Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་ཐོག་གྲོས་ཆོད་འཇོག་དགོས།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་མི་འདྲ་བ་ ༤༠ ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་རྣམས་ལ་རྒྱ་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་དང་འབྲེལ། དེའི་ཐོག་གྲོས་ཆོད་འཇོག་དགོས་པར་ཞུ་སྐུལ་གནང་འདུག རིང་མིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་འཚོགས་ལ་ཉེ་བ་དང་བསྟུན། ཁ་སང་ཟླ་ ༡ ཚེས་ ༣༠ ཉིན་བོད་རང་དབང་དང་། བོད་གནས་ལྟ་ཞིབ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཡུ་གུར་ལྷན་ཚོགས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནའ་འབྲེལ་ཚོགས་པ་སོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་མི་འདྲ་བ་ ༤༠ ཡིས་ས་རྟགས་བཀོད་དེ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཞུ་སྙན་ཕུལ་ཡོད་པ་རེད། ཞུ་སྙན་དེའི་ནང་རྒྱ་གཞུང་གིས་བོད་དང་ཡུ་གུར། དེ་བཞིན་གསར་འགོད་པ་དང་ཁྲིམས་རྩོད་པ། སློབ་ཕྲུག་བཅས་ཀྱིས་གཙོས་པའི་མི་མང་ས་ཡ་མང་པོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་རྣམས་ནས་ཚོགས་ཆེན་ཐོག་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་འཇོག་དགོས་པ་དང་། གྲོས་ཆོད་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་གཙོ་གྱུར་དམིགས་བསལ་སྐུ་ཚབ་རྣམ་པ། གསར་འགོད་པ་སོགས་བོད་དང་ཤིན་ཅང་གཙོས་རྒྱ་ནག་གི་ས་ཁུལ་ཡོངས་སུ་རང་དབང་གི་ཐོག་ནས་ཕེབས་འཇུག་དགོས་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཁྲིམས་གཞི་ངན་པ་ལོག་སྤྱོད་བྱས་ནས་སྨྲ་བརྗོད་རང་དབང་། དེ་བཞིན་ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གྱི་ལས་དོན་མཐའ་དག་ནག་ཉེས་ཅན་ལ་ངོས་འཛིན་རྒྱུ་མཚམས་འཇོག་དགོས་པ། རྒྱ་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་མེད་རྡོག་རོལ་གྱིས་གང་བྱུང་དུ་འཛིན་བཟུང་བྱས་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་སོགས་དགོས་འདུན་བཀོད་དགོས་པ་གསུངས་འདུག

བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་བོད་མིའི་ས་ཁུལ་དུའང་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུར་དམ་དྲག་བྱས་པ་གསལ་སྟོན།

རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ Foreign Correspondents Club ཕྱི་རྒྱལ་གསར་འགོད་ཚོགས་པས་ཕྱི་ལོ་ ༢༠༡༨ ལོའི་ལོ་འཁོར་སྙན་ཐོ་ནང་འདས་ལོར་རྒྱ་ནག་ཏུ་གནས་བཞུགས་ཕྱི་རྒྱལ་གསར་འགོད་པའི་ལས་དོན་ཐོག་གཞུང་གི་སྟངས་འཛིན་སྔར་ལྷག་བྱེད་ཤུགས་ཆེ་རུ་བཏང་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་བོད་མིའི་ས་ཁུལ་དུའང་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུར་དམ་དྲག་བྱས་པ་གསལ་སྟོན་གནང་འདུག Under Watch: Reporting in Surveillance State ཞེས་པའི་སྙན་ཐོ་དེ་གཙོ་བོ་རྒྱ་ནག་ནང་ཕྱག་ལས་གནང་བཞིན་པའི་རྒྱལ་ཁབ་དང་ས་ཁུལ་འདྲ་མིན་ ༣༡ ཙམ་གྱི་ཕྱི་རྒྱལ་གསར་འགོད་པ་ ༡༠༠ ལྷག་ཙམ་ལ་བཅར་འདྲི་དང་ལེན་བརྒྱུད་ཞིབ་འཇུག་གནང་བ་ཞིག་ཡིན་པ་དང་། དེའི་ནང་རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་རང་སྐྱོང་ལྗོངས་ཟེར་བ་མ་གཏོགས་རྒྱ་ནག་གི་ས་ཁུལ་གཞན་ཚང་མའི་ནང་བསྐྱོད་ཆོག་པའི་ཆོག་མཆན་ཡོད་པ་དེ་ལྟར་ཡང་། འདས་ལོའི་ནང་ཤིན་ཅང་དུ་གནས་ཚུལ་མཁོ་སྒྲུབ་ཆེད་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱས་ཡོད་པ་མ་ཟད་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་བོད་མིའི་ས་ཁུལ་དུའང་ཕེབས་མཁན་ཕྱི་རྒྱལ་གསར་འགོད་པ་བཞི་ལས་གཉིས་ཀྱི་ལས་དོན་ལ་འགོག་རྐྱེན་དང་དམ་དྲག་ཤུགས་ཆེ་བྱས་ཡོད་པ་མངོན་གསལ་གནང་འདུགདེ་བཞིན་ཨ་རིའི་ New York Times གསར་འགོད་པ་ Steven Lee Meyers ལགས་དང་ཕྱག་རོགས་པར་པ་ཞིག་བོད་མདོ་ཁམས་སྡེ་དགེ་ནང་ཆགས་པའི་རྫོང་གསར་དགོན་གྱི་ལོ་གསར་དུས་སྟོན་སྲུང་བརྩི་གནང་ཕྱོགས་སྐོར་གསར་འགྱུར་སྤེལ་སྐབས་ཉེན་རྟོག་པས་དེ་མ་ཐག་བཀག་སྡོམ་དང་སྦྲགས། ཆུ་ཚོད་ ༡༧ ལྷག་གི་རིང་དོ་དམ་བྱས་པ་མ་ཟད་ཕ་རན་སི་ Le Monde གསར་ཁང་གི་གསར་འགོད་པ་ Brice Pedroletti ལགས་བོད་མདོ་སྨད་རྔ་བ་ནང་ཕེབས་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་རྗེས་འདེད་དང་འབྲེལ་ཁོ་ཚོར་ཕྱག་རོགས་ཞུ་རྒྱུ་སོགས་ལ་བསྙད་དེ་སུན་གཙེར་ཡང་བཟོས་ཡོད་པ་གསལ་སྟོན་གནང་འདུག གཞི་རྩའི་ཚོགས་པ་དེས་ཕྱི་རྒྱལ་གྱི་གསར་འགོད་པ་ ༡༠༠ ལྷག་ཙམ་ལ་བཅར་འདྲི་དང་ལེན་བརྒྱུད་ཞིབ་འཇུག་གནང་བའི་ཁྲོད་གསར་འགོད་པ་བརྒྱ་ཆ་ ༥༥ ནས་འདས་ལོ་ནང་རྒྱ་ནག་ཏུ་གསར་འགོད་ལས་དོན་བྱེད་ཕྱོགས་ཀྱི་ཁོར་ཡུག་ལ་ཡར་རྒྱས་རྩ་བ་ནས་ཕྱིན་མེད་པ་དང་། བརྒྱ་ཆ་ ༩༡ ནས་རང་ཉིད་ཀྱི་ཁ་པར་གྱི་ཉེན་སྲུང་ཐོག་སེམས་འཚབ་ཡོད་པའི་རྣམ་པ་བཏོན་པ་མ་ཟད། བརྒྱ་ཆ་ ༤༨ ནས་རང་ཉིད་ཀྱི་ལས་དོན་ཐོག་ཉེན་རྟོག་པས་རྗེས་འདེད་བཏང་བ་དང་མགྲོན་ཁང་དུ་བཀའ་འཁྲོལ་མེད་པར་ཞུགས་པ་སོགས་འགྲེལ་བརྗོད་གནང་མཁན་བྱུང་འདུག FCCC ཚོགས་པའི་ཚོགས་གཙོ་ Hanna Sahlberg ལགས་ཀྱིས་རྒྱ་གཞུང་ནས་ཕྱིའི་གསར་འགོད་པ་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་རྐྱེན་ཕྱི་རྒྱལ་གསར་འགོད་པ་རྣམས་ནས་ཀྱང་ད་ཆ་རྒྱ་ནག་ནང་གི་ཚོར་བ་རྣོ་བའི་གནད་དོན་ཁག་གི་ཐོག་གསར་འགྱུར་དགོད་རྒྱུ་ལས་གཡོལ་ཐབས་གནང་ཉེན་ཡོད་སྟབས། རྒྱ་ནག་ནང་གི་གནས་ཚུལ་ཕྱི་གསལ་ནང་གསལ་ཐོག་དགོད་ཐུབ་རྒྱུར་རེ་བ་ཡོད་པ་འགྲེལ་བརྗོད་གནང་འདུག

