་གནང་བ་སྐུ་ཞབས་ Nalin Singh ལགས་དང་སྐུ་ཞབས་ Sunil Girdhar ལགས་གཉིས་ནས་གཞོན་སྐྱེས་ཚོ་རང་ཉིད་ཀྱི་རྩལ་གང་ཡོད་པ་ཤེས་ཐབས་དང་། ལས་དོན་ཁྲོད་འཆར་གཞི་བཀོད་སྟངས་སོགས་སློབ་སྟོན་གནང་རྒྱུ་མ་ཟད། གཞོན་སྐྱེས་ཕན་ཚུན་དབར་གླེང་མོལ་བརྒྱུད་ཉམས་མྱོང་བརྗེ་རེས། དེ་བཞིན་ཉིན་ལྟར་གཞོན་སྐྱེས་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་རིམ་འདུག

བདེ་སྐྱིད་སླར་གསོ་བོད་མིའི་སོ་ནམ་གཞི་རིམ་མཉམ་འབྲེལ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་སྲུང་བརྩི། 

དེ་རིང་ཟླ་ ༩ ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་དང་མཉམ་འབྲེལ་གཉིས་གསར་འཛུགས་གནང་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་དང་བསྟུན་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ་ཐུན་མོང་གིས་མཛད་སྒོ་དང་རྩེད་འགྲན། དེ་བཞིན་གཞས་སྣ་འཁྲབ་སྟོན་སོགས་གནང་སྟེ་ཉིན་མོ་དེ་སྲུང་བརྩི་ཞུས་འདུག ས་གནས་སྤྱི་ཁང་དུ་ཚོགས་པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀར་ན་ཊ་ཀའི་མངའ་སྡེ་བློན་ཆེན་ཟུར་པ་དམ་པ་སྐུ་ཞབས་ S. Nijalingappa མཆོག་གི་བུ་ SN Kiran Shankar མཆོག་གིས་གཙོས་པའི་ MYARADA ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ། ས་གནས་འགོ་འཛིན། དགོན་སྡེ་ཁག་གི་མཁན་པོ། མཉམ་འབྲེལ་གྱི་ཚོགས་མི། མི་མང་བཅས་ལྷན་འཛོམས་ཐོག་སྐུ་ཞབས་ SN Kiran Shankar མཆོག་གིས་དགའ་བསུའི་འཚམས་འདྲི་གནང་བ་དང་སྦྲགས། རང་ཉིད་ཀྱི་ཕ་དམ་པར་མཚོན་ན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཧ་ཅང་གི་ཐུགས་འདྲིས་ཆེན་པོ་ཡོད་པའི་རྒྱུས་མངའ་ཡོད་སྐོར་དང་ཆབས་ཅིག ཁོང་བོད་མིར་ཧ་ཅང་ཤ་ཚ་ཡོད་མཁན་ཡིན་པས་ད་རེས་བོད་མི་རྣམས་མཇལ་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བོད་ལ་དུས་གྱུར་བྱུང་ནས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས་བོད་མིའི་འཚོ་རྟེན་སྲ་བརྟན་ཡོང་སླད་མཉམ་འབྲེལ་ཆེད་འཛུགས་གནང་ཞིང་། བདེ་སྐྱིད་སླར་གསོ་གཞིས་ཆགས་དང་མཉམ་འབྲེལ་གཉིས་ཕྱི་ལོ་ ༡༩༦༩ ལོར་གསར་འཛུགས་གནང་ཡོད་པ་རེད།  མང་ཚོགས་ཀྱི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་པ་དང་ཕྱོགས་མཚུངས་སུ་མཉམ་འབྲེལ་གྱི་ཁོངས་ཞིང་ལས་སྡེ་ཚན་དང་རུམ་བཟོ་སྡེ་ཚན། སློབ་གྲྭའི་སློབ་ཕྲུག་སྐྱེལ་འདྲེན་གྱི་སྣུམ་འཁོར་མཐུན་འགྱུར། འཐུང་ཆུ་མདུན་སྐྱེལ་སོགས་ཀྱི་ལས་གཞི་གཉེར་གྱི་ཡོད་པ་རེད།

ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་ Chandrayaan གཉིས་པའི་ཆེད་མཆོད་འབུལ།

