༸གོང་ས་མཆོག
ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
ཁ་སང་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༥ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་གཙོ་བོར་གྱུར་བའི་ཨིསྟོ་ནི་ཡའི་རིག་གཞུང་ཚོགས་སྡེའི་སྐུ་ཚབ་མི་སྣ་བཅུ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ་དང་འབྲེལ། སྐུ་ཚབ་ཚོ་ཁག་སྣེ་ཁྲིད་གནང་མཁན་ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ Roy Strider ལགས་ཀྱིས་༸གོང་ས་མཆོག་ལ་ཡུལ་དེའི་ནང་༸གང་ཉིད་མཆོག་གི་མཚན་གནས་རྗེས་དྲན་གྱི་མཆོད་རྟེན་བཞེངས་རྒྱུའི་ལས་གཞིར་ཐུགས་སྨོན་གསོལ་འདེབས་ཞུས་འདུག
མཇལ་བཅར་ཁྲོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་སྐུ་གཟུགས་གསལ་ཐང་ཡིན་པ་བཀའ་སྩལ་འདུག་པ་དང་། ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་པོ་སྟེ་ Toomas Uibo ལགས་དང་། Grigore-Kalev Stoicescu ལགས། Tilt Maran ལགས། དེ་བཞིན་ Kadri Tali ལགས་བཅས་ནས་རིམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རང་སོ་སོའི་ཕྱག་རྟགས་རེ་འབུལ་བཞེས་གནང་འདུག་པ་མ་ཟད། སྐབས་དེར་ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ Roy Strider ལགས་ཀྱིས་༸མགོན་པོ་མཆོག་ནས་དེ་སྔ་ཁོང་ལ་བཞུགས་ཁྲི་ཞིག་ཕྱག་རྟགས་ཚུལ་དུ་ཕུལ་བ་དེ་རྟེན་གྱི་གཙོ་བོར་འཇོག་སྟེ་ཡུལ་དེའི་ནང་༸གང་ཉིད་མཆོག་གི་མཚན་གནས་རྗེས་དྲན་གྱི་མཆོད་རྟེན་བཞེངས་རྒྱུའི་ལས་གཞིར་ཐུགས་སྨོན་སྐྱབས་འཇུག་ཞུས་གནང་འདུག་ལ། ༸གང་ཉིད་མཆོག་ནས་ཀྱང་དེ་བཞིན་དུ་ལས་གཞི་དེར་ཐུགས་སྨོན་སྩལ་གནང་འདུག
མཇལ་བཅར་གྲུབ་མཚམས་ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་གཙོ་བོར་གྱུར་བའི་སྐུ་ཚབ་ཚོ་ཁག་ནས་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། ཨིསྟོ་ནི་ཡའི་རྒྱལ་ཁབ་ངོས་ནས་བོད་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་འགྲེལ་བརྗོད་དང་འབྲེལ། ཨིསྟོ་ནི་ཡའི་རྒྱལ་ཁབ་ལ་དེ་སྔ་རང་བཙན་ཐོབ་པ་དེ་བཞིན་དུ་བོད་ལའང་རང་དབང་གི་དུས་ཤིག་ཤར་རྒྱུའི་སྨོན་འདུན་ཡོད་པ་མ་ཟད། བོད་མི་ཚོས་དུས་ནམ་ཡང་རེ་བ་བརླག་རྒྱུ་མེད་པ་གསུངས་འདུག
སྤྱིར་ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་གཙོ་བོར་གྱུར་བའི་སྐུ་ཚབ་ཚོ་ཁག་ད་རེས་བཞུགས་སྒར་དུ་ཕེབས་པའི་གོ་སྐབས་དང་བསྟུན་ནས་ཁ་ཉིན་ཕྱི་ཚེས་ ༤ ཉིན་དྷ་སྟེང་བོད་ཁྱིམ་དུ་བོད་མིའི་སྒྲིག་འཛུགས་ངོས་ནས་སྐུ་ཚབ་རྣམ་པར་གཞུང་འབྲེལ་གྱིས་གསོལ་ཚིགས་འདེགས་འབུལ་དང་འབྲེལ་ཕྱག་རྟགས་རེ་ཕུལ་གནང་འདུག
རྩ་བའི་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་མཁན་ཁོངས་སུ་གཞན་ཡང་སུད་སིའི་རི་ཀོན་ཆོས་འཁོར་དགོན་གྱི་གཙོ་འཛིན་ཀརྨ་བློ་བཟང་ལགས་དང་འགན་འཛིན་ Peter Oberholzer ལགས་རྣམ་གཉིས་ཀྱང་ཡོད་པ་དང་། སྐབས་དེར་ཀརྨ་བློ་བཟང་ལགས་ཀྱིས་རི་ཀོན་ཆོས་འཁོར་དགོན་ངོས་ནས་རིང་མིན་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཐག་ཆོད་ཟིན་པས་དེ་འབྲེལ་གནང་སྟངས་གནང་ལུགས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་འབྲེལ་བ་ཞུ་བཞིན་ཡོད་པ་གསུངས་ཡོད།
མ་ཟད་ཁ་སང་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་༸སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས་ཀྱང་༸མགོན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད།
སྐུ་ཞབས་ Richard Gere ལགས་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་འདུག
ཁ་སང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ ICT རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་འདུག
མཇལ་ཁ་གྲུབ་མཚམས་སྐུ་ཞབས་ཁོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་དེ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཞིག་མ་ཡིན་པར་དེ་ནི་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚང་མའི་ངོ་བོ་རྩ་མེད་གཏོང་ཆེད་ཀྱི་ཁྲིམས་ཞིག་ཡིན་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་དམར་ཤོག་ཚོགས་པ་ཐོག་མ་འགོ་འཛུགས་སྐབས་མའོ་ཙེ་ཏུང་ཁོ་རང་ཡིནའང་རྒྱ་ནག་གི་སྒྲོམ་གཞིའི་འོག་གྲགས་ཉུང་མི་རིགས་ཚོས་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་ཆོག་པར་ངོས་ལེན་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ད་ཆ་རྒྱ་ནག་གཞུང་གི་བྱེད་སྟངས་དེ་དག་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་རྩ་མེད་གཏོར་བཤིག་གཏོང་གི་ཡོད་པ་ཐེེར་འདོན་གནང་འདུག