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན།

ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སེམས་འཚབ་ཆེན་པོའི་ཐོག་ནས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་འདུག ཁ་སང་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་ Chrystia Freeland ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐོག་སེམས་འཚབ་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་བསྐྱར་ནན་གནང་འདུག ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Canada Tibet Committee  དྲྭ་གནས་ཐོག་གནས་ཚུལ་བཀོད་པར་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཉེ་ཆར་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་མུ་མཐུད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་སེམས་འཚབ་ཡོད་པའི་རྣམ་པ་ཆེད་བཏོན་གནང་བ་དང་། བསྒྲགས་གཏམ་དེ་ཕྱི་སྲིད་བློན་ཆེན་མཆོག་གིས་གཙོ་བོ་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Randall Garrison ལགས་དང་ཁོང་གི་འོག་ལ་སྦྱོང་བརྡར་བྱེད་མཁན་མཁའ་འགྲོ་ལགས་རྣམ་གཉིས་ཀྱིས་དེ་སྔོན་ཁེ་ན་ཌའི་གཞུང་ལ་ཡིག་ཐོག་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་དྲི་བ་ཁག་ཅིག་ཕུལ་ཡོད་པར་ཡ་ལན་གྱི་ཚུལ་དུ་སྤེལ་བ་ཞིག་རེད། ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་ Chrystia Freeland ལགས་ཀྱིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་ཁེ་ན་ཌ་གཞུང་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ཐུག་འཕྲད་ཀྱི་གོ་སྐབས་ནམ་བྱུང་ལ་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་གནང་གི་ཡོད་པ་དང་། ཁྱད་པར་དུ་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Justin Trudeau མཆོག་གིས་སྔ་ལོ་ ༢༠༡༨ ལོར་རྒྱ་ནག་གི་བློན་ཆེན་དང་ཐུག་འཕྲད་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། དེ་བཞིན་ཆོས་དད་རང་དབང་གི་གནད་དོན་སྐོར་ཞལ་གསང་པོའི་ཐོག་ནས་གླེང་གནང་ཡོད་པ་ལྟར། ལོ་དེར་ཨ་རིའི་ Washington དུ་ཚོགས་པའི་བློན་ཆེན་ལྷན་ཚོགས་དང་སུད་སི་ཇི་ནི་ཝར་བསྐོང་ཚོགས་གནང་བའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ལས་རིམ་བཅས་ཀྱི་ཐོག་སྲིད་འཛིན་ Trudeau མཆོག་གིས་དབུ་ཁྲིད་པའི་ཁེ་ན་ཌ་གཞུང་གི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སེམས་འཚབ་ཡོད་པའི་རྣམ་པ་ཆེད་བཏོན་གྱིས་བོད་མིར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་བཅུག་དགོས་པར་རེ་འདུན་གནང་མུས་ཡིན་སྐོར་གསུངས་འདུག རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་གནད་དོན་དེའི་ཐོག་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཁེ་ན་ཌ་གཞུང་ནས་ད་བར་བོད་དོན་ལ་ཁ་ཞེ་གཉིས་ཀྱིས་རྒྱབ་སྐྱོར་དང་སེམས་འཚབ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སླད་མར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་འདུག

༸གོང་ས་མཆོག་བོད་ལ་༸ཞབས་སོར་འཁོད་ཐུབ་པ་དེ་དོན་དམ་གྱི་རང་དབང་ཞིག་ལ་ངོས་འཛིན་གནང་གི་འདུག

