Tibetan Royal Year of 2151 | Year of the Wood Dragon

འདས་ལོར་རྒྱ་གཞུང་གིས་ཨ་རིའི་གཞུང་འབྲེལ་མི་སྣར་བོད་ནང་བསྐྱོད་འགྱུར་དམ་དྲག་མུ་མཐུད་བྱས་ཡོད་པ་མངོན་གསལ།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

Reciprocal Access to Tibet Act ཞེས་ཨ་རི་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་ཁྲིམས་སུ་བཅད་པའི་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་གཞིའི་དོན་ཚན་ ༤ པ་ནང་གསལ། ཨ་རི་གཞུང་གིས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། དེ་བཞིན་མང་ཚོགས་རྣམས་ལ་ཨ་རིའི་ནང་དུ་བཀག་སྡོམ་མེད་པའི་ཐོག་ནས་འགྲུལ་བསྐྱོད་ཀྱི་ཐོབ་ཐང་གནང་གི་ཡོད་པ་བཞིན། རྒྱ་ནག་གི་ཕྱོགས་ནས་ཀྱང་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་མང་ཚོགས་རྣམས་ལ་བོད་ནང་དུ་དམ་དྲག་མེད་པའི་ཐོག་ནས་འགྲུལ་བསྐྱོད་གནང་ཐུབ་ཀྱི་ཡོད་མིན་གྱི་གནས་སྟངས་དང་འབྲེལ་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་ཐེངས་དྲུག་པའི་ནང་། འདས་པའི་ཕྱི་ལོ་ ༢༠༢༣ ལོ་འདིའི་ནང་དུའང་རྒྱ་གཞུང་གིས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་མང་ཚོགས་རྣམས་ལ་བོད་ནང་བསྐྱོད་འགྱུར་སྔར་བཞིན་དམ་དྲགས་མུ་མཐུད་བྱས་ཡོད་པ་མངོན་གསལ་གནང་འདུག

Travel restriction in TAR

དེ་ཡང་ཟླ་བ་འདིའི་ཚེས་ ༧ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དེ་ཉིད་འདོན་སྤེལ་གནང་ཡོད་པའི་ནང་། སྔ་ལོ་ ༢༠༢༣ ལོ་དེར་བོད་རང་སྐྱོང་ལྗོངས་ཟེར་བ་དེ་བཞིན་རྒྱ་ནག་གི་ས་ཁུལ་གཞན་དང་མི་འདྲ་བར་ཁུལ་དེར་བསྐྱོད་པར་དམིགས་བསལ་ཆོག་མཆན་ཞུ་དགོས་པའི་དམ་དྲག་ཅན་གྱི་ས་ཁུལ་ཞིག་ཆགས་ཡོད་པ་དང་། སྔ་ལོ་ཨ་རིའི་གཞུང་འབྲེལ་མི་སྣ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་བསྐྱོད་ཆོག་པའི་ཆོག་མཆན་ཐེངས་གསུམ་ཞུས་ཡོད་ཀྱང་རྒྱ་ནག་གཞུང་གིས་དང་ལེན་བྱས་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཆོག་མཆན་མེད་པར་ཨ་རིའི་གཞུང་འབྲེལ་མི་སྣ་རྣམས་ནས་བོད་རང་སྐྱོང་ལྗོངས་ནང་དུ་བསྐྱོད་རྒྱུའི་གནམ་གྲུ་དང་མེ་འཁོར་གྱི་ཕྱག་ཁྱེར་ཡང་ཉོ་ཐུབ་ཀྱི་མེད་པ་རེད་འདུག

