Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་རིགས་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་བ།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་ནེའུ་ཡོག་མངའ་སྡེའི་བྱང་ཕྱོགས་སུ་སྐུ་ངལ་གསོ་བཞུགས་མཛད་མུས་ཡིན་པ་དང་བསྟུན། མགོན་པོ་༸གང་ཉིད་མཆོག་ལ་བྱང་ཨ་རིའི་བོད་རིགས་གཙོས་པའི་དད་ལྡན་མང་ཚོགས་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་འདུག

དེ་ཡང་ཁ་སང་སྟེ། ཕྱི་ཟླ་ ༨ ཚེས་ ༥ ཉིན་ཨ་རི་ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ནས་གསལ་བསྒྲགས་སྤེལ་དོན་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིའི་བོད་རིགས་ཡོངས་དང་། སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་དད་ལྡན་མི་མང་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། འདི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ས་གནས་ནེའུ་ཡོག་ཏུ་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་འདུག་པ་དེ་ལྟར་ཡང་། ཞིབ་ཕྲའི་དུས་ཚོད་དང་ཚོགས་ཁང་བཅས་ཉིན་ཤས་རྗེས་སུ་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་གསུངས་འདུག

རྩ་བའི་ཉེ་སྔོན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ནས་སོ་སོའི་ཁྱབ་ཁོངས་དད་ལྡན་མི་མང་རྣམས་ལ་མཎྜལ་དང་བརྟན་བཞུགས་ཆེད་མཐུན་འགྱུར་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་གསལབསྒྲགས་ཀྱིས་གྲ་སྒྲིག་གནང་བཞིན་ཡོད་པ་རེད་འདུག

Photo OHHDL

ལྷག་པར་ཁ་སང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་དྭངས་སྐྱེད་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན་དུ། ༸གོང་ས་མཆོག་ཞབས་པུས་གཤགས་བཅོས་མཛད་སའི་ Hospital for Special Surgery ཞེས་ནེའུ་ཡོག་གི་དམིགས་བསལ་གཤགས་བཅོས་སྨན་ཁང་གི་དར་མའི་ལུས་པོ་བསྐྱར་བཟོ་དང་རུས་ཚིགས་གཤགས་བཅོས་ཚན་པའི་འགན་འཛིན་སྨན་པ་ David Mayman ཌེ་ཝིཌ་མེ་མེན་ལགས་བདུན་ཕྲག་སྔོན་མའི་གཟའ་མཇུག་ཏུ་མགོན་པོ་༸གང་ཉིད་མཆོག་གི་སྐུ་མདུན་དུ་བཅར་ཏེ། ཞབས་པུས་བརྟག་དཔྱད་དང་། ཞབས་འགུལ་སྐྱོད་ཀྱི་གནང་སྟངས་ལ་ཞིབ་འཇུག་གནང་བའི་རྗེས་སུ་༸སྐུ་མདུན་གྱི་སྐུ་གཟུགས་དྭངས་སྐྱེད་ཡག་པོ་ཡོང་བཞིན་ཡོད་པའི་ཐོག ཞབས་པུས་འགུལ་སྐྱོད་སླར་གསོའི་སྦྱོང་བརྡར་ལ་འབད་བརྩོན་མཛད་བཞིན་ཡོད་པ་ལྟར་ཡར་རྒྱས་ཆེན་པོ་ཡོང་བཞིན་འདུག་ཅེས་དང་། ད་དུང་ཟླ་བ་དྲུག་ནས་བཅུ་གཉིས་བར་མུ་མཐུད་དྭངས་སྐྱེད་ཡག་པོ་ཡོང་བར་འབད་བརྩོན་གནང་དགོས་ཤིང་། ད་བར་༸གོང་ས་མཆོག་གི་སྐུ་ཁམས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་། མུ་མཐུད་ལོ་གཅིག་ནང་ཡར་རྒྱས་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་བ་བཀོད་འདུག

གཞི་རྩའི་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་དུ་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་ཡོད་པ་དང་འབྲེལ། ཟླ་བ་སྔོན་མ་སྟེ། ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ཨ་རིའི་ནེའུ་ཡོག་གི་ Hospital for Special Surgery སྨན་ཁང་དུ་ཞབས་པུས་གཤགས་བཅོས་ཀྱིས་སྨན་བཅོས་ལེགས་གྲུབ་བྱུང་ཡོད་པ་དང་། ད་ལྟའི་ཆར་ནིའུ་ཡོག་མངའ་སྡེའི་བྱང་རྒྱུད་དུ་སྐུ་ངལ་གསོ་བཞུགས་མཛད་མུས་ཡིན་ཞིང་། དཔལ་ལྡན་དགའ་ལྡན་ཕོ་བྲང་དང་སྐུའི་བླ་སྨན་པ་རྣམ་པས་དུས་ནས་དུས་སུ་མགོན་པོ་༸གང་ཉིད་མཆོག་གི་སྐུའི་ཞབས་པུས་དྭངས་སྐྱེད་དང་འབྲེལ་བའི་གསལ་བསྒྲགས་སྤེལ་གྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།