Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་ Philippines སྲིད་འཛིན་ལ་ཉེན་བརྡ་བཏང་འདུག

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

ཟླ་བ་འདིའི་ཚེས་ ༡༣ ཉིན་ཐའེ་ཝན་གྱི་འོས་བསྡུ་ཆེན་མོའི་ཁྲོད། རྒྱ་ནག་གི་འདོད་མོས་རྩ་བ་ནས་མེད་པའི་ཡུལ་དེའི་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་འོས་མི་སྐུ་ཞབས་ Lai Ching-te ལའེ་ཅིན་ཏ་མཆོག་ལ་རྒྱལ་ཁ་ཐོབ་པ་དང་འབྲེལ། ཕྱི་ཚེས་ ༡༥ ཉིན་ Philippines ཕི་ལི་པིནས་ཀྱི་སྲིད་འཛིན་ Ferdinand Marcos ཧྥརེ་ཌི་ནེནྜ་མཱར་ཀོས་མཆོག་གིས་ཐའེ་ཝན་གྱི་བདམ་ཐོན་སྲིད་འཛིན་ལ་དགའ་སུའི་འཚམས་འདྲི་ཞུས་པར་བརྟེན། རྒྱ་ནག་གཞུང་གིས་མེ་དང་རྩེ་མོ་རྩེད་རྒྱུ་མེད་ཞེས་ཉེན་བརྡ་བཏང་འདུག

ཁ་སང་ Reuters དང་ BBC སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཕི་ལི་པིནས་སྲིད་འཛིན་གྱིས་ལའེ་ཅིན་ཏ་མཆོག་ལ་འཚམས་འདྲི་ཞུས་པའི་གནད་དོན་དེར་འདོད་བློ་རྩ་བ་ནས་མེད་པ་མ་ཟད། མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཤད་པ་དང་འབྲེལ། སྲིད་འཛིན་མཱར་ཀོས་ཀྱི་གསུང་ཕྱོགས་དེ་དག་རྒྱ་ནག་གཅིག་གི་སྲིད་བྱུས་དང་། ཕི་ལི་པིནས་གཞུང་གིས་རྒྱ་ནག་ལ་ཁས་ལེན་བྱས་པ་ཁག་ཡོངས་སུ་རྒྱབ་འགལ་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་ཀྱིས་གནད་དོན་ཚབས་ཆེན་ཆགས་ཀྱི་ཡོད་པ་བརྗོད་འདུག

ད་དུང་ཕི་ལི་པིནས་གཞུང་ལ་དགག་བྱའི་རྣམ་འགྱུར་ཤུགས་ཆེར་སྟོན་པའི་ཁྲོད། རྒྱ་ནག་ནང་དུ་ཡོད་པའི་ཕི་ལི་པིནས་ཀྱི་གཞུང་ཚབ་པ་ཆེད་དུ་འབོད་འགུགས་ཀྱིས་དེ་འབྲེལ་ཉེན་བརྡ་བཏང་འདུག

ཁ་སང་ཕི་ལི་པིནས་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་། ཡུལ་དེའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ནན་བརྗོད་དང་འབྲེལ། དམངས་གཙོའི་གཞུང་འཛིན་ཡོད་པའི་ཐའེ་ཝན་གླིང་ཕྲན་ནང་དུ་ཕི་ལི་པིནས་ཀྱི་ལས་མི་འབུམ་གཉིས་ཙམ་བཅའ་སྡོད་ཡོད་པའི་ཆ་ནས་ཕན་ཚུན་གཉིས་ཀའི་ཁེ་ཕན་ཆེད་དུ་ཡིན་པ་གསལ་བཤད་བྱས་འདུག དེ་རྗེས་ Reuters གསར་ཁང་གིས་རྒྱ་ནག་གི་ཕི་ལི་པིནས་གཞུང་ཚབ་པ་ཆེད་འབོད་བྱས་པའི་གནད་དོན་ཐད་སྲིད་འཛིན་མཱར་ཀོས་གྱི་ལས་ཁུངས་ལ་བཀའ་འདྲི་ཞུས་སྐབས། རྒྱ་ནག་གཅིག་གི་སྲིད་བྱུང་ལ་ངོས་ལེན་ཡོད་པའི་འགྲེལ་བརྗོད་སྐྱར་ཟློས་བྱས་འདུག

རྩ་བའི་དེང་སྐབས་ཕི་ལི་པིནས་ཀྱིས་ཨ་རི་དང་འབྲེལ་ལམ་ཤུགས་ཆེ་རུ་བཏང་བའི་ཁྲོད། ཨ་རིས་ཕི་ལི་པིནས་ནང་གི་དམག་སྒར་བེད་སྤྱོད་བཏང་ཆོག་པའི་གྲོས་མཐུན་བཞག་པར་བརྟེན། རྒྱ་ནག་དང་ཕི་ལི་པིནས་བར་འགལ་ཟླ་ཤུགས་ཆེར་ཕྱིན་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད།

དུས་སྐབས་འདིར་ཐའེ་ཝན་དང་འབྲེལ་བ་ཆེན་པོ་ཡོད་པའི་རྒྱལ་ཁབ་ ༡༢ ཁོངས་ནས་ Nauru ནའུ་རུ་ཞེས་ Australia ཨོ་སི་ཊེ་ལི་ཡཱའི་བྱང་ཤར་ཁུལ་དུ་ཆགས་པའི་མཚོ་གླིང་རྒྱལ་ཁབ་དེས་རྒྱ་ནག་གི་ཤུགས་རྐྱེན་ཁྲོད་ཐའེ་ཝན་དང་འབྲེལ་ཐག་བཅད་རྒྱུའི་གསལ་སྒྲགས་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།