ཉེ་ལམ་བོད་ལ་ཕེབས་མཁན་བོད་མི་ཞིག་གིས་བཙན་བྱོལ་དུ་དབུ་མའི་ལམ་དང་རང་བཙན་གང་གསུངས་ཀྱང། ཁོང་གི་ཕ་ཡུལ་དུ་ཡོད་པའི་བོད་མི་དམངས་ནས་༸གོང་ས་མཆོག་སླར་ཡང་བོད་ལ་༸ཞབས་སོར་བདེ་བར་འཁོད་ཐུབ་པ་དེ་དོན་དམ་གྱི་རང་དབང་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་། དེའང་ལོ་ངོ་ཉི་ཤུ་ཙམ་གྱི་གོང་ལ་རྒྱ་གར་བཙན་བྱོལ་དུ་འབྱོར་ནས་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་བོད་མི་ཞིག་ཉེ་ལམ་རང་གི་ཕ་ཡུལ་དུ་གཉན་འཕྲད་ལ་ཕེབས་ནས་ཕྱིར་བཞུགས་སྒར་དུ་འབྱོར་མ་ཐག་གསར་འགོད་པ་ཉི་མ་ལགས་ཀྱིས་དམིགས་བསལ་བཅར་འདྲི་ཞུས་པར་ཁོང་གིས་རང་ཉིད་ལོ་མང་རྗེས་ཕ་ཡུལ་དུ་འབྱོར་སྐབས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ཞིག་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། བོད་ནང་གི་བོད་མི་རྣམས་ནས་ད་ལྟའི་འཆར་རང་གི་ཐོུང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་འགྲོ་བཞིན་པའི་ཐོག་སེམས་འཚབ་ཆེན་པོ་གནང་མུས་ཡིན་པ་འགྲེལ་བརྗོད་གནང་སོང་། ཁོང་གི་ཕ་ཡུལ་དུ་གནས་བཞུགས་བོད་མི་རྣམས་ནས་མངོན་འདོད་འམ་རེ་བ་ཆེ་ཤོས་གང་གནང་གི་ཡོད་སྐོར་བཅར་འདྲི་ཞུས་པར་བོད་མི་རྣམས་ནས་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་དང་༸གང་ཉིད་མཆོག་སླར་བོད་ལ་༸ཞབས་སོར་འཁོད་ཐུབ་རྒྱུར་རེ་འགུག་ཆེན་པོ་གནང་བཞིན་པ་ལྟར། གལ་ཏེ་དེ་ལྟར་གནང་ཐུབ་ཚེ་དེ་དོན་དམ་གྱི་རང་དབང་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་། ཡང་དེའི་བར་ན་དེ་རིང་འབྲེལ་ཡོད་གནས་ཚུལ་ཐོན་པར་རྒྱ་གཞུང་གིས་ཕྱི་རྒྱལ་ནས་བོད་ནང་ཕྱིར་ལོག་གནང་མཁན་བོད་མི་དང་ཁོང་རྣམ་པའི་སྤུན་མཆེད་ཚོར་མི་རིགས་ཆིག་སྒྲིལ་གོང་འཕེལ་གཏང་རྒྱུ་དང་སྦྲགས། ཁ་བྲལ་བའི་ལས་གཞི་དག་ལ་དགག་པ་གནང་བར་ཞུ་སྐུལ་བྱེད་བཞིན་ཡོད་པ་རེད་འདུག ཁ་སང་རྒྱ་ནག་གི་ Global Times གསར་ཁང་གི་དྲྭ་གནས་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རེས་གཟའ་ལྷག་པའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་རྒྱལ་ནས་ཕྱིར་ལོག་གནང་མཁན་བོད་མི་དང་། དེ་བཞིན་བཙན་བྱོལ་དུ་སྤུན་མཆེད་ཡོད་པའི་བོད་མི་ཁག་གཅིག་ལ་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་སྟོན་ལ་དགའ་བསུ་འཚམས་འདྲི་སླད་གསོལ་ཇའི་འདུ་འཛོམས་ཤིག་ཏུ་མགྲོན་འབོད་བྱས་པ་དང་འབྲེལ། ལྷ་སའི་གྲོང་སྡེ་ལས་ཁུངས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ཚན་པའི་དྲུང་ཆེ་ལྷག་པ་དོན་གྲུབ་ཟེར་བ་ཞིག་གིས་ཕྱིར་ལོག་གནང་མཁན་བོད་མི་རྣམས་ནས་རྒྱ་ནག་དམར་པོའི་སྲིད་བྱུས་དང་། ལྷ་སར་རྨང་གཞི་འཛུགས་སྐྲུན་གྱི་ཡར་རྒྱས་སོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། རྒྱལ་ཁབ་ཆིག་སྒྲིལ་གྱི་བློ་བཟུང་དགོས་པ། དེ་བཞིན་ཁ་བྲལ་བར་དགག་པ་བྱེད་དགོས་པ། ཕྱི་རྒྱལ་གནས་བཞུགས་བོད་མི་ཚོས་བོད་ངོ་མ་དེ་ངོས་འཛིན་ཡོང་སླད་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་གོང་འཕེལ་གཏང་བར་རོགས་སྐྱོར་བྱེད་དགོས་པའི་ཞུ་སྐུལ་བྱས་འདུག རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་  Zhu Weiqun ནས་རྒྱ་ནག་གི་གསར་ཤོག་དེའི་བཅར་འདྲིའི་ཐོག་བོད་མི་ཕྱི་རྒྱལ་གནས་བཞུགས་རྣམས་ནས་དངུལ་གསོག་སྒྲུབ་དང་། དེ་བཞིན་༸གོང་ས་མཆོག་ལ་རྨོངས་དད་ཀྱི་ཐོག་ནས་ཕ་ཡུལ་གཡུགས་ཀྱང་། ད་ཆ་བོད་ནང་དཔལ་འབྱོར་དང་བོད་མིའི་འཚོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་རྐྱེན་བོད་མི་མང་དག་ཅིག་ཕྱིར་ལོག་གནང་གི་ཡོད་ཚུལ་བརྗོད་འདུག

རྒྱ་གཞུང་གིས་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ལ་ཉེན་བརྡ་བཏང་བ།

