Tibetan Royal Year of 2151 | Year of the Wood Dragon

Auckland བོད་མི་རྣམས་ཀྱིས་སྲིད་བློན་ Luxon ལ་ Li Qiang དང་ལྷན་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

རྒྱ་ནག་གི་སྲིད་བློན་ Li Qiang སང་ཉིན་སྤྱི་ཚེས་ ༡༣ ནས་ ༢༠ བར་བདུན་ཕྲག་གཅིག་ལྷག་རིང་ New Zealand དང། Australia, དེ་བཞིན་ Malaysia བཅས་ཡུལ་གྲུ་ཁག་གསུམ་ནང་སྐོར་བསྐྱོད་བྱ་ཡི་ཡོད་པ་ལྟར།  New Zealand གྱི་ Auckland གྲོང་ཁྱེར་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པས་ཡུལ་དེའི་སྲིད་བློན་ Christopher Luxon མཆོག་ལ་ཁོང་ནས་ཐེངས་འདིར་རྒྱ་ནག་གི་སྲིད་བློན་དང་ཐུག་འཕྲད་གནང་སྐབས་རྒྱ་ནག་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་སླད་༸གོང་ས་མཆོག་གམ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་འབྲེལ་མོལ་བསྐྱར་གསོ་དགོས་པ་གཙོ་བོར་འགྱུར་བའི་དགོས་འདུན་དོན་ཚན་དྲུག་གླེང་དགོས་པའི་ཞུ་སྐུལ་གནང་འདུག

New Zealand Tibetans Appeal

རྒྱ་ནག་གི་སྲིད་བློན་ Li Qiang ད་རེས་ NZ དང་། ཨོ་གླིང་དུ་གཞུང་འབྲེལ་ལྟ་སྐོར་ལ་བསྐྱོད་ཀྱི་ཡོད་པ་དེ་ནི་འདས་པའི་ལོ་བདུན་ནང་ཐེངས་དང་པོ་ཡིན་པ་རེད་འདུག བོད་མིའི་སྒྲིག་འཛུགས་ཀྱིས་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ནང་གསལ་ལྟར་ན། Auckland བོད་རིགས་སྤྱི་མཐུན་ཚོགས་པས་New Zealand གྱི་སྲིད་བློན་ Luxon མཆོག་ལ་ཕུལ་བའི་ཕྱག་བྲིས་དེའི་ནང་། རྒྱ་ནག་གི་སྲིད་བློན་ད་རེས་ཡུལ་དེར་བསྐྱོད་ཀྱི་ཡོད་པ་དེ་ནི་ཧ་ཅང་གནས་འགག་ཞིག་ཡིན་པ་དང་། སྤྱིར་བོད་མི་རྣམས་ཀྱིས་ NZ གྱི་དཔོན་རིགས་ཚོས་རང་གི་རྒྱལ་ཁབ་ཁེ་ཕན་སླད་ཕྱག་ལས་གང་གནང་གི་ཡོད་པ་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་པ་མ་ཟད།  ཚོང་འབྲེལ་གྱི་ཆ་ནས་རྒྱ་ནག་ནི་ New Zealand གྱི་ཕྱག་སྦྲེལ་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་སྟབས་ NZ ངོས་ནས་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གོང་འཕེལ་ཐད་ཐུགས་སྣང་གནང་གི་ཡོད་པར་ང་ཚོས་བསམ་ཤེས་ཐུབ་ཀྱི་ཡོད་པ་དེ་ལྟར་ཡང་། NZ ངོས་ནས་བཟང་སྤྱོད་དང་ཚུལ་ཁྲིམས་འཕུང་པའི་རྒྱ་ནག་དང་ངན་པ་ལག་སྦྲེལ་བྱ་རྒྱུ་མེད་པ་མ་ཟད་ཡུལ་དེའི་གནོན་ཤུགས་ལ་མགོ་བོ་རྩ་བ་ནས་བསྒུར་རྒྱུ་མེད་པའི་ཞུ་སྐུལ་གནང་འདུག

