Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌ་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་དཔེ་སྟོན་ལས་གཞི།

Tibetan News Headlines

  • Organic Research and Training Centre: Inculcating sustainable farming with modern approach among Tibetans in exile

རེས་གཟའ་ཉི་མ། ༢༠༢༤།༠༧།༡༤

  • སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་སྐོར་གླེང་མོལ།

ཕྱི་ཟླ་ ༦ ཚེས་ ༢༦ ནས་ཟླ་བ་འདིའི་ཚེས་ ༣༡ བར་ཁྱོན་ཟླ་བ་གཅིག་ལྷག་རིང་ཁེ་ན་ཌ་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་སྣེ་ཁྲིད་འོག་ཁུལ་དེའི་སློབ་མ་ཁག་ ༡༠ ལ་རྡ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་དང་། ཐུན་མིན་ལེགས་བྱང་བཅས་ལ་སློབ་གཉེར་གྱི་གོ་སྐབས་གནང་སྟེ། སློབ་ཕྲུག་རྣམས་ཁེ་ན་ཌར་ཕྱིར་ཕེབས་རྗེས་ཁུལ་དེའི་སློབ་གཉེར་བ་གཞན་རྣམས་ལ་དཔེ་སྟོན་ཞུ་རྒྱུར་དམིགས་པའི་དཔེ་སྟོན་ལས་གཞི་ཞིག་སྐྱོང་བཞིན་འདུག

རྩ་བའི་དེཔ་སྟོན་གྱི་ལས་གཞི་དེར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་། དེ་བཞིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བཅས་ཀྱི་མཐུན་འགྱུར་གནང་བ་ཞིག་ཆགས་ཀྱི་འདུག

འདི་ག་རླུང་འཕྲིན་ཁང་ནས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ལེགས་བཤད་ཉི་མ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁེ་ན་ཌ་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་སློབ་མ་དང་ལྷན་དུ་སྣེ་ཁྲིད་པ་དང་ཕ་མའི་འཐུས་ཚབ་ ༣ བཅས་ཕེབས་ཡོད་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་དེ་དག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཆེད་ཡིན་པ་མ་ཟད། སློབ་གཉེར་བ་སོ་སོའི་ལོ་ཚད་དང་ཤེས་ཚད་ལ་གཞིགས་པའི་འཛིན་རིམ་གཞིར་བཟུང་སློབ་བཞུགས་གནང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།

ལྷག་པར་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་དཔེ་སྟོན་སློབ་གྲྭའི་ཡིག་རྒྱུགས་ཡིན་སྟབས། ཁོང་རྣམ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རྡ་སྟེང་བོད་ཁྱིམ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་སོགས་ལ་གཟིགས་སྐོར་དང་ཉམས་གསོག་བཅས་གོ་སྒྲིག་ཞུས་ཡོད་པ་གསུངས་སོང་།

