Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༩ པའི་མཐའ་མའི་འགྲན་སྡུར་དེ་རིང་རྩེ་ཐུབ་མ་སོང་།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

དེ་རིང་ཧུན་སུར་རབ་རྒྱས་གླིང་གི་རྐང་སྤོལ་རྩེད་ཐང་དུ་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཐོག་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་ ༢༩ པའི་རྩེད་འགྲན་མཐའ་མ་དེ་དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་དབར་འགྲན་རྩོད་གནང་རྒྱུ་ཡིན་པ་དེ་ལྟར་ཡང་། དྷ་ས་ཆིག་སྒྲིལ་རུ་ཁག་གི་རྩེད་འགྲན་པ་གཅིག་གི་དགོས་ངེས་ཡིག་ཆ་ཏག་ཏག་ཡོད་མིན་གྱི་ཉེས་འཛུགས་འོག་གོ་ལ་ཐ་ལའི་མི་མང་ཁག་གཅིག་གིས་རྐང་སྤོལ་ཐང་དུ་ངོ་རྒོལ་བྱས་སྟབས། རྩེད་འགྲན་དེ་ཉིད་རྩེ་མ་ཐུབ་པའི་གནས་སྟངས་འོག་ལྷུང་སོང་། 

GCM 2024

རྩ་བའི་ཁ་སང་ཉིན་གུང་ཚོུད་ ༡༢།༠༠ ཡོལ་ཙམ་ལ་མཐའ་མའི་འགྲན་སྡུར་རིམ་པ་གཉིས་པ་ Semi Finals དབུ་འཛུགས་ཀྱིས་ཐོག་མ་སྤོན་ཊ་ཆོལ་གསུམ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གནང་རྗེས་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། དེ་ནས་རྩེད་འགྲན་གཉིས་པ་དྷ་ས་ཆིག་སྒྲིལ་རུ་ཁག་དང་གོ་ལ་ཐ་ལ་རུ་ཁག་གཉིས་དབར་གནང་བ་ལས་སྤོ་ལོ་གསུམ་དང་ཀླད་ཀོར་ཐོག་ནས་དྷ་ས་ཆིག་སྒྲིལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་སྟབས། དེ་རིང་ཉིན་གུང་ཚོུད་ ༡།༠༠ ཐོག་སྐུ་མགྲོན་གཙོ་བོ་ཧུན་སུར་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་ལགས་དབུ་བཞུགས་ཐོག་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་ ༢༩ པའི་མཐའ་མའི་རྩེད་འགྲན་དེ་དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གནང་རྒྱུ་ཡིན་པ་རེད། 

GCM 2024

འོན་ཀྱང་དེ་རིང་རྩེད་འགྲན་མཐའ་མའི་མཛད་སྒོའི་ཁྲོད་གོ་ལ་ཐ་ལའི་མི་མང་ཁག་གཅིག་གིས་དྷ་ས་ཆིག་སྒྲིལ་རུ་ཁག་གི་སྒོ་སྲུང་བ་རྩེད་འགྲན་འདིའི་ནང་རྩེ་ཆོག་པའི་ཆ་རྐྱེན་གཙོ་བོ་བོད་མིའི་དཔྱ་ཁྲལ་ལག་དེབ་ཚད་ལྡན་མེད་པས་ཉེས་འཛུགས་དང་འབྲེལ་། དེ་ནི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྒྲིག་གཞི་དང་ཡོངས་སུ་འགལ་ཡོད་པས། རྩེད་འགྲན་པ་དེ་ཉིད་ལ་ནམ་ཡང་ངོས་ལེན་མེད་པ་དང་། དྷ་ས་ཆིག་སྒྲིལ་རུ་ཁག་ནས་ཡིག་ཆའི་གནད་དོན་དེ་ཉིད་གཙང་བཟོ་མ་གནང་བར་དུ་རྩེད་འགྲན་མཐའ་མ་མུ་མཐུད་ནས་རྩེ་བཅུག་རྒྱུ་མེད་པ་སོགས་ཀྱི་ངོ་རྒོལ་གྱིས་དྷ་སའི་རྩེད་འགྲན་པ་རྣམས་རྩེད་ཐང་དུ་འདོན་མ་ཐུབ་པའི་གནས་སྟངས་སུ་གྱུར་སོང་། 