ISRO ཞེས་རྒྱ་གར་གྱི་བར་སྣང་ཉམས་ཞིབ་ལྷན་ཁང་ནས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་ Chandrayaan གཉིས་པ་ཞེས་པ་ཞིག་མཁའ་དབྱིངས་སུ་ཆེད་གཏོང་གིས་དེ་རིང་ཚེས་ ༧ གྱི་ནམ་ཕྱེད་ཡོལ་ཙམ་ལ་ཟླ་བའི་ཐོག་ཏུ་འབབ་ཐབས་གནང་བའི་ཁྲོད། ཁ་སང་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པའི་དགེ་འདུན་འདུས་མང་ཡོངས་ནས་འཕུར་མདའ་དེ་ཟླ་བའི་ཐོག་ཏུ་ལམ་ལྷོངས་ངང་འབབ་ཐུབ་པའི་ཆེད་དུ་གསོལ་ཁ་དང་བར་བསམ་སྒྲོལ་གསུམ་གསུང་འདོན་གྱིས་མཆོད་འབུལ་སྨོན་ལམ་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་དགོན་པའི་དྲུང་ཆེ་སྤྱི་ཟུར་བླ་མ་བསྟན་སྐྱབས་ལགས་སུ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་དེ་སྔ་ཨ་རི་དང་ཨུ་རུ་སུ། རྒྱ་ནག་བཅས་རྒྱལ་ཁབ་གསུམ་གྱིས་ཟླ་བའི་ཐོག་ཏུ་འགྲུལ་འཁོར་གྱི་འཕུར་མདའ་བཏང་ཡོད་པ་ལྟར། ད་རེས་རྒྱ་གར་གྱིས་ཟླ་བའི་ཐོག་ཏུ་ Chandrayaan གཉིས་པ་ཆེད་གཏོང་གནང་བ་དེ་ལམ་ལྷོངས་ངང་འབབ་ཐུབ་པའི་ཆེད་དང་། ལྷག་པར་རྒྱ་གར་གི་གཞུང་མང་གཉིས་ནི་ང་ཚོ་བཙན་བྱོལ་བོད་མི་རྣམས་ལ་བཀྲིན་ཆེན་པོ་ཆགས་ཡོད་སྟབས་གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གྱི་ཐུགས་རེ་ལེགས་གྲུབ་ཡོང་བར་གསོལ་ཁ་དང་བར་བསམ་སྒྲོལ་གསུམ་གསུང་འདོན་གྱིས་ཐུགས་སྨོན་སྐྱབས་འཇུག་གི་མཆོད་འབུལ་གནང་ཡོད་པ་གསུངས་སོང་། གཞི་རྩའི་རྒྱ་གར་གིས་ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་ Chandrayaan གཉིས་པ་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་དངོས་སུ་ཟླ་བའི་གྲོང་ཁྱེར་ཕྱོགས་སུ་བཏང་ཡོད་པ་དང་། མཁའ་དབྱིངས་ལ་ཟླ་བ་གཉིས་ཀྱི་རིང་འགྲུལ་བསྐྱོད་གནང་རྗེས་འཕུར་མདའ་དེའི་ནང་གི་འཕྲུལ་འཁོར་ Vikram ཞེས་པ་དེ་དེ་རིང་རེས་གཟའ་སྤེན་པའི་ནམ་ཕྱེད་ཡོལ་ཚོུད་ ༡༌༣༠ ནས་ ༢༌༣༠ བར་ཟླ་བའི་ཉེ་འགྲམ་སྤྱི་ལེ་ ༢༌༡ ཙམ་ལ་འབྱོར་སྐབས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་རྟེན་གཞི་བྱས་པའི་རྒྱ་གར་གྱི་བར་སྣང་ཉམས་ཞིབ་ལྷན་ཁང་དང་གློུ་བུར་དུ་འབྲེལ་མཐུད་ཆད་ཡོད་པ་རེད། ཐེངས་འདིའི་རྒྱ་གར་གྱི་ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་དེ་ལམ་ལྷོངས་ཐོག་ནས་ཟླ་བའི་ཐོག་ཏུ་འབབ་ཐུབ་ཚེ་རྒྱ་གར་རྒྱལ་ཁབ་འདི་འཛམ་གླིང་ཐོག་ཟླ་བའི་གྲོང་ཁྱེར་དུ་འཕུར་མདའ་འབབ་མཁན་རྒྱལ་ཁབ་ཨང་བཞི་པ་དེ་ཆགས་ཀྱི་ཡོད་པ་དང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ད་རེས་ཀྱི་ལས་གཞི་བརྒྱུད་འཕུར་མདའ་དེས་ཟླ་བའི་ལྷོ་སྣེ་ཕྱོགས་སུ་ཆུ་དང་གཏེར་རྫས་སོགས་ལ་ཞིབ་འཇུག་གནང་ཐུབ་རྒྱུ་ཡིན་པ་རེད། རྒྱ་གར་གྱི་སྲིད་བློན་ན་རེཾདྲ་མོ་དཱི་མཆོག་གིས་ Chandrayaan ཐེངས་གཉིས་པ་དེ་ཆེད་གཏོང་གནང་ནས་ཟླ་བའི་ཉེ་འགྲམ་དུ་བཏང་ཐུབ་པ་ཙམ་ནི་དགའ་སྤོབས་བྱ་འོས་ཤིག་དང་ད་རེས་འཕུར་མདའ་དེ་ལམ་ལྷོངས་ངང་ནས་ཟླ་བའི་ཐོག་ཏུ་འབབ་ཐུབ་མེད་ཀྱང་སླད་མར་གོ་སྐབས་ཡོད་སྐོར་གསུངས་འདུག དེ་རིང་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་ཀྱི་དྲྭ་རྒྱ་སོགས་ཀྱི་ཐོག་ཏུ་རྒྱ་གར་གྱི་དཔོན་རིགས་འདྲ་མིན་དང་མང་ཚོགས་རྣམས་ནས་ཀྱང་རྒྱ་གར་གཞུང་དང་ལྷག་པར་དུ་བར་སྣང་ཉམས་ཞིབ་ལྷན་ཁང་ལ་འཚམས་འདྲི་དང་འབྲེལ། འཕུར་མདའི་འཕྲུལ་འཁོར་ Vikram ཟླ་བའི་ཐོག་ཏུ་ལམ་ལྷོངས་ངང་འབབ་ཐུབ་མེད་ཀྱང། འཕུར་མདའ་དེ་ཟླ་བའི་རྒྱུ་སྐར་དུ་མུ་མཐུད་གནས་ཡོོོད་པ་དང། རྒྱ་གར་གྱི་བར་སྣང་ཉམས་ཞིབ་ལྷན་ཁང་ནས་ད་ལྟའི་འཆར་འཕུར་མདའི་འཕྲུལ་འཁོར་དེ་ཟླ་བའི་ཐོག་ཏུ་འབབ་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ཐད་ལ་ཞིབ་འཇུག་གནང་མུས་ཡིན་པ་རེད།

