བཙན་བྱོལ།

དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་འདུག

དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་འབྲུག་ཐིམ་ཕུག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་རྩེད་ཐང་ Changlimithang དུ་མང་ཚོགས་དད་ལྡན་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་བ་དང་འབྲེལ།  འཛམ་གླིང་འདིའི་ནང་རྒྱལ་ཁབ་ ༡༩༥ ཡས་མས་ཡོད་པའི་ཁོངས་ནས་སྤྱིར་ཐེག་པ་ཆེན་པོ་དང་ཡང་སྒོས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར་སའི་རྒྱལ་ཁབ་རང་དབང་རང་བཙན་ལྡན་པ་དེ་འབྲུག་རྒྱལ་ཁབ་ཁོ་ན་ཡིན་པ་བཀའ་སྩལ་འདུག ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་མ་སྩལ་གོང་དུ་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས།  འབྲུག་རྒྱལ་ཁབ་འདི་ནི་འགྲོ་མགོན་དག་པོའི་བཀའ་བརྒྱུད་ལས་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་པར།  ཁྱད་པར་དུ་འཕགས་པའི་ཡུལ་འདིར་འདུ་འཛོམས་བྱུང་ཐུབ་པ་དེ་ཚང་མས་སྤོབས་པ་བྱེད་འོས་པ་ཞིག་དང་།  རྒྱལ་ཁབ་འདིར་སྐྱེས་པ་ཙམ་གྱི་དལ་འབྱོར་མི་ལུས་ཀྱི་མཐུན་རྐྱེན་ཚང་གི་ཡོད་པར་སྐལ་པ་བཟང་པོ་ཡིན་པ་བཀའ་སྩལ་འདུག  །མ་ཟད་རིན་པོ་ཆེ་མཆོག་གིས་དཔལ་༸རྒྱལ་དབང་ཀརྨ་པ་དང་འབྲུག་རྒྱལ་ཁབ་བར་དམ་ཚིག་གི་འབྲེལ་བའི་སྐོར་དང་འབྲེལ།  འབྲུག་པ་བཀའ་བརྒྱུད་ལ་འབྲུག་པ་ཞེས་པའི་མཚན་ཐོགས་པ་དེ་ཡང་གཙོ་བོ་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་འབྲུག་གི་གདན་ས་ཕྱག་བཏབ་པ་ལ་བརྟེན་ནས་བྱུང་བ་ཡིན་པ་སོགས་བཀའ་སྩལ་བ་དང་།  དེ་བཞིན་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གོང་མ་ཁག་གཅིག་གི་མཛད་པ་འཕྲིན་ལས་དང་སྐབས་དེའི་ཚེ་དེའི་དུས་སུ་སྐུ་ངལ་ཇི་བྱུང་བའི་ལོ་རྒྱུས་སྐོར་དང་།  ལྷག་པར་དུ་༸སྐུ་ཉིད་ངོས་ནས་ཀྱང་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་འབྲུག་རྒྱལ་ཁབ་ཏུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་མཛད་བཞིན་པ་ལྟར།  ད་རེས་དགུང་ལོ་བཞི་བཅུ་ཞེ་གྲངས་ནང་ཕེབས་སྐབས་གཞི་ནས་ཡུལ་འདིར་ཆིབས་བསྒྱུར་བསྐྱངས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཅེས་དང་།  དེ་ཡང་འབྲུག་མངའ་བདག་རྒྱལ་པོ་ཡབ་སྲས་སྐུ་འཁོར་དང་བཅས་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བར་ཐུགས་རྗེ་ཆེ་ཞུ་མཛད་འདུག  ལྷག་པར་ད་རེས་མངའ་བདག་རྒྱལ་པོའི་ཐུགས་སྐྱེད་དང་འབྲུག་མི་ཡོངས་ཀྱི་བསོད་ནམས་ལ་བརྟེན་ནས་འབྲུག་དགེ་ལེགས་ཕུག་ཏུ་ཉིན་ཞག་གཅིག་གི་ནང་མཆོད་རྟེན་ ༡༠༨ བཞེངས་ཐུབ་པ་དེ་འཛམ་གླིང་ཁྲོད་ཀྱི་ལོ་རྒྱུས་ནང་ད་བར་བྱུང་མྱོང་མེད་པ་མ་ཟད།  དེའི་ཐོག་འབྲུག་མི་ཡོངས་ཀྱི་སྐྱབས་གནས་དང་དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་དང་དགེ་བའི་བཤེས་གཉེན་མང་པོ་ཞིག་དུས་གཅིག་ཏུ་འདུ་འཛོམས་བྱུང་བས་སྐལ་བཟང་གི་ཉི་མ་ཤར་བ་དེས་མ་འོངས་པར་འབྲུག་རྒྱལ་ཁབ་དེ་སྔར་ལས་ཀྱང་དར་ཞིང་རྒྱས་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བའི་རྟེན་འབྲེལ་བཟང་པོ་ཡོད་པ་བཀའ་སྩལ་འདུག  རྩ་བའི་ཐེངས་འདིར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་བའི་འདུ་འཛོམས་ཐོག་འབྲུག་མངའ་བདག་རྒྱལ་པོ་ཡབ་སྲས་སྐུ་འཁོར་དང་བཅས་པ་གཙོས་པའི་མང་ཚོགས་དད་ལྡན་ཁྲི་ཚོ་བརྒལ་བ་ནས་མཉམ་ཞུགས་གནང་འདུག

འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་༸སྐྱབས་མགོན་གོང་མ་ཁྲི་འཛིན་ ༤༤ པར་ཁྲི་གསོལ་མཛད་པ།

བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་བོད་ཟླ་ ༩ ཚེས་པ་ ༢༦ དང་། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༥ ཉིན་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ས་སྐྱ་ཁྲི་འཛིན་ ༤༤ པར་ཁྲི་གསོལ་མཛད་པ་དང་འབྲེལ། ༸སྐྱབས་མགོན་༸གོང་མ་རྣམ་པ་དབུ་བཞུགས་ཐོག་ཁྲི་འཛིན་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། དཔལ་ས་སྐྱ་པའི་ཁྲི་འཛིན་ ༤༤ པའི་བོད་ལུགས་ཀྱི་ཁྲི་འདོན་མཛད་སྒོའི་ཐོག་༸སྐྱབས་མགོན་༸གོང་མ་ཡབ་སྲས་དབུས་པའི་ས་ངོར་ཚ་གསུམ་གྱི་བསྟན་བདག་བླ་ཆེན་རྣམ་པ་དང་མཁན་བླ་དགེ་འདུན་འདུས་པ་རྒྱ་མཚོ། འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག །འབྲས་ལྗོངས་ཀྱི་རྒྱས་སྲས་དང་འབྲས་ལྗོངས་མངའ་སྡེའི་དགོན་གནས་བློན་ཆེན་བསོད་ནམས་བླ་མ་མཆོག །བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ། ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ། བཀའ་ཟུར་དང་སྤྱི་ཟུར། དེ་བཞིན་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གི་སྐུ་ཚབ། སྐུ་འཁོར་ལྷན་རྒྱས། འབྲུག་དང་འབྲས་ལྗོངས་ཀྱི་སྐུ་མགྲོན་གཞན། རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བ་ནས་ལྷན་ཞུགས་གནང་སོང་། དེ་ཡང་སྔ་དྲོ་ཕྱག་ཚོད་ ༨།༣༠ ཐོག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པ་ཛྙན་བཛྲ་རིན་པོ་ཆེ་མཆོག །༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་སོང་བ་དང་། ཆུ་ཚོད་ ༨།༤༠ ཐོག་ལ་༸སྐྱབས་མཆོག་འཁོན་གདུང་ཨི་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ཐེག་ཆེན་ཕུན་ཚོགས་གླིང་དུ་སྤྱན་བརྒྱ་སྤོས་སྣེའི་བསུ་བ་དང་སེར་སྐྱ་མང་ཚོགས་ནས་སེར་བང་སྒྲིག་སྟེ་གནད་འདྲེན་ཞུས་སོང་། གཙུག་ལག་ཁང་དུ་ཞབས་སོར་འཁོད་མཚམས་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་མཆོག་དང་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རྣམ་གཉིས་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་། དེའི་རྗེས་སུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༤ པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ལ་ཁྲི་འདོན་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། འཁོན་གདུང་དཔལ་ས་སྐྱ་པའི་བསྟན་བདག་བླ་ཆེན་རྣམ་པ་དབུས་པའི་དགའ་ལྡན་ཕོ་བྲང་དང་། དཔལ་ས་སྐྱའི་ཕོ་བྲང་རྣམ་གཉིས། བླ་བྲང་ཁག །བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དགོན་སྡེ་ཁག །ཚོགས་སྡེ་ཁག་ཀྱི་སྐུ་ཚབ་བཅས་ནས་མཎྜལ་ལྗགས་བཤད་དང་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་སོང་། ཁྲི་འདོན་བརྟན་བཞུགས་འབུལ་མཚམས་ཁྲི་འཛིན་ ༤༤ པ་མཆོག་གིས། ད་རེས་བརྟན་བཞུགས་བསྟར་འབུལ་ལ་ཐུགས་རྗེ་ཆེ་ཞེས་གསུངས་བ་དང་འབྲེལ། བརྟན་བཞུགས་ཀྱི་ཆོ་གའི་མཐུ་ལ་བརྟན་ནས་སྤྱིར་སེམས་ཅན་དུས་མིན་གྱི་འཆི་བ་ལ་གྲོལ་བ་དང་། ཡང་སྒོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག །༸སྐྱབས་མགོན་ཁྲི་འཛིན་རྣམ་གཉིས། བསྟན་བདག་བླ་ཆེན་རྣམས་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་དང་། ཁྲི་འཛིན་གང་ཉིད་མཆོག་སྐུ་ཚེ་བརྟན་པའི་ཞལ་བཞེས་མཛད་རྒྱུའི་མཐུ་དང་ནུས་པ་མེད་ཀྱང་། བསྟན་པ་དང་འགྲོ་བའི་དོན་དུ་མི་ཚེ་དོན་ལྡན་ཞིག་ཡོང་རྒྱུ་ཐུགས་སྨོན་མཛད་སོང་། རྩ་བའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༤ ལོར་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་སའི་གནས་མཆོག་ལུམ་བི་ནིའི་ཚལ་དུ་ས་སྐྱ་སྨོན་ལམ་ཐོག་དཔལ་ལྡན་ས་སྐྱ་པའི་མ་འོངས་པའི་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་ཕྱོགས་ཀྱི་ལམ་ལུགས་འགྱུར་བ་བཏང་སྟེ། མཁྱེན་ཡོན་གྱི་ཆ་རྐྱེན་དང་བཅས་པའི་ཕོ་བྲང་གཉིས་ཀའི་གདུང་སྲས་རྣམས་བགྲེས་རིམ་བཞིན། ལོ་གསུམ་རིང་ཁྲི་འཛིན་གྱི་མཚན་གནས་བཞེས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད་པ་རེད། རིམ་བཞིན་ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་བྱང་ཕྱོགས་པུར་ཝ་ལ་ས་སྐྱའི་མ་དགོན་དུ་ཁྲི་ཆེན་མཆོག་གི་གདུང་སྲས་བགྲེས་པ་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ཁྲི་འཛིན་ ༤༢ པར་ཁྲི་གསོལ་མཛད་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་གཉེན་རིམ་རྐྱེན་པས་ཁྲི་རབས་ཞེ་གསུམ་པ་དུས་ཐོག་མངའ་གསོལ་གནང་ཐུབ་མེད་པར་ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ནང་ཁྲི་ཆེན་མཆོག་གི་གདུང་སྲས་གཞོན་པ་འཁོན་གདུང་ཛྙན་བཛྲ་རིན་པོ་ཆེ་མཆོག་ཁྲི་འཛིན་ ༤༣ པར་མངའ་གསོལ་མཛད་ཡོད་པ་རེད། ད་རེས་༸སྐྱབས་མཆོག་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༤ པར་ཁྲི་གསོལ་མཛད་པ་དེ་ནི་བཙན་བྱོལ་ནང་དུ་དཔལ་ས་སྐྱ་པའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ནས་ཁྲི་འཛིན་གྱི་ཐུགས་འགན་བཞེས་པ་ཐོག་མ་དེ་ཆགས་ཀྱི་ཡོད། གཞི་རྩའི་མཛད་འཆར་ལྟར་ན་སང་ཉིན་ཕྱི་ཚེས་ ༦ ཉིན་ཕྱི་ལུགས་ལྟར་ཁྲི་འདོན་མཛད་སྒོ་གཉེར་རྒྱུ་ཡིན་ཞིང་། ཚེས་ ༧ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་མང་ཚོགས་ལ་ཚེ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