New Zealand Tibetans Appeal
པར་དབང་། Tibet in New Zealand

ཕྱག་བྲིས་ནང་ད་དུང་འདི་ལོའི་ཕྱི་ཟླ་ ༢ པའི་ནང་བོད་ཁམས་སྡེ་དགེའི་མང་ཚོགས་སྟོང་ཕྲག་བརྒལ་བས་རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞིར་གདོང་ལེན་གྱིས་ཞི་རྒོལ་རིམ་པ་གནང་བ་དང་། རྒྱ་ནག་དཔོན་རིགས་ཚོའི་མདུན་དུ་རང་གི་སྤུས་མོ་ས་ལ་བཙུགས་ཏེ་ངུ་འབོད་ཀྱིས་ཞུ་སྐུལ་བྱེད་མཁན་བོད་མི་ཁག་གཅིག་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་གཙོས། བོད་ཕྲུག་ས་ཡ་གཅིག་ཙམ་རང་གི་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ་ཇུས་ངན་གྱི་བཅའ་སྡོད་སློབ་གྲྭའི་ནང་བཙན་དབང་ཐོག་སློབ་གསོ་སྤྲོད་དེ་བོད་མི་རྣམས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་གཞི་རྒྱ་ཆེ་རུ་འགྲོ་ཡི་ཡོད་པ། ཕྱོགས་མཚུངས་བོད་མི་རིགས་ཀྱི་གཤིས་གོམས་ནང་ཆོས་རིག་གཞུང་དང་བཅས་པ་རྕ་མེད་གཏང་ཕྱིར་དགོན་སྡེ་ཁག་དང་སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་སྦྱོང་བྱ་བ་ལ་དམ་དྲག་བྱེད་བཞིན་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལུང་འདྲེན་གྱིས། ཆོས་ལུགས་ནི་གཞི་རྩའི་བོད་མིའི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་དང་། ནང་པ་སངས་རྒྱས་པའི་ཆོས་ནི་བོད་མིའི་ངོ་བོ་མཚོན་གྱི་ཡོད་ཀྱང་། བོད་མིས་༸གོང་ས་མཆོག་ལ་དད་གུས་བཅངས་པ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གཞི་དང་ཁ་བྲལ་གྱི་བྱ་སྤྱོད་ལ་ངོས་འཛིན་དང་འབྲེལ། དེའི་མཇུག་འབྲས་སུ་བོད་ནང་གི་དགོན་སྡེ་ཁག་ལ་དྲག་གནོན་དང་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་གསལ་འདོན་གནང་འདུག

New Zealand Tibetans Appeal
པར་དབང་། Tibet in New Zealand

མ་ཟད་རྒྱ་ནག་གི་སྲིད་བློན་ Li Qiang རང་ཉིད་ནས་སྤྱི་ལོ ༢༠༢༤ ཟླ་ ༣ ཚེས་ ༥ ཉིན་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐོག་རྒྱ་ནག་དམར་གཞུང་གི་ལངས་ཕྱོགས་བསྐྱར་ནན་བྱས་པ་དང་འབྲེལ། སྲིད་གཞུང་གི་གཞི་རྩའི་ཆོས་ལུགས་ཀྱི་སྲིད་བྱུས་ལ་མོས་མཐུན་ཡོད་པ་དང་། རྒྱ་ནག་ནང་གི་ཆོས་ལུགས་དག་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ལྡན་པར་འགྱུར་དགོས་པ་སོགས་ཀྱི་བསྒྲགས་གཏམ་སྤེལ་ཡོད་པ་ཡང་ཐེར་འདོན་གནང་བ་དང་འབྲེལ། ད་རེས་ New Zealand གྱི་སྲིད་བློན་ Christopher Luxon མཆོག་ནས་ Li Qiang དང་ཐུག་འཕྲད་སྐབས་རྒྱ་གཞུང་ནས་བོད་རྒྱ་དཀའ་རྙོག་སེལ་རྒྱུའི་ཐད་༸གོང་ས་མཆོག་གམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་འབྲེལ་མོལ་བསྐྱར་གསོ་དགོས་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གཙོས་རང་དབང་ཅན་གྱི་ཞིབ་འཇུག་པ་རྣམས་བོད་དུ་བཀག་སྡོམ་མེད་པར་རང་དབང་གི་སྒོ་ནས་འགྲུལ་བཞུད་བཅུག་དགོས་པ། དེ་བཞིན་བོད་ཕྲུག་ས་ཡ་ལྷག་རང་གི་ཕ་མ་སྤུན་མཆེད་དང་ཁ་བྲལ་དུ་བཅུག་སྟེ་རང་ཉིད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཉམས་དམས་སུ་བཏང་བའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་མཚམས་འཇོག་དགོས་པ། ལྷག་པར་ ༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་བསྐོ་བཞག་གི་གནད་དོན་ཐད་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་པ་དགོས་པ་དང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གང་མྱུར་གློད་བཀྲོལ་དགོས་པ། གཞན་ཡང་ཁ་བྲལ་རིང་ལུགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞིའི་ནག་ཉེས་སོགས་ལ་ཁ་གཡར་ཏེ་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་སྤྱོད་མཁན་བོད་མི་ཞི་རྒོལ་བ་གང་བྱུང་འཛིན་བཟུང་ཙམ་མ་ཟད་གྱོད་ཞིབ་ཀྱི་རང་དབང་ཚད་ལྡན་མེད་པ་སོགས་རྒྱ་ནག་གི་ཉེས་དོན་ཉེས་གསོག་གི་ཁྲིམས་ལ་བཅོས་འགྱུར་བྱ་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་དྲུག་ཆེད་འདོན་དགོས་པའི་ཞུ་སྐུལ་གནང་འདུག