དེ་བཞིན་ཁེ་ན་ཌ་གངས་ལྗོངས་ཆོས་ལྡན་གླིང་ཚོགས་པའི་རྒྱུན་ལས་དང་། གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་ཤེས་རིག་འགན་འཛིན་འོད་གསལ་ལྷ་མོ་ལགས་སུ་བཀའ་འདྲི་ཞུས་སྐབས། ལས་གཞི་འདི་ཉིད་ཐོག་མ་སློབ་སྤྱི་བདེ་ཆེན་རྡོ་རྗེ་ལགས་ཀྱི་དགོངས་འཆར་ཕེབས་པ་ལྟར། གོ་བསྡུར་རིམ་པའི་ཐོག་ཁུལ་དེའི་ཕ་མའི་ཚོགས་ཆུང་དང་སློབ་གྲྭའི་དགེ་རྒན། ལྷག་པར་དུ་གངས་ལྗོངས་ཆོས་ལྡན་གླིང་ཚོགས་པའི་རྒྱུན་ལས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། སློབ་སྤྱི་མཆོག་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་། དེ་བཞིན་དཔེ་སྟོན་སློབ་གྲྭ་བཅས་ལ་འབྲེལ་བ་གནང་སྟེ། མཐུན་འགྱུར་རོགས་རམ་གང་ལེགས་གནང་སོང་བས་གོ་སྐབས་འདིའི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལས་གཞི་འདིའི་བརྒྱུད་ནས་སློབ་མ་རྣམས་ལ་མཐོང་རྒྱ་ཐོས་རྒྱ་དང་ཉམས་མྱོང་གང་ལེགས་འབྱུང་གི་ཡོད་ཅིང་། སློབ་མ་ཚོ་ཉིན་རེ་བཞིན་བོད་སྐད་ཀྱི་ཐ་སྙད་བཀོལ་སྤྱོད་ཡར་རྒྱས་འགྲོ་གི་ཡོད་སྟབས། མུ་མཐུད་ནས་ལས་འགུལ་དེ་དག་སྤེལ་ཐུབ་ཚེ་ཕན་ཐོགས་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གངས་ལྗོངས་ཆོས་ལྡན་གླིང་གི་ཕ་མའི་འཐུས་ཚབ་ཀྱི་རྒྱུན་ལས་བསྟན་འཛིན་ལྷ་མོ་ལགས་ཀྱིས། ད་རེས་འདིར་དྭང་བླངས་ཀྱི་ཐོག་ནས་ཡོང་དགོས་དོན་ནི། གོ་སྐབས་དེ་ཕྱི་རྒྱལ་གནས་སྡོད་བྱེད་མཁན་གྱི་བོད་ཕྲུག་རྣམས་གལ་ཆེན་པོ་ཞིག་ཡིན་པར་རྒྱབ་སྐྱོར་མཚོན་ཆེད་དུ་ཡིན་པ་དང་། ལྷག་པར་སློབ་མ་རྣམས་ལ་དོ་སྣང་བྱེད་སྐབས། སློབ་ཕྲུག་ཕན་ཚུན་བར་འབྲི་ཀློག་གི་སློབ་སྦྱོང་ཙམ་མིན་པར་སོ་སོའི་འཚར་ལོང་བྱེད་སྟངས་དང་བསམ་བློ་གཏོང་སྟངས་སོགས་ཚོར་བ་བརྗེ་ལེན་བརྒྱུད་སྤྱིར་བཏང་ཤེས་བྱ་ཡང་ཡག་པོ་ཐོབ་ཀྱི་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཕྱི་རྒྱལ་ལ་དེ་ལྟ་བུ་གོ་སྐབས་ཁག་པོ་ཡིན་སྟབས། འདིར་བོད་སྐད་ཡར་རྒྱས་ཡག་པོ་འགྲོ་གི་འདུག་ཅེས་གསུངས་སོང་།

ཁེ་ན་ཌ་ནས་ཕེབས་པའི་སློབ་མ་ཁག་གཅིག་ལ་བཀའ་འདྲི་ཞུས་སྐབས་ཕ་མའི་ལམ་སྟོན་གནང་བ་ལ་བརྟེན་ནས་འདིར་སླེབས་པ་ཞིག་ཡིན་པ་དང་། ཕ་མའི་ལམ་སྟོན་གྱི་རྗེས་སུ་འཇུག་པ་དེ་ང་རང་འགྲིག་ཞག་བསམ་གྱི་འདུག དེ་བཞིན་འདིར་བོད་ཀྱི་སྐད་དང་རིག་གཞུང་ལ་རྒྱུས་ལོན་ཆེད་དུ་ཡོང་བ་ཡིན་པ་མ་ཟད། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་གུས་ཞབས་ལྡན་པ་དང་། དྲི་བ་འདྲི་སྐབས་ཚུར་ཡག་པོ་བསླབ་ཀྱི་འདུག་ཅེས་སོགས་འགྲེལ་བརྗོད་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།