ནང་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་ནང་ཆེན་རྫོང་མི་རིགས་ཆོས་ལུགས་ཁང་ཟེར་བས་གྲོང་རྡལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དགོན་པ་དོ་དམ་ཁང་སོ་སོར་བཀའ་རྒྱ་ཞིག་བཀྲམས་ཏེ་དགུན་ཁའི་གུང་སེང་སྐབས་དགོན་པས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་འཚོག་མི་ཆོག་པའི་བཙན་བཀའ་བཏང་འདུག ཁ་སང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་ནག་གིས་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ཁག་ལ་བཙན་བཀའ་བཏང་བའི་བརྡ་ཁྱབ་ཅིག་ཕྱིར་ཐོན་པའི་ནང་འདས་ལོའི་ཟླ་ ༡༢ ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་དགུན་ཁའི་གུང་སེང་དང་སྟབས་བསྟུན། བོད་ཁུལ་གྱི་དགོན་པ་དང་གྲོང་ཚོ། དེ་བཞིན་མི་སྒེར་བཅས་ནས་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་འཛུགས་མི་ཆོག་པའི་བཀའ་རྒྱ་བསྒྲགས་ནས་གལ་སྲིད་དེ་ལྟ་བུའི་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་ཤེས་རྟོགས་བྱུང་ཚེ་མི་སྒེར་ལ་ཉེས་ཆད་བཅད་ནས་དགོན་པ་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་པར་བསྒྲགས་ཡོད་པ་རེད།བཀའ་རྒྱའི་ནང་ཞིབ་ཚགས་ཀྱིས་བཀོད་ཡོད་པར་གཞིགས་ན། སློབ་གྲྭའི་དགུན་གསེང་དུས་སྐབས་སུ་ཞང་གྲོང་རྡལ་སོ་སོའི་ཉེ་ཆར་དགོན་པ་དོ་དམ་ཁང་དང་མངགས་གཏོང་ཁང་སོགས་རྩ་འཛུགས་བྱས་ནས་དགོན་པས་སློབ་མར་ཟབ་སྦྱོང་སྤེལ་བའི་གནས་ཚུལ་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་ཞིབ་བཤེར་ཐོ་འགོད་ལས་དོན་ཐེངས་ཤིག་བྱེད་དགོས་པ་དང་། དགོན་པའི་ངོས་ནས་ཟབ་སྦྱོང་འཛིན་གྲྭ་དང་བོད་ཡིག་འཛིན་གྲྭའི་མིང་ཐོག་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བསྡུས་ཏེ་སློབ་གྲྭ་འཚོགས་པའི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་དགོས་ཤིང་། ཁེ་ཕན་འབྲེལ་བ་ཞིབ་ཅིང་གསལ་བར་བཤད་དགོས། རང་འདོད་ཁེར་སྒྲུབ་དང་ཁ་ཏ་སློབ་སྟོན་ལ་མི་ཉན་པའི་སློབ་གྲྭ་འཚོགས་པའི་དགོན་པ་དང་གྲྭ་བཙུན་གྱི་འགན་འཁྲི་ནན་མོ་རྩད་གཅོད་དགོས་ལ། གཅིག་གསལ་རྟོགས་བྱུང་ན་གཅིག་བཀག་སྡོམ་དགོས་པ་སོགས་བཀོད་འདུག རྩ་བའི་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ནང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དང་དེ་བཞིན་ཁམས་ལི་ཐང་གི་ཁུལ་དུ་ཡང་ས་གནས་མང་ཚོགས་ལ་ཉེན་བརྡ་བཏང་ནས་གུང་གསེང་གི་སྐབས་སུ་སློབ་ཕྲུག་ཚོ་ས་ག་ཟླ་བའི་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཕ་མ་སུ་ཞིག་གིས་རང་གི་ཕྲུ་གུ་དགོན་པར་མཇལ་སྐོར་དུ་ཁྲིད་པ་ཡིན་ན་སྲིད་གཞུང་གིས་དུས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ས་གནས་ཁག་ཏུ་བོད་རིགས་ཀྱི་སློབ་ཕྲུག་ཚོར་ཆེད་དུ་དམག་སྦྱོང་གི་འཛིན་གྲྭར་ཞུགས་དགོས་པའི་ལས་གཞི་སྤེལ་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་པ་རེད།  ཟླ་བ་འདིའི་ནང་རྒྱ་གཞུང་གིས་ཉེ་ལམ་ལྷ་ས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་བོད་རིགས་རྒྱ་གཞུང་ལས་བྱེད་རྣམས་ལ་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པ་མ་ཟད་གལ་སྲིད་ཆོས་ལུགས་བྱེད་སྒོ་ཁག་ལ་ཞུགས་པ་ཤེས་རྟོགས་བྱུང་ཚེ་མི་ཚེ་གཅིག་གི་ཐོབ་ཐང་ཡོངས་རྫོགས་འཕྲོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་ནས་མི་ལོ་གསུམ་འཁོར་བའི་དྲན་གསོ།

ཁ་སང་ཚེས་ ༢༧ ཉིན་བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་མི་ལོ་གསུམ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་བཞུགས་སྒར་དུ་ཁོང་གང་མགྱོགས་གློད་བཀྲོལ་དགོས་པའི་ཞུ་སྐུལ་དུ་གྲིབ་གཟུགས་ཀྱི་གཏམ་བརྗོད་ཅེས་པའི་ལས་འགུལ་ཞིག་སྤེལ་སོང་། ཁ་སང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་བོད་རང་ད་བཙན་སློབ་ཕྲུག་ཚོགས་པ་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་དྲན་གསོ་ཞུས་ནས་ཕྱི་རྒྱལ་མང་ཚོགས་ཀྱི་ཁྲོད་དུ་ཁོང་གི་སྐོར་ལ་གོ་རྟོགས་ཡོང་ཐབས་དང་། དེ་བཞིན་ཁོང་གང་མགྱོགས་གློད་བཀྲོལ་དགོས་བའི་འབོད་སྐུལ་དུ་དབྱིན་སྐད་ཐོག་ནས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་རང་དབང་ཆེད་དུ་ས་གནས་ཁྲིམས་ཞིབ་ཁང་ལ་ཞི་གཏུག་གནང་བ་དང་། དེ་བཞིན་ས་ཁོངས་མི་རིགས་རང་སྐྱོང་གི་ཁེ་དབང་དང་མཉམ་དུ་ཁྲིམས་རྩོད་པ་གླ་ཐབས་གནང་ནས་བོད་ཀྱི་སྐད་ཡིག་རང་དབང་མཐོར་འདེགས་གཏོང་ཐབས་གནང་རྐྱེན་མཐར་རྒྱ་ནག་གིས་མ་ཉེས་ཁ་གཡོག་འོག་ཁོང་བཙན་ཁྲིད་བྱས་ཏེ་ཁྲིམས་ཐག་བཅད་པ་སོགས་ཀྱིས་མཚོན་པའི་ལེའུ་དྲུག་ཅན་གྱི་གཏམ་བརྗོད་ལས་འགུལ་ཞིག་སྤེལ་ཡོད། འདི་གའི་གསར་འགོད་པས་དགུ་བཅུ་གསུལ་ལས་འགུལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟླ་བ་བཀྲ་ཤིས་ལགས་སུ་  ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སྐད་ཡིག་འཐབ་རྩོད་ཀྱི་གནད་དོན་དང་འབྲེལ་བོད་ནང་གི་སྐད་ཡིག་གི་གནས་བབས་དེ་མ་འོངས་པར་ཉེན་འཚབ་གང་འདྲ་ཞིག་འཕྲད་སྲིད་སྐོར་བཀའ་འདྲི་ཞུས་པར་རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་དོན་ཚན་ཡོད་ཚད་ས་གནས་མི་རིགས་རང་སྐྱོང་གིི་བཅའ་ཁྲིམས་ནང་དུ་འཁོད་ཡོད་ནའང་། དོན་དངོས་ཐོག་སྐད་ཡིག་སྲུང་སྐྱོབ་གནང་ན་ཁྲིམས་འགལ་ལ་ངོས་འཛིན་བཞིན་པར་བརྟེན་མ་འོངས་པར་བོད་ཀྱི་སྐད་ཡིག་གི་གནས་བབས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་ངེས་ཡིན་པར་འགྲེལ་བརྗོད་གནང་སོང་།