New Zealand Tibetans Appeal
པར་དབང་། Tibet in New Zealand

སྤྱིར་བཏང་རྒྱ་ནག་དེ་ཉིད་རྒྱལ་ཁབ་སྟོབས་ཤུགས་ཅན་ཞིག་ཡིན་པས་ཤུགས་རྐྱེན་ཆེན་པོ་ཡོད་པ་དེ་ལྟར་ཡང་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དག་མཇུག་འབྲས་གང་ཡང་མེད་པའི་ཐོག་གནས་རྒྱུ་མིན་པས་འགྲེལ་བརྗོད་དང་འབྲེལ། Pacific Islands ཁག་ཏུ་རྒྱ་ནག་གི་བུ་གཡར་ལས་གཞིའི་བརྒྱུད་སླུ་ཐབས་དེ་ཉིད་ New Zealand གྱི་ཉེ་འགྲམ་དུ་སླེབས་ཡོད་པར་ཉེན་ཁ་མེད་པ་མིན་ཏེ། སྤྱི་ལོ་ ༢༠༢༡ ལོར་རྒྱ་གཞུང་ནས་ New Zealand གྲོས་ཚོགས་ནང་གསང་མྱུལ་བྱས་པར་ཡར་ལན་དུ་རང་གཞུང་ནས་བྱ་ངན་དེ་རིགས་བྱ་རྒྱུ་མེད་ཞེས་དེ་ཙམ་གྱི་གདོང་ལེན་བྱས་ཡོད་པ་དེ་འདང་གི་མེད་པའི་གནས་སྟངས་ཡིན་པའི་འགྲེལ་བརྗོད་དང་འབྲེལ།

Auckland བོད་རིགས་སྤྱི་མཐུན་ཚོགས་པས་ཐེངས་འདིའི་གོ་སྐབས་དང་བསྟུན་གཞན་ཡང་ New Zealand གཞུང་ངོས་ནས་མཐོ་སློབ་ཁག་གི་ནང་དུ་རྒྱ་ནག་གི་ Conficius Institute ཞེས་ཁུང་རྩི་སློབ་གླིང་ཡོངས་སུ་རྫོགས་པ་སྒོ་བརྒྱག་དགོས་པ་དང་། Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཉིད་རང་གཞུང་ནས་ཆེད་བཏོན་གནང་དགོས་པ། དེ་བཞིན་ Magnitsky Act ལྟ་བུའི་ཁྲིམས་གཞི་ལག་བསྟར་དགོས་པ། རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ཁ་གཏད་བྱ་དགོས་པ་སོགས་ཞུ་སྐུལ་གནང་བ་མ་ཟད།  གལ་ཏེ་ New Zealand སྲིད་གཞུང་ནས་རྒྱ་ནག་གིས་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་སྤེལ་བཞིན་པ་དག་ལ་སྡིག་པ་མིག་བཙུམ་བྱེད་ན་བོད་མིར་མནར་གཅོད་སྡུག་སྦྱོང་བཏང་བའི་ནང་ New Zealand ནས་ངན་པ་ལག་སྦྲེལ་བྱས་ཡིན་པ་མཚོན་གྱི་ཡོད་པས། ད་རེས་ New Zealand གྱི་སྲིད་བློན་ནས་ Li Qiang དང་ཐུག་འཕྲད་སྐབས་བོད་དོན་ཐད་རྒྱབ་སྐྱོར་གྱིས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་བྱ་སྤྱོད་སྐོར་གླེང་དགོས་པའི་རེ་སྐུལ་བསྐྱར་དུ་ཞུས་པ་དང་ཆབས་ཅིག བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་བྱེད་ན་དེ་ནི་དྲང་བདེན་ལ་རྒྱབ་སྐྱོར་མ་གཏོགས་རྒྱ་ནག་ལ་ཁ་གཏད་བྱས་པ་མཚོན་གྱི་མེད་སྐོར་ནན་བཤད་གནང་འདུག

New Zealand Tibetans Appeal
པར་དབང་། Tibet in New Zealand

འབྲེལ་ཡོད་གསར་གནས།

གསར་གནས།