བཙན་བྱོལ།
བཞུགས་སྒར་རྡ་ས་ནས་ཀུ་རུ་ཀྵེ་ཏྲ་བར་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་ཆེད་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༣༠ ཉིན་བཞུགས་སྒར་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ། དབུས་གཙང་ཆོལ་ཁ་དང་། མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་བཅས་ནས་མཉམ་རུབ་ཀྱི་གོ་སྒྲིག་འོག །རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་གྱིས་ཁྲིམས་ཡིག་དེ་འཕྲལ་དུ་ཕྱིར་བསྡུ་དགོས་པ་དང་། བོད་ནི་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རྒྱ་ནག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས་པ་སོགས་ཀྱི་དགོས་འདུན་ལྔ་ཆེད་འདོན་ཐོག །བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་ཧ་རི་ཡཱ་ནའི་མངའ་སྡེའི་ཀུ་རུ་ཀྵེ་ཏྲ་ས་གནས་བར་སྤྱི་ལེ་ ༣༣༠ ཙམ་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གནང་སོང་། འདི་ག་རླང་འཕྲིན་ཁང་གིས་སྐབས་དེར་ཐེངས་འདིའི་གོམ་བགྲོད་ཀྱི་ལས་འགུལ་གོ་སྒྲིག་གནང་མཁན་ཚོགས་པ་ལྔ་སོ་སོའི་སྐུ་ཚབ་ཁག་དང་ལྷན་དུ་བཅར་འདྲི་ཞུས་ཡོད།
https://youtu.be/Su1s2D00x-M?si=ZdmwkY5gvA7XCZyx
སྤྱིར་མི་གྲངས་ ༢༦ གི་དངོས་སུ་མཉམ་ཞུགས་གནང་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་བཞུགས་སྒར་མེག་གྷན་ཁྲོམ་གཞུང་ནས་འགོ་འཛུགས་ཀྱིས་གངས་ཅན་སྐྱིད་གཤོངས་དུ་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་དང་སྦྲགས། འདུ་འཛོམས་ཐོག་རྡ་རམ་ས་ལ་གྲོང་ཁྱེར་སྤྱི་ཁྱབ་ Shamsher Nehria ཤཱམ་ཤེར་ནེཧ་རི་ཡཱ་ལགས་དང་། བཀའ་བློན་ཁག་གཅིག་ཆེད་ཕེབས་ཀྱིས། ལས་འགུལ་གྱི་དགོས་འདུན་འཁོད་པའི་འཕྲེད་དར་ཐོག་རྒྱབ་སྐྱོར་མཚོན་སླད་མཚན་རྟགས་བཀོད་གནང་སོང་ལ། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཀྱི་རྒྱབ་ལྗོངས་གནས་ཚུལ་དང་དེའི་ཉེན་ཁ་ངོ་སྤྲོད་ཐོག །ལས་འགུལ་བ་རྣམས་ལ་འགྲུལ་ལམ་ཁྲོད་འཕྲོད་བསྟེན་ལ་ཡིད་གཟབ་གནང་དགོས་པ་སོགས་གསུངས་སོང་།
རྩ་བའི་ད་རེས་ཀྱི་ལས་འགུལ་དེ་ཉིད་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཡིན་པ་དེ་ལྟར་ཡང་། གནས་སྟངས་དང་རྒྱུ་མཚན་ཁག་གཅིག་གི་རྐྱེན་པས་ལམ་བར་དུ་སྐབས་འགར་གོམ་བགྲོད་པ་རྣམས་འགྲིམ་འགྲུལ་སྣུམ་འཁོར་བརྒྱུད་དེ་ལས་འགུལ་མཇུག་སྐྱོང་གནང་རྒྱུ་ཡིན་པ་རེད་འདུག་ལ། ཐེངས་འདིའི་ལས་འགུལ་ནང་དམིགས་བསལ་གྱི་ལ་དྭགས་པ་གཞོན་སྐྱེས་ཤིག་ནས་ཀྱང་མཉམ་ཞུགས་གནང་འདུག་པར་ཁོང་གིས་འདི་གའི་གསར་འགོད་པར། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོེ་ལེན་མེད་ཅེས་འགྲེལ་བརྗོད་ཀྱིས། འདི་ལྟ་བུའི་ལས་འགུལ་ནང་བོད་མི་གཞོན་སྐྱེས་གཙོ་བོར་གྱུར་བའི་མང་ཚོགས་ཀུན་ནང་གང་མང་མཉམ་ཞུགས་གནང་དགོས་པའི་རེ་འདུན་བཏོན་གནང་སོང་།
རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བཅོ་ལྔ་པའི་ཐོག་བོད་པའི་གློག་བརྙན་གཅིག་འཚུད་པའི་གློག་བརྙན་ ༩༠ ལྷག་གཟིགས་འབུལ་ཞུ་གི་འདུག
བོད་པའི་གློག་བརྙན་ཁག་རྒྱལ་སྤྱིའི་སྡིངས་ཆའི་སྟེང་འཚུད་ཐབས་ལ། གློག་བརྙན་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏང་རྒྱུ་གལ་ཆེན་པོ་ཡིན་པ་གསུང་གི་འདུག
དེ་རིང་ཟླ་བ་ ༡༠ ཚེས་ ༢༩ ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཕྲུག་ཁྱིམ་སྡེ་རུ་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་བཅོ་ལྔ་པ་དེ་འགོ་བཙུགས་ཀྱིས། ཟླ་བ་ ༡༡ ཚེས་ ༡ བར་ཉིན་གྲངས་བཞིའི་རིང་འཚོག་གི་འདུག ཐེངས་འདིའི་གློག་བརྙན་དུས་སྟོན་ལ་ཁྱོན་གློག་བརྙན་གྲངས་ ༨༠༠ ལྷག་འབུལ་སྤྲོད་བྱེད་མཁན་བྱུང་བའི་ནང་ནས། དངོས་སུ་འདེམས་སྒྲུག་བྱུང་བའི་གློག་བརྙན་ ༥༠ ཙམ་དང་། གོ་སྒྲིག་ཚོགས་ཆུང་ནས་ཆོག་མཆན་ཞུས་པའི་སྙན་གྲགས་ཆེ་བའི་གློག་བརྙན་ ༤༠ ལྷག་བཅས་ཁྱོན་གློག་བརྙན་ ༩༤ གཟིགས་འབུལ་ཞུ་གི་འདུག་ལ། དེའི་ཁྲོད་དུ་ད་ལོ་བོད་པའི་གློག་བརྙན་གཅིག་འདེམས་སྒྲུག་བྱུང་འདུག
རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དབུ་འཛུགས་གནང་མཁན་གྲས་བསྟན་འཛིན་བསོད་ནམས་ལགས་ཀྱིས། ཐོག་མའི་དམིགས་ཡུལ་ནང་གློག་བརྙན་དུས་སྟོན་དེ་རྡ་རམ་ས་ལར་དམིགས་ཏེ་གསར་འཛུགས་ཞུས་པ་ཞིག་ཡིན་ནའང་། ད་ཆ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གློག་བརྙན་དུས་སྟོན་ཚད་ལྡན་ཞིག་ཏུ་གྱུར་བར་དགའ་སྤོབས་ཆེན་པོ་ཡོད་ཅེས་གསུང་གི་འདུག
དེ་བཞིན་ཁོང་གིས་དེང་སང་བོད་མིའི་སྤྱི་ཚོགས་ཁྲོད་གློག་བརྙན་བཟོ་སྐྲུན་ལ་དང་འདོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་ནའང་། མ་འོངས་པར་གློག་བརྙན་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་བཏང་ནས། རྒྱལ་སྤྱིའི་གནས་ཚད་ལྡན་པའི་གློག་བརྙན་བཟོ་རྒྱུར་ངང་རྒྱུན་བསྟེན་རྒྱུ་གལ་ཆེན་པོ་ཡིན་པ་དང་། དམིགས་བསལ་བོད་དོན་དྲིལ་བསྒྲགས་ཡོང་བར་ཆབ་སྲིད་ཀྱི་ཞུ་གཏུག་ཙམ་མ་ཡིན་པར། གློག་བརྙན་སོགས་སྒྱུ་རྩལ་གྱི་ལམ་ནས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་པོ་ཡིན་པ་གསུང་གི་འདུག
ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འདེམས་སྒྲུག་བྱུུང་བའི་བོད་པའི་གློག་བརྙན། མཚན་གུང་གི་མོག་མོག ཅེས་པའི་པར་ལེན་བཀོད་སྒྲིག་པ་བསྟན་འཛིན་འགྱུར་མེད་ལགས་ཀྱིས་གློག་བརྙན་གྱི་སྒྱུ་རྩལ་ནི། བོད་དོན་གོ་རྟོགས་དང་། མི་རབས་གཞོན་པ་རྣམས་ལ་མིག་དཔེ་བསྟན་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་བསྟན་འཛིན་བསོད་ནམས་ལགས་དང་ཁོག་གི་བཟའ་ཟླ་རི་ཏུ་ས་རིན་ལགས་གཉིས་ཀྱིས། རང་དབང་ཅན་གྱི་གློག་བརྙན་གཟིགས་འབུལ་ཞུ་སའི་སྡིངས་ཆ་ཞིག་ཏུ་གསར་འཛུགས་གནང་བ་དང་། ད་ལོ་གློག་བརྙན་དུས་སྟོན་དེ་གསར་འཛུགས་གནང་ནས་ལོ་ངོ་ ༡༥ ཧྲིལ་པོ་འཁོར་གྱི་འདུག