སྐུ་ཞབས་ཁོང་གིས་ད་དུང་། གཞིས་བཞུགས་བོད་མི་ཚོར་བརྡ་ལན་དུ། ཁྱེད་རྣམས་བོད་ནང་ཡོད་པ་དུས་ནམ་ཡང་བརྗེད་མེད་ཅེས་དང་། བཙན་བྱོལ་དུ་ང་ཚོས་ནུས་པ་གང་ཡོང་དང་གོ་སྐབས་ནམ་ཡིན་ལ་བོད་དོན་ཐོག་ཕྱག་ལས་མུ་མཐུད་གནང་བཞིན་ཡོད་པ་མ་ཟད། སྐུ་ཞབས་ཁོང་སྒེར་ལ་མཚོན་ནའང་སྐུ་ཚེ་ཧྲིལ་པོ་བོད་མི་ཚོར་རྒྱབ་སྐྱོར་གནང་དང་གནས་མུས་ཡིན་པ་གསུངས་འདུག
རྩ་བའི་ཁ་སང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Richard Gere ལགས་དང་ལྷན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ནས་ཀྱང་མཇལ་བཅར་ཞུས་འདུག་པ་དང་། ཁ་ཉིན་ཕྱི་ཚེས་ ༣༠ ཉིན་རྣམ་པ་ཁོང་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་ ༡ ཉིན་བཞུགས་སྒར་དུ་འཚོག་བཞིན་པའི་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གསུང་བཤད་ཅིག་ཀྱང་གནང་ཡོད་པ་རེད།
༸གོང་ས་མཆོག་ལ་ Metropolitan Chrysostomos གཟེངས་རྟགས་འབུལ་བཞེས་མཛད་པ།
ཁ་སང་ཨ་རིར་རྟེན་གཞི་བྱས་པའི་ OxiDay ཐེབས་རྩ་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དབར་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་བཟང་སྤྱོད་དང་བྱམས་བརྩེ། འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་གོང་སྤེལ་ཙམ་མ་ཟད། འཚེ་མེད་ཞི་བའི་ལམ་སྟོན་དང་འཛམ་གླིང་ཞི་བདེ་མངོན་འགྱུར་ཡོང་བར་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་ཕྱི་ལོ་ ༢༠༢༦ ལོའི་ Metropolitan Chrysostomos གཟེངས་རྟགས་འབུལ་བཞེས་མཛད་འདུག
རྩ་བའི་ཨ་རིིར་རྟེན་གཞི་བྱས་པའི་ OxiDay ཐེབས་རྩ་ཁང་དེ་ནི་ཕྱི་ལོ་ ༢༠༡༠ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ནས་ངོས་འཛིན་ཐོབ་པའི་རང་དབང་ཅན་གྱི་ཁེ་གཉེར་མེད་པའི་ཚོགས་པ་ཞིག་ཡིན་ཞེང་། ཚོགས་པ་དེའང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་གྷི་རི་སི་ (Greece) རྒྱལ་ཁབ་ཀྱིས་བསྟན་པའི་བློ་སྟོབས་ལ་རྗེས་དྲན་དང་། དེང་དུས་འཛམ་གླིང་ནང་རང་དབང་དང་མང་གཙོ། དེ་བཞིན་འཛིན་སྐྱོང་ལེགས་ཐོན་སོགས་མཛད་རྗེས་རླབས་ཆེན་འཇོག་མཁན་རྣམས་ལ་གཟེངས་རྟགས་འབུལ་སྲོལ་ཡོད་པ་རེད་འདུག
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་གཙུག་ལག་ཁང་ངམ་ Washington National Cathedral ནང་དུ་འཚོགས་པའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་༸གོང་ས་མཆོག་གི་ཚབ་ཞུས་ཏེ་བཞེས་གནང་ཡོད་པ་དང་འབྲེལ། ༸སྐུའི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། ད་ལན་ཚོགས་པའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་འདི་ལྟ་བུའི་གཟེངས་རྟགས་འབུལ་བཞེས་མཛད་པར་ཐུགས་རྗེ་ཆེ་ཞུ་མཛད་པ་དང་འབྲེལ། ལྷག་པར་གཟེངས་རྟགས་དེ་ཉིད་ཀྱི་མཚན་ཐོག་བྱུང་སའི་ཆོས་དཔོན་མཆོག་ནས་ཞི་བདེ་དང་མཐུན་ལམ་གྱི་དགོས་མཁོ་ངོས་འཛིན་བྱས་པ་ཙམ་གྱིས་མི་འགྲིག་པར། དེ་དག་དངོས་སུ་ཡོང་ཐབས་སུ་ལག་ལེན་བསྟར་དགོས་སྐོར་གསུངས་ཡོད་པ་ལུང་འདྲེན་ཐོག༸སྐུ་ཉིད་མཆོག་ནས་ཀྱང་འགྲོ་བ་མིའི་རིགས་ལ་ཞབས་འདེགས་དང་། སྙིང་རྗེ། དྲང་བདེན་བཅས་ཀྱི་ཆེད་དུ་སྐུ་ཚེ་གང་པོར་ཕྱག་ལས་གནང་ཡོད་པ་བཀའ་སྩལ་མཛད་འདུག
མ་ཟད་༸གོང་ས་མཆོག་གིས་བོད་ཀྱི་གཏམ་དཔེ་ཞིག་གི་ནང་དཀའ་ངལ་མང་པོ་ཞིག་བྱམས་པ་དང་སྙིང་རྗེའི་སྨན་གཅིག་པུས་སེལ་ཐུབ་ཅེས་གསལ་ཡོད་པ་ལུང་འདྲེན་མཛད་པ་དང་འབྲེལ། ཡོན་ཏན་འདི་རིགས་ནི་འགྲོ་བ་མིའི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་། ལྷག་པར་བྱམས་པ་དང་སྙིང་རྗེ་སོགས་ནི་ཆོས་དཔོན་དང་སྤྱི་ཚོགས་ཞབས་ཞུ་བ། དེ་བཞིན་གང་ཟག་སྒེར་ཁག་གཅིག་གི་འགན་ཁུར་ཙམ་མིན་པར། དེ་ནི་མི་ཚང་མས་ངེས་པར་དུ་སྒྲུབ་དགོས་པའི་འགན་ཞིག་ཡིན་པ་བཀའ་སྩལ་འདུག
དེ་བཞིན་རྒྱལ་ཁབ་དང་། སྤྱི་ཚོགས། ཡང་ན་མི་སྒེར་བཅས་ཀྱིས་གཞན་ལ་བརྟེན་དགོས་པ་ཇི་ཙམ་མང་བ་ཡོད་ན། གཞན་གྱི་བདེ་སྐྱིད་ལ་སེམས་ཁུར་བྱེད་དགོས་པ་དེ་ཙམ་གྱིས་མང་བ་དགོས་གལ་ཡིན་སྐོར་བཀའ་སྩལ་དང་འབྲེལ། ང་ཚོ་ཚང་མས་བདེ་སྐྱིད་འདོད་པ་དང་། སུ་ཞིག་གིས་ཀྱང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས། ཚང་མས་རང་ཉིད་ཀྱི་རྒྱུད་ལ་ཡོད་པའི་བྱམས་བརྩེའི་ནུས་པ་དེ་ཉིད་གོང་འཕེལ་བརྒྱུད་འཛམ་གླིང་འདིར་དོན་དམ་གྱི་ཞི་བདེ་ཡོང་ཐབས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག
ཕྱོགས་མཚུངས་སྐབས་དེར་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་ངོ་སྤྲོད་གསུང་བཤད་དང་སྦྲགས། ༸གོང་ས་མཆོག་ནི་རྒྱལ་སྤྱིའི་ཁྲོད་བྱམས་བརྩེ་དང་སྙིང་རྗེ། ཞི་བདེ་བཅས་ཀྱི་རང་གཟུགས་མཚོན་གྱི་ཡོད་པ་དང་། ལྷག་པར་༸གང་ཉིད་མཆོག་ནས་འདས་པའི་ལོ་ ༧༠ རིང་རྒྱ་གཞུང་གི་དྲག་གནོན་ལ་ཞི་བདེ་དང་འཚེ་མེད་ཀྱི་ཀུན་སློང་ཁོ་ནའི་ཐོག་ནས་གདོང་ལེན་གནང་ཡོད་པར་བསྔགས་བརྗོད་དང་ཆབས་ཅིག །དེའི་བརྒྱུད་ནས་༸སྐུ་ཉིད་མཆོག་གིས་རྒྱལ་སྤྱིའི་ཁྲོད་སྟོབས་ཤུགས་དངོས་ནི་གཞན་ལ་དབང་བསྒྱུར་བྱེད་པ་ལས་བྱམས་བརྩེའི་ནང་གནས་ཡོད་པ་གསལ་སྟོན་གནང་ཡོད།