ཕྱོགས་མཚུངས་ཟི་ཁྲོན་དང་ཀན་སུའུ། ཡུ་ནན། མཚོ་སྔོན་ཞིང་ཆེན་བཅས་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ཕྱོགས་ཀྱི་བོད་ཀྱི་ས་ཁུལ་ནང་དུའང་སྤྱིར་དམིགས་བསལ་ཆོག་མཆན་སོགས་ཞུ་དགོས་མེད་ཀྱང་། ཞིང་ཆེན་ནང་ཁུལ། རྫོང་དང་གྲོང་སྡེ་བཅས་ས་གནས་ཀྱི་དཔོན་རིགས་ཚོས་ཁུལ་དེར་བསྐྱོད་མཁན་ཨ་རིའི་གཞུང་འབྲེལ་མི་སྣ་དང་ལས་བྱེད་པ། དེ་བཞིན་ཕྱི་རྒྱལ་བ་རྣམས་ལ་ལྟ་སྲུང་དང་སུན་རྩེར་སོགས་ཀྱི་བརྒྱུད་ནས་འཇིགས་སྐུལ་བྱས་པ་དང་། ཕྱི་མི་དེ་དག་ས་གནས་གང་འདོད་ལ་བསྐྱོད་རྒྱུར་དམ་དྲག་བྱས་པ། ལྷག་པར་དུ་ཨ་རིའི་མི་སེར་ཡིན་པའི་བོད་རིགས་རྣམས་ལ་དུས་རྟག་ཏུ་བོད་ཀྱི་ས་ཁུལ་ཁག་གི་ནང་དུ་འགྲུལ་བསྐྱོད་བྱས་པར། རྒྱ་ནག་གི་ཐབས་ཕྱོགས་གཅིག་འགྱུར་ལས་ཁུངས་ཀྱི་ཡིག་ཆ་ཕར་མ་དགོས་པ་དང་བོད་ནང་གི་ཉེ་འབྲེལ་གྱི་རྒྱབ་གཉེར་དགོས་པ་སོགས་དམིགས་བསལ་གྱི་དམ་དྲག་ཆེ་བ་ཡོད་པ་དང་། བོད་ནང་འགྲུལ་བསྐྱོད་གནང་ཐུབ་མཁན་རྣམས་ཡང་ཕྱིར་ཨ་རིའི་ནང་དུ་འབྱོར་བའི་སྐབས་སུ། བོད་ནང་དུ་ཡོད་པའི་རང་ཉིད་ཀྱི་ནང་མི་སྤུན་མཆེད་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ཆ་ནས། བོད་ནང་གི་གནས་སྟངས་སྐོར་བཀའ་མོལ་གསུངས་པར་རང་གི་རང་ལ་དམ་དྲག་བྱས་དགོས་པའི་གནས་སྟངས་ཆགས་ཡོད་པ་སོགས་མངོན་གསལ་གནང་འདུག

Travel restriction in TAR

མ་ཟད་ཨ་རི་གཙོས་པའི་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་བོད་ནང་བསྐྱོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆོག་མཆན་ཡིག་ཆ་དགོས་པ་མ་ཟད། ཡུལ་སྐོར་བ་རྣམས་རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་སྣེ་ཤན་པ་མཉམ་དུ་མ་གཏོགས་རང་འགུལ་ཐོག་བསྐྱོད་མི་ཆོག་པ། དེ་བཞིན་བོད་ནང་རྒྱ་ལམ་ཐོག་བསྐྱོད་རྒྱུའི་ཆོག་མཆན་ཧ་ཅང་ཐོབ་དཀའ་བོ་ཡོད་པ་དང་། བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ཚོར་བ་རྣོ་བའི་དུས་ཚོད་སྐབས་འགྲུལ་བསྐྱོད་ཡོངས་རྫོགས བཀག་སྡོམ་བྱས་པ་སོགས་ཀྱི་ཁྲོད། འདས་པའི་ལོ་དེའི་ནང་དེ་སྔ་དང་བསྡུར་ན་ཨ་རིའི་མི་སེར་འགྲུལ་བསྐྱོད་གནང་མཁན་ཇེ་ཉུང་དུ་སོང་ཡོད་པ་གསུངས་འདུག

དེ་བཞིན་འདས་པའི་ལོ་དེའི་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཨ་རིའི་གསར་འགོད་པ་གཅིག་ཀྱང་བསྐྱོད་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་། བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་དུ་འགྲུལ་བསྐྱོད་བྱེད་བཅུག་ཀྱང་། ས་གནས་མི་མང་ལྷན་དུ་འབྲེལ་བ་བྱེད་རྒྱུར་བཀག་སྡོམ་དང་། ལྟ་སྲུང་ནན་པོའི་རུ་ཁག་ནང་དུ་ཆེད་གཏོང་བྱས་པ་སོགས་ཀྱི་བརྒྱུད་གསར་འགོད་པ་བསྐྱོད་པའི་གྲངས་འབོར་མང་དུ་བཏང་ཡང་། བོད་ནང་ལོག་ནས་གནས་ཚུལ་སྤེལ་མ་ཐུབ་པའི་གནས་སྟངས་ཆགས་ཡོད་པ་མངོན་གསལ་གནང་འདུག

Travel restriction in TAR

ལྷག་པར་དུ་ཕྱི་ལོ་ ༢༠༢༠ ལོར་ཁྲན་ཏུའུ་ནང་གི་ཨ་རིའི་གཞུང་ཚབ་ལས་ཁུངས་སྒོ་རྒྱག་དགོས་ཁེལ་བའི་རྗེས་སུ། བོད་ཀྱི་ས་ཁུལ་ནང་གི་གནད་དོན་ཡོངས་རྫོགས་རྒྱ་ནག་རྒྱལ་ས་པེ་ཅིང་ནང་གི་ཨ་རིའི་གཞུང་ཚབ་ཁང་གི་འོག་ལ་སླེབས་པ་དང་འབྲེལ་ནས། འདས་པའི་ལོ་དེའི་ནང་བོད་ནང་དུ་ཕེབས་མཁན་ཨ་རིའི་མི་སེར་རྣམས་ཀྱི་བདེ་དོན་དང་འབྲེལ་བའི་ཨ་རིའི་གཞུང་གིས་ལས་བྱེད་པའི་སྐོར་བསྐྱོད་ཀྱང་གནང་ཐུབ་མེད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།