འདས་པའི་ལོ་ངོ་བཅོ་ལྔའི་ནང་ལ་གློག་བརྙན་དུས་སྟོན་དེ་ཉིད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གློག་བརྙན་དུས་སྟོན་ཞིག་ཏུ་གྱུར་ནས། རྒྱལ་སྤྱིའི་སྟེང་གི་གློག་བརྙན་ཆེ་ཁག་མང་པོ་ཞིག་གཟིགས་འབུལ་ཞུས་དང་ཞུ་མུས་རེད་འདུག་པ་མ་ཟད། རྒྱ་གར་རྒྱལ་ཡོངས་གཙོས་པའི་འཛམ་གླིང་རྒྱལ་ཁབ་གཞན་ཁག་ནས་ཀྱང་གློག་བརྙན་དུས་སྟོན་ལ་མཉམ་ཞུགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག
Chris Law ལགས་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐྱར་དུ་འོས་འདེམས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་བསྐྱར་ནན།
དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Chris Law ལགས་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐྱར་དུ་འོས་འདེམས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་འདུག
དེ་ཡང་ཁ་སང་ཕྱི་ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེས་ ༢༧ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Portcullis House ཚོགས་ཁང་ནང་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་འཚོགས་ཡོད་པ་དང་། སྐབས་དེར་ཚོགས་འདུའི་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gill Furniss ལགས་ཀྱིས་གཙོ་སྐྱོང་གནང་ཞིང་། དངོས་གཞི་འོས་བསྡུའི་ལས་རིམ་དབུ་འཛུགས་གནང་སྟེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Chris Law ལགས་བསྐྱར་དུ་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་བ་དང་ལྷན། གྲོས་ཚོགས་འཐུས་མི་ Lord Alton ལགས་དང་གྲོས་ཚོགས་འཐུས་མི་ Luke Akehurst ལགས། དེ་བཞིན་གྲོས་ཚོགས་འཐུས་མི་ Lord Melnness ལགས་བཅས་ཚོགས་གཙོ་གཞོན་པར་འོས་འདེམས་དང་། གྲོས་ཚོགས་འཐུས་མི་ Kerry McCarthy ལགས་ཚོགས་པའི་ཚོགས་མི་གསར་པར་འོས་འདེམས་བྱུང་འདུག
ཚོགས་འདུའི་ཐོག་ཚོགས་གཙོ་གསར་པ་ Chris Law ལགས་ཀྱིས་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཁོང་ལ་བསྐྱར་དུ་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཚོགས་པའི་ངོས་ནས་གྲོས་ཚོགས་ནང་བོད་ཀྱི་གནད་དོན་སྔར་ལྷག་གླེང་ཐུབ་པ་བྱེད་རྒྱུ་ཁས་ལེན་ཞུས་འདུག་པ་མ་ཟད། དེ་སྔ་དབྱིན་ཡུལ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་སྐལ་པ་བཟང་པོ་ཐོབ་པའི་དུས་བཟང་དེ་བཞིན་དྲན་གསོ་གནང་འདུག
གཞན་ཡང་ཚོགས་པའི་ཚོགས་གཞོན་གསར་པ་གྲོས་ཚོགས་འཐུས་མི་ Lord Alton ལགས་ནས་ཚོགས་པའི་ཚོགས་མི་ཚང་མའི་ཚབ་ཞུས་ཏེ་ཚོགས་གཙོ་གསར་པ་ Chris Law ལགས་ཀྱིས་ད་བར་ཚོགས་པའི་འགན་ཁུར་ཐོག་ཕུལ་བྱུང་གི་ཕྱག་ལས་གནང་བར་ཆེ་བསྟོད་དང་ཡིད་རངས་བསྔགས་བརྗོད་ཞུས་འདུག
ཕྱོགས་མཚུངས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས། ཚོགས་གཙོ་གསར་པ་ Chris Law ལགས་དང་གཞན་ཡང་ལས་བྱེད་གསར་པ་རྣམས་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ཚོགས་གཙོ་གསར་པ་ Chris Law ལགས་ཀྱི་སྣེ་ཁྲིད་འོག་རེ་བ་ཆེན་པོ་ཡོད་པ་མངོན་གསལ་དང་སྦྲགས། ད་ལྟའི་ཆར་བོད་མགོ་ལོག་ཁུལ་གྱི་སློབ་གྲྭ་གཏན་འཇགས་ཀྱིས་སྒོ་བརྒྱབ་པའི་གནས་ཚུལ་དང་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་མང་དག་ཅིག་གཏོར་བཤིག་བཏང་བའི་ཛ་དྲག་གི་གནས་སྟངས་སོགས་གསལ་སྟོན་གནང་བ་མ་ཟད། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་དེ་བཞིན་མི་རིགས་མཐུན་སྒྲིལ་ལ་ཁ་གཡར་ནས་དོན་དངོས་སུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་འགྲེལ་བརྗོད་གནང་འདུག
གཞན་ཡང་ཚོགས་འདུའི་ཐོག་བོད་དོན་ཆེད་མཁས་པ་ Kate Saunders ལགས་ཀྱིས་བལ་བོད་སྐྱིད་གྲོང་ས་མཚམས་ཀྱི་ཆུ་ལོག་གི་གོད་ཆགས་དང་འབྲེལ། སྤྱིར་བོད་ཕྱོགས་ཀྱི་གནས་སྟངས་དང་ལྷག་པར་དུ་སྐྱིད་གྲོང་ཁུལ་གྱི་ཡར་རྒྱས་ཀྱི་གནས་བབ་བཅས་ལ་ངོ་སྤྲོད་མདོར་བསྡུས་གནང་འདུག་པ་དང་། རྒྱ་ནག་གི་ཚན་རིག་པ་རྣམས་ནས་ཀྱང་བོད་ནང་གི་ཆུ་མཛོད་ཀྱི་ལས་གཞི་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བཅས་མངོན་གསལ་དང་སྦྲགས། རྒྱ་ནག་གཞུང་གིས་མཚོན་ཆ་བེད་སྤྱོད་བྱས་པའི་བརྒྱུད་དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་རྣམས་ཀྱི་ལས་འགུལ་ལ་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་པ་གསལ་སྟོན་གྱིས། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་བཅས་ལ་ངོ་རྒོལ་གྱི་རྣམ་པ་མངོན་གསལ་གནང་འདུག
གཞི་རྩའི་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ཕྱི་ལོ་ ༢༠༠༧ ལོར་ཐོག་མར་གསར་འཛུགས་གནང་སྟེ་རིམ་པའི་དེབ་སྐྱེལ་ཞུས་ཡོད་པ་མ་ཟད། ཚོགས་པའི་ལས་དོན་གཙོ་བོ་ནི་བོད་དོན་དང་འབྲེལ་བའི་གནད་དོན་ཁག་དབྱིན་ཡུལ་གཞུང་དང་བློན་ཆེན་སོགས་ལ་སྙན་སེང་དང་ཞུ་གཏུགས་གནང་རྒྱུ་ཡིན་པ་དང་། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་དང་འབྲེལ་བ་བྱེད་རྒྱུ་དེ་ཡིན་པ་རེད།
འབྲུག་དགེ་ལེགས་ཕུག་ཁྲོམ་ཁ་དབུ་འབྱེད་དང་བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་མཛད་རིམ་དང་བསྟུན་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་ཕེབས་འགོ་བཙུགས་པ།
འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་དགོངས་པ་བཞིན་དགེ་ལེགས་ཕུག་ས་ཚིགས་དེ་ཉིད་ཆོས་དང་རིག་གཞུང་། ཡུལ་སྐོར་སྤྲོ་འཆམ། དཔལ་འབྱོར་གྱི་ལྟེ་གནས་ཤིག་ཏུ་འཛུགས་སྐྲུན་བྱ་ཆེད། བྱང་ཆུབ་མཆོད་རྟེན་ ༡༠༨ ཉིན་གཅིག་གི་ནང་བཞེངས་རྒྱུའི་མཛད་འཆར་དང་བསྟུན། བོད་ཀྱི་ཆོས་བརྒྱུད་རིས་སུ་མ་མཆིས་པའི་བསྟན་བདག་བླ་ཆེན་རྣམ་པ་ཕེབས་འགོ་བཙུགས་པའི་ཁྲོད་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་འབྲུག་ཡུལ་དུ་ཞབས་སོར་བདེ་བར་འཁོད་འདུག
དེ་ཡང་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན། འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་རྒྱ་གར་རྒྱལ་ས་དི་ལླཱི་གནམ་ཐང་ནས་མཁའ་ལམ་བརྒྱུད་འབྲུག་ཡུལ་གྱི་སྤ་གྲོ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་འབྲུག་ཡུལ་གྱི་བློན་ཆེན་དང་དཔོན་རིགས་སོགས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། འབྲུག་ཐིམ་ཕུག་མགྲོན་ཁང་དུ་སྐུ་བཞུགས་མཛད་བཞིན་པ་རེད་འདུག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ལྷན་དུ་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་ཆོས་ཀྱི་རྒྱ་མཚོ་མཆོག་ཀྱང་ལྷན་བཅར་ཞུས་འདུག
དེ་བཞིན་མཛད་འཆར་ལྟར་ན་རིང་མིན་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ཕེབས་ཀྱི་ཡོད་པ་དང་། འདི་ཚེས་ ༣༡ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཞབས་སོར་འཁོད་ཀྱི་ཡོད་པ་རེད། དེ་བཞིན་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག །༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག །༸སྐྱབས་རྗེ་ཛི་སྒར་ཀོང་སྤྲུལ་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག །འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག །༸སྐྱབས་རྗེ་འཇིགས་མེད་དགེ་སྤྲུལ་རིན་པོ་ཆེ་མཆོག །༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་སོགས་འབྲུག་ཡུལ་གྱི་ཕྱི་ཕྱོགས་ནས་བོད་བརྒྱུད་ནང་བསྟན་གྱི་རིས་སུ་མ་མཆིས་པའི་བསྟན་བདག་བླ་ཆེན་རྣམ་པ་ ༦༠ ལྷག་ཕེབས་ཀྱི་ཡོད་པ་རེད།
རྩ་བའི་དགེ་ལེགས་ཕུག་ཁྲོམ་ཁ་དང་བྱང་ཆུབ་མཆོད་རྟེན་གསར་བཞེངས་ཀྱི་མཛད་འཆར་དེ་ཉིད་ཕྱི་ཟླ་ ༡༡ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཚེས་ ༤ བར་ལས་རིམ་ཡོད་པ་དང་། ལས་གཞི་དེ་ནི་འབྲུག་རྒྱལ་ཐོག་ལྔ་པའི་མཛད་རྗེས་ཞིག་ཡིན་པ་དང་། ས་ཚིགས་དེའང་འབྲུག་གཞུང་གི་དམིགས་བསལ་འཛིན་སྐྱོང་ས་ཁུལ་ཞིག་ཆགས་ཀྱི་ཡོད་ཅིང་། ས་ཚིགས་དེ་ཆོས་དང་རིག་གཞུང་། ཡུལ་སྐོར་སྤྲོ་འཆམ། དཔལ་འབྱོར་གྱི་ལྟེ་གནས་ཤིག་ཏུ་གྱུར་རྒྱུའི་དམིགས་ཡུལ་བཟུང་ཡོད་མ་ཟད། ད་ལྟའི་ཆར་འཛམ་གླིང་ནང་འཁྲུག་རྩོད་ཤུགས་ཆེ་འབྱུང་བཞིན་པར་ཞི་བདེ་ནི་ཇི་ཙམ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་མེད་ཀྱང་མཚོན་གྱི་ཡོད་པ་རེད་འདུག
ལྷག་པར་ཟླ་བ་འདིའི་ཚེས་ ༢༢ ཉིན་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་མཆོག་གིས་དྲ་ཐོག་མཆོད་འབུལ་བྱ་ཡུལ་ཡོ་བྱད་ཅེས་པའི་དྲ་ཚིགས་ཤིག་དབུ་འབྱེད་གནང་ཡོད་པ་དང་། ཡོ་བྱད་ཅེས་པ་དེ་ནི་འབྲུག་རྒྱལ་ཁབ་ཀྱི་སྲོལ་རྒྱུན་མཆོད་འབུལ་ལམ་སྲོལ་ཞིག་ཡིན་པར་ད་ལྟའི་ཆར་དེང་རབས་ཀྱི་དྲ་རྒྱའི་དུས་རབས་དང་བསྟུན་ནས་གསོལ་འདེབས་དང་། དགེ་རྩ་གསོག་སྒྲུབ། སྦྱིན་གཏོང་། བྱམས་པ་བཅས་ཀྱི་རིན་ཐང་གོང་འཕེལ་གཏོང་ཆེད་དམིགས་པ་ཞིག་ཆགས་ཀྱི་འདུག
གཞི་རྩའི་དགེ་ལེགས་ཕུག་ཏུ་བྱང་ཆུབ་མཆོད་རྟེན་ ༡༠༨ གསར་བཞེངས་ཀྱི་དངོས་གཞིའི་མཛད་རིམ་ཐོག་འབྲུག་རྒྱལ་པོ་མཆོག་གིས་དབུས་པའི་སྐུ་འཁོར་ལྷན་རྒྱས་དང་རྗེ་མཁན་པོ། བོད་བརྒྱུད་ནང་བསྟན་གྱི་རིས་སུ་མ་མཆིས་པའི་བསྟན་བདག་བླ་ཆེན་རྣམ་པ། འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་སློང་ཁག་གཅིག རྒྱལ་ཁབ་གཞན་གྱི་སྐུ་མགྲོན། དེ་བཞིན་འབྲུག་མི་མང་དང་རྒྱ་གར་འབྲས་ལྗོངས་སོགས་ནང་པའི་ས་ཁུལ་མང་པོ་ནས་མཉམ་ཞུགས་གནང་གི་ཡོད་པ་རེད། ད་བར་མི་གྲངས་ཆིག་འབུམ་ཉིས་ཁྲི་ལྷག་གི་ཐོ་འགོད་བྱས་ཡོད་པ་རེད་འདུག
ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་ཁང་ཆེན་མོ་རྟེན་དང་བརྟེན་པ་བཅས་དབུ་འབྱེད་དང་རབ་གནས་བཀའ་དྲིན་མཛད་པ།
དཔལ་ས་སྐྱའི་གདན་ས་ཐེག་ཆེན་ཕུན་ཚོགས་གླིང་ནས་༸གོང་མ་ཁྲི་འཛིན་ ༤༤ པའི་ཁྲི་འདོན་མཛད་སྒོ་དང་འབྲེལ་ནས་སྔ་ཕྱི་མཛད་འཆར་ཁྲོད་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་དཔལ་ས་སྐྱའི་གདན་ས་ཐེག་ཆེན་ཕུན་ཚོགས་གླིང་རྟེན་དང་བརྟེན་པ་གསར་བཞེངས་ལེགས་གྲུབ་ཀྱིས་དབུ་འབྱེད་དང་རབ་གནས་བཀའ་དྲིན་མཛད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་ནི་ལུང་དང་རྟོགས་པའི་བསྟན་པ་གཉིས་ལ་ཐུག་ཡོད་པ་དང་། ལྷག་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེར་ཉམས་བཞེས་ལ་ཐུགས་འཁུར་བཞེས་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༥ ས་མཆོད་ཆེན་མོ་དང་དུས་ཆེན་ལྔ་འཛོམས་ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། ༸སྐྱབས་མགོན༸གོང་མ་ཁྲི་འཛིན་རྣམ་གཉིས། སྒྲོལ་མ་ཕོ་བྲང་གི་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་ས་ངོར་ཚར་གསུམ་གྱི་བསྟན་བདག་བླ་ཆེན་རྣམ་པ་དབུ་བཞུགས་ཐོག །རྒྱ་གར་དང་འབྲུག་གི་ས་མཚམས་ས་ཁུལ་ Jaigaon འཇའ་འོད་སྒང་དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་གདན་ས་ཐེག་ཆེན་ཕུན་ཚོགས་གླིང་རྟེན་དང་བརྟེན་པ་གསར་བཞེངས་ལེགས་པར་གྲུབ་པའི་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་མཁན་བླ་འདུས་མང་དགེ་འདུན་འདུས་པ་རྒྱ་མཚོ་དང་ནུབ་བྷང་གྷལ་མངའ་སྡེའི་ནང་སྲིད་དང་རི་ཁུལ་བློན་ཆེན་ Bishal Lama བི་ཤཱལ་བླ་མ་མཆོག །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག །དེ་བཞིན་བོད་མི་མང་སྤྱི་འཐུས་ཁག་གཅིག་དང་སྐུ་མགྲོན་གཞན། སྦྱིན་བདག་རྣམ་པ། དད་ལྡན་མང་ཚོགས་བཅས་ལྷན་ཞུགས་གནང་ཡོད་པ་མ་ཟད། ཚེས་ ༢༧ ཉིན་གཙུག་ལག་ཁང་ལ་རབ་གནས་བཀའ་དྲིན་མཛད་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་ཐོག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས། དཔལ་ས་སྐྱ་པའི་བསྟན་པའི་སྲོལ་འབྱེད་འཁོད་གདུང་དཀོན་མཆོག་རྒྱལ་པོ་མཆོག་དང་དཔལ་བརྩེ་ཆེན་ཀུན་དགའ་སྙིང་པོའི་དུས་ཆེན་སོགས་དུས་ཆེན་མང་པོ་འཛོམས་པའི་སྐལ་བཟང་གི་གོ་སྐབས་དང་འབྲེལ། དཔལ་ས་སྐྱའི་གདན་ས་ཐེག་ཆེན་ཕུན་ཚོགས་གླིང་རྟེན་དང་བརྟེན་པ་གསར་བཞེངས་ལེགས་གྲུབ་ཀྱིས་དབུ་འབྱེད་དགའ་སྟོན་ལ་འཚམས་འདྲི་སྩལ་ཞིང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་སྐྱེད་དང་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས། རྒྱ་གར་གཙོ་བོར་གྱུར་བའི་བོད་ཀྱི་ཕྱི་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་དང་རིས་སུ་མ་མཆིས་པའི་ཆོས་སྡེ་ཁག །རིག་གཞུང་གི་བསྟི་གནས་ཁག །སློབ་གྲྭ་ཁག །གཞིས་ཆགས་གསར་འཛུགས་གནང་བའི་ཁྲོད། ༸སྐྱབས་རྗེ་བདེ་བར་གཤེགས་པ་འཁོན་གདུང་བདག་ཆེན་འཇིགས་བྲལ་རྡོ་རྗེ་འཆང་མཆོག་གི་དགོངས་བཞེད་ལྟར། རིན་པོ་རྣམ་པ་དང་གཙོ་བོ་འཁོན་གདུང་ཨ་བྀ་ཀྲི་ཏ་བཛྲ་རིན་པོ་ཆེས་ཐུགས་འཁུར་བཞེས་ཏེ་ས་གནས་འདིར་གཙུག་ལག་ཁང་གསར་བཞེངས་ཐུབ་པ་དེ་ནི་ངོ་འཚར་ཅན་ཞིག་ཡིན་པ་དང་། བསྟན་པ་སྤྱི་དང་བྱེ་བྲག་ལ་མིག་རྒྱན་དུ་གྱུར་ཐུབ་པ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག
ལྷག་པར་གལ་ཆེ་ཤོས་ནི་སངས་རྒྱས་ཀྱི་བསྟན་པ་ནི་ལུང་དང་རྟོགས་པའི་བསྟན་པ་གཉིས་ལ་ཐུག་ཡོད་པར་དེ་ནི་དགེ་འདུན་གྱི་སྡེ་ལ་རག་ལུས་ཡོད་སྟབས། ལུང་རྟོགས་ཀྱི་བསྟན་པ་རྒྱས་པར་ཐུགས་འཁུར་མུ་མཐུད་བཞེས་དགོས་གལ་དང་། འབྲེལ་ཡོད་སྔ་ཕྱི་བར་གསུམ་དུ་ལས་དོན་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཐོག །དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས་དགེ་བའི་ལས་ལ་འབད་སྒྲུབ་དང་། ལམ་ཐམས་ཅད་ཀྱི་སྙིང་པོ་བྱམས་པ་དང་སྙིང་རྗེས་ཀུན་ནས་བླངས་བའི་བྱང་ཆུབ་ཀྱི་སེམས་སྒོམ་དགོས་གལ་གྱི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག
དེ་བཞིན་ཚེས་ ༢༥ ཉིན་རྒྱབ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་ནས་ས་མཆོད་ཆེན་མོ་ཚོགས་ཡོད་པ་དང་། ཟླ་བ་འདིའི་ཚེས་ ༢༧ ཉིན་ཐེག་ཆེན་ཕུན་ཚོགས་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པར་རབ་གནས་བཀའ་དྲིན་མཛད་ཡོད་པ་རེད།
རྩ་བའི་དཔལ་ས་སྐྱ་ཕུན་ཚོགས་གླིང་གཙུག་ལག་ཁང་ཆེན་མོ་འདི་བཞིན་བདེ་བར་གཤེགས་པ་༸སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་གིས་སངས་རྒྱས་ཀྱི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ནང་བསྟན་ཆ་ལག་དང་བཅས་པ་སྟེ། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་དར་སྤེལ་སྲུང་སྐྱོབ་ཀྱི་མ་འོངས་མི་རབས་གསར་པར་བརྒྱུད་སྤྲོད་བྱ་རྒྱུའི་ལྟེ་གནས་གསར་སྐྲུན་ཞུ་རྒྱུའི་དགོངས་བཞེད་ལས་བྱུང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༦ ནས་ལས་གཞི་དེ་འགོ་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༠༩ ལོར་ས་ཆ་ཉོ་གྲུབ་ཟིན་རྗེས། ཕྱི་ལོ་ ༢༠༡༡ ལོར་ནས་གསར་བཞེངས་གནང་འགོ་ཚུགས་ནས་མི་ལོ་ ༡༥ ལྷག་རྗེས་སུ་ལེགས་གྲུབ་བྱུང་བ་ཞིག་ཆགས་ཀྱི་འདུག
འདི་ག་རླུང་འཕྲིན་ཁང་ནས་ཕུན་ཚོགས་ཕོ་བྲང་གི་དབུ་འཛིན་རྒན་འཇམ་དབྱངས་རྒྱལ་མཚན་ལགས་སུ་ཐེག་ཆེན་ཕུན་ཚོགས་གླིང་གཙུག་ལག་སློབ་ཁང་གི་ནང་རྟེན་དང་སྡེ་ཚན་ཇི་ཡོད། དེ་བཞིན་ཐེག་ཆེན་ཕུན་ཚོགས་གླིང་གསར་བཞེངས་བརྒྱུད་རིམ་ཁྲོད་ངལ་བ་ཇི་བྱུང་སོགས་དང་འབྲེལ་ནས་བཀའ་འདྲི་ཞུས་བར་གོང་གི་སྒྲ་སྒམ་ནས་གསན་ཐུབ།
མཛད་འཆར་ལྟར་ན་གཙུག་ལག་ཁང་དེ་ཉིད་དུ་འདི་ཚེས་ ༣༠ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན༸གོང་མ་ཁྲི་འཛིན་རྣམ་གཉིས་ལ་བརྟན་བཞུགས་བསྟར་འབུས་ཞུ་རྒྱུ་དང་འབྲེལ། དེ་རིང་ཕྱི་ཚེས་ ༢༨ དང་ ༢༩ ཉིན་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་འདུག །ཐེག་ཆེན་ཕུན་ཚོགས་གླིང་ནས་༸གོང་མ་ཁྲི་འཛིན་ ༤༤ པའི་ཁྲི་འདོན་མཛད་སྒོ་དང་འབྲེལ་ནས་སྔ་ཕྱི་མཛད་འཆར་ཡོངས་གྲགས་གནང་བ་ལྟར་ན། ཟླ་བ་འདིའི་ཚེས་ ༣༡ ཉིན་༸སྐྱབས་མགོན་༸གོང་མ་རྣམ་པ་འབྲུག་དགེ་ལེགས་ཕུག་ཏུ་ཆིབས་བསྒྱུར་མཛད་རྒྱུ་དང་། ཚེས་ ༣ ཉིན་ཐེག་ཆེན་ཕུན་ཚོགས་གླིང་དུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་པ་རེད་འདུག །ལྷག་པར་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱ་པའི་ཁྲི་རབས་ཞེ་བཞི་པར་ཁྲི་གསོལ་གནང་རྒྱུ་ཡིན་པ་དང་། ཉིན་དེར་རིན་པོ་ཆེ་མཆོག་ལ་ཁྲི་འདོན་བརྟན་བཞུགས་འབུལ་ཆེད་ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་སྒྲུབ་ཞག་འཚོག་རྒྱུ་ཡིན་པ་རེད་འདུག །ཉིན་དེའི་ཉིན་རྒྱབ་རིན་པོ་ཆེ་མཆོག་ནས་ཐུབ་པ་དགོངས་གསལ་གྱི་གསུང་ཆོས་སྩལ་རྒྱུ་ཡིན་པ་མ་ཟད། ཚེས་ ༦ ཉིན་ཁྲི་རབས་ཞེ་བཞི་པའི་གསེར་ཁྲི་མངའ་གསོལ་གྱི་ཕྱི་ལུགས་མཛད་སྒོ་གཉེར་རྒྱུ་ཡིན་པ་དང་། ཚེས་ ༧ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཞལ་སྔ་ནས་ཀྱི་མང་ཚོགས་ལ་ཚེ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད་འདུག