གནད་དོན་དེ་དང་འབྲེལ་གསར་འགོད་པས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་འགན་འཛིན་བྱང་ཆུབ་རྒྱལ་མཚན་ལགས་སུ་དེ་རིང་རྩེད་འགྲན་མཐའ་མ་དེ་ཉིད་ཚོགས་མ་ཐུབ་པའི་གནད་དོན་གང་ལ་ཐུག་ཡོད་མིན་དང་། དྷ་ས་རུ་ཁག་གི་གང་ཟག་དེར་དཔྱ་ཁྲལ་ལག་དེབ་ཡོད་མེད་ཀྱི་གནད་དོན་དང་འབྲེལ་ཏེ། འབྲེལ་ཡོད་ཚོ་དང་བཀའ་བསྡུར་གང་གནང་ཡོད་མིན་ཐད་བཅར་འདྲི་ཞུས་ཐབས་བྱས་ཀྱང་། བཅར་འདྲི་དང་ལེན་གནང་མ་སོང་། དེ་བཞིན་གསར་འགོད་པས་འབྲེལ་ཡོད་རུ་ཁག་གཉིས་ཀྱི་རུ་དཔོན་གཉིས་ལ་རྙོག་གླེང་འདིའི་སྐོར་རྒྱུས་ལོན་ཞུས་ཐབས་བྱས་ཀྱང་། དགོང་དྲོའི་ཚོུད་༡༡/༣༠ ཐོག་ལའང་ཚོགས་འདུ་འཚོགས་བཞིན་ཡོད་སྟབས། ཁོང་རྣམ་པའི་ཀྱང་བཅར་འདྲི་དང་ལེན་གནང་མ་སོང་། 

GCM 2024

གཞི་རྩའི་དེ་རིང་རྩེད་འགྲན་མཐའ་མའི་ཐོག་སྐུ་མགྲོན་གཙོ་བོ་ཧུན་སུར་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱམས་པ་བཟོད་པ་ལགས་ཀྱིས་གཙོས་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་རྣམ་གཉིས་ཀྱིས་གསུང་བཤད་ཁྲོད། གཙོ་བོ་བཙན་བྱོལ་ནང་རྩེད་འགྲན་འདི་ལྟ་བུ་འགྲན་སྡུར་གནང་ཐུབ་པ་འདི་ནི་༸གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ཉག་ཅིག་ལ་བརྟེན་ནས་བྱུང་ཡོད་སྐོར་གསུངས་པ་དང་འབྲེལ། རྩེད་འགྲན་པ་རྣམས་ལ་རྒྱལ་ཁ་ཐོབ་ཤོར་འདི་རྩེད་མོའི་ངོ་བོ་ཡིན་སྟབས་ཡ་རབས་བཟང་སྤྱོད་དང་ལྡན་པའི་ངང་རྩེད་མོ་རྩེ་དགོས་སྐོར་ནན་གཏན་གསུང་བཤད་གནང་ཡོད།

སྤྱིར་དེ་རིང་གི་རྩེད་འགྲན་དེ་ཉིན་གུང་ཚོུད་ ༡།༠༠ ཡོལ་ཙམ་ལ་རྩེ་ཡི་ཡོད་པ་དེ་ལྟར་ཡང་རྙོག་གླེང་འདི་རྐྱེན་པས་དགོང་དྲོ་ཚོུད་ ༡༡།༣༠ ཡོལ་ནའང་རྩེད་འགྲན་ཚོགས་ཐུབ་མེད་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ངོས་ནས་ཀྱང་དུས་ད་ལྟའང་གནད་དོན་འདིའི་ཐོག་ཐག་གཅོད་གནང་མ་ཐུབ་པའི་གནས་སྟངས་འོག་ལྷུང་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།