Tibetan Royal Year of 2151 | Year of the Wood Dragon

ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༦༠ ལྷག་གི་གོ་ལག་ཚོང་འགྲེམས་བྱ་རྒྱུ།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ཨ་རིའི་ངོས་ནས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༦༠ ལྷག་གི་གོ་ལག་ཚོང་འགྲེམས་བྱ་རྒྱུ་ཡིན་པ་གསུངས་འདུག

Photo: Britannica

དེ་ཡང་ཟླ་བ་འདིའི་ཚེས་ ༡༨ ཉིན་ཨ་རིའི་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས། ཨ་རིའི་ངོས་ནས་ཐའེ་ཝན་ལ་གོ་མཚོན་སྡེ་ཁག་གཉིས་ཚོང་འགྲེམས་བྱ་རྒྱུ་ཡིན་པའི་ཁོངས་སུ་ཨ་སྒོར་ས་ཡ་ ༣༠༠ གི་མི་མེད་གནམ་གྲུ་དང་། ཨ་སྒོར་ས་ཡ་ ༦༠ ལྷག་གི་མེ་ཤུགས་འཕུར་མདའ་དང་ Switchblades ༧༠༠ ལྷག་ཚོང་འགྲེམས་བྱ་རྒྱུ་ཡིན་ཞིང་། དེའི་བརྒྱུད་ནས་ཐའེ་ཝན་གྱི་བདེ་འཇགས་ཡར་རྒྱས་དང་། ཆབ་སྲིད་བརྟན་ལྷིང་། དམག་དོན་དོ་མཉམ། དེ་བཞིན་དཔལ་འབྱོར་ཡར་རྒྱས་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པ་བརྗོད་འདུག

Photo: CNN

རྩ་བའི་ཕྱི་ལོ་ ༡༩༧༩ ལོར་ཨ་རིས་གཞུང་གིས་ Taiwan Relation Act ཞེས་པའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ཡོད་པ་དེའི་ནང་། ཐའེ་ཝན་གྱི་བདེ་སྲུང་ཆེད་དུ་ཨ་རིའི་དམག་དོན་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མ་ཟད། སྤྱི་ཚོགས་དང་དཔལ་འབྱོར་སོགས་ལ་བཙན་སྐུལ་གྱི་ཉེན་ཁ་བཟོ་ཚེ་དེར་གདོང་ལེན་ལ་རོགས་འདེགས་བྱུ་རྒྱུ་ཡིན་པ་སོགས་འཁོད་ཡོད་པ་རེད།

Photo: The Hindu

ཨ་རིའི་ཕྱོགས་ནས་དེ་ལྟར་གསལ་བསྒྲགས་གནང་བའི་རྗེས་སུ་ཁ་སང་ཕྱི་ཚེས་ ༡༩ ཉིན་ཐའེ་ཝན་སྲིད་འཛིན་ Lai Ching-te མཆོག་སྲིད་འཛིན་གྱི་ལས་འཁུར་ཞུས་ནས་ཟླ་བ་གཅིག་ཧྲིལ་པོ་འཁོར་བའི་གསར་འགོད་ལྷན་ཚོགས་ཐོག ཨ་རི་ལ་ཐུགས་རྗེ་ཆེ་ཞུས་དང་འབྲེལ། ཐའེ་ཝན་དེ་ཉིད་རྒྱ་ནག་གི་གནོན་ཤུགས་འོག་མགོ་བོ་སྒུར་རྒྱུ་མིན་པ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐའེ་ཝན་དེ་ཉིད་ཟླ་སྒྲིལ་གཏང་རྒྱུ་ཟེར་བ་དེ་སྲིད་བྱུས་ཤིག་ཡིན་པ་ནན་བརྗོད་ཀྱིས་ད་དུང་དམག་ཤུགས་ཀྱི་ཐོག་ནས་རྒྱ་གཞུང་གིས་ཐའེ་ཝན་དེ་ཉིད་དབང་འོག་ཏུ་བསྡུ་ཐབས་ཆེད་ལམ་ལུགས་དང་མི་མཐུན་པར་བཙན་ཤེད་ཀྱི་ཐབས་ལམ་ཇེ་ཤུགས་ཆེ་རུ་བཏང་ཡོད་པ་གསུངས་འདུག

དེ་བཞིན་ཐའེ་ཝན་གྱི་མི་མང་རྣམས་ནས་རང་དབང་གཙང་མའི་བདག་དབང་དེ་ཉིད་བློ་རྩ་བརྟན་པོས་སྲུང་སྐྱོབ་དང་། མང་གཙོའི་དང་རང་དབང་ལྡན་པའི་ཐོག་ནས་རྩ་ཁྲིམས་ཀྱི་ལམ་ལུགས་ལ་རྩིས་སྲུང་བྱ་རྒྱུ་ཡིན་པ་དང་། ཐའེ་ཝན་གྱི་མི་མང་རྣམས་ནི་ཞི་བདེ་ལ་དགའ་མོས་བྱེད་མཁན་ཡིན་པ་དེ་ལྟར་ཡང་། ཞི་བདེའི་རྒྱབ་རྟེན་དུ་སྟོབས་ཤུགས་དགོས་ངེས་ཡིན་པ་མ་ཟད། རྒྱ་ནག་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་འདུན་པ་ཆེད་འདོན་གནང་འདུག

གནད་དོན་དེའི་ཐོག་ཐའེ་ཝན་རྒྱལ་སྲུང་ལྷན་ཁང་གི་ངོས་ནས་ཐའེ་ཝན་མཚོ་ཁ་ཁུལ་དུ་ཞི་བདེ་བརྟན་ལྷིང་ཡོང་བར་རྒྱ་ནག་གི་ཀུན་སློང་བཟང་པོ་ལ་རག་ལུས་རྒྱུ་ཡིན་པ་མ་ཟད། དམག་སྦྱོང་མཚམས་འཇོག་ཀྱིས་མཉམ་འབྲེལ་ཐོག་ཐའེ་ཝན་ཁུལ་དུ་བརྟན་ལྷིང་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

གཞི་རྩའི་ཟླ་བ་སྔ་མའི་ཕྱི་ཚེས་ ༢༠ ཉིན་ Lai Ching-te མཆོག་ཐའེ་ཝན་སྲིད་འཛིན་གྱི་ལས་ཁུར་དམ་འབུལ་བཞེས་སྐབས། རྒྱ་དམར་གཞུང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་ཏེ། ཨ་རིའི་གོ་མཚོན་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་ཐའེ་ཝན་ནང་གོ་མཚོན་ཚོང་འགྲེམས་བྱེད་ཀྱི་ཡོད་པའི་ཉེས་མིང་འོག་སྲིད་དོན་ཉེས་ཆད་བཀལ་བའི་གནས་ཚུལ་ཐོན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།