སྣང་སྲིད་ཐམས་ཅད་གཉེན་དུ་འཆར་ཐུབ་པ་བྱེད་དགོས་ཞེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་རང་ཉིད་ལ་གདོན་བགེགས་བྱེད་མཁན་ཡོད་པར་སྣང་བ་དེ་ནི་གཙོ་བོ་རང་གཅེས་འཛིན་དབང་གིས་ཡོང་གི་ཡོད་སྟབས་རང་ཉིད་ཀྱིས་སྣང་སྲིད་ཐམས་ཅད་གཉེན་དུ་འཆར་ཐུབ་པ་བྱེད་དགོས་ཞེས་བཀའ་བསྩལ་བ་དང་སྦྲགས། ཨེ་ཤ་ཡའི་དད་ལྡན་ཚོར་ཉིན་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ་མཛད་སོང་། ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༤ ནས་དེ་རིང་བར་ཉིན་གསུམ་གྱི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་ཆོས་ཞུ་བ་ ༦༨༠༠ བརྒལ་བར་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་བཀའ་ཆོས་བཀྲིན་བསྩལ་བ་མ་ཟད། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་། དེ་རྗེས་༸རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་བ་དང་འབྲེལ་ཏེ་བྱང་ཆུབ་སེམས་བསྐྱེད་བཅས་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་བའི་ཁྲོད་ཆོས་ཞུ་བ་ཚོར་སློབ་མའི་ངོས་ནས་དགེ་བའི་བཤེས་གཉེན་དུ་བསྟན་པའི་བླ་མ་དེ་རང་རྒྱུད་འདུལ་བ་དང་ཞི་བ། ཡོན་ཏན་ལྷག་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་བསྟན་དགོས་གལ་ཡིན་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག་ཏུ་༸སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་མཆོག་ནི་ཡོངས་འཛིན་རྣམ་གཉིས་ཀྱི་རྩ་བའི་བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་རེད། འོན་ཀྱང་རིན་པོ་ཆེས་སྨོན་ལམ་ལོག་པའི་དམ་སྲིར་གྱུར་པ་དོལ་རྒྱལ་དང་འབྲེལ་བའི་དར་སྤེལ་ཞེ་དྲག་གནང་ཡོད་སྐོར་བཀའ་བསྩལ་ཏེ་གང་ཟག་ལ་དག་སྣང་སྦྱོང་བ་དང་ཆོས་ལ་དཔྱད་དགོས་གལ་ཡིན་པ་སོགས་ལམ་སྟོན་མཛད་སོང་། དེ་བཞིན་༸གོང་ས་མཆོག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཚུལ་བཞིན་སློབ་པར་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚོས་མཛད་པ་ལྟར་ངས་ཀྱང་དེ་ལྟར་གང་ལྕོགས་བྱེད་བསམ་པའི་འདུན་པ་དགོས་སྐོར་ལམ་སྟོན་བསྩལ་སོང་། ༸གོང་ས་མཆོག་གིས་དེ་རིང་གི་ཆོས་འབྲེལ་ཡོངས་རྫོངས་ལེགས་པར་གྲུབ་པ་མཛད་དེ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་བསྐྱེད་ཀྱི་ཕན་ཡོན་ངོ་སྤྲོད་བསྩལ་སྐབས་བྱང་ཆུབ་སེམས་བསྐྱེད་ཀྱི་ཕན་ཡོན་དང་བྱང་ཆུབ་སེམས་ལ་བསམ་བློ་གཏང་ཚེ་རང་ཉིད་ལ་གདོན་བགེགས་བྱེད་མཁན་ཡོད་པར་སྣང་བ་དེ་ནི་གཙོ་བོ་རང་གཅེས་འཛིན་དབང་གིས་ཡོང་གི་ཡོད་སྟབས་རང་ཉིད་ཀྱིས་སྣང་སྲིད་ཐམས་ཅད་མགྲོན་གཉེན་དུ་འཆར་ཐུབ་པ་བྱེད་དགོས་ཞེས་དང་བྱང་ཆུབ་སེམས་ཀྱིས་སྔར་བསགས་ཀྱི་སྡིག་པ་བྱང་ཞིང་བསོད་ནམས་ཀྱི་ཚོགས་དཔག་མེད་བསགས་པའི་དགེ་མཚན་ལྡན་ཡོད་པ་ལམ་སྟོན་མཛད་ཡོད། དེ་རྗེས་ཆོས་ཞུ་བ་རྣམས་ལ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་མཚན་སྔགས་དང་འཕགས་པ་སྤྱན་རས་གཟིགས། ༸རྗེ་བཙུན་འཇམ་དཔལ་དབྱངས། ༸རྗེ་བཙུན་འཕགས་མ་སྒྲོལ་མ་བཅས་ཀྱི་མཚན་སྔགས་ལྗགས་ལུང་བཀྲིན་བསྩལ་བ་དང་འབྲེལ་ཐེངས་འདིའི་བཀའ་ཆོས་རེ་ཞིག་མཇུག་སྒྲིལ་གནང་སོང་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ཨིན་སྐད་ནང་ཐེངས་འདིའི་བཀའ་ཆོས་ཡོངས་རྫོགས་མཇུག་སྒྲིལ་ཟིན་པ་དང་མགོན་པོ་མཆོག་ནས་ལོ་རྗེས་མའི་བཀའ་ཆོས་ཐོག་སླར་མཇལ་བའི་ཐུགས་རེ་ཡོད་པ་བཀའ་བསྩལ་ཡོད། གཞི་རྩའི་ཟླ་བ་འདིའི་ཚེས་ ༡༣ ཉིན་བཞུགས་སྒར་དྷ་རྨ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་ཁག་ལྔས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་མ་ཟད། དེ་རྗེས་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་གྲངས་གསུམ་གྱི་རིང་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

གྲྭ་བློ་བཟང་རྡོ་རྗེ་ལགས་སུ་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག

ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་ཞིག་གི་མཚན་མོར་རང་ཤག་ནས་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་པའི་ལོ་ན་ ༣༦ ཙམ་ཡིན་པའི་ཨ་མདོ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་རྡོ་རྗེ་ལགས་ལོ་ ༡ དང་ཟླ་བ་ ༢ མན་ཙམ་གྱི་རིང་བཀག་ཉར་བྱས་རྗེས་འདི་ལོའི་ཟླ་ ༩ ཚེས་ ༣ ཉིན་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་སྔོན་ཁོང་འཛིན་བཟུང་བྱེད་སྐབས་ཕྱི་ཕྱོགས་སུ་འབྲེལ་བ་གནང་རྐྱེན་གྱིས་ཡིན་པར་བཤད་འདུག་ཀྱང་། ཉེ་ཆར་ཁྲིམས་ཐག་གཅོད་སྐབས་ཉེས་འཛུགས་གང་བྱེད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། གཞི་རྩའི་གྲྭ་བློ་བཟང་རྡོ་རྗེ་ལགས་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་ཞུགས་གནང་འདུག ཁོང་ལ་ད་རེས་བཙོན་འཇུག་གི་ཁྲིམས་ཐག་བཅདད་པ་དེ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པས་སྣེ་ཁྲིད་འོག་རྔ་པ་རྫོང་གི་མི་མང་བཅས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེར་གནང་ཡོད་པ་དང་། སྐབས་དེ་དུས་ཟླ་བ་མང་པོའི་རིང་རྔ་པ་དགོན་སྡེ་མང་པོའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བའི་ཁྲོད་ཁོང་དང་གྲྭ་ཀུན་དགའ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་རྐྱེན་མཚན་ལ་ཉེན་རྟོག་པས་འཛིན་བཟུང་གིས་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་ཆབས་ཅིག་ཏུ་ཕྱི་ལོ་ ༢༠༡༡ ལོར་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་དབང་གིས་ཉིན་ཤས་རིང་བཀག་ཉར་གནང་མྱོང་ཡོད་པ་རེད་འདུག  བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲེལ་བརྗོད་གནང་དོན་སྐབས་དེའི་ཡུལ་དངོས་ཀྱི་དགེ་འདུན་པ་ཚོས་ཁོང་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དེས་རྒྱ་གཞུང་གིས་འོག་ཏུ་མགོ་མི་སྒུར་བར་བཙོན་དུ་བཞུགས་ན་དགའ་བའི་ཆོད་སེམས་བརྟན་པོ་ཡོད་པ་མཚོན་ཐུབ་པ་བརྗོད་ཡོད་པ་རེད། སྤྱིར་གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་གཙོས་པའི་རང་ལོ་ ༣༧ ཙམ་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཐབས་མཁས་ལགས། དེ་བཞིན་རང་ལོ་ ༣༢ ཡིན་པ་རྔ་པ་སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ་ལགས་བཅས་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་འདི་ལོའི་ཟླ་ ༨ པའི་ནང་ཕྱིར་གྱར་བྱུང་ཡོད་ཀྱང་། ཁོང་རྣམ་པ་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་རྣམས་བཙན་གྱིས་གར་སོང་ཆ་མེད་བཟོས་པ་དང་གང་བྱུང་བཀག་ཉར་བྱས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་དག་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་དང་སྦྲགས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་ལ་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་གཙོས་པའི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་རྣམས་ཆ་རྐྱེན་མེད་པར་གློད་བཀྲོལ་དགོས་པ་དང་། རྒྱ་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་པ་གསུངས་འདུག

