Tibetan Royal Year of 2151 | Year of the Wood Dragon

ཨ་ཉག་སེང་སྒྲ་ལགས་ཀྱི་གོང་གཏུགས་གྱོད་དོན་ལ་མུ་མཐུད་ཡ་ལན་མེད་པར་ལུས་འདུག

Tibetan News Headlines

  • འབྲི་ཆུའི་བཞུར་རྒྱུན་དུ་ཁམས་སྡེ་དགེ་ཁུལ་གྱི་དོན་རྐྱེན་དང་འབྲེལ་ནས་གླེང་མོལ།

Saturday 02/03/2024

  • China’s dam projects in Tibet: Social and environmental impact

རྒྱ་ནག་གི་བཙོན་ཁང་ནང་དུ་ལོ་ ༧ ཁྲིམས་ཆད་མྱོང་བཞིན་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་འགོག་རྒོལ་གནང་མཁན་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པས། ཨ་ཉག་སེང་སྒྲ་ལགས་ཆབ་སྲིད་ཀྱི་ངན་ཇུས་འོག་ནས་གང་བྱུང་འཇུ་བཟུང་གིས་དྲང་བདེན་མ་ཡིན་པའི་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་སྟབས། ཁོང་གི་གྱོད་དོན་གོང་རིམ་ལ་བསྐྱར་གཏུག་བྱས་ཀྱང་། རྒྱ་གཞུང་ཕྱོགས་ནས་ད་ལྟའང་ཡ་ལན་མེད་པར་ལུས་འདུག

རྩ་བའི་འདས་པའི་ལོ་ཤས་རིང་ཁྲིམས་རྩོད་པ་ Lin Qilei ལིན་ཆི་ལི་ལགས་ཀྱིས་ཨ་ཉག་སེང་སྒྲ་ལགས་ཀྱི་གྱོད་དོན་ཐད་གོང་རིམ་ཁྲིམས་ཁང་ལ་བསྐྱར་གཏུག་བྱེད་ཐབས་བྱས་ཀྱང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བ་གཉིས་ཀས་ཁོང་གི་གོང་རིམ་ཞུ་གཏུག་ལ་ངོས་ལེན་མ་བྱས་པར་བརྟེན། ཁྲིམས་རྩོད་པ་ལིན་ལགས་ཀྱིས་རྒྱ་ནག་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཡོད་པ་ཙམ་མ་ཟད། སྔ་ལོའི་ཕྱི་ཟླ་ ༧ པའི་ནང་ཁྲིམས་རྩོད་པ་ལིན་ལགས་ཀྱིས་ཨ་ཉག་སེང་སྒྲ་ལགས་ཀྱི་གོང་གཏུག་གྱོད་དོན་སྐོར་གྱི་སྐབས་ཐོག་གནས་ཚུལ་རྒྱུས་ལོན་བྱེད་པར་འབྲེལ་ཡོད་ལས་བྱེད་པས་ཡ་ལན་ཚུལ་མཐུན་སྤྲད་མེད་པ་རེད།

མདོ་སྨད་མགོ་ལོག་དགའ་སྡེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པའི་ཨ་ཉག་སེང་སྒྲ་ལགས་ཀྱིས་ཡུལ་དེའི་འབྲོག་པ་མང་ཚོགས་སྣེ་ཁྲིད་དེ་ས་གནས་གཞུང་གི་ལྐོག་ཟ་རུལ་སུངས་དང་ཁོར་ཡུག་གཏོར་བརླག་བྱས་པའི་བྱ་སྤྱོད་ཐེར་འདོན་བྱས་པར་བརྟེན། རྒྱ་གཞུང་ཉེན་རྟོག་པས་ཁོང་ཕྱག་རོགས་གཞན་བརྒྱད་དང་ལྷན་དུ་འཛིན་བཟུང་གིས། ཕྱི་ལོ་ ༢༠༡༩ ཟླ་ ༡༢ པའི་ཚེས་ ༦ ཉིན་སྤྱི་ཚོགས་ཟིང་སློང་གི་ནག་ཉེས་བཙུགས་ནས་མི་ལོ་ ༧ བཙོན་འཇུག་ཁྲིམས་བཅད་ཡོད་པ་རེད།

ཁ་སང་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་གནས་ལྟ་ཞིབ་ཁང་གཉིས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཟླ་བ་འདིའི་ཚེས་ ༨ ཉིན་ཁྲིམས་རྩོད་པ་ལིན་ལགས་སླར་ཡང་ Xi’an ཞེ་ཡན་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་བསྐྱོད་ཁྲིམས་ཁང་དྲུག་པར་ཕེབས་སྐབས། ཨ་ཉག་སེང་སྒྲ་ལགས་ཀྱི་གོང་གཏུག་གྱོད་དོན་ཐོག་ད་དུང་ཡང་བསྐྱར་ཞིབ་བྱེད་བཞིན་ཡོད་པས་ངང་སྒུག་བྱས་དགོས་པ་བརྗོད་ཡོད་འདུག

ཐོག་མར་འཛིན་བཟུང་སྐབས་རང་ལོ་ ༤༧ ཡིན་པའི་ཨ་ཉག་སེང་སྒྲ་ལགས་ལོ་བདུན་གྱི་ཁྲིམས་ཆད་མ་བཏང་གོང་ནས་ཉེན་རྟོག་པས་ལོ་གཅིག་ཙམ་གྱི་རིང་བཀག་ཉར་བྱས་ཏེ་ཉེས་བརྡུང་ཤུགས་ཆེ་བཏང་ཡོད་པ་མ་ཟད། བཟའ་ཟླ་དབྱངས་སྐྱིད་ལགས་ཁོང་ཐུགས་འཕྲད་བྱ་རྒྱུར་བཀག་སྡོམ་བྱས་པ་དང་། དེ་སྔོན་རྒྱལ་ཚོགས་ཀྱི་ཆེད་ལས་པའི་ཚོ་ཁག་ཅིག་ནས་རྒྱ་གཞུང་ལ་ཁོང་གི་ཉེས་འཛུགས་ཕྱིར་འཐེན་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།

བོད་གནས་ལྟ་ཞིབ་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཨ་ཉག་སེང་སྒྲགས་ལགས་ཀྱི་ཁྲིམས་རྩོད་པས་ཁོང་གི་གནད་དོན་ཐད་རྒྱ་ནག་གི་ཁྲིམས་ཁང་གོང་མར་བསྐྱར་གཏུག་དང། ཁོང་ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་ནང་མི་ལོ་དྲུག་ཟིན་རུང་། ཁོང་གི་ད་ལྟའི་སྐུ་གཟུགས་གནས་སྟངས་ཇི་ཆགས་བཅས་ཀྱི་སྐོར་ད་ལྟའང་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད་འདུག

མཆན། Lin Qilei གི་པར་ Free Tibet ནས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།