Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ཆོས་ཞུ་བ་རྣམས་རང་གནས་སུ་ཕྱིར་ལོག་དང་བསྟུན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྡོར་གདན་དུ་དང་བླངས་ཞབས་ཞུ་རེ་ཞིག་མཇུག་སྒྲིལ།

ཆོས་ཞུ་བ་རྣམས་རང་གནས་སུ་ཕྱིར་ལོག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དང་བླངས་ཞབས་ཞུ་རེ་ཞིག་མཇུག་སྒྲིལ།

དཔལ་དུས་འཁོར་དབང་ཆེན་ལྟ་བུའི་ཆོས་འབྲེལ་གྱི་མི་ཚོགས་ཆེ་བའི་སྐབས་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་།   བུད་མེད་ལྷན་ཚོགས་གཉིས་ནས་ཆོས་ཞུ་བར་སྨན་པའི་ཞབས་ཞུའི་ལས་དོན་སྣ་ཚོགས་ཤིག་གྲུབ་ཀྱི་ཡོད་པ་ལྟར།   ད་རེས་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཁུལ་དེར་ཛ་དྲག་མཐུན་འགྱུར་དང་ཁོར་ཡུག་གཙང་བཟོ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་མང་རྒྱ་གང་ཆེར་སྤེལ་ཡོད་པ་རེད།ད་རེས་གནས་མཆོག་རྡོ་རྗེ་གདན་གྱི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་དེར་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་བོད་མི་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་མ་ཟད།   ཁུལ་དེ་དག་ནས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དད་ལྡན་ཆོས་ཞུ་བ་དང་།   གཞན་ཡང་འཛམ་གླིང་ཡུལ་གྲུ་ཁག་ ༦༠ ལྷག་ནས་ད་རེས་ཀྱི་ཆོས་འབྲེལ་དེར་ཆོས་ཞུ་བ་མི་གྲངས་བདུན་ཁྲི་ལྷ་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་རེད།   བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༢ ནས་ཞབས་ཞུའི་ལས་དོན་འགོ་འཛུགས་གནང་ཡོད་པ་དང་།   དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་དེ་ཚེས་ ༡༦  ནས་ཞབས་ཞུ་འགོ་འཛུགས་ཀྱིས་ད་ཆ་ཆོས་ཞུ་བ་རིམ་པས་རང་གནས་སུ་ཕྱིར་ལོག་གནང་བཞིན་པ་དང་བསྟུན།  དེ་རིང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་དེ་ཡང་རེ་ཞིག་མཇུག་སྒྲིལ་གནང་གི་ཡོད་པ་རེད།

Latest news

- Advertisement -spot_img