ལ་དྭགས་ནས་རྡ་ས་བར་བོད་དོན་གོམ་བགྲོད་གནང་མཁན་སྐལ་བཟང་མཐར་ཕྱིན་ལགས་ཅོན་ཏ་རར་འབྱོར་འདུག

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ལ་དྭགས་ཞི་བའི་ཚལ་༸རྒྱལ་བའི་ཕོ་བྲང་ནས་བཞུགས་སྒར་དྷ་ས་བར། ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་གཅིག་ཅེས་པའི་འབོད་སྒྲའི་ཐོག་ཞི་བའི་གོམ་བགྲོད་ཕེབས་མཁན་བོད་མི་སྐལ་བཟང་མཐར་ཕྱིན་ལགས་ཅོན་ཏ་རར་འབྱོར་འདུག དེ་ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འབྲས་སྤུངས་སྒོ་མང་དུ་གནས་བཞུགས་བོད་མི་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་མ་སྐུལ་དང་བླངས་ཐོག་དཔའ་བོ་བློ་དགའ་རང་བཙན་དམ་པར་རྗེས་དྲན་དང་འབྲེལ། གཙོ་བོ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་སླད་ཞི་བའི་གོམ་བགྲོད་གནང་བཞིན་པ་དང་། གོམ་བགྲོད་དེ་བཞིན་ཁོང་གིས་ཐོག་མར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་བར་གནང་ཡོད་ཅིང་། ཐེངས་འདིར་སླར་ཡང་ལ་དྭགས་ནས་བཞུགས་སྒར་བར་གོམ་བགྲོད་ཕེབས་བཞིན་པ་དང་། ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་གཅིག་ཅེས་པའི་ལས་འགུལ་དེ་བཞིན་ལ་དྭགས་ནས་འགོ་འཛུགས་ཀྱིས་དེ་རིང་བར་ཁྱོན་ཉིན་གྲངས་ ༢༠ ཡས་མས་ཙམ་ཕྱིན་ཡོད་པ་རེད། འདི་གའི་གསར་འགོད་པས་ཁོང་ལ་ཐེངས་འདིའི་གོམ་བགྲོད་ལས་འགུལ་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས། ད་ཐེངས་ཀྱི་ལས་འགུལ་དེ་བཞིན་རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ངོ་རྒོལ་དང་། ལྷག་པར་དུ་ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་རྗེས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་མི་རྣམས་ཀྱིས་ལས་འགུལ་རྣམ་པ་འདྲ་མིན་ཐོག་སྤེལ་ཡོད་པ་དེ་མཚུངས་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ཁོང་གོམ་བགྲོད་ལ་ཕེབས་སྐབས་མང་ཚོགས་ནས་རྒྱབ་སྐྱོར་ཡག་པོ་གནང་ཡོད་པ་དང་། དོན་དངོས་ཀྱི་རྒྱབ་སྐྱོར་དེ་བཞིན་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུའི་ཐད་ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་ན་གལ་ཆེ་ཤོས་དེ་ཡིན་ཡང་། མང་ཚོགས་ངོས་ནས་དེའི་ཐད་འཐུས་ཤོར་ཏོག་ཙམ་ཡོད་པ་གཟིགས་ཀྱི་ཡོད་སྐོར་གསུངས་སོང་། རྩ་བའི་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་བར་ཞི་བའི་གོམ་བགྲོད་ལས་འགུལ་དེ་བཞིན་དབུ་འཛུགས་གནང་ཡོད་ཅིང་། ཕྱི་ཟླ་ ༨ པའི་ཚེས་ ༢༠ ཉིན་ཁོང་དང་ཁོང་གི་ཕྱག་རོགས་གཉིས་ལ་དྭགས་བྱང་ལ་ནས་ཀི་ལོ་མི་ཊར་ ༢༠ སར་ཡོད་པའི་ས་གནས་ཤིག་ལ་འབྱོར་སྐབས་ཉེན་རྟོག་པས་བཀག་འགོག་རྐྱེན་པས་ལས་འགུལ་འདི་གནས་སྐབས་མཚམས་བཞག་དགོས་བྱུང་བ་དང་། དེ་རྗེས་སླར་ཡང་གོམ་བགྲོད་དབུ་འཛུགས་གནས་ནས་ཕྱི་ཟླ་ ༨ པའི་ཚེས་ ༡༦ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་ལ་དྭགས་བསོད་ནམས་གླིང་ལ་སྤྱི་ལས་ཁུངས་ཀྱི་མདུན་ཐང་དུ་བདེ་འབྱོར་བྱུང་ཡོད་པ་རེད།

དཔལ་ས་སྐྱའི་ཁྲི་རབས་ ༤༤ པ་ཁྲི་འདོན་མཛད་སྒོའི་སྟ་གོན་དང་ཁྲི་འདོན་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་པ།

རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་ Jaigaon དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་ཐེག་ཆེན་ཕུན་ཚོགས་གླིང་དུ་༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་རབས་ ༤༤ པར་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་འབྲེལ། མཛད་རིམ་གྲ་སྒྲིག་རྒྱ་ཆེར་གནང་བཞིན་པ་མ་ཟད། ཁྲི་འདོན་བརྟན་བཞུགས་ཆེད་དུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རྣམ་གཉིས་དབུ་བཞུགས་ཐོག །༸སྐྱབས་རྗེ་འཁོན་གདུང་རྣམ་པ་དང་ས་ངོར་ཚར་གསུམ་གྱི་བསྟན་བདག་བླ་ཆེན་རྣམ་པ། མཁན་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོ། དད་ལྡན་སེར་སྐྱ་མང་ཚོགས་བཅས་ལྷན་བཞུགས་ཀྱིས་སྒྲུབ་ཞག་འཚོགས་སོང་། https://youtu.be/OJrrwO_R0GM?si=4GlCDHhM7ExtDuRO མཛད་འཆར་ལྟར་ན། སང་ཉིན་ཚེས་ ༥ ཉིན་ཁྲི་འདོན་གྱི་མཛད་སྒོ་དངོས་གཞི་དང་ཁྲི་འདོན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་ཞིང་། བརྟན་བཞུགས་ཆེད་དུ་འདི་ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་ཁྲི་འདོན་བརྟན་བཞུགས་ཀྱི་སྒྲུབ་ཞག་ཚོགས་ཡོད་པ་མ་ཟད། སང་ཚེས་ ༥ ཉིན་གྱི་ཉིན་རྒྱབ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༤ པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་ཐུབ་པ་དགོངས་གསལ་གྱི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད། དེ་བཞིན་གནངས་ཉིན་ཚེས་ ༦ ཉིན་ཕྱི་ལུགས་ཀྱི་ཁྲི་འདོན་མཛད་སྒོ་གཉེར་རྒྱུ་དང་། ཚེས་ ༧ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་མང་ཚོགས་ལ་ཚེ་དབང་བཀའ་དྲིན་སྩལ་གཏན་ཁེལ་འདུག ཁྲི་འདོན་མཛད་སྒོ་དང་འབྲེལ་ནས་སྔ་ཕྱི་མཛད་རིམ་ཡོངས་གྲགས་གནང་བའི་ཁྲོད། ཕྱི་ཟླ་ ༡༠ ཚེས་ ༢༥ ས་མཆོད་ཆེན་མོ་དང་དུས་ཆེན་ལྔ་འཛོམས་ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན༸གོང་མ་ཁྲི་འཛིན་རྣམ་གཉིས། འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་ས་ངོར་ཚར་གསུམ་གྱི་བསྟན་བདག་བླ་ཆེན་རྣམ་པ་དབུ་བཞུགས་ཐོག །གསར་བཞེངས་གྲུབ་པའི་དཔལ་ས་སྐྱའི་གདན་ས་ཐེག་ཆེན་ཕུན་ཚོགས་གླིང་རྟེན་དང་བརྟེན་པ་བཅས་དབུ་འབྱེད་དང་། ས་མཆོད་ཆེན་མོ་ཚོགས་ཡོད་ཅིང་། ཚེས་ ༢༧ ཉིན་གཙུག་ལག་ཁང་གི་རྟེན་དང་བརྟན་པ་བཅས་ལ་རབ་གནས་བཀའ་དྲིན་མཛད་ཡོད་པ་རེད། ལྷག་པར་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་༸སྐྱབས་མགོན་༸གོང་མ་ཡབ་སྲས་རྣམ་གསུམ་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ཚེས་ ༣༡ ཉིན་༸སྐྱབས་མགོན་༸གོང་མ་རྣམ་པ་སོགས་འབྲུག་དགེ་ལེགས་ཕུག་ཏུ་ཆིབས་བསྒྱུར་མཛད་དེ་ཁུལ་དེར་བྱང་ཆུབ་མཆོད་རྟེན་བརྒྱ་རྩ་བརྒྱད་ཉིན་རྒྱ་དུས་གཅིག་ལ་གསར་བཞེངས་རྒྱུའི་མཛད་འཆར་ལེགས་གྲུབ་ཀྱིས། ཚེས་ ༣ ཉིན་རྒྱབ་ཐེག་ཆེན་ཕུན་ཚོགས་གླིང་དུ་ཕྱིར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད། གཞི་རྩའི་དཔལ་ས་སྐྱ་པའི་ཕོ་བྲང་གཉིས་ལས་ད་རེས་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ནས་དཔལ་ས་སྐྱ་པའི་ཁྲི་འཛིན་གྱི་ཐུགས་འགན་བཞེས་རྒྱུ་དེ་ནི་བཙན་བྱོལ་ནང་དུ་ཕེབས་རྗེས་སུ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

སྨོན་ལམ་རིག་ནུས་གཙོས་བོད་ཡིག་གི་འཕྲུལ་ཆས་མ་ལག་ཁག་གི་ཐོན་རིམ་གསར་པ་དབུ་འབྱེད་གནང་སོང་།