གཞི་རྩའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དཔལ་ས་སྐྱའི་ཁྲི་འཛིན་དུ་ཕེབས་ཕྱོགས་ལམ་ལུགས་གསར་གཏོད་མཛད་ཅིང་། ཕྱི་ལོ་ ༢༠༡༤ ལོར་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་སའི་གནས་མཆོག་ལུམ་བི་ནིའི་ཚལ་དུ་ས་སྐྱ་སྨོན་ལམ་ཐོག་དཔལ་ལྡན་ས་སྐྱ་པའི་མ་འོངས་པའི་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་ཕྱོགས་ཀྱི་ལམ་ལུགས་འགྱུར་བ་གཏོང་སྟེ། མཁྱེན་ཡོན་གྱི་ཆ་རྐྱེན་དང་བཅས་པའི་ཕོ་བྲང་གཉིས་ཀའི་གདུང་སྲས་རྣམས་བགྲེས་རིམ་བཞིན། ལོ་གསུམ་རིང་ཁྲི་འཛིན་གྱི་མཚན་གནས་བཞེས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད། དེ་ཡང་ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་བྱང་ཕྱོགས་པུར་ཝ་ལ་ས་སྐྱའི་མ་དགོན་དུ་ཁྲི་ཆེན་མཆོག་གི་གདུང་སྲས་བགྲེས་པ་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ཁྲི་འཛིན་ ༤༢ པར་ཁྲི་གསོལ་མཛད་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་གཉེན་རིམ་རྐྱེན་པས་ཁྲི་རབས་ཞེ་གསུམ་པ་དུས་ཐོག་མངའ་གསོལ་གནང་མ་ཐུབ་མེད་པར་ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ནང་ཁྲི་ཆེན་མཆོག་གི་གདུང་སྲས་གཞོན་པ་འཁོན་གདུང་ཛྙན་བཛྲ་རིན་པོ་ཆེ་མཆོག་ཁྲི་འཛིན་ ༤༣ པར་མངའ་གསོལ་མཛད་ཡོད་པ་རེད། དེ་སྔོན་མཛད་འཆར་ལྟར་ན་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༨ ཉིན་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ཁྲི་འཛིན་ ༤༤ པར་ཁྲི་གསོལ་མཛད་གཏན་འཁེལ་ཡང་། གདན་ས་ཐེག་ཆེན་ཕུན་ཚོགས་གླིང་གསར་བཞེངས་ཡོངས་སུ་གྲུབ་མིན་གྱི་གནས་ཚུལ་ལ་བརྟེན་ནས་ཕར་འགྱང་ཞུས་ཏེ་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༥ ཉིན་ཁྲི་གསོལ་ཐུགས་གཏན་འཁེལ་ཡོད་པ་རེད།
འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནི། དཔལ་ས་སྐྱའི་ཕོ་བྲང་རྣམ་གཉིས་ལས་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་གི་གདུང་སྲས་རྣམ་པ་ལྔ་ལས་བཞི་པ་ཛ་ཡ་བཛྲ་རིན་པོ་ཆེ་མཆོག་དང་བདག་མོ་ལྷ་མཛེས་རྣམ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༩༣ ལོར་ཨ་རི་ Seattle སི་ཡཱ་ཊལ་ཕུན་ཚོགས་ཕོ་བྲང་དུ་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་པའི་སྐབས་རྒྱ་གར་དུ་ཕེབས་ནས་རིམ་པས་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་སློབ་གཉེར་གནང་བ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བདེ་བར་གཤེགས་པ་ཡམ་མེས་༸སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག །༸སྐྱབས་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག །བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག །ངོར་ཀླུ་སྡིང་མཁྱེན་ཆེན། མཁན་པོ་ཨ་བྷེ་མཆོག །༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་སོགས་ཀྱི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་གསན་སྦྱོང་རྒྱ་ཆེར་གནང་ཡོད་པ་རེད།
བཞུགས་སྒར་དུ་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དབུ་འཛུགས།
ཁ་སང་བཞུགས་སྒར་རྡ་རམ་ས་ལའི་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ Tibet Film Festival ཞེས་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དེ་དབུ་འཛུགས་གནང་སོང་བ་དང་།ཐེངས་འདིའི་དུས་སྟོན་ཐོག་བོད་མིའི་ཁྲོད་ནས་དུས་ཐུང་གློག་བརྙན་གསར་པ་ ༡༦ དང་དེ་བཞིན་བོད་ནས་བཟོས་པའི་གློག་བརྙན་གཉིས་ཀྱི་གཙོས་གློག་བརྙན་ ༡༨ གཟིགས་འབུལ་དང་འགྲན་བསྡུར་གནང་རྒྱུ་ཡིན་པ་རེད་འདུག
https://youtu.be/cIFTjdp9TO4?si=CHVbvc8LetDVYL0W
དེ་ཡང་ཁ་སང་ཕྱི་དྲོ་ཕྱག་ཚོད་ ༥ པའི་ཐོག་ཕྱི་ནང་གི་གློག་བརྙན་བཟོ་བསྐྲུན་པ་དང་འཁྲབ་ཁྲིད་པ་མི་སྣ་སོགས་ལྷན་འཛོམས་གནང་བའི་ཐོག །བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དེ་དབུ་འཛུགས་གནང་སོང་བ་དང་། དབུ་འབྱེད་མཛད་སྒོའི་ཐོག་བལ་ཡུལ་ནང་གི་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་བཟོ་བསྐྲུན་གནང་བའི་གློག་བརྙན་ Normal People ཞེས་པ་དེ་གཟིགས་འབུལ་ཞུས་གནང་སོང་།
འདི་ག་རླུང་འཕྲིན་ཁང་གིས་དུས་སྟོན་འདི་ཉིད་གོ་སྒྲིག་ཞུ་མཁན་བསྟན་འཛིན་དོན་གྲུབ་ལགས་སུ། བོད་ཀྱི་གློག་བརྙན་དུས་སྟོན་འདིའི་གལ་གནད་དང་ད་ཐེངས་ཀྱི་དུས་སྟོན་ཐོག་སྔར་དང་མི་འདྲ་བ་ཇི་ཡོད་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་ཡོད།
དེ་བཞིན་ད་ཐེངས་ཀྱི་དུས་སྟོན་ཐོག་བསྟན་འཛིན་ལྷ་སྒྲོན་ལགས་སུ་གློག་བརྙན་ Normal People དང་འབྲེལ་བའི་རྒྱབ་ལྗོངས་དང་། དེ་རིང་གི་དུས་སྟོན་ཐོག་གློག་བརྙན་གཟིགས་འབུལ་ཞུས་རྒྱུ་བྱུང་བའི་ཚོར་བ་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་ཡོད།
ཕྱོགས་མཚུངས་གློག་བརྙན་བཟོ་བསྐྲུན་པ་ལྷ་མོ་ཆོས་སྒྲོན་ལགས་སུ་རང་ཉིད་ཀྱི་མྱོང་ཚོར་སོགས་དང་འབྲེལ་བཀའ་འདྲི་ཞུས་ཡོད།
