Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དེ་རྒྱལ་སྤྱིའི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཁོངས་སུ་བཅུག་པ་དེས་བོད་མི་དང་རི་སྐྱེས་སྲོག་ཆགས་རྣམས་ཉེན་ཁའི་ནང་ལྷུང་པ་རེད་ཅེས་བརྗོད་འདུག

ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་ནས་ Kokoxili བོད་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དེ་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་མིང་གཞུང་ཁོངས་སུ་བཅུག་འཆར་ཡོད་པ་དེས་ཁུལ་དེའི་ནང་གི་བོད་མི་དང་རི་སྐྱེས་སྲོག་ཆག་རྣམས་ཉེན་ཁའི་ནང་ལྷུང་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག དེའང་ཟླ་ ༧ ཚེས་ ༢ ཉིན་ཡུ་རོབ་ Poland གྱི་གྲོང་ཁྱེར་ Krakow ནང་དུ་ 41th UNESCO World Heritage Committee Meets འམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག དཔལ་འབྱོར། རིག་གཞུང་སྲུང་སྐྱོབ་སྡེ་ཚབ་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་ཚོགས་ཆེན་ཐེངས་ ༤༡ པ་ཚོགས་ཀྱི་ཡོད་པ་རེད། ཚོགས་ཆེན་དེའི་ཐོག་རྒྱ་ནག་གཞུང་གིས་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་སྤྱི་ལི་གྲུ་བཞི་མ་ཁྲི་དྲུག་ལྷག་ཡོད་པའི་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་དེ་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ས་ཁུལ་ཁོངས་སུ་བཅུག་ཕྱིར་རྒྱལ་ཚོགས་ཀྱི་ UNESCO སྡེ་ཚན་དུ་མིང་འབོད་ཞུ་རྒྱུ་ཡིན་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཚོགས་ཆེན་དེ་དང་བསྟུན། དེ་རིང་ཚེས་ ༣༠ ཉིན་རྒྱ་ནག་གཞུང་ནས་བོད་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དེ་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་མིང་གཞུང་ཁོངས་སུ་བཅུག་འཆར་ཡོད་པ་དེས་ཁུལ་དེའི་བོད་མི་དང་རི་སྐྱེས་སྲོག་ཆགས་རྣམས་ཉེན་ཁའི་ནང་ལྷུང་པ་རེད་ཅེས་སྙན་ཐོ་ཞིག་འདོན་སྤེལ་བྱས་འདུག སྙན་ཐོའི་ནང་གཙོ་བོ་ལྟེ་གནས་ཁང་གི་ངོས་ནས་ལོ་མང་རིང་རྒྱ་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་འོག་ས་ཁུལ་དེ་དག་ནང་དུ་འཚོ་རྟེན་བྱེད་བཞིན་པའི་བོད་མིའི་འབྲོག་པ་དང། རི་སྐྱེས་སྲོག་ཆགས། རྩ་ཐང། གནམ་གཤིས་ཚ་དྲོད་རྒྱས་པ་སོགས་ད་བར་ངལ་བ་འཕྲད་ཁག་ཆེད་བཏོན་བྱས་ཡོད་པ་མ་ཟད། ལྷག་པར་དུ་བོད་ཀྱི་ཨ་ཆེན་གངས་རྒྱབ་ས་ཁུལ་འདིའི་འཛུགས་སྐྲུན་ལས་འཆར་དེའི་ཁོངས་སུ་རྒྱ་གཞུང་ནས་བོད་མཐོ་སྒང་གི་ལོ་རྒྱུས་རང་བཞིན་ལྡན་པའི་སྲོལ་རྒྱུན་འབྲོག་པ་རྣམས་ཀྱི་འཚོ་རྟེན་དང། ས་ཁུལ་དེའི་ནང་རི་སྐྱེས་སྲོག་ཆགས་རྩ་གཏོར་དུ་འགྲོ་ཉེན་ཡོད་པ་སོགས་མངོན་གསལ་བྱས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་ཀྱིས་རྒྱ་ནག་གཞུང་ནས་ UNESCO རང་བྱུང་ཤུལ་བཞག་ཁོངས་སུ་ཨ་ཆེན་གངས་རྒྱབ་ས་ཁུལ་བཅུག་རྒྱུའི་དམིགས་ཡུལ་དེར་རྒྱབ་སྐྱོར་ཡོད་ཀྱང་། ད་ལན་རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་ཐོག་ཡུན་རིང་ནས་ས་ཁུལ་དེའི་ནང་དུ་འཚོ་རྟེན་བྱེད་བཞིན་པའི་བོད་མིའི་འབྲོག་རྣམས་སྲུང་སྐྱོབ་ས་ཁུལ་ཁོངས་ནས་ཕྱིར་ཕུད་བྱེད་རྒྱུ་དང། རྒྱ་གཞུང་གིས་ UNESCO རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཀྱི་མིང་སྤྱོད་ནས་ཁུལ་དེར་འཛུགས་བསྐྲུན་དང་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་རྒྱ་སྐྱེད་བྱ་རྒྱུ་བཅས་ཀྱི་རྒྱུ་མཚན་ལྡན་པ་ཞིག་མི་འདུག་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད། དེ་བཞིན་ལས་འགུལ་ཁང་དེས་ད་ལན་རྒྱལ་ཚོགས་སུ་མིང་འབོད་ཞུས་པའི་ཨ་ཆེན་གངས་རྒྱབ་ས་ཁུལ་དེ་ UNESCO རང་བྱུང་ཤུལ་བཞག་ས་ཁོངས་སུ་འདེམས་ཐོན་བྱ་རྒྱུའི་ཐག་གཅོད་ཕྱིར་འཐེན་བྱེད་དགོས་པའི་ཞུ་འབོད་བྱས་པ་དང་འབྲེལ། རྒྱལ་ཚོགས་ཀྱི་ལམ་སྟོན་རྩ་འཛིན་གཞི་བཟུང་གནད་ཆེ་བའི་རང་བྱུང་ས་ཁུལ་ཐོག་བསྐྱར་དུ་ཆེད་ལས་མི་སྣ་དང། མཁས་དབང་སོགས་ཀྱི་བརྒྱུད་ནས་ཞིབ་འཇུག་ནན་པོ་ཡོང་བར་འབོད་སྐུལ་ཞུས་འདུག གཞི་རྩའི་དངོས་གཞིའི་ཚོགས་ཆེན་དང་འབྲེལ་དེ་རིང་ 4th International Civil Society Forum on World Heritage at Risk ཞེས་པའི་འཛམ་གླིང་ནང་གི་ཉེན་ཚབས་ཆེ་བའི་གནའ་བོའི་རིག་གནས་ཤུལ་བཞག་ཞེས་པ་ཚོགས་ཀྱི་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ད་རེས་འདོན་སྤེལ་བྱས་པའི་སྙན་ཐོ་དེའི་ཕུལ་གྱི་ཡོད་པ་རེད་འདུག གཞི་རྩའི་རྒྱ་གཞུང་གིས་དུས་ད་ལྟར་བར་དུ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གཞིར་ཁ་གཡར་ནས་བོད་ནང་གི་འབྲོག་པ་ས་ཡ་ ༢ ལྷག་གནས་སྤོས་ཟིན་ཡོད་པ་རེད། ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་གིས་བོད་མཐོ་སྒང་ས་ཁུལ་ཆ་ཚང་ Third pole National Park ཞེས་འཛམ་གླིང་སྣེ་མོ་གསུམ་པའི་རྒྱལ་ཡོངས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བསྒྱུར་རྒྱུའི་ཞུ་སྙན་ UNESCO ཕུལ་ཏེ། ས་ཁུལ་དེ་འཛམ་གླིང་ནང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཁོངས་སུ་ཚུད་རྒྱུར་འབད་བརྩོན་བྱེད་བཞིན་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་སེཀོརྚ་ལན་ཌི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། དབྱིན་ཡུལ་བོད་རང་དབང་ཚོགས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་པ་ཁག་ནས་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད།

ཧི་མཱ་ལ་ཡའི་རི་བརྒྱུད་ཀྱི་མང་ཚོགས་ནས་དཔལ་ན་ལནྡྲའི་གཞུང་ཆེན་རྒྱ་གར་ནང་སླར་གསོ་ཡོང་བར་ཞབས་འདེགས་སྒྲུབས་དགོས་ཞེས་བཀའ་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གཙོས་པའི་ཧི་མཱ་ལ་ཡའི་རི་བརྒྱུད་ཀྱི་མང་ཚོགས་ནས་དཔལ་ན་ལནྡྲའི་གཞུང་ ཆེན་རྣམས་རིམ་བཞིན་རྒྱ་གར་ནང་སླར་གསོ་ཡོང་རྒྱུར་ཞབས་འདེགས་སྒྲུབས་དགོས་པ་དང། དེའང་ནང་ཆོས་དང་འབྲེལ་མ་དགོས་པར་ཤེས་ཡོན་གྱི་འདུ་ཤེས་ཁོ་ནའི་ཐོག་ནས་གནང་དགོས་ཀྱི་རེད་ཅེས་བཀའ་གནང་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཁ་ས་སྔ་དྲོ་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་སླེ་ཞི་བའི་ཚལ་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་མ་ཐག དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་བླ་སྤྲུལ་ཁག་ཅིག ས་གནས་ཀྱི་གྲོས་ཚོགས་འཐུས་མི། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པའི་འགོ་དཔོན་དང་དེ་བཞིན་བོད་མིའི་སྒྲིགས་འཛུགས་ཀྱི་ལ་སྤྱི་སོགས་སེར་སྐྱ་མང་ཚོགས་ཁག་ཅིག་ལ་ཚོུད་ཕྱེད་ཀ་ལྷག་ཙམ་རིང་ལ་བཀའ་སློབ་ལམ་སྟོན་མཛད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་ཁོང་རྣམས་ལ་འཚམས་འདྲི་དང་འབྲེལ་ད་རེས་ལ་དྭགས་སུ་ཆིབས་སྒྱུར་མཛད་དོན་སྐོར་བཀའ་སྩལ་བ་མ་ཟད། ཉེ་ལམ་མགོན་པོ་མཆོག་ཨ་རིའི་ནང་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་པའི་བརྒྱུད་རིམ་ཁག་ངོ་སྤྲོད་གནང་ནས་ད་ཆ་མགོན་པོ་༸གང་ཉིད་མཆོག་སྐུ་གཟུགས་བདེ་ཐང་ཡིན་ཞེས་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ད་དུང་ལ་དྭགས་ཀྱི་མང་ཚོགས་རྣམས་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་དང་སྒོས་བོད་གངས་ཅན་པའི་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཞིག་ཆགས་ཡོད་པས་དེའང་གཙོ་བོ་དཔལ་ན་ལནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་འཛིན་མཁན་ཞིག་ཆགས་ཡོད་ཅེས་བཀའ་སྩལ་འདུག ལྷག་དོན་ལ་དྭགས་གཙོས་པའི་ཧི་མཱ་ལ་ཡའི་མང་ཚོགས་ནས་ནང་པའི་ཆོ་ག་ཕྱག་ལེན་གནང་རྒྱུ་གཙོ་བོར་ངོས་མ་འཛིན་པར་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་གནང་སྟེ། དཔལ་ན་ལནྡྲའི་གཞུང་ཆེན་དེ་དག་རྒྱ་གར་ནང་སླར་གསོ་ཐུབ་རྒྱུར་ཞབས་འདེགས་སྒྲུབས་དགོས་ཀྱི་རེད་ཅེས་ལམ་སྟོན་མཛད་འདུག   གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་ཟླ་བ་གཅིག་ལྷག་ཙམ་རིང་བཞུགས་ཞག་མཛད་ཀྱི་ཡོད་པ་དང། མགོན་པོ་༸གང་ཉིད་མཆོག་ནས་དུས་ཡུན་དེའི་ཁྲོད་ལ་དྭགས་ཀྱི་རྒྱལ་ས་སླེ་དང་ཟངས་དཀར། ནུབ་ར་། ཏུར་ཏུཀ་སོགས་སུ་ཆིབས་སྒྱུར་གྱིས་བཀའ་ཆོས་དང་ཚེ་དབང་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གཏན་འཁེལ་བ་མ་ཟད། རིང་མིན་ཟླ་ ༧ ཚེས་ ༦ སྟེ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་ལྷ་དབྱར་གསོལ་ཉིན་མགོན་པོ་༸གང་ཉིད་དབུ་བཞུགས་ཐོག་སླེ་ཞི་བའི་ཚལ་དུ་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་གཏན་འཁེལ་དོན་ལྟར། ལ་དྭགས་ས་ཕྱོགས་གང་ས་ནས་མང་ཚོགས་སྟོང་ཕྲག་དུ་མ་འདུ་འཛོམས་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་སྐུ་ཞབས་ Liu Xiaobo ལགས་ཀྱི་གནས་སྟངས་ལ་ཐུགས་གསོ་མཛད་་འདུག