རྒྱ་ནག་གིས་གཏེར་ཚང་ཟེར་བའི་རིག་ནུས་བརྒྱུད་བོད་ཀྱི་གནས་ཚུལ་འཁྱོད་བཤད་བྱེད་བཞིན་པའི་སྐབས་འདིར། སྨོན་ལམ་རིག་ནུས་ཀྱིས་བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་སྟོན་དྲིལ་བསྒྲགས་བརྒྱུད་རྒྱ་ནག་གི་འཁྱོག་བཤད་ལ་གདོང་ལེན་བྱེད་ཀྱི་ཡོད་པ་གསུང་གི་འདུག དེ་ཡང་ཁ་སང་ཟླ་བ་འདིའི་ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཕྱི་ལོ་ ༢༠༢༦ ལོའི་ལོ་འཁོར་གྲུབ་འབྲས་འགྲེམས་སྟོན། སྨོན་ལམ་མངོན་གྱུར་སྐབས་བཞི་པའི་ཐོག སྨོན་ལམ་མེ་ལོང་། ཐོན་རིམ་ ༢་༨ དང་། སྨོན་ལམ་བོད་ཡིག་ཡིག་གཟུགས། ཐོན་རིམ་ ༥་༠། སྨོན་ལམ་ཡིག་སྒྱུར་མཉེན་ཆས། སྨོན་ལམ་ཚིག་མཛོད་ཆེན་མོ། སྨོན་ལམ་མེ་ལོང་དྲྭ་རྒྱ་དང་ཁ་པར་མཉེན་ཆས། སྨོན་ལམ་རིག་ནུས་སྡིངས་བཅས་ཀྱི་ཐོན་རིམ་གསར་པ་ངོ་སྤྲོད་དབུ་འབྱེད་གནང་སོང་། སྨོན་ལམ་བོད་ཡིག་གི་རིག་ནུས་གསར་པ་དབུ་འབྱེད་དེ་ནི། རྒྱ་ནག་གིས་འདི་ལོའི་ཟླ་བ་གསུམ་པའི་ནང་སྒོ་འབྱེད་བྱས་པའི་གཏེར་ཚང་། ཟེར་བའི་བོད་ཡིག་རིག་ནུས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་ཁེལ་ཡོད་ལ། གནད་དོན་དབྱེ་ཞིབ་པ་ཚོས་གསུངས་པ་ལྟར་ན། རྒྱ་ནག་གི་བོད་ཡིག་རིག་ནུས་དེ་ཡིས་བོད་ཀྱི་ལོ་རྒྱུས་དང་། ༸གོང་ས་སྐུ་ཕྲེང་བཅུ་ཞི་པ་ཆེན་པོ་མཆོག བོད་རང་བཙན། བོད་ཀྱི་རྒྱལ་གླུ། རང་ལུས་མེར་སྲེག་སོགས་ཀྱི་སྐོར་དྲིས་ན། རིག་ནུས་དེ་ཡིས་རྒྱ་ནག་གཞུང་གི་བཤད་ཚུལ་གཅིག་མཚུངས་ཤོད་པའམ་ཡང་ན། དྲི་བ་དེ་ཁྲིམས་དང་འགལ་གྱི་ཡོད་ལུགས་བཤད་ནས་ལན་འདེབས་བྱེད་ཀྱི་མེད་པ་བརྗོད་ཀྱི་འདུག རྒྱ་ནག་གི་གཏེར་ཚང་རིག་ནུས་དང་བསྡུར་ན། སྨོན་ལམ་རིག་ནུས་ཀྱི་རྒྱུ་ཆ་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་། ༸གོང་ས་མཆོག་གི་སྐུའི་མཛད་པ་སོགས་ལ་གཞི་བཅོལ་ནས་བཟོས་ཡོད་དུས། དེ་བརྒྱུད་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་སྟོན་དྲིལ་བསྒྲགས་བྱས་ཏེ་རྒྱ་ནག་གི་བཤད་ཚུལ་ལ་གདོང་ལེན་བྱེད་ཀྱི་ཡོད་པ་གསུང་གི་འདུག དེ་བཞིན་དུ་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་། གོ་ལའི་དུས་བབ། ཟེར་བས་འདི་ལོའི་ཟླ་བ་ ༣ ཚེས་ ༡༦ ཉིན་གཏེར་ཚང་རིག་ནུས་སྒོ་འབྱེད་དང་འབྲེལ་བའི་གསར་འགྱུར་སྤེལ་བའི་ནང་དུ། རིག་ནུས་དེ་འཛམ་གླིང་ནང་གི་བོད་ཀྱི་སྐད་ཡིག་ནང་གི་རིག་ནུས་ (large language model) ཐོག་མ་དེ་ཡིན་ལུགས་བཤད་ཡོད་ནའང་། དོན་དངོས་ཐོག་ལོ་གཏེར་ཚང་རིག་ནུས་མ་ཐོན་གོང་ལོ་གཉིས་སྔོན། ཕྱི་ལོ་ ༢༠༢༣ ལོར་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་རིག་ནུས་དབུ་འབྱེད་ཀྱིས་བོད་ཡིག་ཐོག་ཡིག་སྒྱུར་རིག་ནུས་དང་། སྒྲ་འཛིན་རིག་ནུས། ཀློག་འདོན་རིག་ནུས། ཡིག་འཛིན་རིག་ནུས་ཀྱི་མཐུན་རྐྱེན་བཟོ་སྐྲུན་ཁྱབ་སྤེལ་གནང་ཚར་ཡོད། སྤྱིར་བཏང་ anthropic བཟོ་ལས་ཁང་གི་ Claude དང་། Google གྱི་ Gemini  མི་བཟོས་རིག་ནུས་ནང་དུའང་བོད་ཡིག་བཀོལ་སྤྱོད་དང་། གནས་ཚུལ་འདྲི་ལན་བྱ་རྒྱུའི་མཐུན་རྐྱེན་ཡོད་ནའང་། སྨོན་ལམ་རིག་ནུས་དེ་བོད་པ་རང་གིས་བཟོས་པ་ཞིག་ཡིན་དུས། དེ་ལ་བོད་པ་རང་གི་བཤད་སྟངས་དང་། བསམ་བློ། ཚོར་བ། དྲི་མ་ཡོད་པ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་གསུང་གི་འདུག གཞི་རྩའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནི། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉར་ཚགས་དང་གོང་འཕེལ་གཏོང་ཆེད་ཕྱི་ལོ་ ༢༠༡༢ ལོར་གསར་འཛུགས་གནང་བ་ཞིག་རེད་འདུག་ལ། ད་ལྟ་བར་དུ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཡིག་གི་ཡིག་གཟུགས་དང་། ཚིག་མཛོད།  སྨོན་ལམ་མི་བཟོས་རིག་ནུས་སོགས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་འཕྲུལ་རིག་ལས་གཞིའི་ཐོག་གསར་གཏོད་ལས་དོན་གཉེར་དང་གཉེར་མུས་ཡིན་པ་རེད་འདུག །

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ཟླ་བ་བཞི་ཕྱིན་པར་བོད་མི་རྣམས་ནས་ལས་འགུལ་སྤེལ་བཞིན་པ།

འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་བཅའ་བཞུགས་བོད་རང་བཙན་འཐབ་རྩོད་པ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ། རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ནས་ཟླ་བ་བཞི་ཧྲིལ་པོ་ཕྱིན་པ་དང་བསྟུན། བོད་མིའི་འདུ་སྡོད་ས་གནས་ཁག་ནང་ལས་འགུལ་རྣམ་པ་འདྲ་མིན་སྤེལ་བཞིན་པའི་ཁྲོད། རྒྱ་གར་བྱང་ཤར་ཀ་ལོན་སྦུག་ས་གནས་གཞོན་ནུས་དམ་པ་ཁོང་ལ་རྗེས་དྲན་ཞུ་སླད་གོམ་བགྲོད་ཀྱི་ལས་འགུལ་དང་། ནིའུ་ཡོག་ནང་དམ་པ་ཁོང་གིས་རང་ལུས་མེར་བསྲེགས་གནང་སའི་ས་ཚིགས་སུ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༢ ཏེ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གནང་ནས་ཟླ་བ་ ༤ འཁོར་བ་དང་བསྟུན། ཀ་སྦུག་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཀ་སྦུག་ནས་རྡོ་གླིང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག་པ་དང་། ལས་འགུལ་དེའི་ཐོག་ལོ་ན་ ༦༨ ལ་ཕེབས་པའི་བགྲེས་སོང་གཅིག་སོགས་ཁྱོན་མི་གྲངས་ ༩ ཙམ་ཡོད་པ་རེད་འདུག འདི་གའི་གསར་འགོད་པས་གནད་དོན་དེ་འབྲེལ་ཀ་སྦུག་ས་གནས་གཞོན་ནུའི་དྲུང་ཆེ་ལེགས་བཟང་འཕེལ་རྒྱས་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས་ཐེངས་འདིའི་ལས་འགུལ་ངོ་སྤྲོད་དང་འབྲེལ། ཉིན་གྲངས་གཉིས་རིང་གི་ལས་འགུལ་འདི་སྤེལ་དགོས་དོན་གཙོ་བོ་ནི། དམ་པ་ཁོང་གིས་རང་ལུས་མེར་བསྲེགས་བཏང་ནས་ཟླ་བ་ ༤ ཕྱིན་པ་དང་། ད་བར་རྒྱལ་ཚོགས་ནས་དེ་འབྲེལ་གསལ་བཤད་གང་ཡང་གནང་མེད་སྟབས་མགྱོགས་མྱུར་ལན་འདེབས་གསལ་བཤད་དགོས་པ། ལྷག་དོན་དུ་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གསར་ལ་ངོས་ལེན་རྩ་བ་ནས་མེད་ཅེས་གསུངས་སོང་། ཕྱོགས་མཚུངས་ཨ་རིའི་ནང་ནིའུ་ཡོག་ནིའུ་འཇར་སི་ས་གནས་གཞོན་ནུ་ལྷ་ཚོགས་ཀྱི་གོ་སྒྲིག་འོག །དུས་རྒྱུན་སྤེལ་བཞིན་པའི་ཚེས་བཅུ་ལས་འགུལ་གྱི་ཆ་ཤས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། རྒྱལ་གཅེས་པ་དམ་པ་ཁོང་གི་བློས་བཏང་ལ་གུད་འདུད་དང་རྗེས་དྲན་ཙམ་མ་ཟད། དམ་པ་ཁོང་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ནས་ཉིན་གྲངས་ ༡༢༤ ཕྱིན་ཀྱང་ད་དུང་ཡང་ང་ཚོས་དྲང་བདེན་གྱི་ལན་འདེབས་ལ་སྒུག་བཞིན་ཡོད་ཅིང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཁ་ཁུ་སིམ་པོར་མི་སྡོད་པར་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཙན་གནོན་ལ་ཁ་གཏད་གཅོག་ཆེད་ལས་འགུལ་སྤེལ་དགོས་པ་གསུངས་འདུག གཞན་ཡང་དཔའ་བོ་དམ་པ་ཁོང་གི་གནད་དོན་དང་འབྲེལ། ཁ་སང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། ཟླ་བ་འདིའི་ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་ཀྱིས་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐབས་བསྣམས་པའི་བོད་ཀྱི་རྒྱལ་དར་བསྣམས་ནས་རྒྱལ་དར་སྐོར་སྐྱོད་གཅིག་སྒྲིལ་མེ་ལྕེ་ཞེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་གསུངས་འདུག

དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་རིང་མིན་འབྲས་ལྗོངས་སུ་ཆིབས་བསྒྱུར་མཛད་རྒྱུའི་ཞལ་བཞེས་གནང་འདུག

སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་འབྲུག་ཡུལ་དུ་གནས་གཟིགས་གཙོས་པའི་གཞུང་འབྲེལ་མཛད་སྒོར་དབུ་བཞུགས་དང་རབ་གནས་བཀའ་དབང་སོགས་ཀྱི་མཛད་རིམ་ཁག་གཅིག་བསྐྱང་རྒྱུའི་ཆེད་ཆིབས་སྒྱུར་བསྐྱངས་ཡོད་པ་ལྟར། ཁ་སང་རྒྱ་གར་འབྲས་ལྗོངས་མངའ་སྡེ་གཞུང་གིས་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སྐུ་ཕྲེང་ ༡༧ པ་མཆོག་ཁུལ་དེར་འཚོག་ལ་ཉེ་བའི་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༡༦ པ་མཆོག་མྱ་ངན་ལས་འདས་ནས་ལོ་ངོ་ ༤༥ འཁོར་བའི་དུས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་པར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཞལ་བཞེས་གནང་འདུག དེ་ཡང་ཁ་སང་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག་གི་ངོ་དེབ་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ད་ལྟ་འབྲུག་ཡུལ་དུ་སྐུ་བཞུགས་མཛད་ཡོད་པ་དང་འབྲེལ་ཁ་སང་ཚེས་ ༡ ཉིན་འབྲུག་ཡུལ་དགེ་ལེགས་ཕུག་ལ་༸སྐྱབས་རྗེ་གཏིང་སྐྱེས་དགོན་བྱང་རིན་པོ་ཆེ་མཆོག་དང་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བློན་ཆེན་མཆོག་གིས་༸རྒྱལ་དབང་ཀརྨ་པ་མཆོག་ལ་འབྲས་ལྗོངས་མངའ་སྡེ་གཞུང་གི་གཞུང་འབྲེལ་གདན་ཞུ་ཞིག་ཕུལ་ཏེ། དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སྐུ་ཕྲེང་ ༡༧ པ་མཆོག་ཁུལ་དེར་འཚོག་ལ་ཉེ་བའི་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༡༦ པ་མཆོག་མྱ་ངན་ལས་འདས་ནས་ལོ་ངོ་ ༤༥ འཁོར་བའི་དུས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་པར་༸རྒྱལ་དབང་མཆོག་ནས་ཞལ་བཞེས་གནང་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་འབྲས་ལྗོངས་བདུད་འཇོམས་ཐོས་བསམ་འཕགས་པ་རྫོང་དགོན་པ་དབུ་འབྱེད་མཛད་སྒོའི་ཐོག །སྤྱི་ཁྱབ་བློན་ཆེན་ Prem Singh Tamang-Golay ལགས་ཀྱིས་གསུང་བཤད་ཁྲོད། དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འབྲུག་ཡུལ་ནང་དུ་ཆིབས་བསྒྱུར་མཛད་རྒྱུའི་གནད་དོན་དེ་དང་འབྲེལ་ནས་འབྲུག་ཡུལ་ནི་འབྲས་ལྗོངས་མངའ་སྡེ་དང་ཐག་ཉེ་པོ་ཡོད་སྟབས། མི་མང་ཡང་ཁུལ་དེར་རིན་པོ་ཆེ་མཆོག་མཇལ་ཞུ་སླད་དུ་བསྐྱོད་འཆར་ཡོད་སྲིད་པ་དང་སྐྱོད་དགོས་ངེས་ཀྱང་ཡིན་ཞིང་། མངའ་སྡེ་གཞུང་གི་ངོས་ནས་༸རྒྱལ་དབང་མཆོག་འབྲས་ལྗོངས་སུ་གདན་འདྲེན་ཞུ་རྒྱུའི་ཆེད་དུ་མུ་མཐུད་འབད་བརྩོན་གང་ཡོང་བྱེད་བཞིན་ཡོད་པ་དང་། དབུས་གཞུང་དང་ལྷན་དུའང་འབྲེལ་བ་བྱས་ཡོད་པ་མ་ཟད། ཉིན་གཅིག་ཏན་ཏན་ཕེབས་ཐུབ་ཀྱི་རེད་ཅེས་གསུངས་ཡོད་པ་རེད། མཛད་འཆར་ལྟར་ན་དཔལ་༸རྒྱལ་དབང་མཆོག་ཟླ་བ་སྔོན་མའི་ཚེས་ ༢༩ ནས་ཟླ་ ༡༡ པའི་ཚེས་ ༧ བར་ཁྱོན་ཉིན་གྲངས་དགུའི་རིང་གནས་གཟིགས་གཙོས་པའི་གཞུང་འབྲེལ་མཛད་སྒོར་དབུ་བཞུགས་དང་རབ་གནས་བཀའ་དབང་སོགས་ཀྱི་མཛད་རིམ་ཁག་གཅིག་བསྐྱང་རྒྱུའི་ཐུགས་རྟེན་འཁེལ་ཡོད་པ་རེད། ༸རྒྱལ་དབང་མཆོག་འདི་ཚེས་ ༣༠ ཉིན་འབྲུག་ཡུལ་དུ་ཞབས་སོར་འཁོད་རྗེས། ཁ་ཉིན་ཚེས་ ༣༡ ཉིན་འབྲུག་དགེ་ལེགས་ཕུག་ཏུ་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་མཇལ་འཕྲད་གནང་འདུག་པ་མ་ཟད། འབྲུག་གཞུང་གི་སྲིད་བློན་ཚེ་རིང་སྟོབས་རྒྱས་ལགས་དང་། ཐའེ་ལན་ཌིའི་སྲིད་བློན་སོགས་མཇལ་འཕྲད་གནང་འདུག