མ་ཟད། ཁོང་ལོ་ངོ་མང་པོའི་རིང་༸གོང་ས་མཆོག་དང་ཐུགས་འདྲིས་ཟབ་མོའི་ཐོག་ནས་ཕྱག་ལས་གནང་རྒྱུ་བྱུང་བ་དེ་ནི་བྱིན་རླབས་ཆེན་པོ་ཞིག་ཡིན་སྐོར་དང་ཆབས་ཅིག །དེ་བཞིན་ཕྱི་ལོ་ ༢༠༠༧ ལོར་༸མགོན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འབུལ་བའི་སྐབས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་༸སྐུ་ཉིད་མཆོག་ཕེབས་པར་བསུ་བ་ཞུ་ཐུབ་པ་ནི་ཁོང་ལ་མཚོན་ན་ཆེ་བསྟོད་དང་གོ་སྐབས་ཆེན་པོ་ཞིག་ཡིན་སྐོར་གསུངས་ཏེ། ད་རེས་༸མགོན་པོ་མཆོག་ལྟ་བུའི་རྒྱལ་སྤྱིའི་ཁྲོད་ཞི་བདེ་དང་འཚེ་མེད་ཀྱི་ཀུན་སློང་གོང་འཕེལ་སླད་དམིགས་བསལ་གྱི་མཛད་འཁུར་བཞེས་མཁན་ཞིག་ལ་གཟེངས་བསྟོད་ཞུ་བའི་དུས་ཚོད་འདིར་མཉམ་ཞུགས་གནང་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་འདུག
གཞི་རྩའི་ཐེབས་རྩ་ཁང་འདི་ཉིད་ཀྱིས་ལོ་ལྟར་ཕྱི་ཟླ་ ༡༠ པའི་ནང་ཨ་རིའི་ཝ་ཤིང་ཊོན་དུ་དམིགས་བསལ་གྱི་མཛད་སྒོ་ཞིག་འཚོགས་ཏེ་ Oxi Courage Award འམ་ Oxi བློ་སྟོབས་གཟེངས་རྟགས་དང་། Metropolitan Chrysostomos་གཟེངས་རྟགས་གཉིས་གཙོ་བོ་འབུལ་གྱི་ཡོད་པ་དང་། འདི་ལོའི་ Oxi བློ་སྟོབས་གཟེངས་རྟགས་དེ་བཞིན་ཡུཀ་རེན་གྱི་གསར་འགོད་པ་དམ་པ་ Victoria Roshchyna ལགས་དང་ Iran གྱི་གཞས་པ་ Toomaj Salehi གཉིས་སུ་ཕུལ་ཡོད་པ་རེད།
ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན། བོད་ཀྱི་ཟློས་གར་ཚོགས་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༡༥ ཡས་མས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཚོགས་པ་གསུམ་གྱི་འཐུས་ཚབ་ནས་སྤོས་སྣེ་སྤྱན་འདྲེན་གཟབ་རྒྱས་ཞུས་པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་རྗེས། མནྜལ་འདེགས་འབུལ་དང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། རྡོ་རྗེ་སློབ་དཔོན་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ། བླ་སྤྲུལ་དགེ་བཤེས་དགེ་འདུན་འདུས་པ་རྒྱ་མཚོ། དེ་བཞིན་བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཚོགས་པ་གསུམ་གྱི་ཁྱབ་ཁོང་ཚོགས་མི་ ༡༠༠༠ ལྷག །དད་ལྡན་མང་ཚོགས་དང་ཕྱི་རྒྱལ་བ་སོགས་མི་གྲངས་སྟོང་ཕྲག་བརྒལ་བ་ནས་ལྷན་ཞུགས་གནང་སོང་།
ཚོགས་པ་གསུམ་ནས་བརྟན་བཞུགས་ཀྱི་འབུལ་རྫས་སུ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པ་ནས་དམིགས་བསལ་གྱི་སྐུ་ཚེ་བརྟན་ཆེད་རྟེན་འབྲེལ་མཚོན་ཆེད་དུ་སྒྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་འདེགས་འབུལ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཆོས་ཀྱི་འཁོར་ལོའི་གཟེངས་རྟགས་འདེགས་འབུལ་ཞུས་སོང་། མ་ཟད་བོད་ཀྱི་ཟློས་གར་ཚོགས་པ་ནས་བོད་ཀྱི་སྲོལ་རྒྱུན་གར་གླུ་དང་བསྟོད་གླུ་གཟིགས་འབུལ་ཞུས་རྗེས། བལ་ཡུལ་ལྷ་མོ་ཚོགས་པ་ནས་ཀྱང་གླུའི་མཆོད་པ་ཕུལ་སོང་།
འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། བརྟན་བཞུགས་ཁྲོད་མགོན་པོ་༸གང་ཉིད་མཆོག་ལ་སྒྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དབུས་པའི་རྗེ་བཙུན་མི་ལ་རལ་པའི་སྐུ་བརྙན། དེ་བཞིན་རྡོ་མཚོན་ལས་གྲུབ་པའི་མཁན་སློབ་ཆོས་གསུམ་གྱི་ཞལ་ཐང་འབུལ་རྫས་སུ་ཕུལ་རྒྱུའི་སྐལ་བཟང་བྱུང་ཡོད་པ་དང་འགྲེལ་བརྗོད་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པའི་ཁོངས་སུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོ་ཚོགས་པ་མི་ཉུང་བ་ཞིག་མཉམ་ཞུགས་གནང་ཡོད་པ་མ་ཟད། ཟློས་གར་ཚོགས་མི་ཟུར་པ་མང་དག་ཅིག་མཉམ་ཞུགས་གནང་ཡོད་པ་འགྲེལ་བརྗོད་གནང་སོང་། དེ་བཞིན་བརྟན་བཞུགས་གྲུབ་རྗེས་གཙུག་ལག་ཁང་གི་ཆོས་རྭའི་ནང་བོད་ཀྱི་སྲོལ་རྒྱུན་གཞས་ན་གཟིགས་འབུལ་ཞུ་བཞིན་པ་དང་། སང་ཉིན་ལྷ་མོའི་འཁྲབ་གཞུང་པདྨ་འོད་འབར་གཟིགས་འབུལ་ཞུ་རྒྱུ་ཡིན་ཞིང་། བོད་པའི་གཞོན་སྐྱེས་རྣམས་ནས་བོད་ཀྱི་རིག་གཞུང་ལ་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་།
དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་ཟུར་དང་བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་ཟུར་པ། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མ་ཟུར་པ་ཁག་གཅིག་ལ་ཚོར་བ་ཇི་བྱུང་དང་། བོད་ཀྱི་གཞོན་སྐྱེས་རྣམས་ལ་རིག་གཞུང་དང་འབྲེལ་བའི་བརྡ་ལན་ཇི་ཡོད་བཀའ་འདྲི་ཞུས་སྐབས། ཁོང་རྣམ་པས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་བྱུང་སོང་བ་དང་འབྲེལ། བོད་པའི་མི་རབས་གཞོན་པ་རྣམས་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཐོག་ཐུགས་སྣང་ཡག་པོ་གནང་དགོས་པ་མ་ཟད། ཉམས་ཞིབ་སོགས་གནང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་མུ་མཐུད་གནང་དགོས་གལ་ཡིན་པའི་བརྡ་ལན་གནང་སོང་།