འཇར་མ་ནིའི་དོམ་ཕྲུག་གཉིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྩོད་གླེང་ཞིག་ཏུ་གྱུར་བ།

འཇར་མ་ནིའི་སྲིད་བློན་ Angela Merkel མཆོག་ཁ་སང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པའི་ཁྲོད་ཉེ་ལམ་འཇར་མ་ནིའི་རྒྱལ་ས་བྷར་ལིན་ནང་གི་གཅན་གཟན་ཁང་ཞིག་ཏུ་མཱང་མཱང་ཟེར་བའི་དོམ་ཁྲ་ཞིག་ལ་ཕྲུ་གུ་གཉིས་སྐྱེས་ཡོད་པ་དེ་ད་ཆ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་རྩོད་གླེང་ཅན་ཞིག་ཏུ་གྱུར་འདུག མཱང་མཱང་ཟེར་བའི་དོམ་ཁྲ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་ནས་ཇི་ཨའོ་ཆིང་ཟེར་བའི་དོམ་ཁྲ་གཞན་ཞིག་དང་ལྷན་དུ་འཇར་མ་ནིའི་གཅན་གཟན་ཁང་དེར་ལོ་རེར་ཨ་སྒོར་ས་ཡ་གཅིག་རེ་བྱས་ནས་ཁྱོན་ལོ་ ༡༥ རིང་གཡར་ཡོད་པ་རེད། ད་ཆ་མཱང་མཱང་ཟེར་བའི་དོམ་ཁྲ་དེར་དོམ་ཕྲུག་གཉིས་སྐྱེས་རྗེས་འཇར་མ་ནིའི་བརྒྱུད་ལམ་ཁག་གཅིག་གི་ཐོག་དོམ་ཕྲུག་དེ་དག་ལ་མིང་གང་བཏགས་ཡོད་མེད་ཐད་ལ་བགྲོ་གླེང་ཤུགས་ཆེན་པོ་བྱེད་བཞིན་པ་དང། དེའང་ Bild གསར་ཁང་གིས་གནས་ཚུལ་སྤེལ་བར་ཧོང་ཀོང་ནང་བྱུང་བའི་ཞི་རྒོལ་དང་འབྲེལ་ཏེ་དོམ་ཕྲུག་གཅིག་གི་མིང་ལ་ཧོང་དང་གཞན་དེར་ཀོང་ཞེས་བཏགས་དགོས་པའི་དགོས་འདུན་ཆེད་བཏོན་གནང་བ་དང། Der Tagesspiegel གསར་ཤོག་ཐོག་ཏུའང་ཀློག་པ་པོ་ཁག་གཅིག་གིས་འཇར་མ་ནིའི་བྱིས་པའི་སྒྲུང་གཏམ་གྲགས་ཅན་ཁག་གཅིག་ལས་ཡཱིན་དང་ཡེང་། པིང་དང་པོང་། Plisch དང་ Plum དེ་བཞིན་ Max དང་ Moritz སོགས་མིང་སྣ་ཚོགས་བཏགས་པའི་ཁོངས་ནས་ཧོང་དང་ཀོང་ལ་དགའ་མོས་ཆེ་ཤོས་ཐོབ་འདུག བགྲོ་གླེང་དེའི་ཁྲོད་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ Joshua Wang ལགས་ཀྱིས་ཀྱང་ཆ་ཤས་བླངས་པ་དང་འབྲེལ་ཏེ་འཇར་མ་ནིའི་གཅན་ཟན་ཁང་དེས་དོམ་ཕྲུག་དེ་དག་གཉིས་ལ་མང་གཙོ་དང་རང་དབང་ཞེས་མིང་བཏགས་དགོས་པ་དང་། གལ་ཏེ་དེ་ལྟར་བཏགས་ཚེ་འཇར་མ་ནིའི་གཞུང་ངོས་ནས་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཐུབ་རྒྱུ་ཡིན་པ་གསུངས་འདུག དེའི་བར་ན་ PETA ཞེས་པའི་དུད་འགྲོའི་ལྟ་རྟོག་ཚོགས་པས་འཇར་མ་ནིའི་གཅན་གཟན་ཁང་གི་དོམ་ཁྲ་དེ་དག་ཐོག་མ་ཉིད་ནས་ཆབ་སྲིད་དང་དངུལ་གྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་འོག་རྒྱ་ནག་ནས་འཇར་མ་ནིར་ཁྱེར་བ་ཞིག་ཆགས་ཡོད་པ་དང། དོམ་ཕྲུག་དེ་དག་འཚོ་གནས་བྱེད་ས་དངོས་ནི་རྒྱ་ནག་གི་ནགས་ཚལ་ཡིན་སྟབས་ད་ལྟའི་གོ་སྐབས་དེ་ནི་དོམ་ཕྲུག་དེ་དག་གི་གནས་སྟངས་ཐོག་དོ་སྣང་འགུག་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་བརྗོད་འདུག གཞི་རྩའི་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་འཇར་མ་ནིར་བསྐྱོད་སྐབས་ཁོ་པ་དང་སྲིད་བློན་མར་ཀེལ་གཉིས་ནས་མཱང་མཱང་དང་ཇི་ཨའོ་ཆིང་ཟེར་བའི་དོམ་ཁྲ་གཉིས་ཐེངས་དང་པོ་མང་ཚོགས་ལ་གཟིགས་འབུལ་ཞུས་པ་དང་། སྐབས་དེར་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་སླད་དོམ་ཁྲ་སྤྱོད་པའི་སྲོལ་ Panda diplomacy ཞེས་པའི་རྒྱ་ནག་གི་དོམ་ཁྲའི་ཕྱི་འབྲེལ་ཐབས་བྱུས་ལ་སྐྱོན་བརྗོད་དང་འབྲེལ། རྒྱལ་ས་བྷར་ལིན་ནང་རྔམ་སྟོན་ཁྲོམ་སྐོར་གནང་བ་བརྒྱུད་འཇར་མ་ནི་སྲིད་བློན་མཆོག་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུའི་ཐབས་ཤེས་ཁྲོད་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་གནས་སྟངས་བཅས་པ་མ་བརྗེད་པར་རྒྱ་ནག་གི་འགོ་ཁྲིད་ལ་ཤུགས་དྲག་ཆེན་པོའི་སྒོ་ནས་གནད་དོན་དེ་དག་གསལ་བརྗོད་གནང་དགོས་ཞེས་སྐུལ་མ་ཞུས་ཡོད་པ་རེད། རྒྱ་ནག་གི་དོམ་ཁྲ་དེ་དག་གཉིས་ཀྱི་རྐྱེན་པས་ལོ་གཅིག་ནང་བྷར་ལིན་ནང་གི་གཅན་གཟན་ཁང་དེར་གཟིགས་མོ་བ་ས་ཡ་ལྔ་ཙམ་ཡོང་མཁན་བྱུང་ཡོད་པ་རེད། བྷར་ལིན་དང་པེ་ཅིང་གཉིས་དབར་དེ་སྔ་བཞག་པའི་གྲོས་མཐུན་ལ་གཞིགས་ན་མཱང་མཱང་ལ་སྐྱེས་པའི་དོམ་ཕྲུག་གཉིས་པོ་དེ་དག་ཐོག་རྒྱ་ནག་གཞུང་གི་བདག་དབང་ཡོད་སྟབས་ཕལ་ཆེར་དོམ་ཕྲུག་དེ་དག་གི་མིང་ཡང་རྒྱ་ནག་གཞུང་ནས་བཏགས་རྒྱུར་ཚོད་དཔག་གནང་བཞིན་པ་དང་། ཕལ་ཆེར་དོམ་ཕྲུག་དེ་དག་མ་འོངས་པའི་ལོ་གསུམ་བཞིའི་རྗེས་སུ་རྒྱ་ནག་ལ་གཏང་རྒྱུར་ཚོད་དཔག་ཡང་བྱེད་བཞིན་ཡོད་པ་རེད་འདུག

