Tibetan Royal Year of 2151 | Year of the Wood Dragon

ཕྱི་ལོ་ ༢༠༢༤ ལོའི་དབྱར་སྐྱིད་འགྲན་བསྡུར་ཁྲོད་སླར་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་པ།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

ཁ་སང་ཕྱི་ཟླ་ ༨ ཚེས་ ༡༡ སྟེ། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༥ འཁོར་བའི་དུས་དྲན་དང་བསྟུན་ལོ་ལྟར་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་དུ་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་བར་དབྱར་སྐྱིད་བོད་ཀྱི་ཐུན་མོང་མ་ཡིན་པའི་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྟེ། སླར་ཡང་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།

དེ་ཡང་ཁ་སང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཡོལ་ཙམ་ལ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་དུ་རུ་ཁག་གཉིས་བར་གྱི་རྐང་བྲོ་གླུ་གཞས་ཀྱི་འགྲན་བསྡུར་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ Liaison Officer འམ་འབྲེལ་མཐུད་པ་ Yashbir Singh མཆོག ཉེན་རྟོག་དཔོན་རིགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ། རྡ་ས་གནས་འགོ་འཛིན་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་དང་མི་མང་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད།

མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཟློས་གར་འདི་ཉིད་གལ་འགངས་ཆེན་པོར་དགོངས་ཏེ། བཙན་བྱོལ་ནང་ཕེབས་མ་ཐག་སྒྲིག་འཛུགས་གསར་འཛུགས་ཁྲོད་གཅིག་ཆགས་ཀྱི་ཡོད་པ་དང་། ད་བར་སྒྲིག་འཛུགས་འདི་ནས་ཐོན་པའི་བོད་པའི་སློབ་གྲྭ་ཁག་གི་ནང་དུ་ཟློས་གར་སློབ་ཁྲིད་མཚོན་པའི་ཟློས་ཟུར་རྒན་པ་རྣམས་ནས་སྐུ་ལས་བསྐྱོན་ཡོད་པ་མ་ཟད། བོད་སྤྱི་བའི་རྩ་དོན་ཆེད་དུ་ཆབ་སྲིད་ཀྱི་གནད་དོན་དེ་གལ་ཆེན་པོ་ཡིན་པ་དང་ལྷན་དུ། རིག་གཞུང་དང་འཁྲབ་སྟོན་སོགས་སྒྱུ་རྩལ་སྣ་ཚོགས་ཀྱི་ཐོག་ནས་འཛམ་གླིང་ནང་བོད་དོན་གོ་རྟོགས་སྤེལ་བར་བོད་ཀྱི་ཟློས་གར་ཚོགས་པ་ནས་བྱ་བཞག་ཆེན་པོ་གྲུབ་ཡོད་ཅིང་། མ་འོངས་པ་ལའང་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་།

དེ་བཞིན་འགྲན་བསྡུར་གང་འདྲ་གནང་ཡང་མཐར་རྒྱལ་ཁ་ཐོབ་ཤོར་ཡོང་རྒྱུ་ནི་ཆོས་ཉིད་ལས་མ་འདས་སྟབས། བློ་ཕམ་གནང་དགོས་དོན་མེད་པ་དང་། སྒྱུ་རྩལ་ཞེས་པ་དེ་སོ་སོའི་ངོས་ནས་ནུས་པ་རྩལ་དུ་སྟོན་རྒྱུ་ཡིན་ཞིང་། ཐེངས་འདིའི་རྐང་བྲོ་གླུ་གཞས་ཁྲོད་བོད་ནང་གི་གནས་སྟངས་མཚོན་པ་དང་། ༸རྒྱལ་བ་རིན་པོ་ཆེའི་གོ་སྟོན་དང་མཛད་རྗེས་སོགས་ཕྱོགས་ཡོངས་ནས་ཡག་པོ་འདུག་ཅེས་གསུངས་ཏེ། སྤྱིར་བཏང་རིག་པའི་གཞུང་ལུགས་ཇི་འདྲ་ཡིན་ཡང་རྒྱུན་ལྡན་གྱི་སྲུང་སྐྱོབ་དང་གཅེས་སྐྱོང་མི་ཉམས་རྒྱུན་འཛིན་གཙོ་བོ་འཛིན་པའི་ཐོག་ནས་དབྱར་སྐྱིད་ལྟ་བུ་གོ་སྐབས་དེ་འདྲའི་ནང་ནམ་རྒྱུན་གྱི་རིག་གཞུང་འཁྲབ་སྟོན་དང་མི་འདྲ་བར་རིག་པ་གསར་པ་དང་རྩལ་གསར་གཏོད་བརྒྱུད་མ་འོངས་པའི་མི་རབས་གསར་པར་བག་ཆགས་བཞག་ཐུབ་པ་བཟོ་དགོས་གལ་ཡིན་པ་གསུངས་སོང་།