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་འགོ་འཛུགས་གནང་འདུག དེ་ཡང་དེ་རིང་ནས་འགོ་འཛུགས་ཀྱིས་གནངས་ཉིན་ཕྱི་ཚེས་ ༤ བར་ཁྱོན་ཉིན་གྲངས་ ༤ རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སྐྱེ་ལྡན་སོ་ནམ་ལས་ཁུངས་ཀྱི་ཚོགས་ཁང་དུ་ཉིན་བཞིའི་རིང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་དེ་བཞིན་འགོ་འཛུགས་གནང་ཡོད་འདུག་ཅིང་། སྐབས་དེར་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བསྟན་འཛིན་པ་སངས་ལགས་ཀྱིས་གཙོས་ཉམས་ཞིབ་པ་ ༢༠ ལྷག་མཉམ་ཞུགས་གནང་འདུག དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བསྟན་འཛིན་པ་སངས་ལགས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་འབྲེལ། དབུ་འབྱེད་ཀྱི་གསུང་བཤད་གནང་བའི་ནང་། སྤྱིར་ཉམས་ཞིབ་ཀྱི་གལ་གནད་དང་ལྷག་པར་བོད་རིག་པའི་ཉམས་ཞིབ་ཀྱི་གལ་གནད་སྐོར་ནན་བརྗོད་གནང་བ་མ་ཟད། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ཁྲོད་ཉམས་ཞིབ་གནང་མཁན་མང་ཡང་བོད་ཡིག་ཐོག་ཉམས་ཞིབ་གནང་མཁན་ཉུང་ཉུང་ཡིན་པ་དང་། ལྷག་པར་དུ་དམའ་རིམ་སློབ་གྲྭ་ནས་འབུམ་རམས་པའི་གནས་ཚད་བར་བོད་ཡིག་ཐོག་སློབ་གཉེར་གནང་དགོས་གལ་ཡིན་པ་གསུངས་འདུག དེ་རིང་ཉིན་དང་པོའི་ཚོགས་འདུའི་ཐོག་ཉམས་ཞིབ་པ་ ༡༢ ཀྱིས་རང་རང་སོ་སོའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་གཏན་ཁེལ་ཡོད་ཅིང་། གཏམ་བཤད་ཀྱི་བརྗོད་གཞི་ཁྲོད། བོད་ཡིག་གི་མགོ་འདོགས་རྐྱང་བརྩེགས་ཀྱི་ངོས་འཛིན་ཚུལ་མི་འདྲ་བའི་སྐོར་དང་། རྒྱ་ཡིག་བསྒྱུར་བཅོས་ལས་འགུལ་གྱིས་བོད་ཡིག་ལ་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་པ། མི་ཉག་གི་ལོ་སྐད། སངས་རྒྱས་ཀྱི་བསྟོད་རྩོམ་བྱུང་འཕེལ་རིམ་པ་འཇུག་པའི་དཔྱད་པ། ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་གཉིས་ལ་རགས་ཙམ་དཔྱད་པ། དེ་བཞིན་ལེགས་པ་དགོན་པའི་ཕྱག་འདེབས་པ་པོ་སུ་ཡིན་མིན་ལ་ཐོག་མར་དཔྱད་པ་སོགས་བོད་ཀྱི་ལོ་རྒྱུས་དང་ནང་ཆོས། སྐད་ཡིག རྩོམ་རིག་སོགས་ཀྱི་ཐོག་ཉམས་ཞིབ་ཀྱི་གཏམ་བཤད་གནང་རྒྱུ་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་ཚོགས་འདུའི་འབྲེལ་མཐུད་པ་འབུམ་རམས་པ་བློ་བཟང་ཐབས་མཁས་ལགས་སུ་ཚོགས་འདུའི་གལ་གནད་དང་བརྗོད་གཞི་རྣམ་གྲངས་སོགས་དང་འབྲེལ་ནས་བཀའ་འདྲི་ཞུས་ཡོད། རྩ་བའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༡༢ པའི་ཐོག་དེང་རབས་ལོ་རྒྱུས་དང་ཆབ་སྲིད།  བརྡ་སྤྲོད།  བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས།  བོད་ཀྱི་ལོ་རྒྱུས།  གནའ་དེང་རྩོམ་རིག་གི་སྐོར།  གནའ་རབས་ཆོས་ལུགས་དང་ལོ་རྒྱུས།  ཡིག་ཚགས་བཅས་ཀྱི་སྐོར།   བོད་ཀྱི་བརྩམས་སྒྲུང་དང་ལེགས་བཤད་བཅས་གནད་དོན་འདྲ་མིན་དང་འབྲེལ་བའི་བརྗོད་གཞི་མང་དག་ཅིག་གི་སྐོར་ཁྱོན་བསྡོམས་པའི་ཚོགས་བཅར་བ་ ༢༢ ནས་བགྲོ་གླེང་དང་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག

ཝཱ་ར་ཎ་སིར་རྒྱལ་ཡོངས་རིས་མེད་མཁས་པའི་རྒྱུད་བླ་མའི་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་པ།