རྒྱ་ནག་གིས་ཨེ་ཤ་ཡའི་ཁུལ་དུ་བརྡ་འཕྲིན་གྱི་འབྲེལ་ལམ་བརྒྱུད་ནས་ཡུ་གུར་བར་སོ་ཉུལ་བྱེད་བཞིན་པ།

རྒྱ་ནག་གིས་ཨེ་ཤ་ཡ་ཁུལ་གྱི་ Kazakhstan དང་། Turkey རྒྱ་གར། ཐའེ་ལན་ཌི། མ་ལེ་ཤ་ཡ་སོགས་ཀྱི་བརྡ་འཕྲིན་གྱི་འབྲེལ་ལམ་བརྒྱུད་ནས་ཡུ་གུར་གྱི་འགྲུལ་བཞུད་པ་རྣམས་ལ་སོ་ཉུལ་བཞིན་པ་རེད་འདུག དེ་རིང་ Reuters གསར་ཁང་གིས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་གཉིས་དང་བདེ་འཇགས་སློབ་སྟོན་པ་གཉིས་ཀྱིས་ཞིབ་འཇུག་གནང་བའི་གྲུབ་དོན་དུ་ད་ཆ་རྒྱ་ནག་གི་དྲྭ་རྒྱ་རྒོལ་རྡུང་བ་རྣམས་ཀྱིས་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་གྱི་བརྡ་འཕྲིན་གྱི་འབྲེལ་ལམ་མང་པོར་གསང་སྟབས་ཀྱིས་སོ་ཉུལ་བྱས་ཏེ་ཡུ་གུར་བ་རྣམས་ཀྱི་ཁ་པར་དང་གློག་འཕྲིན་ལ་རྒོལ་རྡུང་གཏོང་གི་ཡོད་པའི་གནས་ཚུལ་བྱུང་ཡོད་པ་བརྗོད་འདུག  ཞིབ་འཇུག་དེ་གཞིར་བཟུང་བྱས་ན་རྒྱ་ནག་གི་གསང་བའི་སོ་ཉུལ་དེ་ནི་ཁོང་ཚོས་དུས་རྒྱུན་ནས་རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣ་དང་ཕྱི་ཕྱོགས་ཀྱི་དམག་མིའི་ཆེད་ལས་མི་སྣ་རྣམས་དམིགས་འབེན་དུ་བཟུང་ ཐོག་གཞི་རྒྱ་ཆེ་བའི་གསང་ཉུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་ཆ་ཤས་ཤིག་ཡིན་པ་དེ་ལྟར་ཡང་། རྒྱ་ནག་གིས་ད་ཆ་ཡུ་གུར་བའི་ཐོག་དམིགས་བསལ་དོ་སྣང་གིས་སོ་ཉུལ་བྱེད་ཀྱི་ཡོད་པ་རེད་འདུག རྒྱ་ནག་གི་ཆེད་ལས་པས་ལས་གཞི་དེའི་འོག་གཙོ་བོ་ ཨེ་ཤ་ཡ་ཁུལ་གྱི་ Kazakhstan དང་། Turkey རྒྱ་གར། ཐའེ་ལན་ཌི། མ་ལེ་ཤ་ཡ་སོགས་ཀྱི་བརྡ་འཕྲིན་གྱི་འབྲེལ་ལམ་བརྒྱུད་ནས་ཡུ་གུར་གྱི་འགྲུལ་བཞུད་པ་རྣམས་ལ་སོ་ཉུལ་བཞིན་པ་དང་། Reuters གསར་ཁང་གིས་ཤིན་ཅང་ནས་བྲོས་བྱོལ་དུ་ཡོང་མཁན་ཡུ་གུར་བ་རྣམས་རྒྱུན་དུ་ Turkey ལ་བསྐྱོད་སྐབས་རྒྱལ་ཁབ་དེ་དག་བརྒྱུད་ནས་འགྲོ་གི་ཡོད་པ་ཞིག་ཡིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཡུ་གུར་གྱི་འགྲུལ་བཞུད་པ་དེ་དག་གིས་ Iraq དང་ Syria ནང་གི་དྲག་སྤྱོད་དང་འཐབ་འཁྲིག་སློང་སྲིད་པས་ཤིན་ཅང་གི་ཁུལ་དུ་དམ་དྲག་བྱེད་དོན་ནི་གཙོ་བོ་ཁ་ཆེའི་དྲག་སྤྱོད་པ་བཀག་འགོག་བྱེད་ཐབས་ཤིག་ཡིན་པར་འགྲེལ་བརྗོད་བྱེད་བཞིན་པ་དང་ཡུ་གུར་བའི་དྲྭ་རྒྱར་རྒོལ་རྡུང་གཏོང་གི་ཡོད་པར་ཁས་ལེན་རྩ་བ་ནས་མ་ཞུས་པའི་ཁར་རྒྱ་ནག་གི་ནང་ཡུ་གར་གྱི་རིག་གཞུང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བརྗོད་བཞིན་པ་རེད། Reuters