གཞི་རྩའི་ད་རེས་བརྟན་བཞུགས་ནི་༸གོང་ས་མཆོག་ཉེ་ལམ་ལ་དྭགས་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་རྗེས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང། དགའ་ལྡན་ཕོ་བྲང་ནས་མཛད་འཆར་ཡོངས་གྲངས་གནང་བར་གཞིགས་ན། ཕྱི་ལོ་ ༢༠༢༧ ཟླ་ ༢ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཙུག་ལག་ཁང་དུ་བདུད་འཇོམས་གླིང་པའི་ཟབ་ཆོས་ཁྲོས་མ་ཉམས་ལེན་ཚོགས་པ་དང་། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་ནས་ཁ་ན་ཌར་གནས་སྤོས་གནང་བའི་བཙན་བྱོལ་བོད་མི་ཐུན་མོང་། དེ་བཞིན་ནིའུ་ཡོག་དང་ནིའུ་འཇར་སིའི་སྒྲོལ་ཆོག་ཚོགས་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག
ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་རུ་ཁག་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་སོང་།
ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༡ ཡོལ་ཙམ་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སོང་།
https://www.youtube.com/watch?v=s1q2zZOyGEk
མཇལ་ཁའི་ཁྲོད་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་བྱུང་བར་སྐལ་བ་བཟང་པོ་བྱུང་ཞེས་ཞུས་འདུག་པ་དང་། ༸གོང་ས་མཆོག་གིས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་མང་པོ་དང་ལྷག་པར་ཨ་རིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག་པ་མ་ཟད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་དང་། གོ་ལ་འདིའི་སྟེང་མཉམ་གནས་བྱེད་ཀྱི་ཡོད་ཅིང་། བསམ་ཚུལ་དང་རིག་གཞུང་མི་འདྲ་བ་ལ་བསླབ་ཏེ། གཞན་ལ་ཕན་ཐོགས་དང་ཞབས་ཞུ་སྒྲུབ་རྒྱུར་བེད་སྤྱོད་བྱ་དགོས་པའི་དགོངས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག
མཇལ་ཁ་དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ Jason Smith ཇེ་སོན་སི་མིཏ་ལགས་ཀྱིས་སྣེ་ཁྲིད་གནང་ཞིང་། མང་གཙོ་ཚོགས་པའི་འཐུས་མི་ Laura Friedman ལོ་རཱ་ཧྥ་ར་ཡིཌ་ལགས་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་ Andy Ogles ཨེན་ཌི་ཨོག་ལིས་ལགས། David Schweikert ཌེ་ཝིད་ལགས། Elise Stefanik ཨེ་ལིས་ལགས་བཅས་ཕེབས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཆེད་ཕེབས་གནང་འདུག
མཇལ་ཁ་གྲུབ་མཚམས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཚོགས་ཆུང་གི་སྣེ་ཁྲིད་པ་སྐུ་ཞབས་Jason Smith ལགས་ཀྱིས་འདི་ག་གསར་འགོད་པ་རྣམས་ཀྱི་འདྲི་བར་ལན་འདེབས་གནང་བའི་ཁྲོད། དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་དང་། བཀའ་བསྡུར་ཡག་པོ་བྱུང་སོང་ཞེས་གསུངས་བ་དང་སྦྲགས། ཨ་རི་ནས་རྡ་རམ་ས་ལར་བར་རྒྱང་ཐག་རིང་པོ་ཡིན་ཡང་། ང་ཚོ་དེར་སླེབས་རྒྱུ་བྱུང་བ་དེ་ཧ་ཅང་གི་ཡག་པོ་བྱུང་སོང་ཞེས་གསུངས་བ་མ་ཟད། ད་བར་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་ཐོག་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན་པ་གསུངས་སོང་།
སྤྱིར་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་ཁ་སང་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ Mumbai ནང་ཨ་རིའི་ཕྱི་སྲིད་བློན་ཆེན་ Marco Rubio མཆོག་དང་རྒྱ་གར་ཕྱི་སྲིད་བློན་ཆེན་ Jaishankar མཆོག་གཉིས་དང་ལྷན་ཚོང་འབྲེལ་གྱི་ཚོགས་འདུ་ཐོག་ལྷན་བཅར་ཞུས་འདུག་པ་དང་། སྐབས་དེར་ཚོགས་འདུའི་ཐོག་ཨ་རི་དང་རྒྱ་གར་གཉིས་ཀྱི་ཚོང་གི་འབྲེལ་ལམ་དང་། བདེ་འཇགས། རྒྱལ་སྲུང་། འཕྲུལ་ཆས། དེ་བཞིན་རྒྱ་གར་ཞི་བདེ་རྒྱ་མཚོའི་བདེ་འཇགས་བཅས་ཀྱི་ཐོག་གྲོས་བསྡུར་གནང་ཡོད་འདུག
རྩ་བའི་ཉེ་ཆར་ཟླ་ ༩ ཚེས་ ༣༠ ཉིན་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པའི་ཁྲོད། རྒྱ་ནག་གི་གནད་དོན་དང་བོད་རང་དབང་འཐབ་རྩོད་སོགས་ཀྱི་སྐོར་ལ་བཀའ་མོལ་ལྷུག་པོ་བྱུང་ཡོད་། མཇལ་ཁའི་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ཀུན་ནས་མགོན་པོ་༸གང་ཉིད་མཆོག་ལ་ཡིད་ཆེས་དང་རེ་བ་ཆེན་པོ་ཞུ་བཞིན་ཡོད་སྐོར་བཀའ་གནང་བ་མ་ཟད། ༸གང་ཉིད་མཆོག་ནས་ཀྱང་བོད་མི་ཡོངས་ཀྱི་མགྲིན་ཚབ་པ་མཛད་ཐུབ་པར་ཐུགས་སྤོབས་ཆེན་པོ་ཡོད་སྐོར་བཀའ་སྩལ་ཡོད་པ་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་མཆོག་ལ་ཉེ་སྔོན་ཨ་རིར་རང་བཙན་ཐོབ་ནས་མི་ལོ་ ༢༥༠ འཁོར་བའི་དུས་དྲན་ཐོག་རྒྱལ་ས་ Washington DC སྟེང་བཤམས་སྟོན་ཞུས་པའི་རྒྱལ་ཁབ་དེ་ཉིད་ཀྱི་རྒྱལ་དར་ཕྱགས་རྟགས་སུ་འབུལ་གནང་བ་དང་ཆབས་ཅིག །ཨ་རིར་རང་བཙན་ཐོབ་པ་བཞིན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུས་ཡོད་པ་རེད།
བཙུན་མ་ ༥༠༠ ཙམ་ལ་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་ལྗགས་ལུང་ཆེས་ཐོག་མ་སྩལ་བ།
ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྐབས་དགུ་པའི་དགེ་བཤེས་མ་དང་། བཙུན་མའི་འཇང་དགུན་ཆོས་ལ་ཕེབས་པ་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་ཀྱིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་དད་པའི་མཆོད་སྤྲིན་གྱི་ལྗགས་ལུང་ཆེས་ཐོག་མ་དེ་སྩལ་གནང་མཛད་འདུག
དེ་ཡང་བོད་ཀྱི་བཙུན་མའི་ལས་འཆར་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཁ་སང་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ལོར་རྒྱ་གར་དང་བལ་ཡུལ་གཉིས་ནས་ཐོན་པའི་དགེ་བཤེས་མ་ ༣༣ དང་འཇང་དགུན་ཆོས་ཐེངས་ ༣༠ ནང་མཉམ་ཞུགས་གནང་མཁན་རྒྱ་བལ་གཉིས་ནང་ཡོད་པའི་བཙུན་དགོན་ཁག་གི་བཙུན་མ་རྣམ་པ། དེ་བཞིན་དཔེ་ཁྲིད་དགེ་རྒན་དང་འབྲེལ་ཡོད་བཅས་ཁྱོན་མི་གྲངས་ ༦༠༠ ལྷག་ལ་དམིགས་བསལ་གྱི་མཇལ་ཁ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་ཀྱིས་མཛད་པའི་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་དད་པའི་མཆོད་སྤྲིན་གྱི་ལྗགས་ལུང་ཆེས་ཐོག་མ་དེ་སྩལ་གནང་མཛད་འདུག །འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་སྤྱི་ཟུར་དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་གནདདོན་དེ་དང་འབྲེལ་བཀའ་འདྲི་ཞུས་ཡོད།
གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་བརྒྱུད་ནང་བསྟན་གྱི་སྐབས་ ༩ པའི་དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་དམ་འཇོག་དང་མཛད་སྒོ་འཚོགས་ཡོད་པ་དང་། རྒྱ་བལ་གཉིས་སུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལྔ་ནས་འདི་ལོར་དགེ་བཤེས་མའི་བསླབ་པ་མཐར་སོན་བྱུང་པའི་དགེ་བཤེས་མ་ ༣༣ ཁོང་རྣམས་ནི་སྐབས་དགུ་པ་ཆགས་ཀྱི་ཡོད་པ་མ་ཟད། འདི་ལོའི་འཇང་དགུན་ཆོས་ཐེངས་སུམ་བཅུ་པའི་ཐོག་དགོན་སྡེ་ཁག་བཅུ་གཅིག་གི་བཙུན་མས་མཉམ་ཞུགས་གནང་ཡོད་པ་རེད།
དེ་དང་ཆབས་ཅིག་ཡོང་རྒྱུའི་ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བལ་ཡུལ་བོད་ཀྱི་ལྷ་མོའི་ཚོགས་པ་བཅས་ནས་༸མགོན་པོ་མཆོག་སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་སྟབས། དེ་རིང་ཕྱི་ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ནས་ཉིན་གྲངས་གསུམ་རིང་བརྟན་བཞུགས་ཀྱི་སྒྲུབ་ཤག་འཚོག་བཞིན་འདུག
འདི་ག་རླུང་འཕྲིན་ཁང་གིས། བརྟན་བཞུགས་ཀྱི་སྒྲུབ་ཤག་སོགས་དང་འབྲེལ་ནས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཐང་བྲིས་དགེ་རྒན་བསྟན་འཛིན་ནོར་བུ་ལགས་སུ་བཀའ་འདྲི་ཞུས་ཡོད།
༸གོང་ས་མཆོག་གིས་འདི་ལོའི་སྣོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ནཱ་ཝི་པི་ལེ་ལགས་སུ་འཚམས་འདྲི་མཛད་འདུག
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ Navi Pillay ནཱ་ཝི་པི་ལེ་ལགས་སུ་ཁོང་གི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཞི་བདེའི་ཐོག་གི་འབད་བརྩོན་ལ་ངོས་འཛིན་དང་འབྲེལ་ནས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་འདུག
འཚམས་འདྲིའི་གསུང་འཕྲིན་དེའི་ནང་། མགོན་པོ་༸གང་ཉིད་མཆོག་གིས་ནཱ་ཝི་པི་ལེ་ལགས་སུ། སྐུ་ཉིད་ཀྱིས་འཛམ་གླིང་ཁྲོད་གཞི་རྩའི་ཐོབ་ཐང་མ་ཐོབ་པའི་མང་ཚོགས་ཀྱི་འཐབ་རྩོད་ཆེད་དུ་སོ་སོའི་སྐུ་ཚེ་ཧྲིལ་པོ་བཏང་གནང་བར་ཡིད་རངས་བསྔགས་བརྗོད་དང་འབྲེལ། ཁྲིམས་ཀྱི་དབང་སྒྱུར་དང་རང་དབང་ལྡན་པའི་ཁྲིམས་ཞིབ་ཁང་། དེ་བཞིན་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཡོད་པའི་རྒྱལ་ཁབ་ཅིག་ནི་རང་གི་མི་མང་ལ་ཞབས་འདེགས་དང་ལྷན་དུ་རྒྱ་ཆེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་ཐུབ་པའི་གནས་ལེགས་ཤོས་དེ་ཡིན་པར་༸གོང་ས་མཆོག་སྐུ་ཉིད་ཀྱི་ངོས་ནས་ཡུན་རིང་ཐུགས་ཡིད་ཆེས་མཛད་བཞིན་ཡོད་པ་བཀའ་སྩལ་འདུག
༧གོང་ས་མཆོག་གིས་གསུང་འཕྲིན་ནང་ད་དུང་། ༸གང་ཉིད་མཆོག་བོད་པ་ཞིག་ཡིན་པའི་ཆ་ནས། ལྕམ་སྐུ་ཁོང་ནས་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱི་ཐུགས་འགན་བཞེས་པའི་སྐབས། རྒྱ་ནག་ལ་གནོན་ཤུགས་བརྒྱུད་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་སླད་འབད་བརྩོན་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་མཛད་འདུག
མ་ཟད། ༸གོང་ས་མཆོག་ནས་ནཱ་ཝི་པི་ལེ་ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོངས་སུ་ཕེབས་པར་དགའ་བསུ་མཛད་པ་དང་འབྲེལ། འཛམ་གླིང་འདི་ཉིད་ང་ཚོ་ཚང་མའི་ཆེད་དུ་ཆེས་ལེགས་པའི་ཕྱོགས་སུ་བསྐྱོད་ཐུབ་པར་ལྕམ་སྐུ་ཉིད་ཀྱི་ངོས་ནས་མུ་མཐུད་ལེགས་སྐྱེས་འབུལ་རྒྱུར་རེ་སྒུག་མཛད་བཞིན་ཡོད་པ་བཀའ་སྩལ་འདུག
རྒྱལ་སྤྱིའི་དགེ་རྒན་གྱི་གཟེངས་རྟགས་ཐོབ་མྱོང་མཁན་ཞིག་དང་ཕྱི་ལོ་ ༡༩༥༩ ལོའི་༸གོང་ས་མཆོག་གི་ཆིབས་ཞབས་ཤིག་ནས་༸གང་ཉིད་མཆོག་ལ་མཇལ་བཅར་ཞུས་པ།