ཁ་སང་ཟླ་ ༦ ཚེས་ ༢༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གཞུང་གི་བཙོན་ཁང་ནང་མཆིན་པའི་སྐྲན་ནད་ཕོག་རྐྱེན་སྨན་བཅོས་ཆེད་གློད་བཀྲོལ་ཐོབ་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེའི་ནང་ངོས་རང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་བཙོན་ཁང་ནས་གློད་བཀྲོལ་ཐོབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡང་། དེ་མཚུངས་ཁོང་ལ་འབྲས་ནད་ཀྱི་ནད་གཞི་ཕོག་སྟབས་འཕྲོད་བསྟེན་གྱི་གནས་སྟངས་སྐྱོ་བོ་ཆགས་པར་ཐུགས་ཕམ་ཆེན་པོ་བྱུང་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་ནས་སྐུ་ཞབས་ Liu Xiaobo ལགས་ནི་རྒྱ་གཞུང་གིས་ཉེས་མེད་འཛིན་བཟུང་བཙན་ཁྲིད་བྱས་པའི་ཆབ་སྲིད་བཙོན་པ་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་དང་། ཁོང་གིས་ད་བར་སྐུ་ལས་དང་སྡུག་སྦྱོང་ཚད་མེད་མྱངས་པ་དེ་དག་གིས་རྒྱ་ནག་དེ་ཞི་བདེ་ལྷིང་འཇགས་ལྡན་པའི་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཞིག་ཏུ་འགྱུར་རྒྱུ་སྤྱི་དང་སྒོས་འཛམ་གླིང་སྤྱིའི་ཞི་བདེ་ལ་ཕན་པའི་ཐུགས་རེ་མཛད་འདུག གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Liu Xiaobo ལགས་ཀྱིས་དེ་སྔ་མཚན་རྟགས་བསྐྱོན་པའི་རྒྱ་ནག་གི་མང་གཙོ་བཅོས་བསྒྱུར་དང་རང་དབང་། དེ་བཞིན་ཁྲིམས་ལུགས་དབང་འཛིན་སོགས་དང་འབྲེལ་བའི་ཁྲིམས་འཆར་ཨང་ ༨ ཞེས་པ་དེ་མགོན་པོ་༸གང་ཉིད་མཆོག་ཙམ་མ་ཟད། རྒྱ་རིགས་ཤེས་ལྡན་མི་སྣ་མང་དག་ཞིག་ལ་སེམས་འགུལ་ཐེབས་ཐུབ་པ་བྱུང་ཡོད་སྐོར་སོགས་བཀའ་འགྲེལ་དང་སྦྲགས། མགོན་པོ་མཆོག་ནས་རྣམ་ཀུན་སྐུ་ཞབས་ Liu Xiaobo ལགས་ཀྱི་འཕྲོད་བསྟེན་དང་བདེ་ཐབས་ཐོག་ཐུགས་སྨོན་གནང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་ནས་ཡིན་ནས་སྐུ་ཞབས་ Liu Xiaobo ལགས་ཀྱི་འཕྲོད་བསྟེན་སྨན་བཅོས་སླད་དགོས་ངེས་ཀྱི་མཐུན་འགྱུར་ལེགས་ཤོས་དེ་སྦྱོར་རྒྱུ་དང་། སྨན་བཅོས་ཁག་ལམ་ལྷོང་ཡོང་བར་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག གཞི་རྩའི་ཟླ་བ་འདིའི་ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་སྐུ་ཞབས་ Liu Xiaobo ལགས་སྨན་བཅོས་ཀྱི་ཐོབ་ཐང་འོག་བཙོན་གྲོལ་བཏང་པའི་གནས་ཚུལ་ཡོངས་ཁྱབ་བྱུང་རྗེས། ཨ་རིས་གཙོས་པའི་རྒྱལ་སྤྱིའི་གཞུང་དང་ཚོགས་པ། དེ་བཞིན་ལས་འགུལ་བ་སོགས་མང་པོ་ཞིག་ནས་སྐུ་ཞབས་ Liu Xiaobo ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཐད་ལ་སེམས་ཚབས་དང་སྦྲགས། རྒྱ་ནག་གཞུང་ནས་སྐུ་ཞབས་ Liu Xiaobo ལགས་ལ་རང་ཉིད་ཀྱི་འདོད་མོས་ལྟར་རྒྱ་ནག་ནང་ཙམ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ཏུ་སྨན་བཅོས་ཆེད་བསྐྱོད་རྒྱུར་ཐོབ་ཐང་སྤྲོད་དགོས་པ་དང་། ཟང་བཙོན་འོག་ཡོད་པའི་ཁོང་གི་བཟའ་ཟླ་ Liu Xia ལགས་ཀྱང་འཕྲལ་དུ་གློད་བཀྲོལ་བཏང་དགོས་པའི་ཞུ་འབོད་རིམ་པ་གནང་ཡོད་པ་རེད།

བོད་པའི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་འགོག་རྐྱེན་འཕྲད་བཞིན་ཡོད་ནའང་གོ་སྒྲིག་ཚོགས་ཆུང་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག

ཟླ་བ་རྗེས་མའི་ཕྱི་ཚེས་ ༧ ནས་ཁེ་ན་ཌ་ནང་ Vancouver International Soccer festival ཞེས་ཁུལ་དེའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་འདྲ་མིན་དབར་ལ་རྩེད་འགྲན་ཞིག་ཚོགས་འཆར་ཡོད་པ་ལྟར། ཁེ་ན་ཌའི་ BC Soccer བོུའི་རུ་ཁག་ནས་བོད་པའི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཆ་རྐྱེན་འདྲ་མིན་བཏོན་ནས་འགོག་རྐྱེན་བཟོ་བཞིན་ཡོད་སྟབས། རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་ཁེ་ན་ཌའི་ BC Soccer རུ་ཁག་དང་འབྲེལ་ལམ་ཡོངས་སུ་བཅད་ནས་བོད་པའི་བེུད་རུ་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་གྱིས་རྒྱབ་སྐྱོར་གནང་འདུག གནད་དོན་འདིའི་སྐོར་ལ་ CBC བརྒྱུད་ལམ་སྟེང་གནས་ཚུལ་ཐོན་པར། ཐེངས་འདིའི་རྩེད་འགྲན་ཉིན་དང་པོའི་ཐོག་ཁེ་ན་ཌའི་ BC Soccer བོུའི་རུ་ཁག་དེ་ཉིད་དང་བོད་པའི་བོུའི་རུ་ཁག་གཉིས་དབར་ལ་འགྲན་བསྡུར་གནང་གཏན་འཁེལ་ཡོད་པ་དང་འབྲེལ། ཉིན་ཤས་གོང་ Canadaའི་ BC བོུའི་རུ་ཁག་ནས་གོ་སྒྲིག་ཚོགས་ཆུང་ལ་བོད་པའི་བེུད་རྩེད་འགྲན་པ་ཚོའི་མིང་དང་བོད་ཀྱི་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཆོག་མཆན་བཀའ་འཁྲོལ་ཡིག་ཆ་ཁག་སོགས་བསྟན་དགོས་པའི་ཆ་རྐྱེན་ཁག་ཅིག་བཏོན་ཡོད་པ་རེད་འདུག འོན་ཀྱང་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་གཙོ་འཛིན་སྐུ་ཞབས་ Adri Kamael ལགས་ནས་རྩེད་འགྲན་འདི་ནི་མི་རིགས་དང་རྒྱབ་ལྗོངས། ཡིག་ཆ་ཇི་ཡོད་སོགས་ལ་མ་ལྟ་བར་གུས་བརྩི་དང་འདྲ་མཉམ་གྱི་ལྟ་གྲུབ་གཙོ་བོར་བཞག་ནས་འགྲོ་གི་ཡོད་སྟབས། ཁེ་ན་ཌའི་བོུའི་རུ་ཁག་གི་བཏོན་པའི་ཆ་རྐྱེན་ཁག་ལ་ངོས་ལེན་གནང་ཐབས་མེད་པ་མ་ཟད། རུ་ཁག་དེ་ཉིད་རྩེད་འགྲན་ཁོངས་སུ་མ་ཞུགས་རོགས་ཞེས་ལན་འདེབས་གནང་འདུག