Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་བཙུན་མ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་འདུག

ཡང་ཉེ་ཆར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་བཙན་བྱོལ་ནང་གི་བོད་མི་ཞིག་གིས་བོད་ནས་འབྱོར་བའི་བརྙན་ཐུང་གཅིག་འདོན་སྤེལ་གནང་པ་དང་སྦྲགས། བོད་ནང་གི་ད་ལྟའི་ཡིད་སྐྱོ་བའི་གནས་སྟངས་ཇི་འདྲ་ཡོད་མེད་དངརྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྣམས་རིམ་བཞིན་རྩ་མེད་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག ད་དུང་བོད་མི་དེས་བརྙན་ཐུང་གཟིགས་མཁན་ཚོས་སྨོན་ལམ་གང་མང་གསོག་སྒྲུབ་དང་བརྙན་ཐུང་དེ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བརྒྱུད་བསྒྲགས་རྒྱ་གང་ཆེ་གནང་དགོས་པར་འབོད་སྐུལ་ཞུས་འདུག བརྙན་ཐུང་དེའི་ནང་དུ་བཙུན་མ་རྣམས་ལ་རྒྱ་གཞུང་གི་དམག་ཆས་གྱོན་བཅུག་པ་དང་ཁོང་རྣམས་ལ་བོད་སྐད་ཐོག་བོད་རྒྱ་གཉིས་ཨ་མ་གཅིག་གི་ཕྲུ་གུ་ཡིན་ཅེས་པའི་གླུ་གཞས་བཏང་བཅུག་པ་མངོན་རྒྱུ་འདུག་པ་དང་འདི་བཞིན་བཙུན་མ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པའི་བརྒྱུད་དམག་གི་སྦྱོང་བརྡར་གནང་བཅུག་ཡོད་འདུག འདི་ག་རླུང་འཕྲིན་ཁང་གིས་བརྙན་ཐུང་དེ་ས་གནས་གང་ནས་བརྙན་ལེན་པ་དང་དུས་ཚོད་སོགས་གང་ཡིན་ཞིབ་རྟོག་བྱས་ཀྱང་ད་ལྟའི་ཆར་ཤེས་རྟོགས་གང་ཡང་བྱུང་མ་སོང་། ཡང་དེའི་བར་ན་ཁ་ཉིན་ཕྱི་ཚེས་ ༢༨ ཉིན་ཨ་རིའི་ NewYorkTimes གསར་ཁང་གི་དྲ་གནས་ཐོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་བཅའ་བཞུགས་གསར་ཁང་དེའི་རྩོམ་སྒྲིག་པ་ EdwardWong ལགས་ཀྱིས་ད པྱད་རྩོམ་ཞིག་འདོན་སྤེལ་གནང་འདུག་པ་དང། སྐུ་ཞབས་ EdwardWong ལགས་ཀྱིས་འདི་ལོ་ཟླ་ ༧ ཚེས་ ༢༠ ནས་བླ་རུང་སྒར་དུ་རྒྱ་གཞུང་གིས་གྲྭ་ཤག་གཏོར་བཤིག་གི་ལས་དོན་མགོ་བཙུགས་དང་འབྲེལ། ཁུལ་དེེའི་གཡས་ཡོན་དུ་ཉེན་རྟོག་པའི་དགག་སྒོ་བཟོས་སྟེ་ཕྱི་རྒྱལ་མི་སྣ་སུ་ཞིག་ནང་དུ་གཏང་གི་མེད་པ་ལྟར། ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ཁོང་དང་ཁོང་གི་ཕྱག་རོགས་ཞིག་ཉེན་རྟོག་མི་སྣ་མེད་པ་དང་བསྟུན་དགག་སྒོ་བརྒྱུད་ནས་བླ་རུང་སྒར་དུ་ཆེད་ཕེབས་གནང་འདུག ཁོང་གཉིས་ནས་བླ་རུང་སྒར་དུ་རྒྱ་གཞུང་གིས་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ་དང། དགོན་པའི་གྲྭ་བཙུན་རྣམས་ཀྱིས་གཏོར་བཤིགས་ཟིན་པའི་རང་ཉིད་ཀྱི་དངོས་ཆས་རྣམས་འཁྱེར་ནས་ས་གནས་གཞན་དུ་བསྐྱོད་སྒྲིག་གནང་བཞིན་པ་སོགས་ཀྱི་འདྲ་པར་དང་བརྙན་པར་ཁག་ཅིག་བླངས་པ་མ་ཟད། ཁུལ་དེར་ཡོད་པའི་མི་སྣ་ཁག་ཅིག་ལ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་ཀྱང་ཐོབ་འདུག འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་འབྲེལ་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ལྟ་ན། ས་གནས་དམར་ཤོག་ཚོགས་པའི་ལས་བྱེད་པ་ HuaKe ཟེར་བ་ཞིག་གིས་རྒྱ་གཞུང་གིས་མི་འབོར་ཧ་ཅང་ཆེན་པོ་ཡོད་པའི་བླ་རུང་སྒར་དུ་མེ་སྐྱོན་སོགས་ཀྱི་དཀའ་ངལ་མི་ཡོང་སླད་ལམ་ཁ་བཟོ་བསྐྲུན་སོགས་ཆ་རྐྱེན་ཡར་རྒྱས་གཏང་འཆར་གྱི་ལས་གཞིས་སྤེལ་བཞིན་པ་ལས། གྲྭ་ཤག་གཏོར་བཤིག་གཏོང་རྩིས་མེད་ལུགས་བརྗོད་ཡོད།  NewYork གསར་ཤོག་ཐོག་ལ་ཕྱི་ཟླ་ ༧ པའི་ཟླ་མཇུག་ནས་རྒྱ་གཞུང་གིས་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་གཏོང་མགོ་བཙུགས་དོན་ལྟར། འདི་ལོའི་ཕྱི་ཟླ་ ༡༠ པའི་བར་གྲྭ་བཙུན་ ༡༠༠༠ ཙམ་ཕྱིར་ཕུད་བཏང་ཟིན་ཡོད་པ་མ་ཟད། བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་༼བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གསོའི་སྒོ་ནས་རང་ཡུལ་མངགས་པའི་ཇོ་སེར་རྣམས་ཀྱི་དམ་བཅའ་ཡི་གེ་༽ ཞེས་བོད་རྒྱ་གཉིས་ཀྱི་ཐོག་ལ་འཁོད་པའི་དམ་བཅའ་བའི་ཡི་གེ་ཞིག་སྟེང་དུ་སླར་བླ་རུང་སྒར་དུ་ཕྱིར་ལོག་གནང་རྒྱུ་མིན་ཅེས་པའི་མཚན་རྟགས་བཀོད་བཅུག་ཡོད་པ་རེད། དེ་བཞིན་བླ་རུང་སྒར་དུ་གནས་བསྡོད་བྱེད་མཁན་གྲྭ་བཙུན་ཁག་ཅིག་གིས་རང་གི་གྲྭ་ཤག་གཏོར་བཤིག་གཏང་རྒྱུ་ཡིན་པའི་ཐད་ལ་སེམས་འཚབ་ཆེན་པོ་གནང་བཞིན་འདུག རྩ་བའི་ བླ་རུང་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་ལ་༼བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་གསོའི་སྒོ་ནས་རང་ཡུལ་མངགས་པའི་ཇོ་སེར་རྣམས་ཀྱི་དམ་བཅའ་ཡི་གེ་༽ ཞེས་བོད་རྒྱ་གཉིས་ཀྱི་ཐོག་ལ་འཁོད་པའི་དམ་བཅའ་བའི་ཡི་གེ་ཞིག་སྟེང་དུ་སླར་བླ་རུང་སྒར་དུ་ཕྱིར་ལོག་གནང་རྒྱུ་མིན་ཅེས་པའི་མཚན་རྟགས་བཀོད་བཅུག་ཡོད་པ་དང་།  དམ་བཅའ་བའི་ཡི་གེ་དེའི་ནང་འཁོད་དོན། གསེར་རྟ་རྫོང་ལྔ་རིག་ནང་བསྟན་སློབ་གླིང་གི་དྲིལ་བསྒྲགས་སྒྲིག་བཅོས་ལས་དོན་གྱི་བླང་བྱ་ལྟར། ང་རང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཁ་བྲལ་ཏེ་ཕ་ཡུལ་དུ་སླེབས་རྗེས། སྔར་ལྟར་རྒྱལ་གཅེས་ཆོས་གཅེས་དང། སྡོམ་སྲུང་། ཁྲིམས་བརྩི་བྱེད་པ་མ་ཟད། ཕྱིར་བླ་རུང་སྔ་རིག་ནང་བསྟན་སློབ་གླིང་དུ་འོང་ནས་གཏན་སྡོད་མི་བྱེད་པའི་དམ་བཅའ་བཞག་འདུག ཁོང་རྣམས་རང་སོ་སོའི་ཕ་ཡུལ་དུ་འབྱོར་སྐབས་སུའང་རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་བྱེད་བཞིན་ཡོད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པ་དེར་དང་ལེན་མ་བྱེད་ཚེ་ལོ་ ༥ བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་རྒྱུའི་ཉེན་བརྡ་བཏང་པའི་གནས་ཚུལ་ཐོན་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་ལ་དྲང་བདེན་གྱི་ཐག་གཅོད་ཡོང་བའི་ཞུ་གཏུགས་གནང་བ།

བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་ཁག་ཅིག་ནས་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་ཚབ་ཁང་འདྲ་མིན་དུ་ཆེད་བཅར་གྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་འདས་གྲོངས་སུ་གྱུར་རྒྱུ་རྐྱེན་གང་ཡིན་ཁ་གསལ་དང་དྲང་བདེན་གྱི་ཐག་གཅོད་དགོས་པ། དེ་བཞིན་རིན་པོ་ཆེ་མཆོག་གི་སྲིང་མོ་གཉིས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་ཞུ་གཏུགས་གནང་འདུག དེ་ཡང་གཟའ་འཁོར་འདིའི་རེས་གཟའ་ཟླ་བ་ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པའི་ཚོགས་མི། རིན་པོ་ཆེའི་དགེ་ཕྲུག་གྲྭ་ཚེ་རིང་རྡོ་རྗེ་ལགས་བཅས་ཀྱིས་རྒྱལ་ས་ལྡི་ལི་ནང་ཡོད་པའི་གཞུང་ཚབ་ཁང་འདྲ་མིན་གྱི་སྐུ་ཚབ་མི་སྣ་ཁག་ཅིག་དང་ལྷན་མཇལ་ཞུས་ཏེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གནད་དོན་ཐོག་རྒྱ་གཞུང་ལ་འདྲི་རྩད་དང་དྲང་བདེན་གྱི་ཐག་གཅོད་བྱེད་དགོས་པ་མ་ཟད། རིན་པོ་ཆེའི་སྲིང་མོ་གཉིས་འཕྲལ་མར་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག རིན་པོ་ཆེ་མཆོག་ལ་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་ཇི་ལྟར་བྱས་པ་དང་འདི་བཞིན་བཙན་འཁྲིད་འོག་འཛིན་བཟུང་བྱས་མཐར་རྒྱའི་བཙོན་ཁང་ནང་བཙན་དབང་གིས་སྐུ་བཀྲོངས་ཡོད་སྐོར་འཁོད་པའི་སྙན་ཐོ་ཞིག་ཀྱང་གཞུང་ཚབ་མི་སྣར་ཕུལ་འདུག ཐེངས་འདིའི་ཞུ་གཏུག་གི་ལས་འགུལ་དེ་ཟླ་ ༡༡ ཚེས་ ༢༧ ཉིན་འགོ་འཛུགས་ཀྱིས་ཁ་སང་ཚེས་ ༢༩ བར་གནང་འདུག་པ་དང་། ལས་འགུལ་དེའི་ཁྲོད་ཁོང་རྣམས་ནས་ཡོ་རོབ་དང་སུད་སི། དེ་བཞིན་ཨོ་སི་ཊོ་ལི་ཡ་སོགས་གཞུང་ཚབ་ཁང་ཁག་ལྔའི་ནང་དུ་ཆེད་བཅར་གྱིས་རིན་པོ་ཆེ་མཆོག་གི་གནད་དོན་གཙོས་པའི་འཛིན་བཟུང་འོག་བཀག་བསྐྱིལ་བྱས་པའི་རིན་པོ་ཆེའི་སྲིང་མོ་གཉིས་ད་ཆ་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་སྙན་གསེང་ཞུས་འདུག སྐབས་དེར་གཞུང་ཚབ་པ་རྣམས་ནས་རིན་པོ་ཆེ་རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་སྐུ་གྲོངས་པའི་གནད་དོན་ཐད་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། རིན་པོ་ཆེའི་སྲིང་མོ་གཉིས་མགྱོགས་མྱུར་གློད་གྲོལ་ཡོང་ཐབས་སུ་རྒྱབ་སྐྱོར་གྱི་རྣམ་པ་གང་ལེགས་མངོན་གསལ་གནང་འདུག། གཞི་རྩའི་ཟླ་ ༡༡ ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་དགོངས་པ་རྫོགས་པ་དང་། དེ་བཞིན་རིན་པོ་ཆེའི་སྲིང་མོ་གཉིས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ཐད་ད་བར་རྒྱལ་ས་ལྡི་ལི་ཙམ་དུ་མ་ཟད་ཨ་རི་དང་ཁེ་ན་ཌ། དེ་བཞིན་ཧྥ་རན་སི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་སྤྱིའི་ས་གནས་འདྲ་མིན་དུ་རིན་པོ་ཆེ་མཆོག་གི་བཀྲིན་རྗེས་དྲན་དང་ཤུལ་ལུས་ནང་མི་ཉེ་འབྲེལ་ཀུན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དབུས་པའི་གྲོས་ཚོགས་འཐུས་མི་མང་དག་ཞིག་ནས་རིན་པོ་ཆེའི་གནད་དོན་ཐད་རྒྱལ་སྤྱིའི་རང་དབང་བདེན་པའི་རྟོག་ཞིབ་གནང་དགོས་པའི་དགོས་འདུན་དེར་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་ཞི་བའི་འཐབ་རྩོད་ནང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལྟ་བུ་འཐབ་རྩོད་པ་མང་པོ་ཐོན་དགོས་སྐོར་གསུངས་པ།