གཞི་རྩའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི་ Filming for Tibet ཞེས་པའི་ཚོགས་པ་ནས་ཕྱི་ལོ་ ༢༠༠༨ ལོར་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་གནང་རྐྱེན་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་དོན་འགྲུབ་དབང་ཆེན་ལགས་ཀྱི་གནས་སྟངས་གོ་རྟོགས་དང་ལྷག་པར་བོད་མིའི་ཁྲོད་གློག་བརྙན་གྱི་སྒྱུ་རྩལ་གོང་འཕེལ་སླད་ཆེད་བཙུགས་གནང་བ་ཞིག་ཡིན་པ་རེད།
བཞུགས་སྒར་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་རྗེས་དྲན་འདྲ་སྐུ་ཞིག་དབུ་འབྱེད་གནང་སོང་།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༦ ཉིན་སྐབས་ ༡༥ པའི་རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གདན་ཞུས་ཐོག །རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་བ་ལ་རྗེས་དྲན་མཚོན་སླད། བཞུགས་སྒར་ལྷ་རྒྱལ་རིར་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་འདྲ་སྐུ་ཞིག་དབུ་འབྱེད་གནང་སོང་།
https://youtu.be/En6tDZ67Jmc?si=So5Y0EZzz89DlNCN
འདྲ་སྐུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་གཙོས་པའི་རྡ་ས་ཁུལ་གྱི་མི་མང་མི་ཉུང་བ་ཞིག་ནས་མཉམ་ཞུགས་གནང་སོང་ལ། སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་དྲན་རྟེན་འདྲ་སྐུ་བཞེངས་བསྐྲུན་གྱི་ལས་གཞིར་བསྔགས་བརྗོད་དང་འབྲེལ། ཕྱག་ལས་འདི་ལྟ་བུ་ནི་དུས་ལ་བབས་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་བ་མ་ཟད། བོད་འཐབ་རྩོད་དོན་དུ་ལས་ཀ་ག་རེ་ཞིག་བྱེད་པ་ཡིན་ན་དེར་བོད་མི་སྐྱ་སེར་དབྱེ་བ་མེད་པ་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་གལ་ནི་ཤིན་ཏུ་ནས་གནད་འགག་ཆེན་པོ་ཡིན་པ་དང་། བོད་པ་ཡིན་ཕྱིན་ཆད་ལ་བོད་ཀྱི་འཐབ་རྩོད་ཐོག་བསམ་བློ་ངེས་པར་དུ་ཡོད་དགོས་གལ་སོགས་གསུངས་སོང་།
རྩ་བའི་སྐབས་ ༡༥ པའི་རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ལྟ་བུ་ཡིན་ན་ད་ལྟའི་ཆར་ལོ་ངོ་གཉིས་དང་ཕྱེད་ཀ་ཙམ་གྱི་ལས་ཡུན་མཚམས་སུ་རྒྱུན་ལས་ཆ་ཚང་དགོངས་པ་ཞུས་ཟིན་པའི་གནས་སྟངས་ཞིག་ཆགས་ཀྱི་ཡོད་པ་དང་། དེ་ཡང་ཉེ་ལམ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་བཞི་དང་ལྷན་དུ་རྒྱལ་ས་ལྡི་ལིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ BRICS ཚོགས་ཆེན་ཐོག་མཉམ་ཞུགས་ཆེད་དུ་འབྱོར་གྱི་ཡོད་པ་དང་བསྟུན་ནས། སྲིད་འཛིན་ཁོ་པར་རྒྱ་གར་དུ་བཅར་གྱི་ཡོད་པ་དེར་དགའ་བསུ་འཚམས་འདྲི་ཞུས་པའི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་རེད།
འདི་གའི་གསར་འགོད་པས་དེ་རིང་གི་དུས་སྐབས་དང་བསྟུན་ནས་སྐབས་ ༡༥ པའི་རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཟུར་བསྟན་འཛིན་ཀུན་གསལ་ལགས་སུ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར། རྡ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་དབུས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ལ་འཚམས་འདྲིའི་གསར་འགོད་བསྒྲགས་གཏམ་སྤེལ་བ་དེ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཚོ་དང་གྲོས་བསྡུར་གནང་མེད་པ་མ་ཟད། དགའ་བསུའི་བསྒྲགས་གཏམ་འདི་ལྟ་བུ་ནི་ཉེ་ལམ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་ཉིན་གྲངས་ཉུང་ཤས་ལས་ཕྱིན་མེད་པའི་དུས་སྐབས་སུ་བཙན་བྱོལ་བོད་མི་ཚང་མས་ཚ་ཚ་འུར་འུར་གྱིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པའི་ཁྲོད་དུས་ལ་དཔག་པའི་འཚམ་པོ་མིན་པའི་ཐོག །དེ་འབྲེལ་དབུས་རྒྱུན་ལས་ལ་གསལ་བཤད་དགོས་པའི་རེ་སྐུལ་ཐེངས་དགའ་ཤས་བྱེད་ཀྱང་དབུས་ཀྱི་ངོས་ནས་ཡ་ལན་གནང་མེད་པ་སོགས་ཀྱིི་རྐྱེན་པས་ལས་མཚམས་བཞག་པ་ཞིག་ཆགས་ཡོད་པ་གསུངས་སོང་།
འོན་ཀྱང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་འདི་གའིགསར་འགོད་པར། དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་རེ་རེའི་ངོས་ནས་ས་གནས་བུད་མེད་ལ་ལས་མཚམས་བཞག་རྒྱུ་མེད་པའི་རེ་སྐུལ་རིམ་པ་གནང་ཡོད་སྐོར་འགྲེལ་བརྗོད་གནང་བ་དེ་ལྟར་ཡང་། དབུས་ཀྱི་ལྡི་ལིར་གསར་འགོད་སྒྲགས་གཏམ་སྤེལ་བ་དེ་ནོར་མེད་སྐོར་གསུངས་སོང་བ་མ་ཟད། གནད་དོན་དེའི་རྐྱེན་པས་མང་ཚོགས་ཁྲོད་སེམས་འཚབ་བྱུང་བར་དགོངས་སེལ་ཞུས་གནང་སོང་།
བཞུགས་སྒར་དུ་བོད་ཁྱིམ་སློབ་ཟུར་སྒྱུ་རྩལ་བ་དམ་པ་གཅུང་པོ་ཚེ་རིང་ལགས་དང་ཀརྨ་ཕུན་ཚོགས་ལགས་ཀྱི་སྒྱུ་རྩལ་འགྲེམས་སྟོན།
བཞུགས་སྒར་རྡ་རམ་ས་ལར་བོད་ཁྱིམ་སློབ་ཟུར་སྒྱུ་རྩལ་བ་དམ་པ་གཅུང་པོ་ཚེ་རིང་ལགས་ཀྱི་བྲིས་པའི་རི་མོའི་སྒྱུ་རྩལ་དང་ཁོང་གི་མི་ཚེའི་ལོ་རྒྱུས་དེ་བཞིན་བོད་མིའི་སྤྱི་ཚོགས་དང་དམིགས་བསལ་གཞོན་སྐྱེས་རྣམས་ལ་དམིགས་ནས་པར་རིས་འགྲེམས་སྟོན་གནང་འདུག
དེ་ཡང་ཟླ་བ་འདིའི་ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། སློབ་གླིང་ནང་དང་དེ་ནས་རིམ་པས་རྡ་ས་ས་གནས་འགོ་འཛིན་ཚོགས་ཁང་བཅས་སུ་བོད་ཁྱིམ་སློབ་ཟུར་སྒྱུ་རྩལ་བ་དམ་པ་གཅུང་པོ་ཚེ་རིང་ལགས་ཀྱི་སྙན་གྲགས་ཆེ་བའི་རི་མོའི་སྒྱུ་རྩལ་དང་། ཁོང་གི་མི་ཚེའི་ལོ་རྒྱུས་སྐོར་མང་ཚོགས་ལ་གོ་རྟོགས་ཡོང་ཆེད་ཧྥ་རན་སི་གནད་སྡོད་གནང་མཁན་བོད་མི་ཚེ་རིང་བཟང་པོ་ལགས་ཀྱིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་འདུག་པ་དང་། འདི་ག་རླུང་འཕྲིན་ཁང་ནས་ཚེ་རིང་བཟང་པོ་ལགས་སུ་འགྲེམས་སྟོན་དེའི་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། ཐེངས་འདིའི་སྒྱུ་རྩལ་བ་དམ་པ་གཅུང་པོ་ཚེ་རིང་ལགས་ཀྱི་སྒྱུ་རྩལ་དང་པར་རིས་འགྲེམས་སྟོན་དེ་ནི་ཁོང་རང་ཉིད་སྒེར་གྱི་མ་སྐུལ་དྭང་བླངས་ཐོག་གནང་བ་ཞིག་ཡིན་ཞིང་། ཕྱི་རྒྱལ་ཁག་ལ་སྒྱུ་རྩལ་བ་དམ་པ་ཁོང་སྙན་གྲགས་ཆེན་པོ་ཡིན་པ་དེ་ལྟར་ཡང་། བོད་པའི་སྤྱི་ཚོགས་ཁྲོད་ཁོང་གི་སྐོར་ལ་རྒྱུས་མངའ་དེ་ཙམ་མེད་སྟབས། གཅུང་པོ་ཚི་རིང་ལགས་ཁོང་འདས་གྲོངས་སུ་གྱུར་ཟིན་ཡོད་ནའང་ཁོང་གི་བསམ་བློ་དེ་བཞིན་བོད་མི་གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོར་མཐོང་ནས་དེ་ལྟར་གནང་བ་ཞིག་ཡིན་པ་མ་ཟད། དེ་སྔོན་ཧྥ་རན་སི་ནང་འགྲེམས་སྟོན་ཐེངས་གཉིས་ཙམ་གོ་སྒྲིག་ཞུས་ཟིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།