ལྷག་པར་དུ་སྐུ་ཞབས་ Adri Kamael ལགས་ཀྱིས་བརྒྱུད་ལམ་དེའི་ཐོག་ད་རེས་བོད་པའི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་དེ་Canada ནང་དུ་འཛམ་གླིང་ཁག་ཅིག་གི་བོུའི་རུ་ཁག་དང་མཉམ་དུ་ཐེངས་དང་པོ་འགྲན་བསྡུར་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག ད་དུང་ VISF རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་ཁོང་ཚོར་གནོན་ཤུགས་དང་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་རུང་། འདི་ལོའི་རྩེད་འགྲན་དེ་དུས་ཚོུད་དང་ས་གནས་ཆ་བགོས་ལྟར་འགྲི་རྒྱུ་ཡིན་པ་ལས་འགྱུར་བ་གང་ཡང་མེད་པའི་ཐོག ཕྱི་ཟླ་༧ ཚེས་༧ཏེ་ཉིན་དང་པོར་ བོད་པའི་བེུད་རུ་ཁག་དང་ཁེ་ན་ཌའི་ BC Soccer རུ་ཁག་དབར་རྩེད་འགྲན་གནང་རྒྱུ་ཡིན་ཞེས་གསུངས་འདུག རྩ་བའི་ཨ་རི་བ་ཁེ་སི་ལགས་ནས་སྣེ་ཁྲིད་པའི་ཐེངས་འདིའི་བོད་པའི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་དེ་སྔ་ཨ་རིར་སྐྱོད་རྒྱུར་མཐོང་མཆན་ཐོབ་མེད་ནའང་། ད་རེས་རྩེད་འགྲན་པ་བོུ་ ༡༤  ཡོད་པ་རྣམས་ལ་ཁེ་ན་ཌར་བསྐྱོད་རྒྱུའི་མཐོང་མཆན་ཐོབ་ཡོད་པ་མ་ཟད། ཕྱི་རྒྱལ་དུ་རྒྱལ་ཁབ་འདྲ་མིན་གྱི་རུ་ཁག་དང་མཉམ་དུ་འགྲན་བསྡུར་ཐེངས་དང་པོ་གནང་གི་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་ཨ་རི་བ་ Cassie ལགས་ནས་སྣེ་ཁྲིད་པའི་རུ་ཁག་དེ་ནི་མི་སྒེར་ཞིག་བཙུགས་པའི་རུ་ཁག་ཅིག་ལས་བོད་རྒྱལ་ཡོངས་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་ཏུ་ངོས་འཛིན་གནང་གི་མེད་པ་རེད།        

ཉེན་རྟོག་དམག་མི་ཕོན་ཆེ་འགྲེམས་འཇོག་འོག་ཞི་ཅིང་ཕིང་ཧོང་ཀོང་དུ་འབྱོར་འདུག

ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་གོ་གནས་བཟུང་ནས་ཧོངཀོང་ནང་གཞུང་འབྲེལ་གྱི་སྐོར་བསྐྱོད་ཐེངས་དང་པོ་དེ་བྱེད་པའི་ཁྲོད་ ཉེན་རྟོག་དམག་མི་ཕོན་ཆེ་འགྲེམས་འཇོག་འོག་ཡོང་དགོས་བྱུང་འདུག དེའང་རེས་གཟའ་སྤེན་པ་ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་རྒྱལ་ཁབ་དེ་བཞིན་དེ་སྔ་ཕྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་གྱིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཀྱི་ཡོད་པ་རེད། འོན་ཀྱང་ཉེ་བའི་ལོ་ཤས་ནང་ཁུལ་དེའི་ནང་དུ་ Umbrella Movement ལས་འགུལ་གཙོས་པའི་ཁུལ་དེའི་མང་ཚོགས་ནས་ཧོང་ཀོང་རྒྱལ་ཁབ་དེ་རྒྱ་ནག་མངའ་འོག་རང་བཙན་དགོས་པའི་ལས་འགུལ་དང། རྒྱ་གཞུང་ནས་ཧོང་ཀོང་ལ་འཛིན་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་ད་ལན་ཞི་ཅིང་ཕིང་ཧོང་ཀོང་ནང་མ་འབྱོར་བའི་ཉིན་ཤས་སྔོན་དང། དེ་རིང་ཁོ་པ་ཧོང་ཀོང་དུ་འབྱོར་སྐབས་བཅས་ལ་ཡུལ་དེའི་མང་གཙོ་དོན་གཉེར་བ་དང་སློབ་ཕྲུག་སོགས་ནས་ཞི་ཅིང་ཕིང་དང་རྒྱ་གཞུང་ནས་ཧོང་ཀོང་ལ་མང་གཙོ་དང་རང་དབང་སྤྲོད་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་རེད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཧོང་ཀོང་རྒྱལ་ཁབ་ནང་ཆེས་ཐོག་མའི་གཞུང་འབྲེལ་སྐོར་བསྐྱོད་དེའི་ཁྲོད་ས་གནས་ཉེན་རྟོག་པས་ཉིན་ཤས་སྔོན་ཧོང་ཀོང་གི་སློབ་ཕྲུག་ལས་འགུལ་བའི་འགོ་ཁྲིད་ Joshua Wong འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། དེ་བཞིན་ཡོངས་གྲགས་ཡིན་པའི་ལས་འགུལ་བ་ཁག་ཅིག་སྲིད་འཛིན་ཞི་ཅིང་ཕིང་མ་འབྱོར་བའི་ཉིན་གཅིག་གི་སྔོན་ཚོད་ནས་འཛིན་བཟུང་བྱས་འདུག ཧོང་ཀོང་རང་དབང་ལས་འགུལ་བ་རྣམས་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ད་རེས་ཞི་ཅིང་ཕིང་གི་ཧོང་ཀོང་ནང་གི་སྐོར་བསྐྱོད་བྱེད་ཡུལ་ས་ཚིགས་ཚང་མར་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་རྒྱུ་ཡིན་པ་དང། ལྷག་པར་དུ་ཟླ་ ༧ ཚེས་ ༡ ཉིན་ ཧོང་ཀོང་གི་རྒྱལ་ཁབ་དེ་དབྱིན་ཇིའི་མངའ་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའིདུས་དྲན་མཛད་སྒོ་དང་བསྟུན་མཛད་སྒོ་ཚོགས་ཡུལ་ས་ཚིགས་སུ་རྒྱ་ནག་བཙན་གནོན་རིང་ལུགས་ལ་ངོ་རྒོལ་གྱི་གོམ་བགྲོད་གནང་རྒྱུ་རེད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཧོང་ཀོང་ནང་འབྱོར་ཡོད་པ་དང་བསྟུན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་འདས་པའི་ལོ་ ༢༠ ནང་ཧོང་ཀོང་ནང་གི་གསར་འགོད་རང་དབང་གནས་སྟངས་ཕྱོགས་བསྡོམས་ཞུས་པའི་དཔྱད་རྩོམ་ཞིག་སྤེལའདུག