Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དགོས་གལ་གྱི་ལམ་སྟོན་བཀའ་དྲིན་སྩལ་སོང་།

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་ཕྱི་ལོ་གསར་བཞད་དང་བསྟུན། གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་ཚོགས་སྡེ་ཁག་གསུམ་གྱི་ངོས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་།   སྐབས་དེར་༸གོང་ས་མཆོག་གིས་ཕྱི་ལུགས་ཀྱི་གནམ་ལོ་གསར་དུ་བཞད་པར་འཚམས་འདྲི་དང་སྦྲགས།  འགྲོ་བ་གཅིག་འགྱུར་གྱི་འདུ་ཤེས་ཐོག་གཅིག་ཕན་གཅིག་གྲོགས་གནང་རྒྱུ་དེ་གལ་འགངས་ཧ་ཅང་ཆེ་བའི་ལམ་སྟོན་སྩལ་སོང་། 

ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ལེགས་གྲུབ་བྱུང་མཚམས་དེ་རིང་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་རྡོ་རྗེ་སློབ་དཔོན་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་སློབ་གཉེར་ཁང་དང་ཝཱ་རཱ་ཎ་སཱི་སློབ་ཟུར་ཐུན་མོང་།  སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་དཔལ་ཞྭ་ལུ་དགོན་པ། དེ་བཞིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་དགེ་ལྡན་སྤྱི་ལས་ཁང་བཅས་ཚོགས་པ་ཁག་གསུམ་ཐུན་མོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཆོ་གའི་སྒོ་ནས་བརྟན་བཞུགས་སྟར་འབུལ་ཞུས་ཡོད་པ་རེད།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་ཚོར་དེ་རིང་ཕྱི་ལོ་གསར་པའི་དུས་ཚིག་དང་བསྟུན་ཐུགས་རྩེ་བ་ཆེན་པོའི་ཐོག་ནས་འཚམས་འདྲི་མཛད་པ་དང་སྦྲགས།   ད་ཆ་ང་ཚོས་མི་རབས་གསར་པ་ཞིག་དང་བསམ་བློ་གསར་པ་ཞིག་གི་ཐོག་ནས་གཅིག་ཕན་གཅིག་གྲོགས་ཡོང་ཐབས་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་།

མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་ད་དུང་།  ཉེ་བའི་ཆར་ཨུ་རུ་དང་དེའི་ཁོངས་ཀྱི་གྲངས་ཉུང་མི་རིགས་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐོར་དང་།  ལྷག་པར་དུ་འཛམ་གླིང་ཤར་ནུབ་དང་ལྷོ་བྱང་བཅས་ཀྱི་ནང་དུའང་ང་ཚོ་དང་ཁྱེད་ཚོ་ཟེར་བའི་བསམ་བློ་ཤུགས་ཆེར་སླེབས་བཞིན་པ་སོགས་ཀྱི་དཔེ་མཚོན་ལུང་འདྲེན་མཛད་དེ།   ཆོས་ལུགས་དང་ལྟ་གྲུབ། ས་བབ་ཀྱི་གནས་སྟངས་བཅས་ལ་ལྟོས་མེད།  འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་གནང་དགོས་པ་མ་ཟད།    བྱམས་བརྩེ་ལྡན་པའི་ཐོག་ནས་འཛམ་གླིང་འདིར་དོན་དམ་གྱི་ཞི་བདེ་ཡོང་ཐབས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།

མ་ཟད་ད་ལྟའི་གནས་སྐབས་སུ་འཛམ་གླིང་ཁོར་ཡུག་གི་གནས་སྟངས་ཐོག་ནས་ས་ཕྱོགས་གང་སར་དཀའ་ངལ་འཕྲད་བཞིན་པ་དང་།  ལྷག་པར་ཉེ་བའི་ཆར་རྒྱ་ནག་ནང་དུ་ཆར་ཞོད་རྐྱེན་པས་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པར་དམིགས་བསལ་ཐུགས་སྨོན་བཀའ་དྲིན་མཛད་སོང་།

༸གོང་ས་མཆོག་གིས་ད་དུང་དེ་རིང་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་མཁན་གྱི་ཚོགས་སྡེ་ཁག་དང་།  མཛད་སྒོ་དེའི་ཐོག་ཆིབས་བསྒྱུར་བསྐྱངས་བའི་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་དང་མཁན་བླ་སྤྲུལ་རྣམས་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གནས་མཆོག་རྡོ་རྗེ་གདན་གྱི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་དང་བརྟན་བཞུགས་བཅས་ཀྱི་མཛད་རིམ་ཁག་དེ་རིང་ནས་ལེགས་པར་གྲུབ་ཟིན་ཡོད་པ་དང་།  ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ཐོག་༸དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་ཁག་གཅིག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ།   གྲྭ་བཙུན།  ཕྱི་རྒྱལ་དང་ཧི་མ་ལ་ཡའི་རི་བརྒྱུད། དེ་བཞིན་བོད་མི་བཅས་ཁྱོན་ཆོས་ཞུ་བ་བཞི་ཁྲི་ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།