བོད་མི་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་རྩོམ་ཡིག་ཕྱོགས་བསྡུས་བོད་ཀྱི་ཞི་བའི་འཐབ་རྩོད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་པ་དང་འབྲེལ། ང་ཚོ་བོད་པའི་ཞི་བའི་འཐད་རྩོད་ནང་དེ་འདྲའི་ཀུན་སློང་དང་དམིགས་ཡུལ་འཛིན་མཁན་མི་མང་པོ་ཐོན་ཐུབ་པ་དགོས་ཅེས་གསུངས་སོང་། དེ་ཡང་ཁ་སང་ཟླ་ ༡༡ ཚེས་ ༢༩ ཉིན་རྒྱབ་རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་བོད་ཀྱི་འགྲོ་བའི་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་རྩོམ་ཡིག་ཕྱོགས་བསྡུས་ཕྱག་དེབ་པར་བསྐྲུན་གནང་པ་ལེགས་གྲུབ་ཟིན་པ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ལགས་དང་། མདོ་སྨད་དབུས་རྒྱུན་ཚོགས་གཙོ་གྲྭ་གངས་རི་ལགས། དེ་བཞིན་གསར་འགོད་པ་བཅས་ཕེབས་ཐོག་སྐུ་མགྲོན་གཙོ་བོ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཕྱག་དེབ་དབུ་འབྱེད་གནང་སོང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་དོན་འཐབ་རྩོད་ཐོག་བཅངས་པའི་སྙིང་སྟོབས་དང་། ཀུན་སློང་། ཆོད་སེམས། དེ་བཞིན་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་གདོང་ལེན་གནང་ཕྱོགས་བཅས་ལ་ཆེ་བསྟོད་ཞུས་པ་དང་འབྲེལ། ང་ཚོ་བོད་པའི་ཞི་བའི་འཐད་རྩོད་ནང་དེ་འདྲའི་ཀུན་སློང་དང་དམིགས་ཡུལ་འཛིན་མཁན་མི་མང་པོ་ཐོན་ཐུབ་དགོས་པ་དང་། ལྷག་པར་དུ་ང་ཚོ་དེ་འདྲའི་ཞི་བའི་འཐབ་རྩོད་ནང་ཞུགས་ཐུབ་དགོས་གལ་ཡིན་པ་རེད་ཅེས་གསུངས་སོང་། སྤྱིར་ད་རེས་པར་སྐྲུན་ཞུས་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བརྩམས་པའི་བོད་ཀྱི་ཞི་བའི་འཐབ་རྩོད་ཅེས་པ་དེའི་ནང་གཙོ་བོ། ཁོང་རང་ཀྱིས་ཞི་བའི་གོམ་བགྲོད་གནང་དགོས་པའི་རྒྱུ་མཚན་དང་། ཁོང་གི་ཕ་མ་གཉིས་དང་མཉམ་དུ་བཀའ་མོལ་གང་བྱུང་བ། ཁོ་རང་གི་བཟའ་ཟླ་དང་ཕྲུ་གུ་གཉིས་སོགས་སྐོར་ཕྱོགས་བསྡུས་གནང་པ་ཞིག་ཆགས་ཀྱི་འདུག དཔེ་དེབ་པར་སྐྲུན་ཞུ་མཁན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་དེབ་འདི་མ་འོངས་པར་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ཐད་ཡིག་ཆ་གནད་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་སོགས་གསུངས་ཡོད་པ་རེད། ཡང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལགས་ཀྱིས་ཁོང་གི་བུ་ད་རེས་དཔེ་དེབ་པར་བསྐྲུན་ལེགས་གྲུབ་ཟིན་པའི་དབུ་འབྱེད་ཐོག་དངོས་སུ་མེད་སྟབས། རང་ཉིད་ཀྱི་བུའི་ཚབ་བྱས་ཏེ་དཔེ་དེབ་དཔར་སྐྲུན་གནང་མཁན་དང་ཞུ་དག་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོང་རང་ཉིད་ཀྱི་བུ་ལ་སྤྱི་དོན་ཐོག་བསམ་པ་རྣམ་དག་དང་ཀུན་སློང་གཙང་མ་ཞིག་ཡོད་པར་ཡིད་ཆེས་བརྟན་པོ་ཡོད། དེ་ལ་རང་ངོས་ནས་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། ད་ཆ་ཁོ་རང་གི་ཤི་གསོན་མི་ཤེས་ཀྱང་ང་རང་གིས་ད་དུང་ངའི་བུས་བོད་སྤྱི་བའི་དོན་ལ་ཕན་ཐོགས་པར་སྨོན་ལམ་ཞུ་གྱི་ཡོད་ཅེས་གསུངས་སོང་། ཡང་གླིང་ཚ་ཚེ་བརྟན་རྡོ་ལགས་གར་སོང་ཆ་མེད་དུ་གྱུར་བའི་སྐབས་སྔ་རྗེས་སུ་འཚོལ་ཞིབ་གནང་མཁན་མདོ་སྨད་དབུས་རྒྱུན་ཚོགས་གཙོ་གངས་རི་ལགས་ཀྱིས་གསུངས་པར་ང་ཚོའི་འཐབ་རྩོད་འདི་ང་ཚོའི་མི་རབས་འདི་གཅིག་པུ་མིན་པར་མི་རབས་ནས་མི་རབས་བར་མུ་མཐུད་དགོས་པར་བརྟེན།  ང་ཚོའི་མི་རབས་འདིས་བོད་དོན་འཐབ་རྩོད་པ་དང་ཤེས་ཡོན་པ། ལྷག་པར་དུ་ད་ལྟའི་ཆབ་སྲིད་ཀྱི་སྡེ་ཁག་འདིའི་ཕྱོགས་སུ་ལངས་ཏེ་དཔུང་རོགས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་སྐོར་གསུངས་ཡོད། རྩ་བའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁོང་གི་ཨ་མ་སྡོམ་པོ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་བཅས་ལྷན་དུ་ཞི་བའི་གོམ་བགྲོད་ཐོག་མར་དེ་ཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་ཁོང་གིས་རྡ་ས་ནས་ལྷ་ས་བར་ཞི་བའི་གོམ་བགྲོད་དང་པོ་མགོ་བརྩམས་ཡོད་པ་དང་། དེའང་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་བཅུག་དགོས། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། བོད་མིར་རང་ཡུལ་ནས་ཆས་གོས་དང་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས། ད་ལྟ་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་མཁན་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱ་དགོས་པ་བཅས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔའི་ཐོག་རྒྱ་གར་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་ཞི་བའི་གོམ་བགྲོད་གནང་ཡོད་པ་རེད།  