Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་སྤྱི་དཔལ་རིག་གསུམ་ཐོབ་ཐང་གི་བསྐྱར་ཞིབ་ཚོགས་འདུའི་ཐོག་རྒྱ་ནག་གི་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལ་འདྲི་རྩད།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

ཟླ་བ་འདིའི་ཕྱི་ཚེས་ ༡༤ ནས་ཕྱི་ཟླ་ ༣ པའི་ཚེས་ ༣ བར་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གི་བསྐྱར་ཞིབ་ཚོགས་ཐེངས་ ༧༣ པ་འཚོགས་བཞིན་པ་ལྟར་འདི་ཚེས་ ༡༥ དང་ ༡༦ བཅས་ཉིན་གཉིས་ཀྱི་རིང་ཚོགས་ཆུང་དེས་རྒྱ་ནག་ཐོག་དེ་འབྲེལ་བསྐྱར་ཞིབ་ལས་རིམ་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་བོད་ནང་འབྲོག་པ་གཙོས་བོད་མི་རྣམས་བཙན་གྱིས་གནས་སྤོའི་སྲིད་བྱུས་དང་། བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱེད་པའི་གནད་གླེང་སློང་གིས་འདྲི་རྩད་ནན་པོ་གནང་འདུག

རྩ་བའི་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེས་རྒྱ་ནག་ཐོག་གི་བསྐྱར་ཞིབ་ལས་རིམ་མ་ཚོགས་གོང་དུ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ Loyola ཁྲིམས་ཀྱི་སློབ་གྲྭ་གཉིས་ཟུང་སྦྲེལ་དང་། དེ་བཞིན་ Tibet Advocacy Coalition  ཞེས་བོད་དོན་ཞུ་གཏུག་ཐུན་མོང་ཚོགས་པས་རྒྱ་གཞུང་གིས་བོད་ནང་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེའི་ཁྲིམས་སྒྲིག་ལག་བསྟར་ལུགས་མཐུན་བྱེད་ཀྱི་མེད་པའི་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། རྒྱལ་ཚོགས་ཀྱི་དེ་འབྲེལ་ཚོགས་ཆུང་གི་ཁྲིམས་སྒྲིག་དོན་ཚན་ཁག་ལུང་འདྲེན་གྱིས་བོད་དོན་ཞུ་ཡིག་ཕུལ་ཡོད་པ་རེད།

ཁ་སང་ཨེ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་གསར་དུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་རྒྱལ་སྤྱིའི་རང་དབང་ཅན་གྱི་ཆེད་མཁས་པ་ ༡༨ ནས་རྒྱ་ནག་གིས་བོད་ནང་དུ་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་ཁྲོད་ངལ་བ་འཕྲད་པའི་བོད་མི་རྣམས་ལ་མནར་གཅོད་སོགས་ཞེད་སྣང་གང་ཡང་མེད་པའི་ཐོག་ཁྲིམས་གཏུག་བྱེད་པའི་གོ་སྐབས་ཡོད་མེད་སོགས་ཀྱི་འདྲི་རྩད་བྱེད་སྐབས་རྒྱ་གཞུང་གི་འཐུས་མིས་ལན་འདེབས་གསལ་བཤད་བྱེད་ཐུབ་མེད་པ་དང་འབྲེལ། རྒྱ་གཞུང་གིས་བོད་ནང་ཆོས་དད་རང་མོས་རྡོག་རོལ་གྱིས་དྲ་གནོན་ཤུགས་ཆེར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ནན་པོ་གནང་ཡོད་པ་འཁོད་འདུག