བྷལ་ཇམ་གསར་ཁང་ནས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས།

ཡོ་རོབ་ཀྱི་རྒྱལ་ཁབ་ Belgium ནང་རྟེན་གཞི་བྱས་པའི་ Le Soir གསར་ཁང་ནས་རྒྱ་ནག་གཞུང་འབྲེལ་གསར་ཁང་གི་དཔྱད་རྩོམ་རིགས་སྤེལ་བ་དང་སྦྲགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་གིས་གསར་ཁང་དེས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་རྒྱུ་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་ཞུ་སྐུལ་གནང་འདུགཁ་སང་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་ Le Soir ཞེས་པའི་གསར་ཁང་དེས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་ནག་གི་གཞུང་འབྲེལ་ Xinhua གསར་ཁང་ནས་སྤེལ་བའི་ Focus Belgian- China ཞེས་བྷལ་ཇམ་དང་རྒྱ་ནག་གཉིས་ཀྱི་ཐོག་ཞེས་པའི་བརྗོད་གཞི་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་བྱུས་འོག་རྨང་གཞི་འཛུགས་སྐྲུན་ལ་སོགས་པ་ཡར་རྒྱས་བཏང་ཡོད་པར་ཤིས་ཚིག་ཕུལ་བའི་དཔྱད་རྩོམ་ཤོག་ལྷེ་གཉིས་ཅན་གྱི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་ཡོད་པ་དང་འབྲེལ། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནའ་འབྲེལ་ཚོགས་པ་དང་ཕ་རན་སི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ། རྒྱལ་སྤྱིའི་ཡུ་གུར་ཚོགས་པ། བྷལ་ཇམ་གནས་བཞུགས་མི་མང་བཅས་ཐུན་མོང་ནས་ Le Soir གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཛིན་དང་ངེས་སྟོན་པ་ Oliver De Raeymaeker ལ་རྒྱ་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས་པའི་ཞུ་སྐུལ་གྱི་ཕྱག་ཡིག་ཕུལ་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་ཀྱི་ངེས་སྟོན་པ་ Vincent Metten ལགས་ཀྱིས་རང་དབང་ཅན་གྱི་རྒྱལ་ཁབ་ནང་ཡོད་པའི་གསར་ཁང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་རྒྱ་ནག་དམར་ཤོག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བར་ངོས་ལེན་གནང་རྒྱུ་མེད་པ་དང་། རང་དབང་ཅན་གྱི་གསར་ཁང་ Le Soir ཡིས་མུ་མཐུད་ནས་གསར་འགོད་ཀྱི་སྤུས་ཚད་གང་ལེགས་གནང་རྒྱུ་དང་། དེ་བཞིན་གསར་ཁང་རང་ཉིད་ཀྱི་ཁུངས་དག་རང་བཞིན་དང་མི་མང་ནས་ཡིད་ཆེས་འཕེར་བ་གནང་དགོས་ཚེ་མི་རིང་བར་རྒྱ་ནག་གཞུང་གི་ Xinhua གསར་ཁང་གི་དཔྱད་རྩོམ་རིགས་སྤེལ་རྒྱུ་མཚམས་འཇོག་གནང་གནད་ཡིན་པ་སོགས་གསུངས་འདུགརྩ་བའི་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་དཔྱད་རྩོམ་སྤེལ་རྒྱུ་དེ་ཕྱི་ལོ་ ༡༩༩༢ ལོར་ཨ་རིའི་གསར་ཁང་ནས་སྤེལ་འགོ་བཙུགས་པ་དང། ད་ལྟའི་ཆར་དབྱིན་ཡུལ་གྱི་ Daily Telegraph དངཕ་རན་སིའི་ Li Figaro དེ་བཞིན་སི་པཱེན་གྱི་ El Pais གསར་ཁང་སོགས་ཀྱིས་ Xinhua དང་། China Daily ཡི་དཔྱད་རྩོམ་ཁག་སྤེལ་མུས་ཡིན་པ་རེད། དེའི་ཁྲོད་དེ་སྔ་འཇར་མ་ནི་གསར་ཁང་ཞིག་གིས་ China Watch ཞེས་པའི་སྡེ་ཚན་ནང་རྒྱ་གཞུང་གི་ China Daily ཞེས་པའི་དཔྱད་རྩོམ་ཁག་ཅིག་སྤེལ་ཡོད་པ་དེ་ལྟར་ཡང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲད་རྐྱེན་ད་ཆ་དེ་ལྟར་གནང་གི་མེད་པ་རེད།