སྐབས་དེར་ཁོང་བལ་ཡུལ་གྱི་ས་མཚམས་ནས་བལ་ཡུལ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་ཡོད་སྟབས། སླར་ཁོང་གིས་ཕྱི་ལོ་ ༢༠༡༣ ལོའི་གསུམ་བཅུའི་དུས་དྲན་ཉིན་གོམ་བགྲོད་ཐེངས་གཉིས་པ་མགོ་བཙུགས་ནས་ཉིན་གྲངས་ ༨༩ ཕྱིན་རྗེས་ལོ་དེའི་ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་ནུབ་བྷང་གལ་མངའ་སྡེའི་ནང་ཁོང་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་གསུམ་དང་ཟླ་བ་བདུན་ལྷག་ཕྱིན་ཡོད་པ་རེད།

ཀརྨ་པ་རིན་པོ་ཆེ་མཆོག་ཨ་རུ་ནཱ་ཅལ་ནང་ཆིབས་བསྒྱུར་ཐོག་མ་བསྐྱངས་པ།

དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་དང་རྟ་དབང་རྫོང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཚེས་ ༢༦ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཁ་སང་མོན་རྟ་དབང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གཙོས་པའི་ཁུལ་དེའི་གྲོས་ཚོགས་འཐུས་མི་དང་ཚོགས་པ་ཁག་གི་སྐུ་ཚབ། ཁུལ་དེར་རྟེན་གཞི་བྱས་པའི་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་གི་མཁན་རིན་པོ་ཆེ་དབུས་པའི་ས་གནས་ཀྱི་དད་ལྡན་མང་ཚོགས་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུ་འདུག གཞི་རྩའི་ཁ་སང་ཀརྨ་པ་རིན་པོ་ཆེ་མཆོག་ཁུལ་དེར་༸ཞབས་སོར་འཁོད་མ་ཐག་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཅིག་གི་ཐོག་ལྷན་བཞུགས་གནང་པ་དང་། དགོན་པ་དེའི་སློབ་གཉེར་བ་རྣམས་ཀྱི་བརྟག་གསལ་དང་གར་ཆམ་བཅས་ལ་གཟིགས་ཞིབ་མཛད་འདུག དེ་རྗེས་ཀརྨ་པ་རིན་པོ་ཆེ་མཆོག་ཁུལ་དེར་རྟེན་གཞི་བྱས་པའི་དགེ་ལུགས་རྟ་དབང་དགོན་པར་ཆིབས་བསྒྱུར་བསྐྱངས་འདུག་པ་དང་། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་དགོན་པའི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་ནས་ཀརྨ་པ་རིན་པོ་ཆེ་མཆོག་ལ་མཎ་ཌལ་རྟེན་གསུམ་འདེགས་འབུལ་དང་སྦྲགས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། སྐབས་དེར་ཀརྨ་པ་རིན་པོ་ཆེ་མཆོག་གིས་ད་རེས་མོན་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་། ལྷག་དོན་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁང་གི་བློན་ཆེན་གཞོན་པ་ Kiran Rijiju མཆོག་རྣམ་གཉིས་ནས་ཐེངས་འདིའི་ཆིབས་བསྒྱུར་འདི་བཞིན་གོ་སྒྲིག་གནང་པར་ཐུགས་རྗེ་ཆེ་ཞེས་གསུངས་གནང་པ་དང་སྦྲགས། རྟ་དབང་དད་ལྡན་མང་ཚོགས་རྣམས་ནས་དད་པ་དང་ཡིད་ཆེས་གཡོ་བ་མེད་པར་ནང་པའི་ལྟ་གྲུབ་ཐོག་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ཁྱད་པར་དུ་དགེ་འདུན་པ་ཚོས་འདུལ་བའི་བསླབ་ཁྲིམས་སྲུང་རྒྱུ་གནད་ཆེ་ཡིན་པར་ལམ་སྟོན་སོགས་ གནང་འདུག མཛད་འཆར་ལྟར་ན། དེ་རིང་ཀརྨ་པ་རིན་པོ་མཆོག་གིས་རྟ་དབང་དགོན་པའི་ཉེ་འཁྲིས་སུ་ཆགས་པའི་རྩེད་ཐང་ཆེན་པོར་མང་ཚོགས་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བཀའ་ཆོས་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གི་ཡོད་པ་མ་ཟད། སང་ཉིན་ནས་རིན་པོ་ཆེ་མཆོག་བྷུམ་དི་ལཱ་ Bombili དང་བསྟན་འཛིན་སྒང་སོགས་ཉེ་འཁོར་ས་གནས་ཁག་ཏུ་རྟེན་གཞི་བྱས་པའི་ནང་པའི་དགོན་ཁག་ལ་གནས་གཟིགས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་གཏན་འཁེལ་ཡོད་པ་རེད། དེ་རྗེས་ཟླ་ ༡༢ ཚེས་ ༢ ཉིན་ཁུལ་དེའི་ནང་གྱི་མཛད་འཕྲིག་ཁག་ལེགས་གྲུབ་མཛད་དེ་བཞུགས་སྒར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད། ཨ་རུ་ནཱ་མངའ་སྡེའི་བློན་ཆེན་མཆོག་གིས་ཁོང་ནས་ད་རེས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཁུལ་འདིར་གདན་ཞུ་གནང་ཐུབ་པ་འདི་ནི་ཧ་ཅང་གི་བསྐལ་པ་བཟང་པོ་བྱུང་སྐོར་འགྲེལ་བརྗོད་ དང་འབྲེལ།་གཞི་རྩའི་རྒྱ་གཞུང་གིས་ཕྱོགས་ནས་ད་ལྟའི་ཆར་རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་དེའི་སྐོར་ལ་འགྲེལ་བརྗོད་གང་ཡང་བྱེད་མེད་ཀྱང། བློན་ཆེན་མཆོག་གིས་གསར་འགོད་པའི་དྲི་བར་བཀའ་ལན་གནང་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་བཅས་ནི་རྒྱ་གར་གཞུང་གི་སྐུ་མགྲོན་ཡིན་པ་དང། རྒྱ་གཞུང་གི་ངོས་ནས་རྒྱ་གར་གྱི་ནང་སྲིད་ཀྱི་གནད་དོན་ལ་ཐེ་གཏོགས་རིགས་གང་ཡང་གནང་ན་འགྲིག་གི་མ་རེད་ཅེས་གསུངས་འདུག

༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དང་སོག་ཡུལ་ནང་ཉིན་གྲངས་ ༡༩ རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། དེ་རིང་སྔ་དྲོ་ཚོུད་ ༡༠།༣༠ ཐོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། དེའང་ཁ་སང་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་ནས་རྒྱལ་ས་ལྡི་ལིར་ཆིབས་ཞལ་མ་བསྒྱུར་གོང་ཉི་ཧོང་ནང་གི་མཛད་འཆར་མཐའ་མ་དང་འབྲེལ་ Saitama སྨན་ཁང་དང་སྨན་ཁང་དེའི་སློབ་གྲྭར་ཆིབས་བསྒྱུར་མཛད་ནས་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་བ་དང་འདི་བཞིན་༸གང་ཉིད་མཆོག་དང་སློབ་གྲྭ་དེའི་དབུ་ཁྲིད་རྣམས་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༩ ནས་དབུ་འཛུགས་ཀྱིས་ ༡༧ བར་ཉི་ཧོང་གི་གྲོང་ཁྱེར་རྙིང་གྲས་Kyoto དང་གནས་རི་རྩ་ཆེན་ Koyasan གྲོང་ཁྱེར་ Osaka འི་རྒྱལ་ས་ Tokyo བཅས་ཀྱི་ནང་ལ་ཆིབས་བསྒྱུར་གྱིས་དད་ལྡན་ཆོས་ཞུ་བར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའཆོས་དང་མང་ཚོགས་ལ་བཀའ་སློབ། དེ་བཞིན་ཁུལ་དེའི་གསང་བསྔགས་བསྡུས་པའི་མ་དགོན་ Kongobuji གཙོས་པའི་དགོན་ཁག་གི་བླ་ཆེན་རྣམས་དང་ལྷན་མཇལ་མཛད་ཡོད་པ་རེད། ཉི་ཧོང་གི་མཐོ་འབྲིང་སློབ་གྲྭ་ཞིག་གི་དགེ་ལས་སློབ་ཕྲུག་ ༣༠༠༠ ལྷག་ལ་དུས་རབས་ ༢༡ ནང་ཆོས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་བ་དང་ལྷག་དོན་དུ་ཚེས་ ༡༦ ཉིན་ཉི་ཧོང་གྲོས་ཚོགས་འཐུས་མི་ ༢༠༠ ལྷག་དང་མཇལ་འཕྲད་ཀྱིས་བཀའ་སློབ་བསྩལ་བ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ནས་ཁུལ་དེའི་ནང་གི་མཛད་འཆར་ཁག་ཅིག་རེ་ཞིག་མཇུག་སྒྲིལ་མཛད་ནས་ཚེས་ ༡༨ ཉིན་ཉི་ཧོང་གི་རྒྱལ་ས་ Tokyo ནས་མཁའ་ལམ་བརྒྱུད་སོག་ཡུལ་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད། ༸གོང་ས་མཆོག་གི་སོག་ཡུལ་ནང་གི་ཆིབས་བསྒྱུར་ཐད་རྒྱ་གཞུང་གིས་སོག་ཡུལ་གཞུང་ལ་མགོན་པོ་མཆོག་ཡུལ་དེར་ཆིབས་བསྒྱུར་རྒྱུར་བཀག་འགོག་དགོས་པའི་གནོན་ཤུགས་ཆེན་པོ་སྤྲོད་མིན་ལ་མ་ལྟོས་པར་༸གང་ཉིད་མཆོག་སོག་ཡུལ་ནང་དུ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་འབྲེལ་སོག་ཡུལ་གཞུང་གི་སྐུ་ཚབ་མི་སྣ་ཉི་ཧོང་དུ་ཆེད་གཏོང་གིས་༸གོང་ས་མཆོག་གདན་འདྲེན་ཞུས་ཡོད་པ་དང་མགོན་པོ་མཆོག་གི་བཞུགས་གནས་ཀྱང་རྣམ་ཀུན་ཡུལ་གྱི་ཆེས་མཐོའི་མི་སྣ་སྲིད་འཛིན་དང་སྲིད་བློན་སོགས་ཀྱི་བཞུགས་ཡུལ་གསོལ་མགྲོན་ཁང་དུ་གོ་སྒྲིག་ཞུས་ཡོད་པ་རེད། མགོན་པོ་མཆོག་སོག་ཡུལ་ནང་ཚེས་ ༡༨ ནས་ ༢༢ བར་ཉིན་གྲངས་བཞིའི་རིང་ཁུལ་དེར་ཡོད་པའི་དགའ་ལྡན་དགོན་པ་གཙོས་ཁལ་ཁ་རྗེ་བཙུན་དམ་པའི་བླ་བྲང་བཅས་སུ་ཆིབས་བསྒྱུར་དང་མང་ཚོགས་ལ་བཀའ་སློབ། དེ་བཞིན་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས་སོགས་ཀྱི་མཛད་འཕྲིན་མང་དག་ཞིག་བསྐྱངས་གྲུབ་རྗེས་ཚེས་ ༢༣ ཉིན་སྔ་དྲོ་སོག་ཡུལ་ནས་ཉི་ཧོང་དུ་སླར་ཆིབས་༸ཞལ་བསྒྱུར་གནང་མཛད་དེ་ཚེས་ ༢༦ བར་༸གང་ཉིད་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་khanazawa དང་ས་ Saitama མང་ཚོགས་ལ་བཀའ་སློབ་བསྩལ་བ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པ་རེད། གཞི་རྩའི་སོག་ཡུལ་གཞུང་ནས་རྒྱ་གཞུང་གིས་༸གོང་ས་མཆོག་སོག་ཡུལ་ནང་དུ་གདན་ཞུ་གནང་པར་དགག་བྱ་བྱེད་པར་ལྟོས་མེད་རྒྱལ་ཁབ་ཀྱི་རིན་ཐང་ལ་བརྩི་བཀུར་ཞུས་ཏེ་མགོན་པོ་མཆོག་ཡུལ་དེར་གདན་ཞུས་གནང་པར་བསྔགས་བརྗོད་ཞུས་པ་དང་སྦྲགས། སོག་པོའི་གཞུང་མིག་དཔེར་བཟུང་ནས་ནང་པའི་རྒྱལ་ཁབ་གཞན་ཚོས་ཀྱང་༸གོང་ས་མཆོག་གདན་འདྲེན་ཞུ་ཐབས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་སོག་པོའི་སྲིད་གཞུང་གིས་མགོན་པོ་མཆོག་སོག་ཡུལ་དུ་གདན་ཞུས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པར་དགའ་བསུ་དང་གཞུང་དེ་ཉིད་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པར་བསྔགས་བརྗོད་ཞུས་ཡོད།

ཕྱི་དངུལ་ལེན་བདེ་སྒྲིག་གཞི་དང་འབབ་ཁྲལ་ཁྲིམས་སྒྲིག་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས།

