Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པའི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཛད་རྣམ་ཕྱག་དེབ་དབུ་འབྱེད།

མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པའི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཛད་རྣམ་ཕྱག་དེབ་དབུ་འབྱེད།

ཁ་སང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཛད་རྣམ་མི་ཚེ་གཅིག་ལ་སྐྱེ་བ་གསུམ་ཞེས་པའི་བོད་སྒྱུར་ཕྱག་དེབ་དབུ་འབྱེད་གནང་སོང་། ཀིརྟི་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་། བཞུགས་སྒར་ཁུལ་གྱི་རྩོམ་པ་པོ་དང་ཉམས་ཞིབ་པ་སོགས་འཛོམས་ཐོག་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་བོད་སྒྱུར་ཕྱག་དེབ་དབུ་འབྱེད་གནང་ཡོད་པ་རེད། སྐབས་དེར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་དང་ཀིརྟི་དགོན་པའི་ཤེས་ཡོན་འགན་འཛིན་དང་རྩོམ་པ་པོ་རེ་མདོ་སེང་གེ་ལགས་ནས་མཛད་རྣམ་ཕྱག་དེབ་ཀྱི་ནང་དོན་དང་བྱུང་རིམ་ལོ་རྒྱུས་ངོ་སྤྲོད་གནང་བ་དང་སྦྲགས། ཕྱག་དེབ་འདིའི་ནང་བླ་མ་ཆེན་པོ་ཞིག་གི་སྐུ་ཚེའི་ལོ་རྒྱུས་ཙམ་མ་ཟད། རྒྱ་མི་བོད་ནང་དུ་མ་ཡོང་གོང་དང་བོད་ལ་བཙན་འཛུལ་བྱས་པའི་རྗེས་ཀྱི་གནས་སྟངས་སྐོར། ཕྱིས་སུ་བཙན་བྱོལ་དུ་༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཆབ་སྲིད་རྐྱང་པ་ཙམ་མ་ཡིན་པར་བོད་ཀྱི་ཆོས་རིག་དང་ལེགས་བྱང་རྒྱུན་འཛིན་གནང་ཕྱོགས། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེང་རབས་ཅན་གྱི་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་བསྒྱུར་གནང་མཛད་པ་བཅས་ཀྱི་སྐོར་ཞིབ་རྒྱས་འཁོད་ཡོད་སྐོར་སོགས་གསུངས་ཡོད། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་ཆོས་སྲིད་ཀྱི་མཛད་པ་བསྐྱངས་སྟངས་ལ་བརྟེན་ནས་ཁོང་རང་ཉིད་རིན་པོ་ཆེར་ཐུགས་ཉེ་པོ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་རིན་པོ་མཆོག་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུས་སོང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རིན་པོ་ཆེ་མཆོག་གི་མཛད་རྗེས་ཁག་དྲན་གསོ་དང་འབྲེལ། ཁོང་སྐུ་སྒེར་གྱི་ངོས་ནས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་ཁག་ལ་གང་ཐུབ་ཅི་ཐུབ་ཀྱིས་གཟིགས་ཐབས་གནང་གི་ཡོད་སྐོར་དང་འབྲེལ། བོད་མི་རྣམས་ནས་སོ་སོའི་ལོ་རྒྱུས་ལ་བལྟ་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་ཡོད། དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཀྱང་རིན་པོ་ཆེ་མཆོག་གི་མཛད་རྗེས་ཁག་དང་ལྷག་པར་དུ་གཞོན་སྐྱེས་དང་གདན་ས་ཁག་ལ་ཤེས་ཡོན་གྱི་མཛད་པ་རླབས་ཆེན་བསྐྱངས་ཡོད་པའི་ཁྲོད་ཕྱག་དེབ་ ༦༩ ཙམ་བརྩམས་གནང་ཡོད་པ་སོགས་ངོ་སྤྲོད་དང་འབྲེལ། བོད་མི་རྒན་རབས་རྣམས་ནས་གང་ཐུབ་ཅི་ཐུབ་ཀྱིས་སོ་སོའི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་ཐུབ་དགོས་གལ་ཡིན་པའི་གཞེན་སྐུལ་གནང་སོང་། རྩ་བའི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཛད་རྣམ་འདི་ཐོག་མར་ལི་ཅང་ལིན་ལགས་ཀྱིས་རྒྱ་སྐད་དུ་རྩོམ་སྒྲིག་གནང་བ་དང་། དེ་རྗེས་སྐུ་ཞབས་མེ་ཐིའུ་ཨ་ཀེས་ཊར་ལགས་ཀྱི་ཨིན་སྐད་ནང་ཕབ་སྒྱུར་རྩོམ་སྒྲིག་གནང་ཞིང་། ད་ཆ་བོད་སྐད་དུ་བསྒྱུར་ཞིང་པར་སྐྲུན་ཟིན་པས་རིན་པོ་ཆེའི་མཛད་རྣམ་སྐད་ཡིག་གསུམ་ནང་པར་སྐྲུན་ཐུབ་ཡོད་པ་རེད། འབྲེལ་ཡོད་པར་བདག་དབང་། བོད་མིའི་སྒྲིག་འཛུགས།

Latest news

- Advertisement -spot_img