རྒྱ་ནག་ཏུ་གསར་འགོད་པ་བཞི་བཅུ་ཞེ་གྲངས་ཤིག་འཛིན་བཟུང་བཀག་ཉར།

ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་ནང་གི་ཆོས་དད་རང་མོས་ཀྱི་གནས་སྟངས་ཐོག་ཚོགས་འདུ་བསྡུ་སྐོང་གིས་འདས་པའི་ཟླ་བ་དྲུག་གི་ནང་རྒྱ་ནག་ནང་གི་གསར་འགོད་པ་ ༤༥ ལྷག་གསང་ཉུལ་གྱི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཏེ་འདྲི་གཅོད་ཚ་ནན་བྱས་ཡོད་པར་སེམས་འཚབ་ཆེན་པོ་ཡོད་པའི་བརྡ་ལན་གནང་འདུག ཡུ་རོབ་ནང་གི་རྒྱལ་མཚམས་མེད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་སྐུ་ཞབས་ Willy Fautré ལགས་ཀྱིས་གསར་ལམ་དུ་གནས་ཚུལ་བཀོད་པར་ལྟར་ན། བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་ཉིན་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་གོ་སྒྲིག་གནང་བའི་ཚོགས་འདུའི་ཐོག་ Bitter Winter ཞེས་རྒྱ་ནག་ནང་གི་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་སྐད་ཡིག་བརྒྱད་ཀྱི་ཐོག་ནས་ཉིན་ལྟར་གནས་ཚུལ་སྤེལ་མཁན་གྱི་ཨི་ཊ་ལིའི་གསར་ཁང་གི་འགན་འཛིན་དང་གསར་འགོད་པ་གཅིག་ལྕོགས་གནང་མཁན་སྐུ་ཞབས་ Respinti ལགས་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་གསར་ཤོག་དེར་རྒྱུན་དུ་རྒྱ་ནག་ནང་ནས་གསང་སྟབས་ཀྱིས་གསར་འགྱུར་མཁོ་སྤྲོད་བྱེད་མཁན་གྱི་མི་བཞི་བཅུ་ཞེ་གྲངས་ཤིག་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་བརྗོད་པ་མ་ཟད། Bitter Winter ཡིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གྱི་གནས་བབས། དེ་བཞིན་རྒྱ་ནག་གིི་གསང་བའི་ཡིག་ཆ་སོགས་ཀྱི་གནས་ཚུལ་འདོན་སྤེལ་གནང་བཞིན་པར་བརྟེན་འདས་ལོའི་ནང་རྒྱ་ནག་སྲིད་གཞུང་གིས་ Bitter Winter ནི་ཕྱི་ཕྱོགས་ཀྱི་དྲག་པོའི་གསར་གནས་ཤིག་ཡིན་པར་བསྙོན་འདོགས་ཀྱིས་གསར་གནས་དེ་གཏོར་རྒོལ་གཏོང་ཐབས་དུ་མང་བྱས་ཡོད་པར་བརྗོད་འདུག སྐུ་ཞབས་ Respinti ལགས་ཀྱིས་ད་དུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་ནང་གི་ཆོས་ལུགས་དད་མོས་ཀྱི་རང་དབང་དེ་ཛ་དྲག་གི་གནས་སྟངས་སུ་འགྱུར་བཞིན་ཡོད་སྟབས། ཁ་ཆེ་ཆོས་ལུགས་དང་ནང་ཆོས། ཡི་ཤུའི་ཆོས་ལུགས་དང་ཧྥ་ལུང་གོང་ཆོས་བརྒྱུད་སོགས་ཀྱི་རྗེས་འཇུག་པ་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་གྱིས་རང་གིི་ཕ་མེས་ཀྱི་དད་མོས་སོགས་དོར་དུ་བཅུག་ཏེ་དམར་ཕྱོགས་སྲིད་གཞུང་ལ་ཡིད་ཆེས་དང་དགའ་མོས་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པར་མ་ཟད། ཆོས་ལུགས་ཀྱི་མཚོན་བྱེད་ལྷ་སྐུ་རྟེན་གསུམ་ཕྱི་ལ་གཡུག་ནས་མའོ་ཙི་ཏུང་དང་ཞི་ཅིན་ཕིང་གི་པར་འགྲེམས་འཇོག་བྱེད་བཞིན་པའི་ལས་གཞི་སྤེལ་བཞིན་པ་ཡང་གསལ་འདོན་གནང་འདུག