རྩ་བའི་གཅུང་པོ་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༧༩ ལོར་བོད་དིང་རི་ཁུལ་དུ་སྐྱེས་པ་ཞིག་དང་རང་ལོ་ ༤ ལ་སོན་སྐབས་སྤུན་མཆེད་དང་ལྷན་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭར་འཛུལ་ཞུགས་གནང་། འཛིན་རིམ་བརྒྱད་པ་བར་སློབ་གྲྭར་འགྲིམས་རྗེས་ཐང་འབྲི་སློབ་སྦྱོང་གནང་། དེ་རྗེས་བལ་ཡུལ་དུ་ཕྱིན་ནས་མུ་མཐུད་རི་མོའི་ཐོག་ལ་ཕྱག་ལས་གནང་། དུས་རྒྱུན་ནས་རི་མོ་འབྲི་སྐབས་ཆབ་སྲིད་དང་འབྲེལ་བའི་རི་མོ་འབྲི་རྒྱུར་དགའ་ཞེན་ཆེ་བའི་སྒྱུ་རྩལ་བ་ཞིག་ཡིན་སྟབས་མཐར་བལ་ཡུལ་སུ་སྡོད་མི་ཐུབ་པར་ཕྱིར་ཐོན་དགོས་པ་བྱུང་ཞིང་། ལྷོ་ཀོ་རིའི་ནང་སྒྱུ་རྩལ་གཙུག་ལག་སློབ་གཉེར་ཁང་ཞིག་གི་ནང་ལོ་གཅིག་ཙམ་སློབ་སྦྱོང་གནང་རྗེས། ཨ་རི་ནིའུ་ཡོག་དང་ཀེ་ལི་ཕོར་ནི་ཡར་གནས་སྡོད་གནང་། དེ་ནས་ཁོང་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་དུ་གནས་སྤོ་གནང་སྟེ་ཕྱི་ལོ་ ༢༠༢༤ ལོར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དམ་པ་ཁོང་གི་སྒྱུ་རྩལ་ཁྲོད་གྲགས་ཆེ་བ་གཅིག་བོད་ཀྱི་ Jan Palchas ༡༥༩ ལ་རྗེས་དྲན་ཞེས་བོད་མིའི་རང་ལུས་མེར་བསྲེགས་གནང་མཁན་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་གོ་རྟོགས་སྤེལ་གཞིའི་སྒྱུ་རྩལ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༡༤ ལོར་ཨ་རི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ Queens འགྲེམས་སྟོན་ཁང་དུ་འགྲེམས་སྟོན་གནང་ཡོད་པ་མ་ཟད། སྒྱུ་རྩལ་དེ་རིན་གོང་ཇི་བྱུང་བོད་རང་བཙན་སློབ་ཕྲུག་ཚོགས་པར་ཞལ་འདེབས་གནང་བ་སོགས་བོད་མིའི་སྤྱི་ཚོགས་ཁྲོད་འཐབ་རྩོད་དང་འབྲེལ་བའི་ལས་དོན་གནང་ཡོད།
གཞན་ཡང་བཞུགས་སྒར་དུ་ཀརྨ་ཕུན་ཚོགས་ལགས་ཀྱིས་རང་ཡུལ་དུ་ཕྱིར་ལོག་ཅེས་པའི་ནང་དོན་མཚོན་པའི་གནང་དེང་ཟུང་འབྲེལ་གྱི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གནང་ཡོད་པ་དང་། འགྲེམས་སྟོན་དེ་བཞིན་ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་ཅིང་། སྒྱུ་རྩལ་བ་ཀརྨ་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་རེས་འགྲེམས་སྟོན་ནང་ལོ་གཅིག་ནང་ཚུད་དུ་འབྲི་པའི་རི་མོ་ ༢༥ ཙམ་ཡོད་པ་དང་། རི་མོ་དེ་དག་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་དེང་དུས་རི་མོ་སྒྱུ་རྩལ་ཟུང་དུ་སྦྲེལ་ནས་སྣ་ཁ་མང་པོ་ཡོད་ཅིང་། གཙོ་ཆེ་ཤོས་བོད་པའི་གཞོན་སྐྱེས་རྣམས་ལ་བསམ་ཚུལ་གསར་པ་དང་དོ་སྣང་གསར་པ་སླེབས་ཐབས་དང་། བོད་ཀྱི་སྲོལ་རྒྱུན་ཐང་ག་སྒྱུ་རྩལ་ལས་གཞན་པའི་དེང་དུས་ཀྱི་རི་མོའི་སྒྱུ་རྩལ་ལ་ངོས་འཛིན་ཐོབ་ཐབས་ཙམ་མ་ཟད། ཕྱི་རྒྱལ་བ་ཚོས་ནང་ཆོས་དང་བོད་དོན་དང་དོ་སྣང་ཡོངས་ཐབས་སོགས་ཀྱི་འབད་བརྩོན་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།
ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་བཀྲ་ཤིས་ཉི་མ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཀརྨ་ཕུན་ཚོགས་ལགས་ནི་བོད་པའི་སྤྱི་ཚོགས་ཁྲོད་སྒྱུ་རྩལ་བ་གལ་ཆེན་པོ་ཞིག་ཡིན་པ་དང་། ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱི་ངོས་ནས་འགྲེམས་སྟོན་གནང་བ་དེ་དག་བོད་པའི་སྤྱི་ཚོགས་ཀྱི་སྒྱུ་རྩལ་བ་མི་རབས་གཞོན་པ་ཆགས་ཀྱི་ཡོད་སྟབས། ད་རེས་མི་རབས་རྒན་པ་ཀརྨ་ཕུན་ཚོགས་ལགས་ཀྱི་སྒྱུ་རྩལ་འགྲེམས་སྟོན་དེའི་བརྒྱུད་ནས་གཞོན་སྐྱེས་རྣམས་ལ་མིག་དཔེ་དང་སྒྱུ་རྩལ་གཅིག་པུ་མིན་པར་སྒྱུ་རྩལ་བའི་འཚོ་བའི་གནས་སྟངས་དང་མི་ཚེ་སྐྱེལ་སྟངས་ཇི་ཡིན་གསལ་སྟོན་བྱ་རྒྱུར་དམིགས་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞི་རྩའི་ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱི་ངོས་ནས་ཀརྨ་ཕུན་ཚོགས་ལགས་ཀྱི་སྒྱུ་རྩལ་འགྲེམས་སྟོན་གནང་ཡུལ་དེ་དང་ Dakini ཀེ་ཧྥེའམ་འཚིག་ཇ་ཁང་གི་སྟེང་ཁང་དེ་ཆགས་ཀྱི་ཡོད་པ་དང་། སྟེང་ཁང་དེ་ཉིད་མཐུན་ཚོགས་དེ་དང་ Dakini ཀེ་ཧྥེའམ་གཉིས་ཟུང་སྦྲེལ་ཐོག་ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱི་འགྲེམས་སྟོན་གནང་ཡུལ་དུ་དབུ་འབྱེད་གནང་སོང་།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་གྲྭ་ཚང་གི་དགེ་འདུན་པ་སུའང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མི་ཆོག་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས།
དགའ་ལྡན་ཕོ་བྲང་ལ་གཞི་མེད་སྒྲོ་སྐུར་མཚན་དམས་ཞུ་མཁན་ར་འཕྲོད་བྱུང་ཚེ་དགོན་སྡེ་གྲྭ་ཚང་གི་སྒྲིག་ཁོངས་ནས་ཕྱིར་འབུད་གཏོང་རྒྱུ་དང་། ད་ནས་བཟུང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་གྲྭ་ཚང་གི་དགེ་འདུན་པ་སུའང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མི་ཆོག་པའི་གྲོས་ཆོད་དོན་ཚན་གཉིས་སྤྱི་མོས་གཏན་འབེབས་གནང་འདུག