དེ་རིང་ཟླ་ ༡༡ ཚེས་ ༢༥ ཉིན་བཞུགས་སྒར་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་ཀྱི་བདེ་རྩ་ཚོགས་པས་གོ་སྒྲིག་འོག་དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་གིས་བོད་པའི་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་ཐོག་ཡོད་པའི་འབབ་ཁྲལ་འབུལ་ཕྱོགས་དང་། ཕྱི་དངུལ་ལེན་ཕྱོགས། དེ་བཞིན་སྤྱོད་ཕྱོགས་སོགས་དང་འབྲེལ་བའི་ཟབ་སྦྱོང་གནང་པའི་བརྒྱུད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཚོགས་པ་ཁག་གིས་གནས་ཡུལ་རྒྱ་གར་གྱི་ཁྲིམས་དང་སྒྲིག་གཞི་ཤེས་དགོས་རྒྱུ་ཧ་ཅང་གི་གལ་ཆེ་ཡིན་པ་དང་།  གལ་ཏེ་ཁྲིམས་སྒྲིག་དང་དོ་མཉམ་པར་འགྲོ་མ་ཐུབ་ཚེ་དཀའ་ངལ་ནང་ལྷུང་ངེས་ཡིན་པ་རེད་ཅེས་གསུངས་སོང་། ཐེངས་འདིའི་ཟབ་སྦྱོང་ནང་རྡ་ས་ཉེ་འཁོར་གྱི་བོད་པའི་དགོན་སྡེ་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་ཁག  དེ་བཞིན་ལྡི་ལི་དང་ཅན་དི་གྷར་བཅས་ནས་ཚོགས་པ་ ༢༧ གྱི་ཚོགས་བཅར་ཁྱོན་ ༤༣ ཆེད་ཕེབས་གནང་འདུག བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་དེ་ལྟར་གོ་སྒྲིག་ཞུ་དོན་གང་ཡིན་གསུངས་པར་བོད་པའི་སྤྱི་ཚོགས་ཁྲོད་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གིས་རྣམ་ཀུན་ནས་ Foreign Contribution Regulation Act འམ་རྒྱ་གར་གྱི་ཁྲིམས་ཐོག་ཡོད་པའི་ཕྱི་དངུལ་ལེན་ཕྱོགས་དང་སྤྱོད་ཕྱོགས་སོགས་ལ་དོ་སྣང་དང་གོ་རྟོགས་དེ་ཙམ་མེད་པར་བརྟེན་ད་ལན་གྱི་ཟབ་སྦྱོང་འདི་ཆེད་མངགས་གོ་སྒྲིག་ཞུས་པ་ཡིན་ཅེས་གསུངས་སོང་། དེ་རིང་ཉིན་དང་པོའི་ཟབ་སྦྱོང་ཐོག་དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་གྲུབ་མཆོག་གིས་ཚོགས་བཅར་བ་ཚོར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཁྲིམས་ཐོག་ནས་དེབ་སྐྱེལ་ཞུ་ཕྱོགས་དང་། ཁྲལ་འབབ་འབུལ་ཕྱོགས་སོགས་ཀྱི་ཐོག་ལ་ཟབ་ཁྲིད་གནང་ཡོད་པ་རེད། གཞི་རྩའི་བཞུགས་སྒར་དུ་ཡོད་པའི་བོད་ཀྱི་བདེ་རྩ་ཚོགས་པ་དེས་བཙན་བྱོལ་བོད་མིིའི་སྤྱི་ཚོགས་ཁྲོད་དུ་འཕྲོད་བསྟེན་དང་། ཤེས་ཡོན། དུད་འགྲོ་གཅེས་སྐྱོང་སོགས་ཀྱི་ལས་གཞི་སྣ་མང་ཐོག་ཞབས་ཞུ་སྒྲུབ་མུས་ཡིན་པ་རེད།

ལྡི་ལི་མངའ་སྡེའི་གཞུང་གིས་མེ་སྐྱོན་གྱི་གོད་ཆག་ཕོག་པའི་བོད་མི་ཚོང་པ་ཚོར་ཧིན་སྒོར་འབུམ་༡༣༨ ཀྱི་རོགས་སྐྱོར་གནང་འདུག

ཟླ་བ་འདིའི་ཚེས་༢༣ ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མངའ་སྡེ་གཞུང་གི་ངོས་ནས་ཉེ་ཆར་ཚེས་༨ ཉིན་མེ་སྐྱོན་གྱི་གོད་ཆག་ཕོག་པའི་ལྡི་ལི་Lal Qila སུད་ཚོང་ཚོགས་པར་ཧིན་སྒོར་འབུམ་༡༣༨ ཀྱི་རོགས་སྐྱོར་གནང་འདུག་པ་དང་དེའང་ལྡི་ལི་མངའ་སྡེ་གཞུང་གིས་ཟས་ཆས་མཁོ་སྤྲོད་དང་ཁོར་ཡུག ཤིང་ནགས་བཅས་ཀྱི་བློན་ཆེན་སྐུ་ཞབས་Imran Hussain མཆོག་ཁ་སང་དངོས་སུ་བོད་མི་ཁྲོམ་ས་མེ་སྐྱོན་ཤོར་ཡུལ་དེར་ཕེབས་ཏེ་ཁྲོམ་ས་༡༣༨ ཡོད་པའི་ཁྲོམ་བདག་མི་རེ་ངོ་རེར་འབུམ་རེ་རེ་དངུལ་འཛིན་གསོལ་སྩལ་གནང་འདུག གཞི་རྩའི་ས་ཁང་མེ་སྐྱོན་ཤོར་བའི་གནས་ཚུལ་དེའི་ཁྲོད་ཤིམ་ལ་དང་བདེ་སྐྱིང་གླིང་། ཌ་ལོ་ཧོ་སི། ལྡི་ལི། དེ་བཞིན་ལྷ་ས་ཁ་ཆེའི་མི་ཚང་ ༣༠ ཙམ་གྱི་ཚོང་ཁང་བཅས་ཁྱོན་ཚོང་ཁང་ ༡༣༨ ཤུལ་མེད་བར་གྱུར་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་མེ་སྐྱོན་ཕོག་པའི་བོད་མི་སུད་ཚོང་བར་ཛ་དྲག་ངལ་སེལ་ཆེད་ཧིན་སྒོར་འབུམ་ ༡༥ དང་དེ་རྗེས་སླར་འབུམ་ ༣༠ གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ཚོགས་ཀྱི་ཀྱང་ངལ་སེལ་ཐེབས་རྩ་ནས་ཧིན་སྒོར་ ༧༠༠༠༠ ཐམ་པ་གསོལ་རས་གནང་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་ལ་གནས་པའི་བོད་མི་གཙོས་རྒྱལ་གར་སོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ཞལ་འདེབས་གནང་སོན་བྱུང་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་གིས་༸གོང་ས་མཆོག་སོག་ཡུལ་དུ་གདན་ཞུས་ཐུབ་པར་སོག་ཡུལ་གཞུང་ལ་བསྔགས་བརྗོད་ཞུས་འདུག

