Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ལ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭ་མཚམས་འཇོག་ཆེད་མཉམ་རུབ་གྱིས་གནོན་ཤུགས་སྤྲོད་དགོས།

Tibetan News Headlines

  • Wronged, Tried, and Killed: The Custodial Death of Tibetan Political Prisoners in Chinese Prisons

རེས་གཟའ་སྤེན་པ། ༢༠༢༤།༠༧།༡༣

  • རྒྱ་གཞུང་གི་དོ་དམ་མནར་གཅོད་འོག་ཚེ་སྲོག་ཤོར་བའི་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་བ།

བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་མཆོག་གིས་ཉི་འོང་ཀྲོཀ་ཀྱོ་ཀོ་མཱ་བྷ་ Tokyo Komaba གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་འཇགས་བཅའ་སྡོད་སློབ་གྲྭའི་སྐོར་གསུང་བཤད་དང་སྦྲགས། བཅའ་སྡོད་སློབ་གྲྭ་དེ་ཉིད་མཚམས་འཇོག་ཆེད་ང་ཚོ་ཚང་མ་མཉམ་རུབ་གྱིས་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཐོག་སྤེལ་བའི་གནས་ཚུལ་ནང་། ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ཉི་འོང་སྐུ་ཚབ་དོན་ཁང་དང་། ཉི་འོང་བོད་སྐྱོབ་ཚོགས་པ་ Save Tibet Network གཉིས་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ Minority Nationals Conference དང་མཉམ་མཐུན་གྱིས་ཀྲོཀ་ཀྱོ་ཀོ་མཱ་བྷ་གཙུག་ལག་སློབ་གཉེར་ཁང་གི་ནང་དུ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭ་ནི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་ངན་པ་ཞིག་རེད་ཅེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་འབྲེལ། ཚོགས་འདུ་དེའི་ཐོག་བོད་མི་དང་། ཉི་འོང་གི་གྲོས་ཚོགས་འཐུས་མི་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད། ཡུ་གུར་བ། རྒྱ་མི། ལྷོ་སོག་པོ། ཐའེ་ཝན། ཧོང་ཀོང་བ་སོགས་ཀྱི་སྐུ་ཚབ་ནས་ལྷན་ཞུགས་གནང་ཡོད་པ་རེད་འདུག

པར་དབང་། བོད་མིའི་སྒྲིག་འཛུགས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ།

སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་མཐར་ལམ་སྒྲོལ་མཆོག་གི་གསུང་བཤད་ཁྲོད། ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་འབྲེལ། རྒྱ་གཞུང་གིས་ཕྱི་ལོ་ ༡༩༥༠ ལོར་བོད་ས་བཙན་བཟུང་བྱེད་འགོ་བཙུག་པ་ནས་བཟུང་བོད་ཀྱི་ངོ་བོ་དང་། སྐད་ཡིག ཆོས་རིག་སོགས་རྩ་མེད་བཟོ་བའི་ལས་འགུལ་ཇི་ལྟར་སྤེལ་དང་སྤེལ་བཞིན་ཡོད་པའི་སྐོར་ཐེར་འདོན་དང་སྦྲགས། རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་ནང་དུ་མེ་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་གནད་དོན་ཐད་ངོ་རྒོལ་དང་། འཇིགས་སུ་རུང་བའི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་ཆེད་ང་ཚོ་ཚང་མ་མཉམ་རུབ་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་འདུག

དེ་བཞིན་ང་ཚོའི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་དང་། ཡུ་གུར་དང་ལྷོ་སོག་པོ་མཚོན་པའི་མི་རིགས་ཚང་མའི་ཐོབ་ཐང་ལ་གུས་བརྩི་བྱ་དགོས་པའི་འབོད་སྐུལ་ཞུ་དགོས་ཤིང་། ལྷག་པར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་དང་། ལོ་རྒྱུས་ཀྱི་ཐོག་ནས་གཏན་འཇགས་བཅའ་སྡོད་སློབ་གྲྭའི་དཀའ་ངལ་གཅིག་མཚུངས་ཡོད་པའི་མི་རིགས། ཁྲིམས་བཟོ་བ། བྱིས་པའི་ཐོབ་ཐང་གི་ཆེད་མཁས་པ། གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་སྡེ་ཁག དེ་བཞིན་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་འབྲེལ་ལམ་གྱི་མཐུན་གྲོགས་འཚོལ་དགོས་གལ་ཡིན་པ་མ་ཟད། དངོས་བདེན་རྟོགས་ཞིབ་གཙོས་པའི་མཚན་རྟགས་བསྡུ་རུབ་དང་ཞུ་གཏུག་བརྒྱུད་རྒྱ་གཞུང་གིས་སྒོ་བརྒྱབ་པའི་སློབ་གྲྭ་དང་མཐོ་སློབ་ཁག་སླར་ཡང་སྒོ་ཕྱེ་བར་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས། མཱ་ཀི་ནོ་ཤེ་ཤུ Makino Seishu

