Tibetan Royal Year of 2151 | Year of the Wood Dragon

འདི་ལོའི་བོད་དོན་རོགས་དངུལ་ཆེད་ཨ་སྒོར་ས་ཡ་ཉི་ཤུ་ཙམ་སྤྲོད་གཏན་ཁེལ་བ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

ཉེ་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲྭ་གནས་སུ་བཀོད་པ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་མིར་རོགས་དངུལ་གནང་རྒྱུའི་ཁྲིམས་འཆར་བཏོན་པ་གཞིར་བཟུང་ཟླ་བ་སྔོན་མའི་ཚེས་ ༢༣ ཉིན་སྲིད་འཛིན་ Joe Biden མཆོག་གིས་དེར་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅད་པའི་བརྒྱུད། བོད་ཀྱི་སྐད་ཡིག་དང་ཁོར་ཡུག དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྲུང་སྐྱོབ་བཅས་ལ་དམིགས་པའི་ལས་འཆར་ཁག་གི་འགྲོ་གྲོན་སླད་ཨ་རིའི་སྒོར་མོ་ས་ཡ་ཉི་ཤུ་ལྷག་གི་རོགས་དངུལ་བཀའ་འཁྲོལ་གནང་འདུག

US Tibetan Flag

ཐེངས་འདིའི་ཁྲིམས་ཡིག་ནང་གསལ་ཨ་རིའི་སྔོན་རྩིས་ཁོངས་ཀྱི་བོད་དོན་དང་འབྲེལ་བའི་རོགས་དངུལ་ནང་།  བོད་མིའི་སྤྱི་ཚོགས་དང་ལྷན་བོད་ཀྱི་སྐད་ཡིག་དང་ཁོར་ཡུག་རིག་གཞུང་བཅས་པ་སྲུང་སྐྱོབ་བྱ་རྒྱུའི་ལས་གཞི་སྤེལ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ཨ་སྒོར་ས་ཡ་བཅུ་ཐམ་པ་དང་།  རྒྱ་གར་དང་བལ་ཡུལ་ནང་བོད་མིའི་སྒྲིག་འཛུགས་དང་གཞན་ཚོགས་པ་ཁག་གི་བོད་མིའི་ཤེས་ཡོན་གོང་འཕེལ་དང་། མི་རབས་གསར་པའི་འགོ་ཁྲིད་སྐྱེད་སྲིང་བྱ་རྒྱུའི་ལས་གཞིའི་ཆེད་ཨ་སྒོར་ས་ཡ་བརྒྱད།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཨ་སྒོར་ས་ཡ་ལྔ་དང་དེའི་ཁྲོད་རྒྱ་གར་དང་བལ་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མིའི་དཔལ་འབྱོར་འཕེལ་རྒྱས་དང་ནུས་སྟོབས་གོང་འཕེལ་གཏོང་བའི་ལས་དོན་ཆེད་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བཅས་དབྱེས་འདུག

ལྷག་དོན་སྔོན་རྩིས་གཏན་འབེབས་ཀྱི་ཁྲིམས་ཡིག་དེའི་ནང་། གྲོས་མོལ་བརྒྱུད་བོད་ཀྱི་གནས་བབ་ཐག་གཅོད་བྱ་རྒྱུའི་སྐོར་དང་འབྲེལ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་བཞིན་ཞི་བའི་སྒོ་ནས་གྲོས་མོལ་བྱ་རྒྱུར་ཁས་ལེན་བྱས་མེད་ཅིང་ད་དུང་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་དང་ལོ་རྒྱུས་ཐད་འཁྱོག་བཤད་ཀྱི་ལས་གཞི་རྒྱ་ཆེ་སྤེལ་ཡོད་སྟབས། ཨ་རིའི་གཞུང་གིས་རྒྱུན་ཆད་མེད་པར་རྒྱ་ནག་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་ལ་ད་རེས་རོགས་དངུལ་གྱི་ཁྲིམས་འཆར་གསར་པ་དེས་འབད་བརྩོན་དེ་དག་ཐོག་སྣོན་བྱས་པའི་བརྒྱུད་རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་གྱི་ཐག་གཅོད་ཅིག་བྱ་རྒྱུར་མོས་མཐུན་མ་བྱུང་བར་དུ་བོད་འདི་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་ངོས་འཛིན་བྱེད་སའི་ས་ཁྲ་དང་ཡིག་ཆ་གཞན་གྱི་ཐོག་རྒྱལ་ཡོངས་ཀྱི་འགྲོ་གྲོན་གཏོང་མི་ཆོག་པ་གསལ་འདུག

ཨ་རིའི་གཞུང་གིས་འདི་ལོར་བོད་དོན་ཆེད་རོགས་དངུལ་ས་ཡ་ཉི་ཤུ་ལྷག་བཀའ་ཁྲོལ་གནང་བ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགའ་བསུ་ཞུས་པ་དང་སྦྲགས་དེས་བོད་པའི་བདེན་དོན་སེལ་ཐབས་སུ་ཨ་རི་གཞུང་མང་གཉིས་ཀྱིས་མུ་མཐུད་རྒྱབ་སྐྱོར་ཡོད་པའི་མཚོན་རྟགས་ཡིན་པ་མ་ཟད་རྒྱ་ནག་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་འཛིན་བཞིན་པར་གདོང་ལེན་གྱི་རྣམ་པ་ཞིག་ཀྱང་མངོན་གྱི་ཡོད་ཅེས་གསུངས་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་འབྲེལ་འབྲེལ་ལམ་འགན་འཛིན་སྐུ་ཞབས་ Franz Matzner ལགས་ཀྱིས།  ཨ་རིའི་གཞུང་གིས་རོགས་དངུལ་བཀའ་འཁྲོལ་གྱི་ཁྲིམས་ཡིག་དེས།  ཞི་ཅིན་ཕིང་སྲིད་གཞུང་གིས་བཙན་གནོན་ཇེ་ཆེར་གཏོང་བཞིན་པའི་གནས་སྟངས་འོག་ཨ་རིའི་གཞུང་གིས་ད་རེས་སླར་ཡང་བོད་མི་ཚོའི་རང་དབང་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་གལ་ཆེའི་མཐུན་རྐྱེན་སྦྱོར་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་སྟོན་བྱས་ཡོད་པ་དང་ཆབས་ཅིག་བོད་མིར་རེ་བ་དང་གདུང་སེམས་མཉམ་བསྐྱེད་ཀྱི་བརྡ་ལན་བརྟན་པོ་ཞིག་ཡིན་པ་གསུངས་འདུག

རྩ་བའི་ཕྱི་ལོ་ ༡༩༨༨ ལོ་ནས་བཟུང་ཨ་རི་གཞུང་ངོས་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་དཔལ་འབྱོར་དང་ཤེས་ཡོན་གོང་འཕེལ་གྱི་ཆེད་དུ་རོགས་དངུལ་དེ་ཉིད་གནང་འགོ་བཙུགས་པ་ཞིག་ཡིན་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དུས་རྒྱུན་ནས་ཨ་རིའི་ངོས་ནས་རྒྱ་ནག་གི་བཙན་གནོན་འོག་ཏུ་ཚུད་པའི་བོད་མིའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་གནང་ཆེད་དུ་རོགས་དངུལ་རགས་ཐབས་ལ་འབད་བརྩོན་གནང་དང་གནང་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།