མ་ཟད་སྐུ་མགྲོན་གཙོ་བོ་མཆོག་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཞབས་ལོ་ཉི་ཤུ་ཧྲིལ་པོ་འཁོར་བའི་ལས་བྱེད་ཁག་གཅིག་ལ་ལེགས་གསོལ་ཕྱག་འཁྱེར་དང་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་བྱ་དགའ་བསྩལ་ཡོད་པ་རེད།

ལྷག་པར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་སྒྲིག་འཛུགས་དེ་ཉིད་ཀྱི་ལོ་རྒྱུས་དང་ཕྱག་ལས། དེ་བཞིན་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་རྒྱབ་ལྗོངས་ལོ་རྒྱུས་དང་རིག་པའི་གཞུང་ལུགས་ཀྱི་གཞི་བརྟན་བཟང་པོ་ཚུགས་ཏེ་རྒྱལ་སྤྱིའི་ནང་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་ངོ་བོ་དང་རིག་གཞུང་གི་གལ་གནད་རང་བཞིན་འགྲེལ་བརྗོད་བྱ་རྒྱུ་ལམ་སྣ་ཞིག་སྐྲུན་ཆེད་འདི་ལོ་ནས་བཟུང་བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་པའི་གཞུང་ལུགས་དང་ལྷ་མོའི་ལོ་རྒྱུས། རོལ་ཆའི་ལོ་རྒྱུས། བོད་ཀྱི་ཞབས་གཞས་གཙོས་སློབ་ཚན་རིགས་དྲུག་ཙམ་གཞི་རིམ་གོང་མ་ལོ་རིམ་དང་པོ་ནས་གཙུག་ལག་རབ་འབྱམས་པའི་བར་ཐེམ་པ་རིམ་འཛེགས་ཀྱི་སློབ་སྦྱོང་གནང་བའི་གཞུང་ལུགས་དང་ལག་ལེན་གཉིས་ཀར་ཟུང་འབྲེལ་གྱི་སྒྱུ་རྩལ་བ་ཚད་ལྡན་ཞིག་གསོ་སྐྱོང་ཞུ་རྒྱུའི་ལམ་བུ་ཞིག་བསྐྲུན་འཆར་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནས་རྒྱབ་སྐྱོར་གནང་བཞིན་པ་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ད་ཡོད་སྒྲིག་འཛུགས་འདིའི་ནང་ཡོད་པའི་དགེ་སློབ་རྣམས་མུ་མཐུད་རྒྱུན་གནས་ཐུབ་ཆེད་རྒྱབ་སྐྱོར་ཐུགས་བསམ་གང་ལེགས་ཡོང་བའི་རེ་སྐུལ་ཞུས་སོང་།

གཞི་རྩའི་ཁ་སང་རུ་ཁག་གཉིས་ནས་རྐྱང་གཞས་དང་། མཉམ་གཞས། དེ་བཞིན་འཁྲབ་གཞས་བཅས་འགྲན་བསྡུར་གནང་བའི་ཁྲོད། ཁྱོན་བརྒྱ་ཆ་ ༣༠༠ ནས་རྔོན་པ་རུ་ཁག་ལ་བརྒྱ་ཆ་ ༢༥༥ དང་རྒྱ་ལུ་རུ་ཁག་ལ་བརྒྱ་ཆ་ ༢༤༩་༦ བཅས་ཐོབ་ཡོད་པ་དང་འབྲེལ། བརྒྱ་ཆ་སྤྲོད་མཁན་གཟུ་དཔང་གསུམ་ནི་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་དང་། བཀྲས་མཐོང་སྐལ་བཟང་ཆོས་སྐྱིད་ལགས། དེ་བཞི་བྱང་ཆུབ་རིན་ཆེན་ལགས་བཅས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།