དེ་རིང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༡༠ ཚེས་ ༦ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་། རྒྱལ་སྤྱིའི་དགེ་རྒན་གྱི་གཟེངས་རྟགས་ཐོབ་མྱོང་མཁན་ Ranjitsinh Disale རཎ་ཇིཏ་སིངྷ་དི་སཱ་ལེ་ལགས་དང་། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་སྐབས་ཨ་རུ་ནཱ་ཅལ་ས་མཚམས་ས་ཁུལ་རླུང་ལ་རུ་༸གོང་ཉིད་མཆོག་གི་ཆིབས་ཞིབས་ཁོངས་སུ་ཡོད་པ་༸སྐྱབས་རྗེ་རི་སྐྱ་ལྷ་འོད་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཡབ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་འདུག
https://www.youtube.com/watch?v=7LbFF2pOukk
མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། རྒྱལ་སྤྱིའི་དགེ་རྒན་གྱི་གཟེངས་རྟགས་ཐོབ་མྱོང་མཁན་རཎ་ཇིཏ་སིངྷ་དི་སཱ་ལེ་ལགས་ཀྱིས། དེ་རིང་ཁོང་བཞུགས་སྒར་དུ་བཅར་དགོས་དོན་ནི། ཁོང་ཚོའི་ཤེས་ཡོན་གྱི་ལས་གཞི་འགྲོ་བཞིན་པའི་ཐོག་༸གོང་ས་མཆོག་གི་ཐུགས་སྨོན་སྐྱབས་འཇུག་ཞུ་ཆེད་དུ་ཡིན་ཞེས་དང་། ༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེ་ཁོང་གི་མི་ཚེ་ནང་གི་དུས་སྐབས་གལ་ཆེན་ཞིག་ཡིན་པ་མ་ཟད། མཇལ་ཁའི་ཁྲོད་ཁོང་གིས་༸གོང་ས་མཆོག་ལ་ཁོང་གི་སློབ་མ་ཚོས་བྲིས་པའི་རི་མོ་སྤྱན་འབུལ་ཞུས་པར་༸གང་ཉིད་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོའི་ཐོག་ཁོང་ཚོ་ཚང་མར་ཐུགས་སྨོན་སྐྱབས་འཇུག་མཛད་སོང་ཞེས་གསུངས་སོང་།
ཁོང་གིས་ད་དུང་ད་ལྟའི་ཆར་ཁོང་ཚོས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་མཉམ་འབྲེལ་ཐོག་སློབ་གྲྭ་ཁག་ ༢༠ ནང་འཕྲུལ་རིག་གི་མཐུན་འགྱུར་འོག་སློབ་ཁྲིད་ཀྱི་ལམ་ལུགས་གང་ལེགས་སུ་གཏོང་བར་དམིགས་བཞིན་ཡོད་ཅེས་དང་། ད་བར་ཁོང་རྣམས་ནས་སྤྲོ་སྣང་འཕེལ་བའི་སློབ་ཁྲིད་ཀྱི་དྲྭ་རྒྱའི་བརྙན་འཕྲིན་ ༢༠ སློབ་གྲྭ་ཁག་ ༡༡ ནང་ཆེད་འཛུགས་བྱས་ཟིན་པ་དང་། རིམ་པ་རྗེས་མར། ཁོང་ཚོས་དགེ་རྒན་ཚོར་དྲྭ་རྒྱའི་བརྙན་འཕྲིན་དེ་དག་བེད་སྤྱོད་བྱེད་ཕྱོགས་ཐད་སྦྱོང་བརྡར་སྤྲད་པའི་ཐོག་ནས་སློབ་ཁྲིད་ཀྱི་ལམ་སྲོལ་ཡར་རྒྱས་གཏང་རྒྱུ་དང་། མཐར་ཐུག་སློབ་ཕྲུག་ཚོར་བསླབ་པ་སློབ་གཉེར་བྱ་རྒྱུ་སྟབས་བདེ་རུ་འགྲོ་བར་ཕན་ཐོགས་ཡོད་པ་གསུངས་སོང་།
མ་ཟད་ཁོང་ད་རེས་བཞུགས་སྒར་དུ་བཅར་བ་དང་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ་ཐེངས་དང་པོ་ཡིན་ཞེས་དང་། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༢ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་རྒྱལ་སྤྱིའི་དགེ་རྒན་གྱི་གཟེངས་རྟགས་ཐོབ་པར་བསྔགས་བརྗོད་ཀྱི་ཡིག་ཐོག་གསུང་འཕྲིན་ཞིག་སྩལ་བྱུང་སྐོར་དང་། སྐབས་དེ་དུས་ཁོང་གིས་ཨ་སྒོར་ས་ཡ་གཅིག་གི་བྱ་དགའ་དེ་དགེ་རྒན་གཞན་དགུ་ཡི་ཕྱག་ལས་ལ་རྒྱབ་སྐྱོར་ཚུལ་དུ་ཁོང་ཚོ་དང་ལྷན་དུ་བགོ་བཤའ་བརྒྱབ་ཡོད་པར། ༸གོང་ས་མཆོག་གིས་གསུང་འཕྲིན་ནང་དམིགས་བསལ་གྱི་ཁོང་གི་བྱ་བཞག་དེར་བསྔགས་བརྗོད་དང་སྦྲགས། གཞན་ཕན་ནི་འགྲོ་བ་མིའི་རིན་ཐང་རྩ་ཆེ་ཤོས་དེ་ཡིན་པ་གསུངས་ཡོད་སྐོར་ལུང་འདྲེན་གནང་སོང་།
རྩ་བའི་ Ranjitsinh Disale རཎ་ཇིཏ་སིངྷ་དི་སཱ་ལེ་ལགས་སུ་ཕྱི་ལོ་ ༢༠༢༠ ལོའི་རྒྱལ་སྤྱིའི་དགེ་རྒན་གྱི་གཟེངས་རྟགས་ཐོབ་པ་དེ། ཁོང་གིས་རྒྱ་གར་ Maharashtra མངའ་སྡེའི་ནང་གི་ཉམ་ཐག་བུད་མེད་གཞོན་སྐྱེས་ཚོར་འཕྲུལ་རིག་གི་མཐུན་འགྱུར་འོག་ཤེས་ཡོན་གྱི་གོ་སྐབས་བསྐྲུན་པའི་ཞབས་འདེགས་ལ་ཆེ་བསྟོད་ཀྱིས་ཕུལ་བ་ཞིག་དང་། སློབ་ཕྲུག་ཚོར་ཁོང་གིས་ QR Code ལྡན་པའི་སློབ་དེབ་གསར་བསྐྲུན་བྱས་པ་དང་། དྲྭ་རྒྱ་བེད་སྤྱོད་བྱས་པའི་ཐོག་ནས་སློབ་དེབ་བཀླགས་ཐུབ་པའི་མཐུན་རྐྱེན་མཁོ་སྤྲོད་བྱས་པ་དེས། དེ་སྔ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཁྲོད་སློབ་ཕྲུག་ས་ཡ་མང་པོ་རང་ཁྱིམ་ནང་བཀག་སྐྱིལ་འོག་ལུས་སྐབས་ཕན་ཐོགས་ཆེན་པོ་བྱུང་ཡོད་དང་། བྱ་དགའ་དེ་བཞིན་རྒྱ་གར་གྱི་དགེ་རྒན་ཞིག་ལ་ཐོབ་པ་ད་བར་ཐེངས་དང་པོ་ཡིན་པ་དང་བསྟུན་ནས། སྐབས་དེ་དུས་༸གོང་ས་མཆོག་གིས་ཁོང་ལ་བསྔགས་བརྗོད་ཀྱི་གསུང་འཕྲིན་ཞིག་སྩལ་ཡོད་པ་རེད།
སྤྱིར་ Global Teacher Prize ཞེས་པའི་གཟེངས་རྟགས་དེ་བཞིན་ UNESCO ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག །རིག་གཞུང་ལྷན་ཚོགས་དང་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Varkey Foundation ཐེབས་རྩའི་ངོས་ནས་རྒྱལ་སྤྱིའི་ཁྲོད་ཀྱི་དགེ་རྒན་དམིགས་བསལ་ཅན་ཚོའི་ཤེས་ཡོན་ཐོག་ཞབས་འདེགས་བསྒྲུབས་པའི་ཕྱག་ལས་ལ་གཟེངས་བསྟོད་ཀྱིས་ལོ་ལྟར་གནང་གི་ཡོད་རེད།