བོད་སྐྱོབ་ཚོགས་པའི་ཚོགས་གཙོ་མཱ་ཀི་ནོ་ཤེ་ཤུ Makino Seishu ལགས་ཀྱིས་ཚོགས་འདུའི་གལ་གནད་དང་། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག ཆོས་རིག་སོགས་ཇི་ལྟར་རྩ་མེད་བཟོ་བཞིན་པའི་སྐོར་ནན་བརྗོད་ཐོག རྒྱ་ནག་ནང་འགྱུར་བ་ཡོང་བ་ལ་འཛམ་གླིང་འགྱུར་བ་གཏང་དགོས་པ་དང་། དེའི་བརྒྱུད་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བའི་ལྷོ་ཤར་ཨེ་ཤི་ཡའི་རྒྱ་ཁབ་ཁག་ལ་འཕྲད་པའི་དཀའ་ངལ་དེ་དག་རིམ་པའི་སེལ་ཐུབ་རྒྱུ་ཡིན་སྐོར་གསུངས་ཏེ། རྒྱ་གཞུང་གིས་བཙན་འོག་ཏུ་ཡོད་པའི་མི་རིགས་རྣམས་ཀྱི་ངོ་བོ་རྩ་མེད་བཟོ་ཆེད་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་བཞིན་འཇིགས་སུ་རུང་བའི་རང་བཞིན་ཞིག་ཡིན་སྐོར་གསུངས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས། ཨི་ཤིི་མིཏ་སུ་ཀོ Ishii Mitsuko

ལྷག་པར་ཉི་འོང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཨི་ཤིི་མིཏ་སུ་ཀོ Ishii Mitsuko ལགས་ཀྱིས་བོད་གཙོས་པའི་རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་མི་རིགས་རྣམས་ལ་རྒྱབ་སྐྱོར་དང་འབྲེལ། ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གཞུང་གི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་ཉིད་མཚམས་འཇོག་ཆེད་ལས་དོན་གནང་རྒྱུ་ཡིན་པ་གསུངས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས། ཉི་འོང་སྐུ་ཚབ་དོན་གཅོད། ཨརྱ་ཚེ་དབང་རྒྱལ་པོ།

ཕྱོགས་མཚུངས་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། སྐབས་དེར་བོད་ནང་རྒྱ་གཞུང་གི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་རྒྱབ་ལྗོངས་དང་འབྲེལ་ནས་བྱིས་པ་རྣམས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པ་ཐེར་འདོན་དང་། ལྷག་པར་ཁོང་གིས་ཀྲོཀ་ཀྱོ་རླུང་འཕྲིན་ཁང་གི་འདོན་སྤེལ་གནང་བའི་བརྙན་ཐུང་བརྒྱུད། རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭ་དང་དེའི་ནང་བྱིས་པ་ཚོའི་དཀའ་སྡུག་གི་མྱོང་བའི་སྐོར་བདེན་དཔང་ར་སྤྲོད་གནང་འདུག

རྩ་བའི་ཚོགས་འདུ་དེའི་མཇུག་སྡོམ་ཐོག་བོད་སྐྱོབ་ཚོགས་པའི་ཚོགས་གཙོ་ Makino Seishu ལགས་ཀྱིས། གྲོས་ཆོད་ཅིག་ཆེད་དོན་གནང་བའི་རེ་འདུན་ལྟར། སྤྱི་མོས་ཀྱི་ཐོག བོད་དང་ཡུ་གུར། དེ་བཞིན་ལྷོ་སོག་པའི་སྐུ་ཚབ་རྣམས་ནས་རང་རང་གི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པར་བཅར་ཏེ། ཚོགས་འདུ་དེའི་སྐོར་སྙན་སེང་དང་། ཁོང་ཚོར་རྒྱ་གཞུང་གི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་ཆེད་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་ཉིད་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་དགོས་ཞེས་ཐག་གཅོད་བྱུང་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

གཞན་ཡང་ཚོགས་འདུ་དེའི་ཐོག་ལྷོ་སོག་པོའི་ལྷན་ཚོགས་ནས་ Daichin Olhunud ལགས་དང་། ཉི་འོང་ཡུ་གུར་མཉམ་འབྲེལ་ཚོགས་པ་ནས་ Retep Afumet ལགས། ཉི་འོང་དགེ་འདུན་ལྷན་ཚོགས་ནས་ Kobayashi Shuei ལགས། དེ་བཞིན་ཉི་འོང་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ Ako Tomoko ལགས་སོགས་ནས་རྒྱ་གཞུང་གི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་སྐོར་གསུང་བཤད་གནང་སྟེ། ཚོགས་བཅར་བ་རྣམས་ལ་གནད་དོན་དེ་ཉིད་ཛ་དྲག་རང་བཞིན་ཞིག་ཏུ་ལྟ་དགོས་པ་ནན་བརྗོད་གནང་འདུག་པ་མ་ཟད། ཉི་འོང་སྐད་ཐོག་བསྒྱུར་བའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འདོན་སྤེལ་གནང་བའི་རྒྱ་གཞུང་གི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་སྐོར་གྱི་སྙན་ཐོ་བགོ་འགྲེམས་གནང་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

གཞི་རྩའི་ཉིན་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཉི་འོང་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལས་བྱེད་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་ཡང་སྲིད་གནད་དོན་སྐོར། དེ་བཞིན་བཅའ་སྡོད་སློབ་གྲྭའི་སྐོར། ལྷག་པར་ཨ་རིའི་གྲོས་ཚོགས་ཀྱི་གཏན་འབེབས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བཞིན་ཉི་འོང་གྲོས་ཚོགས་ནས་ཀྱང་དེ་མཚུགས་ཀྱི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།