གསར་ཁང་གིས་ད་ལྟའི་ཆར་རྒྱ་ནག་གི་ཆེད་ལས་པས་བརྡ་འཕྲིན་གྱི་བཟོ་གྲྭ་གང་དང་གང་ལ་ཞུགས་ཏེ་སོ་ཉུལ་བྱས་པའི་མིང་སོགས་གནས་ཚུལ་ཁ་གསལ་སྤེལ་མེད་པ་དང་། གནས་ཚུལ་དེའི་ཐོག་རྒྱ་གར་དང་ཐའེ་ལན་ཌི།་མ་ལེ་ཤ་ཡ་སོགས་ཀྱི་གཞུང་ནས་གསར་ཁང་ལ་སྐད་ཆ་གང་ཡང་བཤད་མེད་པ་དེ་ལྟར་ཡང་། ཨ་རིའི་ Volexity བཟོ་ལས་ཁང་གིས་བདུན་ཕྲག་འདིའི་ནང་རྒྱ་ནག་གི་གསང་ཉུལ་བ་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་གི་ཡུ་གུར་བ་རྣམས་ཀྱི་ཁ་པར་དང་གློག་འཕྲིན་སོགས་ལ་སོ་ཉུལ་བྱེད་བཞིན་ཡོད་པ་ཡོངས་བསྒྲགས་གནང་བ་མ་ཟད། གྷུ་གྷལ་བཟོ་ཚོང་ཁང་གི་ཞིབ་འཇུག་པས་ཀུ་ཤུ་ཁ་པར་གྱི་མ་ལག་བརྒྱུད་ནས་ཡུ་གུར་མི་མང་དང་སྤྱི་ཚོགས་ལ་དམིགས་པའི་དྲིལ་བསྒྲགས་ཤིག་སྤེལ་བ་ཤེས་རྟོགས་བྱུང་བ་བཤད་འདུག དྲྭ་རྒྱ་བདེ་འཇགས་སྲུང་སྐྱོབ་ཁང་ Fire Eye ཞེས་པས་རྒྱ་ནག་གི་དྲྭ་རྒྱ་གསང་ཉུལ་བ་རྣམས་ཀྱིས་ལྷོ་ཤར་ཨེ་ཤ་ཡིའི་བརྡ་འཕྲིན་ནང་གསང་བའི་དྲྭ་འབུ་བཏང་སྟེ་འཇིགས་སྐུལ་གྱི་ལས་དོན་དང་འབྲེལ་བའི་མིང་ཚིག་དང་། དམག་མི། དེ་བཞིན་རྒྱ་ནག་གི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་སོགས་ཀྱི་མིང་མཚོན་པའི་ཚིག་ཐོ་མང་དག་ཅིག་གི་ཡིག་ཚགས་ཐད་ཀར་ཤེས་རྟོགས་ཐུབ་པར་བཟོས་ཡོད་པར་བསྒྲགས་འདུག དེ་བཞིན་ཨ་རི་དང་ཨེ་ཛི་རུ་ཡི་དྲྭ་རྒྱའི་བདེ་འཇགས་ཞིབ་འཇུག་པ་སྐུ་ཞབས་ Amit Serper ཡིས་རྒྱ་ནག་གིས་ཆེད་ལས་པ་རྣམས་ཀྱིས་སོ་ཉུལ་བྱེད་སའི་གང་ཟག་སོ་སོའི་ཁ་པར་ལའང་གསང་བའི་མ་ལག་གསར་འཛུགས་བརྒྱུད་ཁ་པར་གྱི་སྒྲ་ཡོད་ཚད་ཉར་ཚགས་དང་། གང་ཟག་དེ་ས་གནས་གང་དུ་ཡོད་མེད། སུ་ལ་འབྲེལ་བ་བྱེད་མིན་སོགས་ཉིན་གཅིག་གི་ལས་དོན་ཆ་ཚང་ཤེས་རྟོགས་ཐུབ་ཀྱི་ཡོད་པ་བརྗོད་འདུག གཞི་རྩའི་རྒྱ་ནག་གིས་དུས་རྒྱུན་ནས་ཡུ་གུར་བ་མང་པོ་ལག་ཤེས་ལྟེ་གནས་ཁང་ཞེས་པའི་བཀག་བསྐྱིལ་ཁང་དུ་བཙོན་འཇུག་གིས་བཏང་འཛིན་ནན་པོ་བྱེད་བཞིན་པར་ཕྱི་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེན་པོ་གནང་གི་ཡོད་པ་དང་། ད་ཆ་རྒྱ་ནག་གིས་རྒྱ་ནག་ནང་ལོག་གི་ཡུ་གུར་བ་ཙམ་དུ་མ་ཟད་རྒྱལ་མཚམས་བརྒལ་བའི་ཐོག་དྲྭ་རྒྱ་ལ་གསང་ཉུལ་བྱས་ཏེ་ཕྱི་ཕྱོགས་ཀྱི་ཡུ་གུར་བ་མང་པོར་རྟོག་ཞིབ་བྱེད་བཞིན་ཡོད་པ་རེད།