ཁ་སང་ཕྱི་ཟླ་ ༡༡ ཚེས་ ༡ ནས་དབུ་འཛུགས་ཀྱིས་ཡོང་རྒྱུའི་ཕྱི་ཚེས་ ༥ བར་ཉིན་གྲངས་ལྔའི་རིང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་རྒྱལ་ཡོངས་རིས་མེད་མཁས་པའི་རྒྱུད་བླ་མའི་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་པ་དང་།  ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་གནང་འདུག ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་འདི་བཞིན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་།  བགྲོ་གླེང་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་དབུས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་དང་།  འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་།  དཔལ་སྤུངས་ཤེས་རབ་གླིང་།  གདན་ས་དཔལ་གཤེན་བསྟན་སྨན་རི་གླིང་།  རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས།  འབོ་དཀར་ངེས་དོན་ཆོས་འཁོར་གླིང་།  ཇོ་ནང་སྦྱོར་དྲུག་ཆོས་འཁོར་གླིང་།   བཙུན་དགོན་སྒྲོལ་མ་གླིང་།  ལ་དྭགས་དབུས་གཞུང་ནང་པའི་གཙུག་ལག་སློབ་གཉེར་ཁང་།  དཱ་ཧུང་ཧི་མ་ལ་ཡའི་ལེགས་སྦྱང་མཐོ་སློབ་ཁང་།  ན་ལེན་ཌའི་གཙུག་ལག་སློབ་གཉེར་ཁང་བཅས་ནས་ཕེབས་པའི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་མཁས་དབང་དང་དགེ་བའི་བཤེས་གཉེན་རྣམ་པ།  དེ་བཞིན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དང་རིགས་དྲུང་གཙོས་པའི་སྡེ་ཚན་སོ་སོའི་འགན་འཛིན་དང་ལས་བྱེད་སློབ་ཕྲུག་བཅས་མི་གྲངས་ ༢༠༠ ཙམ་ནས་མཉམ་ཞུགས་གནང་འདུག སྐབས་དེར་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་འདི་བཞིན་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འཁོར་དང་པོ་སྐོར་སའི་ཡུལ་ཝཱ་ར་ཎ་སིར་འཚོགས་པའི་ཆ་ནས་གནས་ཁྱད་པར་ཅན་དང་།  བགྲོ་གླེང་དེ་ཡང་ལྷ་བབས་དུས་ཆེན་གྱི་དུས་ཚིགས་དང་བསྟུན་ནས་དབུ་འཛུགས་གནང་བར་དུས་ཁྱད་པར་ཅན་ཡིན་པ།  དེ་བཞིན་བྱམས་ཆོས་སྡེ་ལྔའི་ནང་ཚན་ཁོངས་སུ་གཏོགས་པའི་རྒྱུད་བླ་མ་བརྗོད་གཞིར་བཟུང་བའི་ཆ་ནས་གཞུང་ཁྱད་པར་ཅན་དང་།   རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་ནས་ཕེབས་པའི་མཁས་པ་འདུ་འཛོམས་ཀྱིས་བགྲོ་གླེང་གནང་གི་ཡོད་པར་གང་ཟག་ཁྱད་པར་ཅན་ཡིན་པར།  འདི་ལྟ་བུའི་ཚོགས་ཆེན་ཐོག་བཅར་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་ཅེས་གསུངས་ཏེ།  རྒྱུད་བླ་མའི་གཞུང་ཆེན་དང་བྱམས་ཆོས་སྡེ་ལྔའི་སྐོར་གྱི་གནད་འགག་ཁག་གཅིག་ངོ་སྤྲོད་ཀྱིས་དེ་འབྲེལ་ཞིབ་འཇུག་དགོས་ངེས་ཀྱི་གནད་དོན་མངོན་གསལ་དང་འབྲེལ།  བགྲོ་གླེང་ཚོགས་འདུ་ཞེས་པའི་ལམ་སྲོལ་དེ་སྤྱིར་བཏང་ནུབ་ཕྱོགས་རྒྱལ་ཁབ་ནས་ལས་ཟློས་བྱེད་པའི་གཟིགས་ཚུལ་ཡོད་སྲིད་ཀྱང་།  དེའི་ཐོག་མའི་ལམ་སྲོལ་དེ་ནང་པའི་སྤྱི་ཚོགས་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་ནས་བྱུང་བ་ཞིག་ཡིན་པ་གསུངས་འདུག   འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་དབང་གྲགས་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས།  ཐེངས་འདིའི་བགྲོ་གླེང་ཐོག་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་གནང་དགོས་པའི་རྒྱུ་མཚན་དང་།  དེ་བཞིན་རྒྱུད་བླ་མའི་གཞུང་ཆེན་ཐོག་རྒྱལ་ཡོངས་རིས་མེད་མཁས་པའི་བགྲོ་གླེང་འཚོགས་དགོས་པའི་གལ་གནད་ངོ་སྤྲོད་གནང་བ་མ་ཟད།  འདི་ལྟ་བུའི་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོས་པའི་བགྲོ་གླེང་ཁྲོད་ནང་གསེས་ཀྱི་བརྗོད་གཞི་ཁག་བཅས་ཀྱི་སྐོར་ངོ་སྤྲོད་གནང་སོང་།  རྩ་བའི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་དང་རང་གཞུང་སྡེ་ཚན་སོ་སོ་ནས་གཞུང་ཆེན་རིམ་པའི་ཐོག་བགྲོ་གླེང་ཚོགས་འདུ་ཕལ་མོ་ཆེ་སྐོང་འཚོགས་གནང་ཡོད་པ་དང་།   དཔེ་མཚོན་དུ་རྒྱ་གཞུང་སྡེ་ཚན་ངོས་ནས་འདས་པའི་ཕྱི་ལོ་ ༢༠༠༩ ལོར་དབུ་མའི་ལྟ་གྲུབ་སྐོར་རྒྱལ་ཡོངས་རིས་མེད་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུས་ཡོད་པ།  དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་སེམས་ཙམ་པའི་ལྟ་གྲུབ་སྐོར་དང་།  ༢༠༡༦ ལོར་ཚད་མའི་ལྟ་གྲུབ་སྐོར།  མ་ཟད་ ༢༠༢༡ ལོར་མངོན་པའི་ལྟ་གྲུབ་སྐོར་དང་།  སྔ་ལོ་ ༢༠༢༥ ལོར་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གི་དགོངས་གཞི་ལྟར་ཤེར་ཕྱིན་སྐོར་རྒྱལ་ཡོངས་རིས་མེད་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་རེད།  

Latest news