རྒྱལ་ཚོགས་ཀྱི་ཆེད་མཁས་པས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དང་འབྲེལ་ནས་སློབ་གྲྭ་དེ་དག་གི་ནང་དུ་རྒྱ་གཞུང་གིས་གཏན་འབེབས་སློབ་ཚན་དང་སྐད་ཡིག་གཅིག་གི་སྲིད་བྱུས་ལག་བསྟར་གྱིས་བོད་པའི་ངོ་བོ་རྩ་གཏོར་གཏོང་བཞིན་ཡོད་པའི་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། འདྲི་རྩད་བྱས་སྐབས། རྒྱ་གཞུང་གི་འཐུས་མིས་བོད་ནང་དེ་འབྲེལ་བཅའ་སྡོད་སློབ་གྲྭ་ཡོད་སྐོར་བཤད་ཡོད་པ་དེ་ལྟར་ཡང་། སློབ་གྲྭ་དེ་དག་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་ཆེད་དམིགས་པ་ཞིག་མིན་པ་སོགས་བཤད་ཡོད་པ་དང་ཆབས་ཅིག སྦེལ་ཇམ་སྐུ་ཚབ་གིས་རྒྱ་གཞུང་ནས་མི་རིགས་མཐུན་སྒྲིལ་གྱི་སྲིད་བྱུས་ཐོག་བསྐྱར་དུ་བསམ་ཞིབ་བྱ་དགོས་ངེས་ཡིན་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་དེ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཁེ་ཕན་གང་ཡང་མེད་སྐོར་གསུངས་འདུག དེ་བཞིན་ཁོང་གིས་རྒྱ་གཞུང་ལ་བོད་པ་དང་ཡུ་གུར་མི་རིགས་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལ་རྒྱུ་མཚན་དང་ཆ་འཇོག་བྱེད་པར་འོས་པའི་སྐྱོན་འཛུགས་མང་པོ་ཡོད་པ་དེར་རང་དབང་ཅན་གྱི་རྟོག་ཞིབ་སོགས་ཀྱི་བརྒྱུད་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་ཀྱི་ཡོད་མེད་སྐོར་འདྲི་རྩད་བྱེད་སྐབས་རྒྱ་གཞུང་གི་འཐུས་མི་རྣམས་ནས་ལེན་འདེབས་གང་ཡང་བྱས་མེད་པ་རེད་འདུག

བསྐྱར་ཞིབ་ཀྱི་ཚོགས་འདུའི་ཐོག་རྒྱ་གཞུང་གི་འཐུས་མིས་བོད་ཀྱི་སྐད་ཡིག་འདི་བཞིན་ཚན་རིག་དང་མཐུན་པ་ཞིག་མིན་པར་ལོག་བཤད་བྱེད་སྐབས་ Spain སི་པན་སྐུ་ཚབ་ཀྱིས་གནད་དོན་དེར་སྐྱོན་བརྗོད་ནན་པོ་གནང་ཡོད་པ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས། Kai Müller ལགས་ཀྱིས་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་འདི་རྗེས་ལུས་པ་ཞིག་ཡིན་སྐོར་བཤད་པ་དེ་རྒྱལ་ཚོགས་ནང་སླར་ཡང་བོད་ཐོག་དངོས་བདེན་མིན་པའི་འཁྱོག་བརྗོད་དང་དབྱེ་འབྱེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་སྐྱོན་བརྗོད་དང་ཆབས་ཅིག རྒྱ་གཞུང་གི་འཐུས་མིས་བོད་དོན་ཐོག་གི་འདྲི་རྩད་བྱས་པ་དེར་ལན་འདེབས་བྱེད་མི་ཐུབ་པ་དང་ཡང་ན་ལན་འདེབས་མ་བྱེད་པའི་གནས་སྟངས་བྱུང་ཡོད་པ་མ་ཟད།  རང་དབང་ཅན་གྱི་སྙན་ཐོ་དེ་དག་གི་ནང་དོན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སོགས་བདེན་པ་མིན་པ་ལོག་བཤད་བྱེད་ཀྱི་ཡོད་པ་གསུངས་འདུག

རྒྱལ་ཚོགས་ཀྱི་བསྐྱར་ཞིབ་ཀྱི་ལས་རིམ་དེའི་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐུ་ཚབ་ Kai Müller དེ་བཞིན་རྒྱ་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་མཐོང་ཐོས་མྱོང་གསུམ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། Tibet Advocacy Coalition  ཞེས་བོད་དོན་ཞུ་གཏུག་ཐུན་མོང་ཚོགས་པས་སྐུ་ཚབ་སོགས་ལྷན་ཞུགས་གནང་ཡོད་འདུག

གཞི་རྩའི་རྒྱལ་ཚོགས་ཀྱི་དེ་འབྲེལ་ཚོགས་ཆུང་ནས་བསྐྱར་ཞིབ་ལས་རིམ་གྱི་མཇུག་སྡོམ་ཞིབ་རྟོགས་དེ་ཕྱི་ཟླ་ ༣ ཚེས་ ༦ ཉིན་གདོན་རྒྱུ་ཡིན་པ་དང་འབྲེལ། དེའི་ནང་རྒྱ་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་རིག་གཞུང་ཐོབ་ཐང་གི་ཁྲིམས་སྒྲིག་ལག་བསྟར་དེ་བཞིན་་ལུགས་མཐུན་བྱེད་ཡོད་མེད་ཀྱི་གནད་དོན་གསལ་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།