གཞན་ཡང་དེ་རིང་མཇལ་བཅར་ཞུ་མཁན་༸སྐྱབས་རྗེ་རི་སྐྱ་ལྷ་འོད་རིན་པོ་ཆེ་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་ཅེས། རིན་པོ་ཆེ་མཆོག་དང་ནང་མི་མོན་ཡུལ་ནས་ཡིན་པ་འགྲེལ་བརྗོད་ཀྱིས། རིན་པོ་ཆེའི་ཡབ་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸རྒྱལ་བ་རིན་པོ་ཆེ་མཆོག་རླུང་ལ་ནས་ Bomdila བར་ཆིབས་བསྒྱུར་སྐབས་ཆིབས་ཞབས་ཁོངས་སུ་ཡོད་པ་དང་། རིན་པོ་ཆེ་མཆོག་གི་ཡབ་ཀྱི་རེ་བ་ལ་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་འདོད་འདུག་པར་དེ་རིང་འདི་ག་བཞུགས་སྒར་དུ་བཅར་བ་ཡིན་ཞེས་གསུངས་སོང་།
རིན་པོ་ཆེ་མཆོག་སྐུ་སྒེར་དེ་རིང་མཇལ་བཅར་ཞུས་དགོས་དོན་གཙོ་བོ་ནི། འདས་པའི་ལོ་ངོ་བཅུ་ཕྲག་རིང་རིན་པོ་ཆེ་མཆོག་ནས་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཐོག་ཉམས་ཞིབ་གནང་སྟེ་གསུང་འབུམ་པོད་བཅུ་ཅན་ཞིག་པར་བསྐྲུན་ཞུས་ཡོད་པ་དེ་༸གང་ཉིད་མཆོག་ལ་ཕུལ་ཆེད་དུ་བཅར་བ་ཡིན་སྐོར་གསུངས་སོང་།
གཞི་རྩའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མཇལ་བཅར་བ་ཉིས་བརྒྱ་ལྔ་བཅུ་སྐོར་ལ་མཇལ་ཁ་སྩལ་ཡོད་པ་རེད།
༸གོང་ས་མཆོག་ནས་ཐུགས་འདྲིས་ཟབ་པའི་རི་ཆར་ཌི་མུར་དང་དབྱིན་ཡུལ་གྱི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོར་མཇལ་ཁ་སྩལ་བ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༥ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ༸གོང་ས་མཆོག་དང་ཐུགས་འདྲིས་ཟབ་པའི་མཛའ་གྲོགས་ Children in CrossFire ཞེས་སྡུག་རྩུབ་དང་དབུལ་ཕྱུག་གིས་མནར་བའི་བྱིས་པ་སྲུང་སྐྱོབ་ཀྱི་ཚོགས་པ་གསར་འཛུགས་གནང་མཁན་ Richard Moore རི་ཆར་ཌི་མུར་ལགས་དང་། དབྱིན་ཡུལ་དུ་ཕྱི་ལོ་ ༡༩༢༦ ནས་རྟེན་གཞི་བྱས་པའི་ Buddhist Society, London ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ Dr. Desmond Biddulph CBE ལགས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་ལ་མཇལ་བཅར་ཞུས་འདུག
https://www.youtube.com/watch?v=T7UMy96Vl9s
མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པས་སྐུ་ཞབས་རི་ཆར་ཌི་མུར་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་མཇལ་རྒྱུ་བྱུང་བར་ཉམས་མྱོང་ཧ་ཅང་གི་ངོ་འཚར་ཅན་ཞིག་བྱུང་ཅེས་དང་། རྣམ་པ་ཚོས་མཁྱེན་གསལ་ལྟར་༸གང་ཉིད་མཆོག་ནི་དམིགས་བསལ་གྱི་སྐྱེས་ཆེན་དམ་པ་ཞིག་དང་། འཛམ་གླིང་འདིའི་ནང་བྱམས་བརྩེ་དང་། སྙིང་རྗེ། བཟོད་བཞེས་སྐོར་སྙིང་སྟོབས་ལྡན་པའི་བཀའ་སློབ་སྩལ་མཁན་ཁོ་ན་དེ་ཡིན་པར་ཁོང་གིས་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་གསུངས་པ་མ་ཟད། དེ་རིང་༸གོང་ས་མཆོག་དང་ལྷན་དུ་དུས་ཚོད་ཁྱུག་ཙམ་གཏོང་རྒྱུ་བྱུང་བ་དེ་གཟི་བརྗིད་ཅིག་ལ་ངོས་འཛིན་ གནང་གི་ཡོད་པ་གསུངས་སོང་།
ཁོང་གིས་ད་དུང་༸གོང་ས་མཆོག་ལ་མཇལ་བཅར་ཞུས་དགོས་དོན་གཙོ་བོ་ནི། ལོ་ངོ་སུམ་བཅུ་སྔོན་ལ་ཁོང་གིས་གསར་འཛུགས་གནང་བའི་ Children in CrossFire ཞེས་སྡུག་རྩུབ་དང་དབུལ་ཕྱུག་གིས་མནར་བའི་བྱིས་པ་སྲུང་སྐྱོབ་ཀྱི་ཚོགས་པ་དེར་རོགས་རམ་གནང་མཁན་གཙོ་གྲས་གཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་དུས། དེ་སྔ་ཚོགས་པའི་ལོ་ངོ་བཅུ་འཁོར་བའི་དུས་དྲན་དང་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སྐབས་ Ireland གྱི་གྲོང་ཁྱེར་ Derry ནང་མགོན་པོ་༸གང་ཉིད་མཆོག་མཛད་སྒོའི་ཐོག་དངོས་སུ་ཆིབས་བསྒྱུར་མཛད་ཡོད་སྟབས། ད་རེས་ལོ་ངོ་སུམ་བཅུ་འཁོར་བའི་དུས་དྲན་སྐབས་སུའང་༸གོང་ས་མཆོག་དུས་དྲན་དེའི་ཆ་ཤས་སུ་ཡོད་ན་བསམ་བྱུང་ཅེས། ལོ་ཤས་ནས་བཟུང་༸གང་ཉིད་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་སྐྱོང་གི་མེད་པར་བརྟེན། ཚོགས་པའི་ངོས་ནས་ལོ་ངོ་སུམ་བཅུ་འཁོར་བའི་དུས་དྲན་དང་བསྟུན། སྡུག་རྩུབ་དང་དབུལ་ཕྱུག་གིས་མནར་བའི་བྱིས་པ་སྲུང་སྐྱོབ་ཀྱི་ལས་འགུལ་དེར་རོགས་རམ་རྒྱབ་སྐྱོར་གནང་མཁན་༸གོང་ས་མཆོག་དབུས་པའི་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་ཆེད་དུ་བཅར་བ་ཡིན་སྐོར་གསུངས་སོང་།
མ་ཟད་ཁོང་གིས་གང་ཟག་སྒེར་ལ་མཚོན་ན། ༸གོང་ས་མཆོག་གིས་ད་བར་ཁོང་ལ་བཟོད་བཞེས་ཚུད་པའི་རིན་ཐང་མང་པོ་ཅིག་གི་ཐོག་བཀའ་སློབ་ལམ་སྟོན་སྩལ་ཡོད་པར། དེ་རིང་༸གང་ཉིད་མཆོག་ལ་དངོས་སུ་མཇལ་བཅར་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཅེས་། མཇལ་བཅར་ཁྲོད་༸གོང་ས་མཆོག་གིས་ཁོང་ཚོའི་ཚོགས་པའི་ཕྱག་ལས་སྐོར་བཀའ་སློབ་སྩལ་སོང་བ་མ་ཟད། བྱིས་པ་སྲུང་སྐྱོབ་ཀྱི་ལས་འགུལ་འདི་རྒྱུན་སྐྱོང་བྱ་དགོས་གལ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་སྐོར་དང་། ༸གང་ཉིད་མཆོག་ཀྱང་ལས་འགུལ་འདིའི་ནང་གི་ཆ་ཤས་ཤིག་ཡིན་པར་ཐུགས་ལ་དགའ་ཚོར་ཆེན་པོ་ཡོད་པ་བཅས་ཀྱི་སྐོར་བཀའ་སློབ་སྩལ་སོང་ཞེས་གསུངས་སོང་།
