Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་མཛད་འཆར་ཉིན་གྲངས་གཅིག་ལས་མེད་ཀྱང་༸སྐུའི་དྲུང་ནས་གསུང་ཐོས་རྒྱུ་དང་ཞལ་མཇལ་བ་ཙམ་གྱི་བསོད་ནམས་ཆེན་པོ་ཡིན།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ནས་མོན་མི་རིགས་ཀྱི་ཚབ་ཞུས་ཏེ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུ་བདག་གིར་བཞེས་པ་དང་། དེ་སྔ་ ༡༩༥༩ ལོར་དང་ཐོག་མོན་ཡུལ་བརྒྱུད་དེ་རྒྱ་གར་ནང་བྲོས་བྱོལ་ལ་ཕེབས་ནས་བཙན་བྱོལ་ནང་གི་ཆོས་འབྲེལ་དང་པོ་དེ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་བསྩལ་ནས་ལོ་ངོ་ ༦༥ འཁོར་བ་སོགས་དུས་ཚིགས་ཁྱད་པར་ཅན་དུ་མ་ལྷན་འཛོམས་ལ་བརྟེན། ཕྱི་ཟླ་ ༩ ཚེས་ ༧ ཉིན་མོན་ཡུལ་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དག་སྣང་གསང་བ་རྒྱ་ཅན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་ལྟར། དེ་རིང་ནས་འགོ་འཛུགས་ཀྱིས་ཉིན་གྲངས་ལྔའི་རིང་རྡོ་རྗེ་སློབ་དཔོན་དུ་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུས་བཞུགས་ཐོག་ཚེ་སྒྲུབ་གནང་བཞིན་འདུག

རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༦ མོན་མི་མང་ཡོངས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་ཙམ་མ་ཟད། ཕྱི་ཚེས་ ༧ ཉིན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཚོགས་མགོན་དུ་དབུ་བཞུགས་མཛད་འཆར་ཡོད་ནའང་། ཁ་སང་ཕྱི་ཟླ་ ༩ ཚེས་ ༢ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལ་ཕྲན་བུ་འགྱུར་བ་བཏང་གནང་སྟེ། ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༦ ཉིན་མོན་ཡུལ་གྱི་དད་ལྡན་མི་མང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་དེ་བཞིན་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྩལ་གཏན་འཁེལ་ཡོད་པ་རེད། ཚེས་ ༧ ཉིན་མཛད་འཆར་ལ་འགྱུར་བ་མེད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མོན་ཡུལ་གྱི་དད་ལྡན་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསལ་བསྒྲགས་སྤེལ་བ་ལྟར། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱི་གཙོ་འཛིན་དང་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་སློབ་དཔོན་ཟུར་པ་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་གཙོས་མོན་ནས་ཆེད་ཕེབས་གནང་བའི་དད་ལྡན་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་དེ་གལ་འགངས་ཆེ་ཤོས་ཤིག་ཡིན་པ་དང་མགོན་པོ་༸གང་ཉིད་མཆོག་གི་དྲུང་ནས་ཉིན་གཅིག་གི་རིང་ལ་ཆོས་འབྲེལ་ཞུ་རྒྱུ་བྱུང་ཡང་བསོད་ནམས་ཆེན་པོ་དང་དགའ་བ་སྐྱེས་བཞིན་ཡོད་པ་གསུངས་སོང་།

བླ་མ་ངག་དབང་ནོར་བུ་ལགས་ཀྱིས་ད་དུང་འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུ་བདག་གིར་བཞེས་པ་དང་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་དང་ཐོག་མོན་ཡུལ་བརྒྱུད་རྒྱ་གར་ནང་བྲོས་བྱོལ་ལ་ཕེབས་ནས་བཙན་བྱོལ་ནང་གི་ཆོས་འབྲེལ་དང་པོ་དེ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་བསྩལ་ནས་ལོ་ངོ་ ༦༥ འཁོར་བ་སོགས་ཀྱི་དུས་ཚིགས་དུ་མ་ལྷན་དུ་འཛོམས་པ་ལ་བརྟེན་ནས་ཟླ་བ་འདིའི་ཚེས་ ༧ ཉིན་མོན་ཡུལ་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དག་སྣང་གསང་བ་རྒྱ་ཅན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཙམ་མ་ཟད། ཆུ་ཚོད་ ༡༠ ཡས་མས་སུ་རྒྱ་གར་ཨ་རུ་ན་ཅལ་ཁུལ་གྱི་ཆེས་མཐོའི་དཔོན་རིགས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་སྲི་ཞུ་ལས་བྱེད་དང་མང་ཚོགས་བཅས་ལྷན་འཛོམས་ཐོག་༸སྐུའི་གོ་སྟོན་གྱི་མཛད་སྒོ་རྒྱས་པ་ཞིག་འཚོགས་འཆར་ཡོད་པ་དང་། མཛད་སྒོའི་ཐོག་༸གོང་ས་མཆོག་དང་མོན་མི་རིགས་དབར་གྱི་འབྲེལ་ལམ་གཙོས་མོན་ཡུལ་དུ་བསྐྱངས་པའི་རླབས་ཆེན་གྱི་མཛད་པ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་རྒྱུ། དེ་བཞིན་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གིས་དབུས་པའི་སྐུ་འཁོར་ལྷན་རྒྱས་རྒྱ་གར་གྱི་ས་ཐོག་ཏུ་ཞབས་སོར་འཁོད་སའི་ས་ཚིགས་ཐོག་མ་མོན་སྤང་རྒྱན་ནས་བཟུང་སྟེ་མོན་ཁུལ་གྱི་ས་གནས་དུ་མ་ནས་རིགས་གཞུང་འཁྲབ་སྟོན་ཞུ་རྒྱུའི་མཛད་འཆར་ཡོད་པ་གསུངས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།