གཞན་དོན་བསྒྲུབ་པར་གྲུབ་མཐའ་གོང་འོག་གི་སྟོང་ཉིད་ཀྱི་ལྟ་བ་བཞེད་ཚུལ་ཤེས་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་གཙོས་པའི་ཕྱི་ནང་གི་མང་ཚོགས་སྟོང་ཕྲག་ལྷག་ལ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་བཀའ་ཆོས་ཉིན་གཉིས་པའི་སྟེང་སེམས་ཅན་གཞན་གྱི་དོན་བསྒྲུབ་པར་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་ཡོད་སྟབས་དེ་དག་དང་འཚམ་པའི་གྲུབ་མཐའ་གོང་འོག་གི་སྟོང་ཉིད་ཀྱི་ལྟ་བ་བཞེད་ཚུལ་གང་ཡིན་ཤེས་དགོས་གལ་ཡིན་པ་ལམ་སྟོན་བསྩལ་སོང་། དེ་ཡང་མགོན་པོ་མཆོག་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་གྲུབ་བསྟུན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཐོག་མར་མགོན་པོ་༸གང་ཉིད་མཆོག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ལུང་དེ་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཞུས་ཡོད་སྐོར་ངོ་སྤྲོད་མཛད་པ་དང་འབྲེལ། དེ་སྔ་བོད་ནང་ལ་མཁན་ཆེན་ཞི་བ་འཚོའི་ལམ་སྟོན་འོག་ལེགས་སྦྱར་གྱི་སྐད་ཡིག་བསླབ་མི་དགོས་པར་བོད་ཀྱི་ལོ་པཎ་ཚོས་རྒྱ་གར་ནས་ནང་པ་སངས་རྒྱས་པའི་བཀའ་བསྟན་ཡོངས་རྫོངས་བོད་སྒྱུར་གནང་ཡོད་པ་ཙམ་མ་ཟད། བོད་ཀྱི་ཆོས་རྒྱས་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་སྐུལ་ལས་བསྐྱོན་ཡོད་པ་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་བྱང་ཆུབ་སེམས་འགྲེལ་གྱི་སྐབས་སུ་བསྟན་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་འདི་ནི་མདོ་སྔགས་ཐུན་མོང་གི་གཞུང་ནས་གསུངས་པའི་བྱང་ཆུབ་ཀྱི་སེམས་ལ་གོ་དགོས་པར་བཀའ་བསྩལ་ཡོད། གཞན་ཡང་༸གོང་ས་མཆོག་གིས་སེམས་ཅན་གཞན་གྱི་དོན་བསྒྲུབ་པར་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་པ་ཞིག་ཡོད་སྟབས་དེ་དག་དང་འཚམ་པའི་གྲུབ་མཐའ་གོང་འོག་གི་སྟོང་ཉིད་ཀྱི་ལྟ་བའི་རྣམ་གཞག་གང་ཡིན་ངེས་པར་དུ་ཤེས་དགོས་གལ་ཡིན་པ་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་ཆོས་འབྲེལ་ལེགས་པར་བསྩལ་རྗེས་ཨེ་ཤ་ཡའི་ཁུལ་གྱི་དད་ལྡན་ཆོས་ཞུ་བ་ཚོས་༸གང་ཉིད་མཆོག་ལ་བཀའ་འདྲི་དགོངས་བསྐོར་ཞུ་རྒྱུའི་ལས་རིམ་སྐབས་ཆོས་ཞུ་བ་གཅིག་གིས་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་བྱང་ཆུབ་ཀྱི་སེམས་ཉམས་ལེན་གང་འདྲ་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་དུ་སྡུག་བསྔལ་འདོར་འདོད་ཀྱི་བློ་ཡོད་པ་ལྟར་སྡུག་བསྔལ་གྱི་རྒྱུ་གང་ཡིན་ངོ་ཤེས་པའི་ཐོག་ནས་སྡུག་བསྔལ་གཏན་དུ་སྤངས་པའི་བྲལ་བ་དེ་འཐོབ་ཐབས་སུ་བྱང་ཆུབ་ཀྱི་སེམས་དེ་གལ་ཆེན་པོ་ཆགས་ཡོད་པ་ཤེས་ཏེ་ཉམས་ལེན་གནང་དགོས་པའི་ལམ་སྟོན་བསྩལ་ཡོད།

ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་མཉམ་དུ་དགོས་འདུན་བཞི་པོ་བསྒྲུབ་དགོས།