དེའི་ནང་རྒྱ་གཞུང་གིས་ཧོང་ཀོང་དེ་དབྱིན་ཇི་མངའ་འོག་ནས་རྩིས་ལེན་པ་ནས་བཟུང་ཁུལ་དེའི་ནང་གི་གསར་འགོད་རང་དབང་གནས་སྟངས་ཆེས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་ཅེས་བརྗོད་འདུག དེ་བཞིན་འདས་པའི་ལོ་ ༢༠ འདིའི་རིང་ལ་ཧོང་ཀོང་ནང་གི་གསར་བསྒྱུར་བརྒྱུད་ལམ་གཙོ་ཁག་རྒྱ་གཞུང་གིས་སྟངས་འཛིན་འོག་བཞག་ཡོད་པ་མ་ཟད། རྒྱ་གཞུང་དང་ལྟ་ཕྱོགས་མི་མཐུན་པའི་གནས་ཚུལ་ཁྱབ་སྤེལ་དང་སྐྱོན་བརྗོད་རིགས་སྤེལ་མཁན་གྱི་གསར་ཁང་གི་ཆོག་མཆན་ལག་འཁྱེར་མེད་པ་བཟོས་པ་དང། གཞུང་འབྲེལ་ཁག་གི་མཛད་སྒོར་ཡོང་མི་ཆོག་པ། གསར་འགོད་དང་རྩོམ་སྒྲིག་པའི་ཐོག་དྲག་གནོན་དང་སུན་གཙེར་དང་ལས་གནས་ནས་ཕྱིར་ཕུད་བཏང་བ། དེ་བཞིན་དྲ་རྒྱའི་ཐོག་གནས་ཚུལ་འགོད་སྤེལ་བྱེད་མཁན་ཐོག་དམ་དྲག་གིས་རྒྱ་ནག་གཞུང་ལ་ཟུར་ཟ་དང་འབྲེལ་བའི་དཔེ་དེབ་འགྲེམ་སྤེལ་བྱེད་མཁན་ཚོང་གཉེར་བ་ཁག་བཙན་ཁྲིད་དང་བཙན་དབང་གིས་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཞིབ་ཕྲའི་གནས་ཚུལ་ཁག་མངོན་གསལ་གནང་འདུག གཞན་ཡང་དེ་སྔ་ཧོང་ཀོང་དེ་དབྱིན་ཡུལ་གྱི་མངའ་འོག་ཏུ་ཡོད་སྐབས་དུས་དེའི་སྲིད་སྐྱོང་མཐའ་མ་སྐུ་ཞབས་ Chris Patten ལགས་ཀྱིས་དུས་ཚིགས་འདི་དང་བསྟུན་གསར་འགོད་པའི་བཅར་འདྲི་དང་ལེན་གནང་པར་ས་གནས་དེའི་རང་སྐྱོང་གི་གནས་བབ་ཉམས་རྒུད་འགྲོ་བཞིན་པར་བློ་ཚབས་ཡོད་པའི་རྣམ་པ་མངོན་གསལ་དང་སྦྲགས། རྒྱ་གཞུང་གི་ངོས་ནས་ལོ་ ༢༠ གོང་ཧོང་ཀོང་དེ་དབྱིན་ཡུལ་ནས་རྒྱ་ནག་ལ་རྩིས་སྤྲོད་སྐབས་ས་གནས་ཀྱི་ཡུལ་མི་རང་དབང་ལ་རྒྱབ་སྐྱོར་ཞུ་རྒྱུར་ཁས་ལེན་བྱས་ཡོད་ཀྱང་། ད་ཆ་དེ་ལྟར་མེད་པར་རྩིས་མེད་གཏོང་བཞིན་འདུག་ཅེས་སྐྱོན་བརྗོད་གནང་འདུག ད་དུང་ཁོང་གིས་རྒྱ་གཞུང་གིས་དེ་སྔོན་ཧོང་ཀོང་ནང་གི་དཔེ་དེབ་ཚོང་གཉེར་བ་ཁག་ཅིག་འཛིན་བཟུང་བྱས་པའི་གནད་དོན་ལུང་འདྲེན་དང་འབྲེལ། ཧོང་ཀོང་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་འབྲེལ་ལས་ཁུངས་ཁག་ནས་ཧོང་ཀོང་ས་གནས་གཞུང་གི་ལས་དོན་ཁག་ལ་ཐོག་མཐའ་བར་གསུམ་དུ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་ཀྱང་ཤུགས་ཆེ་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནང་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། དེ་རིང་ ༦ ཚེས་ ༢༨ ཉིན་སྔ་དྲོ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་རྒྱལ་ས་སླེ་བ་ཀུ་ལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་འདུག མགོན་པོ་༸གང་ཉིད་མཆོག་གནམ་ཐང་ནས་སླེའི་ཕོ་བྲང་དུ་ཆིབས་སྒྱུར་སྐབས་ཕེབས་ལམ་གྱི་གཡས་གཡོན་དུ་བོད་རིགས་གཙོས་པའི་ས་གནས་མང་ཚོགས་རྣམས་ཀྱིས་ཕྱག་ཏུ་དྭངས་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང་། གྲོ་སོ་ཕྱེ་མར་ཆང་ཕུད་བཅས་འདེགས་འབུལ་གྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་སྔོན་སྒྲིག་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཟླ་ ༦ ཚེས་ ༢༨ ནས་ཟླ་ ༨ ཚེས་ ༩ བར་ཟླ་བ་གཅིག་ལྷག་རིང་ལ་བཞུགས་ཞག་མཛད་རྒྱུ་དང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱང་རྒྱུ་ཡིན་པ་རེད། དེ་རིང་ཟླ་ ༦ ཚེས་ ༢༨ ནས་ཟླ་ ༧ ཚེས་ ༥ བར་ཞི་བའི་ཚལ་ཕོ་བྲང་དུ་སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང། ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མགོན་པོ་༸གང་ཉིད་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༢ བཞེས་པའི་༸སྐུའི་འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་དང་སྦྲགས། བོད་མི་དང་ལ་དྭགས་གཞུང་དམངས་གཉིས་ནས་སྔར་དང་མི་འདྲ་བའི་སྲུང་བརྩི་རྒྱས་པ་ཞུ་རྒྱུ་མ་ཟད། ལ་དྭགས་བསོད་ནམས་གླིང་གཞིས་སྒར་གྱི་བོད་མི་རྣམས་ནས་མགོན་པོ་༸གང་ཉིད་མཆོག་ལ་བསྟན་འགྲོའི་ཕན་བདེའི་སླད་༸སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག ད་རེས་ཀྱི་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་སྟོན་དང་བརྟན་བཞུགས་བསྟར་འབུལ་ཞུ་ཕྱིར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་གྱི་ཁྱབ་ཁོངས་ཐག་རིང་བྱང་ཐང་ཁུལ་གྱི་བོད་མི་རྣམས་ནས་༸སྐུའི་འཁྲུངས་སྐར་སྔར་ནུར་སྲུང་བརྩི་ཞུ་རྒྱུ་དང་། ཁོང་རྣམས་ནས་ཞི་བའི་ཚལ་ཕོ་བྲང་དུ་༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་མཛད་སྒོར་མཉམ་ཞུགས་གནང་གི་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་ཡོད་པ་དང་། དེའང་མགོན་པོ་མཆོག་ཐོག་མ་ལ་དྭགས་ནུབ་རར་ཆིབས་སྒྱུར་དང་དེ་རྗེས་ཟངས་དཀར་ཁུལ་དུ་ཆིབས་སྒྱུར་མཛད་གཏན་འཁེལ་འདུག