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་འབྲེལ་མཐུད་ཚོགས་པས་སོག་པོའི་གཞུང་གིས་༸གོང་ས་མཆོག་སོག་ཡུལ་དུ་ཆིབས་སྒྱུར་བསྐྱང་ཆེད་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་མཐུན་འགྱུར་ཞུས་པར་བསྔགས་བརྗོད་ཞུས་འདུག དེ་ཡང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་འབྲེལ་མཐུད་ཚོགས་པས་ཁ་སང་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་། ༸གོང་ས་མཆོག་ཉེ་ཆར་སོག་ཡུལ་ནང་དུ་ཆིབས་བསྒྱུར་གྱིས་ཁུལ་དེའི་སོག་པོ་ནང་པ་ཚོར་གསུང་ཆོས་བསྩལ་ཐུབ་པར་སོག་ཡུལ་གཞུང་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས། ལྷག་དོན་དུ་རྒྱ་གཞུང་གིས་དགག་བྱེད་པར་ལྟོས་མེད་སོག་ཡུལ་གཞུང་ནས་རྒྱལ་ཁབ་ཀྱི་རིན་ཐང་ལ་བརྩི་བཀུར་ཞུས་ཏེ་མགོན་པོ་མཆོག་ཡུལ་དེར་གདན་ཞུས་གནང་པ་ལྟར། སོག་པོའི་གཞུང་མིག་དཔེར་བཟུང་ནས་ནང་པའི་རྒྱལ་ཁབ་གཞན་ཚོས་ཀྱང་༸གོང་ས་མཆོག་གདན་འདྲེན་ཞུ་ཐབས་གནང་དགོས་པའི་འབོད་སྐུལ་གནང་འདུག དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ Lisa Singh ལགས་ནས་ཀྱང་རང་གི་ Twitter དྲ་གནས་ཐོག་ ཉེ་ཆར་སོག་པོའི་སྲིད་གཞུང་གིས་མགོན་པོ་མཆོག་སོག་ཡུལ་དུ་གདན་ཞུས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པར་དགའ་བསུ་དང་གཞུང་དེ་ཉིད་ཀྱི་ལངས་ཕྱོགས་བརྟན་པོར་འཛིན་པར་བསྔགས་བརྗོད་ཀྱང་ཞུས་འདུག གཞན་ཡང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་རྒྱའི་ཐོག་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་ཀྱང་ཉེ་ཆར་སོག་ཡུལ་དུ་༸གོང་ས་མཆོག་གིས་མཛད་འཕྲིན་བསྐྱངས་པ་འདི་གལ་གནད་ཆེན་པོ་ཆགས་ཡོད་སྐོར་ལ་དཔྱད་རྩོམ་ཞིག་སྤེལ་འདུག་པ་དང་། དེའི་ནང་ ༸གོང་ས་མཆོག་དེ་སྔ་ ༡༩༥༩ ནས་བཟུང་བོད་མི་ཁོ་ནའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་ནའང་། ད་ཆ་རྒྱུན་སྲོལ་གྱི་བསམ་བློ་དེ་རིམ་བཞིན་འགྱུར་བ་ཕྱིན་ནས་མགོན་པོ་མཆོག་ལ་དད་གུས་བྱེད་མཁན་ཤར་ཕྱོགས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཙམ་མིན་པར་རྒྱལ་སྤྱིའི་ཡུལ་གྲུ་གང་ས་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་གསལ་བཏོན་གནང་འདུག དཔྱད་རྩོམ་དེའི་ནང་ཁོང་གིས་ད་དུང་སོག་ཡུལ་ལྟར་བུར་ཆ་མཚོན་ན་ལོ་རྒྱུས་ཀྱི་ཐོག་ནས་སོག་ཡུལ་མི་མང་དང་༸གོང་ས་མཆོག་གི་དབར་ལ་ཐུན་མིན་གྱི་འབྲེལ་བ་གཏིང་ཟབ་ཡོད་ཅིང་། དེ་མཚུངས་སོག་ཡུལ་མི་མང་ཁྲོད་ནས་མང་ཆེ་བ་ནང་ཆོས་ཀྱི་རྗེས་འཇུག་པ་ཞིག་ཡིན་སྟབས། ད་ལན་གྱི་ཆིབས་བསྒྱུར་སྐབས་མང་ཚོགས་ཀྱིས་༸གང་ཉིད་མཆོག་ལ་དད་གུས་ཀྱི་རྣམ་པ་མངོན་གསལ་གནང་ཐོག་གནམ་གཤིས་གྲང་ངར་ལ་མ་ལྟོས་པར་ས་ཐག་རིང་པོ་ནས་མགོན་པོ་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་རྒྱུ་དང་ཞལ་མཇལ་ཐོབ་ཕྱིར་ཆེད་བཅར་ཞུས་ཡོད་སྐོར་སོགས་བཀོད་འདུག ལྷག་དོན་དུ་རྒྱ་ནག་གཞུང་ནས་དུས་ཡུན་རིང་པོར་༸གོང་ས་མཆོག་ལ་འགྲེལ་བརྗོད་ལོག་པ་བརྒྱབ་ཏེ། ༸སྐུ་ཉིད་མཆོག་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ལས་དཀའ་ངལ་བཟོ་གཞི་ཞིག་ལ་ངོས་འཛིན་གྱིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོམ་པའི་ཐོག་ནས་མགོན་པོ་མཆོག་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་ཆིབས་བསྒྱུར་མཛད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་སྟབས། འཛམ་གླིང་ཐོག་ཡོད་པའི་རྒྱལ་ཁབ་ཆེ་གྲས་གཞན་ཚོས་རྒྱ་གཞུང་གིས་གནོན་ཤུགས་ལ་མགོ་འགུར་ཡོད་པ་མངོན་གསལ་དང་སྦྲགས་ད་ལན་སོག་པའི་སྲིད་གཞུང་གིས་རྒྱ་གཞུང་གིས་གནོན་ཤུགས་འོག་ཏུ་མ་ཕྱིན་པ་དེས་དོན་དངོས་ཐོག་ཡུལ་དེའི་འགོ་ཁྲིད་རྣམ་པས་སོག་ཡུལ་རྒྱལ་ཁབ་ཀྱི་རྩ་འཛིན་དང་རིན་ཐང་ཁག་སྲུང་སྐྱོབ་བྱས་པ་ཞིག་མཚོན་གྱི་ཡོད་སྐོར་བརྗོད་འདུག ལར་ནས་བུ་ཆུང་ཚེ་རིང་ལགས་ཀྱིས་དཔྱད་རྩོམ་དེའི་བརྒྱུད་ད་ལན་སོག་ཡུལ་གྱི་སྙིང་སྟོབས་ལྡན་པའི་དམིགས་དཔེར་བཟང་པོ་དེ་རིམ་བཞིན་རྒྱལ་ཁབ་གཞན་ཚང་མའི་ནང་ལ་ཁྱབ་ཐུབ་པ་གནང་སྟེ་ནམ་ཞིག་རྒྱ་ནག་ནང་ལ་ཡོད་པའི་རྒྱ་རིགས་ནང་པ་ཚོའི་ངོས་ནས་ཀྱང་མགོན་པོ་མཆོག་གི་དྲུང་ནས་གསུང་ཆོས་ཞུ་ཕྱིར་རྒྱ་གཞུང་གི་གནོན་ཤུགས་འོག་མ་ཚུད་པར་བཀའ་ཆོས་ཞུ་ཐུབ་རྒྱུར་འབད་དགོས་གལ་ཡིན་པ་ནན་བརྗོད་གནང་འདུག  