  ས་གནས་ཡུལ་མིས་ཨ་ཉ་སེང་སྒྲ་གློད་བཀྲོལ་དགོས་བའི་ཞུ་སྐུལ།

མགོ་ལོག་རྐྱང་ཆད་ཡུལ་མི་མཉམ་རུབ་ཀྱིས་རེ་སྐུལ་ཕྱག་བྲིས་ཤིག་ས་གནས་སྲིད་གཞུང་ལ་ཕུལ་ནས་མགོ་ལོག་ཨ་ཉ་སེང་སྒྲ་འཕྲལ་མར་གློད་བཀྲོལ་དགོས་བའི་རེ་འདུན་བཏོན་འདུག རྩ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པའི་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་མཁན་བོད་མི་ལས་འགུལ་བ་ཨ་ཉ་སེང་སྒྲ་ལགས་སྤྱི་ཚོགས་དཀྲུག་པའི་ཉེས་འཛུགས་འོག་བཀག་བསྐྱིལ་བྱས་ཏེ་ཟླ་བ་ལྔ་ཙམ་འགྲོ་བཞིན་ཡོད་པ་རེད། ཁ་སང་བོད་ནང་གི་ས་གནས་ཡུལ་མི་ཞིག་གིས་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ས་གནས་ཡུལ་མི་ཚོས་མཛུབ་ཐེལ་བརྒྱབ་ཡོད་པའི་ཡི་གེ་ཞིག་རྫོང་སྲིད་གཞུང་ལ་ཕུལ་ཏེ་ཨ་ཉ་སེང་སྒྲ་ལགས་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པ་ལས་ནག་ཉེས་ཡོད་མཁན་ཞིག་མིན་སྐོར་ནན་པོ་གསུངས་ཡོད་པ་དང་ཆབས་ཅིག ཁོང་འཕྲལ་མར་གློད་བཀྲོལ་གཏོང་དགོས་བའི་ཞུ་སྐུལ་གནང་འདུགདེ་བཞིན་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༨ ཉིན་ཨ་ཉ་སེང་སྒྲ་ལགས་ཀྱི་བཟའ་ཟླ་གཡང་སྐྱིད་ལགས་ཀྱིས་ཀྱང་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་ལ་ཞུ་གཏུག་ཡི་གེ་ཞིག་བྲིས་ཏེ་ཁོང་གི་བཟའ་ཟླ་མ་ཉེས་ཁ་གཡོག་འོག་འཛིན་བཟུང་བྱས་ཡོད་སྟབས། ཁོང་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད་ས་གནས་ཉེན་རྟོག་ཁང་གིས་ཁོང་དོན་མེད་འཛིན་བཟུང་བྱས་པར་གུན་གསབ་སྤྲོད་དགོས་པའི་གྱོད་དོན་ཐད་ཀྱི་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་ནའང་། རྒྱ་ནག་སྲིད་གཞུང་གིས་དེར་ལན་འདེབས་གང་ཡང་བྱས་མེད་པ་རེད། གཞི་རྩའི་ཨ་ཉ་སེང་སྒྲ་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ནས་དམངས་དོན་གླིང་ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་པ་དང་། འདས་པའི་ལོ་ངོ་དེ་དག་རིང་ཁོང་གིས་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་དང་སྤྱི་དངུལ་སྒེར་ཟ། ཁྲིམས་འགལ་གྱིས་རང་བྱུང་གཏེར་ཁ་སྔོག་འདོན། རྩ་ཆེའི་རི་སྐྱེས་སེམས་ཅན་རྔོན་པ་བཅས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མགུ་ཡི་རངས་ཞུ་ས་ཞིག་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་འབྲོག་པ་མང་ཚོགས་ནས་ཨ་ཉ་སེང་སྒྲ་ས་ཁུལ་དེའི་འབྲོག་པའི་ཡུལ་ཚོའི་འགོ་འཛིན་ལ་བདམས་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་ངོས་ལེན་མ་བྱས་པར་ཕྱི་ལོ་ ༢༠༠༨ ལོར་གྱོད་དོན་ཞིག་ལ་ཁ་གཡར་ནས་ལོ་དེའི་ཕྱི་ཟླ་ ༡༢ ནང་འཛིན་བཟུང་གིས་ལོ་གཅིག་ལྷག་བཙོན་འཇུག་བྱས་ཏེ་ ༢༠༡༦ ཟླ་ ༡༠ པའི་ནང་བཙོན་གྲོལ་བཏང་ཡོད་པ་རེད། ཁོང་འདི་ལོའི་ཕྱི་ཟླ་ ༩ པའི་ནང་སླར་ཡང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་སྐབས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་ཨ་ཉ་སེང་སྒྲ་ལགས་ཀྱིས་ས་གནས་སྲིད་གཞུང་གི་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས་ཐེར་འདོན་གནང་བ་དེ་ཁྲིམས་འགལ་ཡིན་ལུགས་ཀྱི་ནག་ཉེས་བཙུགས་པ་དེས་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་གཙང་སེལ་གྱི་ལས་འགུལ་དེ་སྟོང་བཤད་ཡིན་པ་གསལ་བཏོན་གནང་བ་མ་ཟད། ཁོང་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་ཡོད།

Latest news