ཟླ་ ༧ ཚེས་ ༡༠ ནས་ ༡༣ བར་ལ་དྭགས་ནུབ་ར་ཁུལ་དུ་ཆིབས་བསྒྱུར་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་བདེ་དགོན་བཀྲ་ཤིས་ཆོས་གླིང་དགོན་དུ་ཚོགས་རྒྱུའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་འཇུག་བསྡོམས་མཛས་སྒོར་དབུ་བཞུགས་མཛད་རྒྱུ་དང། དེ་རྗེས་ཚེས་ ༡༡ ནས་ ༡༣ བར་༸གོང་ས་མཆོག་ནས་ཁུལ་དེའི་སེར་སྐྱ་མང་ཚོགས་ལ་སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་ཚེ་དབང་བཅས་སྩལ་རྒྱུ། དེ་བཞིན་ཚེས་ ༡༤ ཉིན་ནུབ་རེའི་ཉི་འདབས་ཀྱི་ས་གནས་ Turtukདུ་ཆིབས་སྒྱུར་གྱིས་ས་གནས་མང་ཚོགས་ལ་བཀའ་སློབ་སོགས་ཀྱི་མཛད་འཆར་བསྐྱང་རྒྱུ་ཡིན་པ་དང་།  ཕྱི་ཚེས་ ༡༦ ནས་ ༡༨ བར་ཟངས་དཀར་ཁུལ་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་མ་ཟད། ཟླ་ ༧ ཚེས་ ༢༨ ནས་ ༣༠ བར་ལ་དྭགས་རྒྱལ་ས་སླེ་ཞི་བའི་ཚལ་མང་ཚོགས་ཚོར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་དང་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད་འདུག

དུས་དབང་ཐེངས་ ༣༤ པའི་དངུལ་ལྷག་མ་སྒོར་ས་ཡ་ ༣༡ མན་ཙམ་ཡོད་པ་དེ་བོད་མིའི་སྤྱི་ཚོགས་ཀྱི་བདེ་རྩར་བགོས་འགྲེམས་གནང་འདུག

དེ་རིང་ཟླ་ ༦ ཚེས་ ༢༨ ཉིན་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འདས་མ་ཐག་པ་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས་པའི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་དང་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་བཅས་ཆེད་ཕེབས་ཀྱིས་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་དངུལ་བྱུང་སོང་བསྡད་གསུམ་གྱི་མཐའ་མའི་རྩིས་ཁྲ་ཁག་གསལ་བསྒྲགས་གནང་སོང་། ཁྱོན་ཡོང་ཁུངས་བྱུང་སྒོ་བཞི་ནས་བསྡོམས་ཧིན་སྒོར་ས་ཡས་ ༣༠༣,༦༤,༡༠༣༤ དང་། འགྲོ་གྲོན་སོང་སྒོར་ ༢༡ གི་ཐོག་ནས་ཁྱོན་བསྡོམས་སྒོར་ས་ཡ་ ༢༧༢,༦༩,༢༥༩༩ གནས་འདུག་པས། དངུལ་འབོར་ལྷག་བསྡད་པ་བསྡོམས་སྒོར་ས་ཡ་ ༣༠,༩༤,༨༤༣༥ བཅས་འདུག དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་འདས་མ་ཐག་པའི་དུས་དབང་གི་དངུལ་ལྷག་མ་ཧིན་སྒོར་ས་ཡ་ ༣༡ མན་ཙམ་ཡོད་པ་ཆ་ཚང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྔོན་བསྩལ་རྩ་འཛིན་ལམ་སྟོན་ཇི་བཞིན་བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་རྩར་བགོས་འགྲེམས་གནང་ཡོད་པ་གསུངས་སོང་།  དེའི་ནང་ནས་དངུལ་འབོར་མང་ཤོས་སྒོར་ས་ཡ་བཅུ་ཐམ་པ་གདན་ས་ཁག་གི་དཔེ་འཁྲིད་དགེ་རྒན་དང་། གཞུང་ཆེན་སློབ་གཉེར་གནང་མཁན་ཁྲོད་མཆིན་པའི་གཉན་ཚད་ནད་གཞིའི་སྨན་བཅོས་ཞུ་ཆེད་དུ་བཏང་གནང་འདུག དེ་བཞིན་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་མཐུན་འགྱུར་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་སྒོར་ས་ཡ་ ༩ ལྷག་ཙམ་དང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒན་གསོ་ཁང་ཁག་གི་ཆེད་ས་ཡ་བཞི་དང་འབུམ་དགུ་ཙམ་དང་གཞན་ཡང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་གཞི་རིམ་སློབ་གྲྭ་མཐར་སོན་རྗེ་མཐོ་སློབ་སློབ་ཡོན་ཆེད་ས་ཡ་བཞི་ཐམ་པ་སོགས་དོན་ཚན་བདུན་ལ་ཆ་བགོས་གནང་འདུག ཆོས་རིག་བཀའ་བློན་མཆོག་གིས་ཐེངས་འདིའི་མཐའ་བསྡོམས་བྱུང་སོང་འབོར་དང་གསལ་བསྒྲགས་སྔ་མའི་བྱུང་སོང་ཚོད་རྩིས་ཀྱི་གྲངས་འབོར་ལ་བར་ཁྱད་ཕྲན་བུ་སོང་ཡོད་པ་དེ་ནི། གསལ་བསྒྲགས་སྔ་མའི་ནང་གི་ཕྱི་དངུལ་ཁག་ཅིག་གི་ཛ་ཐང་མཐོ་དམའ་སོང་རྐྱེན་ཐོག་མའི་ཚོད་རྩིས་ལྟར་མ་གནས་པ་སོགས་བྱུང་བའི་རྒྱུ་མཚན་ཁ་ཤས་ཡོད་པ་གསལ་བཤད་གནང་སོང་བ་དང། ཁྱད་པར་དུ་དུས་དབང་ཐེངས་ ༣༤ པའི་མཐའ་མའི་རྩིས་ཁྲ་འདི་བཞིན་ད་བར་འགོར་གཞིའི་སྐོར་ལ་འདི་ལྟར་གསུངས་གནང་སོང་། དུས་དབང་ཐེངས་ ༣༤ པའི་ཚོགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་དེ་རིང་སྔ་དྲོ་མཐའ་བསྡོམས་འགྲོ་སོང་གི་བརྒྱ་ཆ་  ༢༩ ལྷག་ཙམ་ཡོན་བདག་ཁག་གི་བསྡུ་འབབ་ཁོངས་ནས་དང་། དེ་འཕྲོས་བརྒྱ་ཆ་ ༧༠ ལྷག་ཙམ་དད་ལྡན་ཆོས་ཞུ་བ་མང་ཚོགས་ཀྱི་ཞལ་འདེབས་ཁོངས་ནས་བྱུང་འདུག་ཅེས་གསུངས་པ་དང་འབྲེལ། འདས་མ་ཐག་པའི་དུས་དབང་སྐོར་གྱི་གསལ་བསྒྲགས་དང་གསལ་བཤད་གནང་མཐར་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་ལས་དོན་ཞུ་སྒོ་མཐའ་དག་ཁྲིམས་སྒྲིག་འགྲོ་ལུགས་དང་ཡོངས་སུ་མཐུན་ཞིང་བྱ་སྤུ་གནོན་གྱི་གོ་རིམ་དང་ལྡན་པ་དང་། མང་ཚོགས་ཞབས་ཞུའི་ལས་དོན་རྣམས་ཀྱང་གནད་དུ་སྨིན་པ་བྱུང་ཡོད་ཅེས་དགའ་སྤྲོ་དང་སྤོབས་པ་ཆེན་པོས་ཞུ་འདོད་བྱུང་ཞེས་སོགས་གསུངས་ཡོད་པ་རེད། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢ ནས་ ༡༤ བར་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྐབས་འཛམ་གླིང་རྒྱལ་ཁབ་ ༩༠ ལྷག་ནས་དད་ལྡན་ཆོས་ཞུ་བ་འབུམ་གཉིས་མན་ཙམ་བཅར་ཡོད་པ་རེད།