ཁ་སང་ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་གྱིས་བརྙན་པར་བརྒྱུད་ཧོང་ཀོང་ནས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུར་གསལ་བསྒྲགས་བྱས་ཡོད་ཀྱང་ཧོང་ཀོང་མང་ཚོགས་ནས་སྤྱི་ཁྱབ་ཀྱིས་ཐག་གཅོད་དེར་དགའ་བསུ་མི་ཞུ་བའི་ཁར་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་དགོས་འདུན་བཞི་པོ་བསྒྲུབ་དགོས་པ་གསུངས་འདུག འདས་པའི་གཟའ་འཁོར་ ༡༦ ཙམ་ཞིག་གི་རིང་ཧོང་ཀོང་མང་ཚོགས་ནས་རྩོད་རྙོག་ཅན་གྱི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་ཀེ་རི་ལེམ་རང་གི་ལས་གནས་ནས་དགོངས་ཞུ་བྱས་དགོས་པ། དེ་བཞིན་ལས་འགུལ་བར་དྲག་སྤྱོད་པ་ཞེས་ཐ་སྙད་སྤྱོད་མཚམས་བཞག་དགོས་པ་མ་ཟད་ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་གི་ཐོག་ནས་རྟོག་ཞིབ་དང་། ལས་འགུལ་བ་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ་བཅས་དགོས་འདུན་ལྔ་ཆེད་བཏོན་གནང་ཡོད་པ་དང་།  ཁ་སང་ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་སྐུ་ Carrie Lam ལགས་ཀྱིས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསལ་བསྒྲགས་དང་། ཧོང་ཀོང་གི་ཉེན་རྟོག་པའི་ཞུ་གཏུག་ཚན་པའི་ངོས་ནས་ཞི་རྒོལ་ཐོག་རྟོག་ཞིབ་གནང་རྒྱུ་དང་དེར་ཧོང་ཀོང་གཞུང་གི་ངོས་ནས་རྟོག་ཞིབ་ཀྱི་གྲུབ་དོན་ལ་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་མ་ཟད་ཞི་རྒོལ་སྐབས་འཛིན་བཟུང་བྱས་པ་རྣམས་ས་གནས་ཀྱི་ཁྲིམས་གཞིར་ལྟར་ཐག་གཅོད་བྱ་རྒྱུ་དང་། དེ་བཞིན་ལྕམ་སྐུ་མཆོག་དང་ཁོང་གི་ཕྱག་རོགས་བློན་ཆེན་རྣམས་ཀྱིས་ཟླ་བ་འདི་ནས་འགོ་འཛུགས་ཀྱིས་མང་ཚོགས་སར་ཕེབས་ཏེ་མང་ཚོགས་ཀྱི་མངོན་འདོད་དེ་དག་བསྒྲུབ་རྒྱུའི་ཐབས་ལམ་སོགས་རྟོགས་ཐབས་གནང་རྒྱུ་ཡིན་པ་སོགས་གནད་དོན་ཁག་གཅིག་ཞལ་བཞེས་གནང་ཡོད་ཀྱང་། Demosisto ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Joshua Wong ལགས་ཀྱིས་གཙོས་པའི་ལས་འགུལ་བས་ཀེ་རི་ལེམ་གྱིས་ཐག་གཅོད་དེ་ཟླ་བ་གསུམ་གྱི་ཞི་རྒོལ་དེའི་ཁྲོད་མི་གྲངས་ ༧ གྱི་ཚེ་སྲོག་ཤོར་བ་དང་ལས་འགུལ་བ་ཆིག་སྟོང་ཉིས་བརྒྱ་ལྷག་ཉེན་རྟོག་པས་འཛིན་བཟུང་གྱིས་ཕལ་མོ་ཆེར་སྡུག་རྩུབ་བཏང་རྗེས་ཡོང་བ་ཡིན་སྟབས་གནད་དོན་དེ་འཕྱི་དྲག་པ་དང་དགོས་འདུན་ལྔ་ནས་གཅིག་ལས་མ་གཏོགས་བསྒྲུབས་མེད་པ་དེ་ཉུང་དྲག་སྐོར་གསུངས་འདུག ཡང་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ད་ཆ་སྐྱོན་ཆག་མང་པོ་ཞིག་བྱུང་ཟིན་པས་ཐག་གཅོད་དེ་སྔ་ས་ནས་ཡོང་དགོས་པ་ཞིག་དང་། མང་ཚོགས་ཀྱི་རྨ་ཁ་ད་དུང་ཡང་གསོས་མེད་པ་གསུངས་འདུག ལས་འགུལ་བ་བུད་མེད་ཅིག་གིས་ང་ཚོའི་དགོས་འདུན་བཞི་པོ་བསྒྲུབ་རྒྱུ་བསྡད་ཡོད་པ་དེ་མང་ཚོགས་ཀྱི་དྲན་ལམ་ནས་ཡལ་མེད་པར་རེ་བ་བྱེད་བཞིན་ཡོད་པ་དང་ཆབས་ཅིག མང་ཚོགས་ཁག་གཅིག་ནས་སྲང་ལམ་དུ་དགོས་འདུན་ལྔ་པོ་བསྒྲུབ་དགོས་པའི་སྐད་འབོད་བྱས་པ་དང་སློབ་ཕྲུག་ཁག་གཅིག་ནས་ཀྱང་རང་ཉིད་ཀྱི་སློབ་གྲྭའི་ཕྱིར་ལོག་ཏུ་ལག་འབྲེལ་མཐུད་དེ་ཧོང་ཀོང་གཞུང་ལ་ངོ་རྒོལ་དང་ལས་འགུལ་བ་འཛིན་བཟུང་བྱས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག རྒྱལ་སྤྱིའི་ཚོགས་སྐྱིད་ཁག་གིས་ཧོང་ཀོང་མང་ཚོགས་ལ་རྒྱབ་སྐྱོར་དང་སྦྲགས་ཧོང་ཀོང་གི་གནད་དོན་ཐད་རྒྱ་གཞུང་གི་ཐེ་བྱུས་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དེའི་ཁྲོད་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་ཧོང་ཀོང་སྤྱི་ཁྱབ་ཀྱི་ཐག་གཅོད་དེར་དགའ་བསུ་ཞུས་ཀྱང་གདང་ངེས་ཞིག་མིན་པས་ཧོང་ཀོང་གཞུང་ནས་མང་ཚོགས་ཀྱི་མངོན་འདོད་མཐའ་དག་བསྒྲུབ་དགོས་པ་གསུངས་འདུག ཉིན་ཤས་སྔོན་དུ་མང་གཙོའི་ལས་འགུལ་བ་ Joshua Wong ལགས་ཐེ་ཝན་དུ་ཆེད་མདགས་ཕེབས་ནས་གསར་འགོད་ལྷན་ཚོགས་ཐོག་ཐེ་ཝན་ནས་དེ་སྔ་ཧོང་ཀོང་གི་ཆར་གདུགས་ལས་འགུལ་ལ་རྒྱབ་སྐྱོར་དང་ཧོང་ཀོང་ནས་ཐེ་ཝན་གྱི་ Sunflower Movement ལ་རྒྱབ་སྐྱོར་གནང་ཡོད་སྟབས་ད་ཆ་ཐེ་ཝན་ནས་ཧོང་ཀོང་མང་ཚོགས་ལ་རྒྱབ་སྐྱོར་གནང་རྒྱུའི་དུས་ལ་བབས་ཡོད་པའི་འབོད་སྐུལ་དང་འབྲེལ་ཏེ་རྒྱ་ནག་རྒྱལ་ཡོངས་ཀྱི་ཉིན་མོའི་སྔ་རོལ་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུ་དང་ཐེ་ཝན་གཞུང་ནས་ཧོང་ཀོང་གི་མི་སེར་བྲོས་བྱོལ་དུ་ཡོང་བ་རྣམས་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བསྐྱང་ནན་ཞུས་འདུག དེ་དང་ཕྱོགས་མཚུངས་ཀེ་རི་ལེམ་གྱི་ཐག་གཅོད་སྔ་རོལ་དུ་ Joshua Wong ལགས་དང་ཧོང་ཀོང་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་ལས་འགུལ་ཁག་གཅིག་གིས་འཇར་མན་གྱི་སྲིད་བློན་ Angela Merkel མཆོག་རྒྱ་ནག་ནང་འཚམས་གཟིགས་སླད་ཕེབས་བསྟུན་ལྕམ་སྐུ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཡོད་པ་དང་དེའི་ནང་ལྕམ་སྐུ་མཆོག་ནས་རྒྱ་གཞུང་ལ་ཧོང་ཀོང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་བསྟན་རྒྱུ་དང་ཧོང་ཀོང་མང་ཚོགས་ཀྱི་དགོས་འདུན་གཙོ་ཆེར་ངོས་བཞེས་གནང་རྒྱུར་འབོད་སྐུལ་ཞུས་ཡོད་པ་རེད། ལྕམ་སྐུ་མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་དེ་རིང་ནས་དབུ་འཛུགས་ཀྱིས་ཉིན་གསུམ་རིང་གནང་གཏན་ཁེལ་ཡོད་པ་རེད།

Latest news