རྩ་བའི་སྐུ་ཞབས་ Richard Moore ལགས། དགུང་ལོ་ ༡༠ ལ་སོན་སྐབས་ཁོང་གི་གནས་ཡུལ་ Ireland ནང་དུ་ཟིང་འཁྲུག་ཅིག་གི་ཁྲོད་དམག་མི་ཞིག་གིས་ཁོང་ལ་འགྱིག་གི་མེ་མདའ་བརྒྱབ་སྟེ་མིག་ལོང་བར་གྱུར་ཡོད་ཀྱང་། ཁོང་ནས་རང་ཉིད་མིག་ལོང་བ་བཟོས་མཁན་དམག་མི་དེ་ལ་འཁོན་འཛིང་སོགས་གང་ཡང་མ་བྱས་པར་བྱམས་བརྩེའི་ཐོག་ནས་བཟོད་བཞེས་གནང་སྟེ་ཉམས་ཐག་བྱིས་པ་རྣམས་ལ་ཤེས་ཡོན་སོགས་ཀྱི་གོ་སྐབས་བསྐྲུན་པའི་ཚོགས་པ་གསར་འཛུགས་གནང་ཡོད་པ་རེད། སྐུ་ཞབས་ Moore ལགས་ཀྱི་དོན་དངོས་བྱམས་བརྩེ་ལག་བསྟར་གནང་བ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་གནང་པ་དང་ཆབས་ཅིག །སྐུ་ཞབས་ཁོང་ནི་༸གང་ཉིད་མཆོག་གི་མིག་དཔེ་གཟིགས་ས་དཔའ་བོ་ཞིག་ཡིན་པ་བཀའ་སྩལ་ཡོད།
རི་ཆར་ཌི་མུར་ལགས་ཀྱི་ངོས་ནས་བོད་པའི་གཞོན་སྐྱེས་ཚོར་ཞུ་ཡག་ལ། རྣམ་པ་ཚོར་༸གོང་ས་མཆོག་ལྟ་བུ་བྱམས་བརྩེ་དང་། སྙིང་རྗེ། བཟོད་བཞེས་བཅས་ཀྱི་ཐོག་བཞེངས་མཁན་གྱི་དབུ་ཁྲིད་ཅིག་ཡོད་པར་འཛམ་གླིང་འདིའི་ནང་གི་མི་རིགས་བསོད་ནམས་ཆེ་ཤོས་ཁོངས་སུ་རེད་ཅེས་དང་། བོད་མི་ཚོས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་གསན་བཞེས་ཀྱིས། ༸གང་ཉིད་མཆོག་ནས་སྙིང་སྟོབས་བླངས་ཏེ། ༸མགོན་པོ་མཆོག་གིས་བསྟན་པའི་དཔེ་མཚོན་ལ་རྗེས་སུ་འབྲངས་དགོས་པའི་རེ་སྐུལ་ཞུས་སོང་།
གཞན་ཡང་མཇལ་བཅར་ཞུ་མཁན་སྐུ་ཞབས་ Dr. Desmond Biddulph CBE ལགས་ཀྱིས། དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཞུས་དགོས་དོན་གཙོ་བོ་ནི། ༸གང་ཉིད་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཆེད་དུ་བཅར་བ་ཡིན་ཞེས། དེ་སྔ་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་༸གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་རྗེས་སུ། ཕྱི་ལོ་ ༡༩༦༡ ལོར་༸གོང་ས་མཆོག་ཁོང་ཚོའི་དབྱིན་ཡུལ་གྱི་ནང་པའི་མཐུན་ཚོགས་ལ་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཏུ་གྱུར་ཡོད་པ་དང་། ༸གང་ཉིད་མཆོག་ནས་ད་བར་ཁོང་ཚོའི་མཐུན་ཚོགས་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་དགའ་ཚོར་ཆེན་པོ་ཡོད་ཅེས། མཐུན་ཚོགས་ཀྱང་རིམ་པས་ཡར་རྒྱས་གོང་འཕེལ་ཡག་པོ་ཕྱིན་ཡོད་པ་མ་ཟད། ༸གོང་ས་མཆོག་གི་རྒྱབ་སྐྱོར་ནི་ཁོང་ཚོའི་མཐུན་ཚོགས་དང་དབྱིན་ཡུལ་དུ་ཡོད་པའི་ནང་པ་ཚང་མ་ལ་རིན་ཐང་ཆེན་པོ་ཡིན་པ་བཅས། དོན་དངོས་ཐོག་༸གང་ཉིད་མཆོག་ནི་འཛམ་གླིང་གང་སར་གནས་པའི་ནང་པའི་དད་ལྡན་པ་ཚང་མར་སེམས་འགུལ་ཐེབས་དུ་བཅུག་མཁན་གཙོ་བོ་དེ་ཡིན།
སྐུ་ཞབས་ཁོང་གིས་ད་དུང་། མཇལ་བཅར་ཁྲོད་༸གང་ཉིད་མཆོག་ལ་ཕྱག་རྟགས་ཁག་གཅིག་ཕུལ་རྒྱུ་བྱུང་སྐོར་དང་། དེའི་ཁོངས་ནས་གཅིག་ནི་དེ་སྔ་དབྱིན་ཡུལ་དུ་བོད་མི་ཐོག་མར་སླེབས་པའི་སྐབས་ཀྱི་ལོ་རྒྱུས་མཚོན་པའི་པར་རིས་ཁག་གཅིག་དང་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་སྐབས་ཀྱི་པར་རིས་སོགས་ཡོད་པ་གསུངས་སོང་། མ་ཟད་ཁོང་ཚོའི་མཐུན་ཚོགས་གསར་འཛུགས་གནང་མཁན་ Christmas Humphreys ལགས་ནས་དེ་སྔ་དབྱིན་ཡུལ་དུ་ནང་པའི་ཆོས་དར་སྤེལ་ཆེན་པོ་གནང་ཡོད་སྐོར་དང་། འདི་ལོར་ཁོང་ཚོའི་མཐུན་ཚོགས་ཀྱི་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་ཡིན་པ་དང་བསྟུན་ནས་༸གང་ཉིད་མཆོག་ལ་འདས་པའི་དུས་ཚོད་མཚོན་པའི་ཕྱག་རྟགས་ཁག་གཅིག་ཡིག་མཛོད་ཁང་ནང་འཇོག་ཆེད་དུ་ཕུལ་རྒྱུ་བྱུང་ཞེས་གསུངས་སོང་།
སྤྱིར་ Dr. Desmond Biddulph ལགས་ཐེངས་འདིར་བཅར་དགོས་དོན་རྒྱུ་མཚན་གཞན་གཅིག་ནི། གནངས་ཉིན་རེས་གཟའ་ལྷག་པའི་ཉིན་ཨ་མ་རྗེ་བཙུན་པདྨ་ལགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་རྒྱུ་ཡིན་པ་དང་། ཨ་མ་རྗེ་བཙུན་པདྨ་ལགས་ལྟ་བུ་མཚོན་ན། ད་བར་བོད་པའི་བྱིས་པ་ཚོར་སློབ་གྲྭ་དང་སྨན་ཁང་། དེ་བཞིན་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པར། མང་ཚོགས་ཚང་མར་མིག་དཔེ་བཟང་པོ་ཞིག་ཡིན་པ་མ་ཟད། བྱམས་བརྩེ་དང་། ཤེས་རབ། སྙིང་རྗེ་ལྡན་པའི་མི་ཚེའི་དཔེ་མཚོན་ཞིག་ཀྱང་ཡིན་པ་རེད།
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེང་སྐབས་རེས་གཟའ་ཟླ་བ་ནས་སྤེན་པ་བར་འཆར་ཅན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་བརྒྱ་ཕྲག་འགའ་ཤས་ལ་མང་མཇལ་སྩལ་གནང་གི་ཡོད་ཀྱང་། གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་པོ་མཛད་དེ། ཐེ་ཝན་ཚོགས་གཉིས་ཆོས་ཚོགས་ཀྱི་ཚོགས་མིས་གཙོས་པའི་བསྒྲུབ་བྱ་ཕོ་མོ་ ༦༦ ལ་བར་མ་རབ་བྱུང་སྔོན་དུ་འགྲོ་བས་ཚིགས་སྔ་མ་དགེ་ཚུལ་གྱི་བསླབ་སྡོམ་སྩལ་ཡོད་པ་དང་། དེ་རིང་ལྟ་བུ་མཚོན་ན། ༸གང་ཉིད་མཆོག་གིས་རི་ཆར་ཌི་མུར་སོགས་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་མཇལ་བཅར་བ་ཉིས་བརྒྱ་སུམ་ཅུ་ལྷག་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་སྩལ་ཡོད་པ་རེད།