ཨ་རིའི་གྲོགས་ཚོགས་སུ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་ཆེ་བསྟོད་ཀྱི་མཛད་སྒོ་སྔ་ནུར་ཞུས་འདུག

རིང་མིན་ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཕྱི་ལུགས་མཆོག་དགུང་གྲངས་ ༨༢ བཞེས་པའི་༸སྐུའི་འཁྲུངས་ལྷ་དབྱར་གསོལ་འཁེལ་གྱི་ཡོད་པ་དང་བསྟུན། ཁ་སང་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གཉིས་ཀྱིས་རྐང་འགན་བཞེས་ཐོག་ཡུལ་དེའི་གྲོས་ཚོགས་ནང་དུ་མགོན་པོ་༸གང་ཉིད་མཆོག་ལ་ཆེ་བསྟོད་ཀྱི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་ནུར་སྲུང་བརྩི་ཞུས་འདུག མཛད་སྒོའི་ཐོག་ཨ་མི་རི་ཀའི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་ Nancy Pelosi མཆོག་གཙོས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Sensenbreaner མཆོག་དང་སྐུ་ཞབས་ Jim McGovern མཆོག་སོགས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་བཅུ་གཉིས་ལྷག་དང་ཨ་མི་རི་ཀའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་སྐུ་ཞབས་ Keith Harper མཆོག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་སྐུ་ཞབས་ Richard Gere ལགས་དང་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Matteo Mecacci མཆོག གཞན་ཡང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་དང་བོད་རིགས་བཅས་ཁྱོན་མང་ཚོགས་གསུམ་བརྒྱ་ལྷག་ནས་མཉམ་ཞུགས་གནང་འདུག སྐབས་དེར་ལྕམ་སྐུ་ Nancy Pelosi མཆོག་གིས་གཙོས་པའི་གྲོས་ཚོགས་འཐུས་མི་རྣམས་ནས་རིམ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དང་འབྲེལ་བའི་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Jim McGovern མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་རང་ཉིད་ཀྱི་ཆབ་སྲིད་ཚོགས་པ་དང་མངའ་སྡེ་སོགས་ཀྱི་དབྱེ་བ་མེད་པར་བསམ་པ་གཅིག་མཐུན་ཐོག་ནས་མཉམ་འཛོམས་ཀྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་འདི་ནི་ཨ་རིའི་གྲོས་ཚོགས་དང་མི་དམངས་ཀྱི་ངོས་ནས་མགོན་པོ་མཆོག་ལ་གུས་བརྩི་དང་ཆེ་མཐོང་། ལྷག་དོན་དུ་མགོན་པོ་མཆོག་གི་བྱམས་བརྩེ་དང་ཞི་བདེ་སོགས་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་ཁག་ལ་ཡིད་ཆེས་ཞུ་བཞིན་པའི་རྣམ་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་དང་འབྲེལ། ༸གོང་སམཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་སྐྱབས་བཅོལ་དུ་གནས་བཞིན་པའི་བོད་མི་རྣམས་རང་ཉིད་ཀྱི་ཕ་ཡུལ་དུ་ཕྱིར་ལོག་ཐུབ་ནས་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ཁག་རང་དབང་ངང་ལོངས་སུ་སྤྱོད་རྒྱུའི་རང་དབང་གང་མགྱོགས་ཐོབ་པའི་རེ་བ་ཡོད་ཅེས་གསུངས་འདུག དེ་བཞིན་སྐུ་ཞབས་ Richard Gere ལགས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཨ་རིའི་གྲོས་ཚོགས་འཐུས་མི་སྤྱི་དང་ལྷག་པར་དུ་གྲོས་ཚོགས་འཐུས་མི་དང་བོད་ཀྱི་གནད་དོན་དབར་ལ་རྒྱུན་དུ་ཕྱག་ལས་གནང་མཁན་གྱི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་། མགོན་པོ་༸གང་ཉིད་མཆོག་གང་མགྱོགས་རྒྱལ་ས་ལྷར་ཡོད་པའི་པོ་ཏ་ལའི་གཟིམས་ཆུང་ནང་དུ་གདན་འདྲེན་ཞུ་རྒྱུར་མུ་མཐུད་ཕྱག་ལས་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་ཀྱིས་གཙོས་པའི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་དང་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས། དེ་བཞིན་ཚོགས་པ་དེའི་ལས་བྱེད་དང་ཨ་རི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་བཅས་ནས་ཨ་རིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་དྲུག་དང་གྲོས་ཚོགས་ཀྱི་སྔོན་རྩིས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ Harold Rogers ལགས། ལས་བྱེད་ཁག་ཅིག་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་དང་། ལྷག་པར་དུ་ཨ་རི་གཞུང་ནས་བོད་དོན་ཐོག་གནང་བཞིན་པའི་མ་དངུལ་དང་ལས་འཆར་སོགས་ཀྱི་ཐོག་ལ་གྲོས་བསྡུར་གནང་འདུག་པ་དང་། སྐབས་དེར་ཨ་རི་གྲོས་ཚོགས་ཀྱི་སྔོན་རྩིས་བསྐྱར་ཞིབ་ཚོགས་ཆུང་གི་ངོས་ནས་ཨ་རི་གཞུང་ནས་བོད་ཐོག་གནང་བཞིན་པའི་མ་དངུལ་དང་ལས་འཆར་ཁག་མུ་མཐུད་གནང་རྒྱུར་རྒྱབ་སྐྱོར་ཡོད་པ་སོགས་གསུངས་འདུག