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཉན་ཞིབ་ཐོག་ལྷན་ཞུགས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བདེན་དཔང་གནང་པའི་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་ཚེས་ ༢༣ ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ Ottawa ནང་ལ་རྟེན་གཞི་བྱས་པའི་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཐོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བདེན་དཔང་གནང་འདུག་པ་དང་། སྐབས་དེར་ཁུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Sweet ལགས་དང་སྐུ་ཞབས་ Randall Garrison ལགས། ལྕམ་ Iqra Khalid ལགས་དང་སྐུ་ཞབས་ David Anderson ལགས། གཞན་ཡང་ཁུལ་དེའི་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་འཐུས་མི་སོགས་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་སྒོས་ཉེས་དུས་སུ་རྒྱ་ནག་གཞུང་གིས་སེར་རྟ་བླ་རུང་སྒར་དགོན་པའི་ཆོས་གྲྭ་དང་གྲྭ་ཤག་ཁག་གཏོར་བཤིག་བཏང་པའི་བརྒྱུད་ས་གནས་བོད་མིའི་ཆོས་དད་རང་དབང་ལ་ཚོད་འཛིན་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ནན་པོ་གནང་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་སྐབས་དེར་བཅར་བའི་གྲོས་ཚོགས་འཐུས་མི་ཁག་ཅིག་གི་དྲི་བར་བཀའ་ལན་དང་སྦྲགས་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་སྡེ་ཆེན་པོ་ཁག་གཏོར་བཤིག་གཏོང་བཞིན་པ་དེ་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལྷག་པར་དུ་སྲོལ་རྒྱུན་གི་གོམས་གཤིས་ཁག་རྩ་མེད་གཏོང་རྒྱུའི་ཐབས་བྱུས་ཤིག་ཡིན་པར་འགྲེལ་བརྗོད་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་རྒྱུ་གྲ་སྒྲིག་ཡོད་ཀྱང་། རྒྱ་གཞུང་ཕྱོགས་ནས་ད་བར་འདོད་བློ་འཁེངས་པའི་ཡ་ལན་ཙམ་ཡང་བྱེད་མེད་པ་གསལ་བཤད་གནང་ཡོད་པ་རེད། ད་དུང་སྲིད་སྐྱོང་མཆོག་ནས་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐད་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། རིན་པོ་ཆེའི་གནད་དོན་ཐད་ལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་འགྲོ་བ་མིའི་ཐབ་ཐང་ལྷན་ཚོགས་ནས་རང་དབང་ལྡན་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རྒྱ་གཞུང་དང་ལྷན་གྲོས་མོལ་གནང་གལ་ཡིན་པའི་འབོད་སྐུལ་ཡང་ཞུས་འདུག གཞན་ཡང་སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ David Sweet ལགས་ཀྱིས་བོད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ནས་དོ་སྣང་ཇི་ཚམ་གནང་གི་ཡོད་མེད་དང་། ལྷག་པར་དུ་ཁེ་ན་ཌའི་ངོས་ནས་བོད་དོན་ཐོག་ཤུགས་གནོན་འཕར་མ་གང་གནང་དགོས་མིན་སོགས་ཀྱི་ཐོག་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་ནས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ཚོང་དང་ཆབ་སྲིད་ཀྱི་སྟོབས་ཤུགས་རྐྱེན་པས་རྒྱ་ནག་ལ་ཞེད་སྣང་བྱེད་བཞིན་ཡོད་ཀྱང་། བོད་མི་རྣམས་ལ་སྡུག་རུས་དང་སྙིང་སྟབས་ཆེན་པོ་ཡོད་སྟབས་བོད་བོད་ཀྱི་གནད་དོན་དེ་གང་མགྱོགས་སེལ་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད། ཁྱད་པར་དུ་ད་རེས་ཁེ་ན་ཌའི་སྲིད་གཞུང་དང་ཆབ་སྲིད་ཚོགས་ཁག་གི་རྒྱབ་སྐྱོར་འོག་བོད་ནང་གི་གནས་སྟངས་ཁག་རྒྱལ་སྤྱིའི་ཐོག་གསལ་བཤད་ཞུ་རྒྱུའི་གོ་སྐབས་བསྐྲུན་པ་དེས་བོད་ནང་ལ་ཡོད་པའི་བོད་མི་ཚོར་དམིགས་བསལ་གྱི་རྒྱབ་སྐྱོར་གནང་པ་ཞིག་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། མ་འོངས་པར་ཁེ་ན་ཌའི་ཆབ་སྲིད་ཚོགས་པ་ཁག་གི་དམིགས་བསལ་སྐུ་ཚབ་ཞིག་བོད་ནང་རྟོག་ཞིབ་ཆེད་ཕེབས་ཐུབ་རྒྱུར་འབད་བཙོན་གནང་བར་འབོད་སྐུལ་སོགས་ཞུས་འདུག ཁ་སང་ཚེས་ ༢༣ ཉིན་སྲིད་སྐྱོང་མཆོག་ཁེ་ན་ཌའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་བདེན་དཔང་ལས་རིམ་གྲུབ་རྗེས་ཨ་རིའི་ཕྱོགས་སུ་ཕེབས་ཐོན་གྱིས་ཁུལ་དེའི་ Thanks Giving འམ་ཐུགས་རྗེ་ཆེ་ཞུའི་ལྷན་ཚོགས་ཐོག་ལྷན་ཞུགས་གནང་རྒྱུ་དང་། ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་མཚོགས་པའི་སྤྱི་ཁང་ཉམས་གསོའི་ལས་གཞིར་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཞུའི་གསུང་བཤད་གནང་འདུག གཞི་རྩའི་སྲིད་སྐྱོང་བླ་བཟང་སེང་གེ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༢༡ འགོ་འཛུགས་ཀྱིས་ཁེ་ན་ཌའི་རྒྱལ་ས་ Ottawa ནང་དུ་ཁུལ་དེའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ས་གནས་བོད་མི་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་པ་དང་། སང་ཉིན་སྲིད་སྐྱོང་མཆོག་ནས་བྱང་ཨ་རིའི་ས་གནས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། དེ་རྗེས་ཡོ་རོབ་རྒྱལ་ཁབ་འཇར་མ་ནིར་གཞུང་འབྲེལ་འཚམས་གཟིགས་ཕེབས་ཀྱི་ཡོད་པ་རེད།

Latest news