སྐུ་ཞབས་ Liu Xiaobo ལགས་བཙོན་གྲོལ་ཐོབ་ཀྱང་ཁོང་གི་འཕྲོད་བསྟེན་ཐོག་བློ་ཚབས་ཆེན་པོ་གནང་བཞིན་འདུག

ཁ་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་སྨན་བཅོས་ཀྱི་ཐོབ་ཐང་འོག་བཙོན་ཁང་ནས་གློད་བཀྲོལ་བཏང་པའི་གནས་ཚུལ་ཡོངས་ཁྱབ་གནང་ཡོད་པ་མ་ཟད། ཁོང་གི་གཅེན་པོ་ Liu Xiaoguang ལགས་དང་ཁྲིམས་རྩོད་པ་ Mo Shaoping ལགས་རྣམ་གཉིས་ཀྱིས་གསར་ཁང་ཁག་གི་བཅར་འདྲིར་དང་ལེན་གནང་པར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་སྐུ་ཞབས་ Liu Xiaobo ལགས་ལ་མཆིན་པའི་སྐྲན་ནད་ཕོག་ཡོད་པ་ཤེས་རྗེས་རྒྱ་གཞུང་གིས་ཁོང་ལ་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་བཏང་དོན་ལྟར་ད་ལྟའི་ཆར་ཁོང་རྒྱ་ནག་གི་ Liaoning ཞིང་ཆེན་གྱི་གྲོང་ཁྱེར་ Shenyang ནང་དུ་སྨན་བཅོས་གནང་བཞིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། སྐུ་ཞབས་ Liu Xiaobo ལགས་ལ་འབྲས་ནད་ཕོག་ནས་བཙོན་ཁང་ནས་གློད་བཀྲོལ་བཏང་པའི་གནས་ཚུལ་དང་འབྲེལ། ཁ་སང་ནོར་ཝེ་རྒྱལ་ས་ཨོས་ལོ་ནང་དུ་རྟེན་གཞི་བྱས་པའི་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་དོན། སྐུ་ཞབས་ Liu Xiaobo ལགས་བཙོན་ཁང་ནས་གློད་བཀྲོལ་ཐོབ་པར་དགའ་དགོས་པའི་གནས་སྟངས་ཤིག་ཡིན་ཀྱང་། རྒྱ་གཞུང་གིས་ཁོང་ནད་གཞི་དྲག་པོ་དེ་འདྲ་ཞིག་མ་ཕོག་གི་བར་དུ་གློད་བཀྲོལ་མ་གཏང་པ་དེ་ནི་བློ་འགྱོད་ཅན་གྱི་བྱེད་སྟངས་ཤིག་ཡིན་པ་མ་ཟད། གལ་སྲིད་རྒྱ་གཞུང་གིས་ཁོང་གི་སྨྲ་བརྗོད་རང་དབང་སོགས་ལ་དམ་དྲག་གིས་བཙོན་འཇུག་བྱས་མེད་ཚེ་གནས་སྟངས་དེ་ལྟར་ཡོང་མི་སྲིད་པ་ཞིག་ཀྱང་རེད་ཅེས་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་ནས་སྐུ་ཞབས་ Liu Xiaobo ལགས་ཀྱི་སྨན་བཅོས་ཐད་ལ་མཐུན་འགྱུར་གང་ལེགས་གནང་དགོས་པ་མ་ཟད། ལྷན་ཚོགས་དེའི་ངོས་ནས་སྐུ་ཞབས་ Liu Xiaobo ལགས་གང་མགྱོགས་ཨོས་ལོ་ནང་དུ་དེ་སྔ་ ༢༠༡༠ ལོར་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ནས་ཁོང་ལ་ཕུལ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་དེ་བཞེས་པར་ཕེབས་རྒྱུའི་མགྲོན་བརྡ་ཡང་བཏང་འདུག གཞན་ཡང་ཁ་སང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ཀྱང་ཡོངས་ཁྱབས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨ་རིའི་སྲིད་འཛིན་སྐུ་ཞབས་ཊམ་མཆོག་ནས་སྐུ་ཞབས་ལི་ཞའོ་བོ་ལགས་དང་ཁོང་གི་སྐུ་ཟླ་ Liu Xia ལགས་རྣམ་གཉིས་འཕྲོད་བསྟེན་དང་བདེ་འཇགས་སོགས་ལ་དམིགས་ཏེ་འཕྲལ་མར་ཨ་རིར་སྨན་བཅོས་ཆེད་དུ་གཞི་སྤེས་ཐུབ་ཐབས་གནང་དགོས་པ་གསུངས་པ་མ་ཟད། ལྷག་པར་དུ་ད་ལྟའི་ཆར་སྐུ་ཞབས་ Liu Xiaobo ལགས་ལ་མཆིན་པའི་འབྲས་ནད་ཕོག་པས་སྨན་བཅོས་ཆེད་གློད་བཀྲོལ་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་སྨན་བཅོས་ཀྱི་དུས་ཡུན་དང་། ཁོང་ལ་ནད་གཞི་ནམ་ཕོག་ཡོད་མེད། དེ་བཞིན་ཁོང་གི་སྐུ་ཟླ་བཟང་བཙོན་འོག་ནས་གློད་བཀྲོད་གཏང་མིན་གྱི་གནས་སྟངས་ཐོག་གསལ་ཁ་གང་ཡང་མེད་སྟབས་དེ་ནི་དྲི་བ་གནད་ཆེ་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་། ད་དུང་ཁོང་གིས་སྐུ་ཞབས་ Liu Xiaobo ལགས་བཙོན་ཁང་ནང་འདས་གྲོངས་སུ་འགྱུར་རྒྱུའི་ནག་ཉེས་ནས་མཐར་ཐབས་བྱས་པའི་གཡོ་སྒྱུ་ཞིག་རེད་ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་ཆོས་སྒྲོན་ལགས་ཀྱིས་སྐུ་ཞབས་ Liu Xiaobo ལགས་ཀྱི་གནས་སྟངས་དེ་ཡིད་སྐྱོ་དགོས་པ་ཞིག་དང་། ཁོང་ཡུན་རིང་འཚོ་ཐུབ་མིན་ཐད་ལ་སེམས་ཚབས་ཆེན་པོ་ཡོད་པ་གསུངས་སོང་། དེ་བཞིན་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ལ་སྐུ་ཞབས་ Liu Xiaobo ལགས་ཀྱི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་འདོན་སྤེལ་གནང་ཡོད་སྟབས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་སྐུ་ཞབས་ Liu Xiaobo ལགས་ཀྱི་གནས་སྟངས་ཐད་ལ་གདུང་སེམས་མཉམ་བསྐྱེད་དང་རེ་བ་བཟང་ས་ནས་གནང་བཞིན་ཡོད་པ་གསུངས་ཡོད། ཞི་རྩའི་སྐུ་ཞབས་ Liu Xiaobo ལགས་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ཀྱི་ཐད་ལ་ཕྱག་ལས་བསྟུད་མར་གནང་སྟབས། རྒྱ་གཞུང་གིས་ ༢༠༠༩ ལོར་ཁོང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་བཅུ་གཅིག་རིང་བརྩོན་འཇུག་གི་ཁྲིམ་ཐག་བཅད་ཡོད་པ་དང་། རྒྱ་གཞུང་གིས་ཁོང་གི་བཟའ་ཟླ་ Liu Xia ལགས་ཀྱང་བཟང་བཙོན་འོག་ཏུ་བཞག་ཡོད་པ་རེད།

Latest news