དེ་ཡང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲ་གས་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༠ ནས་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དང་། དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ཐོག་སྤྱི་མོས་གྲོས་ཆོད་དོན་ཚན་གཉིས་གཏན་འབེབས་གནང་ཡོད་པ་དང་། གྲོས་ཆོད་དོན་ཚན་དང་པོའི་ནང་དོན་དུ་༸རྒྱལ་བའི་མཚན་གནས་སྲུང་སྐྱོབ་དང་འབྲེལ་དགའ་ལྡན་ཕོ་བྲང་ལ་གཞི་མེད་སྒྲོ་སྐུར་མཚན་དམས་ཞུ་མཁན་རེ་ཟུང་འབྱུང་བཞིན་པར། དགའ་ལྡན་ཕོ་བྲང་གི་ལས་དོན་བྱེད་ཕྱོགས་སོགས་ལ་དངོས་གནས་ནོར་འཁྲུལ་རིགས་འདུག་སྙམ་པ་བྱུང་ཚེ། དེ་མ་ཐག་དགའ་ལྡན་ཕོ་བྲང་ལ་ཐད་ཀར་འབྲེལ་བ་བྱེད་པའམ། ༸གོང་ས་མཆོག་ལ་མཚན་འཁོད་སྙན་ཞུ་འབུལ་བའམ། དགེ་རྩའི་ཚོགས་གཙོ་ལས་ཚབ་ཀྱི་མཚན་ཐོག་དང་། དྲུང་ཆེ་ལྷན་ཚོགས་བཅས་ཀྱི་མཚན་ཐོག་ཏུ་སྐྱོན་གནས་ཇི་ཡོད་རང་དབང་ཐོག་ནས་ཞུ་ཆོག་པའི་བརྒྱུད་ལམ་ཡོད་པ་དེ་ལྟར་ཡང་། བརྒྱུད་ལམ་དེ་དག་མ་བརྒྱུད་པར་༸གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་དང་། དགའ་ལྡན་ཕོ་བྲང་ལ་གཞི་མེད་སྒྲོ་སྐུར་མཚན་དམས་ཞུས་པའི་དཔང་རྟགས་དངོས་སུ་ར་འཕྲོད་བྱུང་ཚེ་དགོན་སྡེ་གྲྭ་ཚང་གི་སྒྲིག་ཁོངས་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་ཞེས་འཁོད་འདུག
དེ་བཞིན་གྲོས་ཆོད་གཉིས་པའི་ནང་དོན་དུ་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་དང་བོད་བསྟན་སྲིད་སྤྱིའི་བདེ་ཐབས། སྒོས་སུ་ཆོས་བྱེད་དགེ་འདུན་རྣམས་ཀྱི་མཚན་གནས་སྲུང་སྐྱོབ་སླད། ད་ནས་བཟུང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་གྲྭ་ཚང་གི་དགེ་འདུན་པ་སུའང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མི་ཆོག་པར། ཅི་སྟེ་རང་མོས་ཀྱིས་བཞེངས་མཁན་བྱུང་ཚེ་སོ་སོའི་དགོན་སྡེ་གྲྭ་ཚང་གི་སྒྲིག་ཁོངས་ནས་རྩ་དགོངས་ཞུ་དགོས་པ་དང་། གལ་ཏེ་ཁོངས་སོ་སོའི་གྲྭ་ཚང་ནས་རྩ་དགོངས་མ་ཞུས་པར་ལས་དོན་དེའི་རིགས་ལ་ཞུགས་པ་བྱུང་ཚེ་གྲྭ་ཚང་དེ་ཉིད་ཀྱི་སྒྲིག་ཁོངས་ནས་རང་ཕུད་དུ་སོང་བར་ངོས་འཛིན་བྱ་རྒྱུ་ཞེས་འཁོད་འདུག
གསལ་བསྒྲགས་དེའི་ནང་གསལ་ལྟར་གྲོས་ཆོད་ཡིག་ཆ་དང་དེ་འབྲེལ་སྙན་ཞུ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ་དང་། དེའི་འདྲ་བཤུས་དགའ་ལྡན་ཕོ་བྲང་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། འཛིན་སྐྱོང་བཀའ་ཤག །ལས་བྱེད་འདེམས་བསྐོ་ལྷན་ཁང་བཅས་ལ་འབུལ་རྒྱུ་ཡིན་པ་གསལ་འདུག
འདི་ག་རླུང་འཕྲིན་ཁང་ནས་དགེ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད་དོན་ཚན་གཉིས་ཀྱི་ནང་དོན་ཐད་འབྲེལ་ཡོད་ལ་བཀའ་འདྲི་ཞུ་ཐབས་བྱས་ཀྱང་། ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་དོན་རྒྱབ་ལྗོངས་ཇི་འཁོད་དེར་གཞིགས་པ་ལས་གཞན་གང་ཡང་ཞུ་རྒྱུ་མ་མཆིས་པའི་ལན་འདེབས་དང་འབྲེལ་བཅའ་འདྲིར་དང་ལེན་གནང་མ་སོང་།
རྩ་བའི་གྲོས་ཆོད་དོན་ཚན་གཉིས་དང་འབྲེལ་བའི་རྒྱབ་ལྗོངས་གསལ་གནས་ཚུལ་ཤོག་ངོས་ ༡༡ ཅན་ཞིག་འདོན་སྤེལ་གནང་འདུག་པ་དང་། གྲོས་ཆོད་དོན་ཚན་དང་པོ་དང་འབྲེལ་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མགོན་པོ་༸གང་ཉིད་ཀྱི་བླ་བྲང་ལ་གཞི་མེད་སྒྲོ་སྐུར་མཚན་དམས་ཞུ་མཁན་རྣམས་ལ་གདོང་ལེན་དང་འབྲེལ། ༸རྒྱལ་བའི་མཚན་གནས་སྲུང་སྐྱོབ་བྱ་རྒྱུ་ནི་འདོར་དུ་མེད་པའི་འོས་འགན་ཞིག་ཆགས་ཡོད་པའི་སྐོར་གསལ་འདུག
མ་ཟད་གྲོས་ཆོད་དོན་ཚན་གཉིས་པ་དང་འབྲེལ་བའི་ནང་། བོད་ཀྱི་ལོ་རྒྱུས་ཁྲོད་སེར་མོ་བས་ཆོས་སྲིད་གཉིས་ཀའི་ཐུགས་འགན་བཞེས་པའི་ལོ་རྒྱུས་ཁག་མངོན་གསལ་དང་འབྲེལ། དུས་སྐབས་དམིགས་བསལ་བའི་ཁྲོད་དུ་ཕན་ཐོགས་ཀྱང་རྒྱ་ཆེན་བྱུང་ཡོད་ཀྱང་། ད་ལྟའི་སྤྱི་ཚོགས་འཁྲུག་ཆ་དོད་པོ་འདི་ལྟ་བུའི་གནས་སྟངས་འོག །དགེ་འདུན་པ་ཆབ་སྲིད་ནང་ཞུགས་པ་ལས་མ་ཞུགས་ན་བསྟན་སྲིད་སྤྱི་ཡོངས་ལ་ཕན་ཐོགས་ཆེ་བ་སོགས་དགོས་དམིགས་དུ་མ་ལ་བརྟེན་ནས་གྲོས་ཆོད་འཇོག་དགོས་བྱུང་ཡོད་པ་བཀོད་འདུག ལྷག་པར་ཐའེ་ལེནྜ་དང་བྷར་མ་། འབྲུག་སོགས་ནང་པའི་རྒྱལ་ཁབ་རེ་ཟུང་ནང་དགེ་འདུན་པ་གཞུང་གི་སྲིད་དོན་མི་སྣའི་ནང་འོས་ཞུགས་མི་བྱེད་རྒྱུ་དང་། དགེ་འདུན་པས་སྲིད་དོན་མི་སྣར་འོས་འཕེན་གྱི་ཆ་ཤས་ལེན་མི་དགོས་པའི་གནད་དོན་བཀོད་འདུག གཞན་ཡང་གྲོས་ཆོད་འདི་ལ་བརྟེན་ནས་འབྱུང་འགྱུར་གྲོས་ཚོགས་ནང་དགེ་འདུན་པའི་ཞབས་སྟེགས་སྟོང་པ་ཆགས་ཀྱང་དེས་བོད་བསྟན་སྲིད་སྤྱི་དང་ཆོས་བརྒྱུད་སོ་སོར་དམིགས་བསལ་གནོད་སྐྱོན་དང་ཉམས་ཆགས་འགྲོ་རྒྱུ་གང་ཡང་མཐོང་གི་མེད་སོགས་བཀོད་འདུག
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནི་རི་བོ་དགེ་ལྡན་པའི་དབང་ཚད་ལྡན་པའི་སྒྲིག་འཛུགས་ཚད་མཐོ་ཤོས་དེ་ཡིན་ཞིང་། དགེ་ལྡན་པ་སྤྱིའི་བཅའ་ཡིག་གཏན་འབེབས་སོགས་གནང་གི་ཡོད་པ་དང་། ད་རེས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དང་། དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ཐོག །འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དབུ་བཞུགས་ཀྱིས། དགའ་ལྡན་ཕོ་བྲང་གི་སྐུ་ཚབ། གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་ ༡༡། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་བཅས་གྲོས་མོལ་བཀའ་བསྡུར་བརྒྱུད། སྤྱི་མོས་ཀྱི་གྲོས་ཆོད་དོན་ཚན་གཉིས་པོ་གཏན་འབེབས་གནང་བ་ཞིག་ཆགས་ཀྱི་འདུག
གཞི་རྩའི་འདི་ག་རླུང་འཕྲིན་ཁང་གི་གནད་དོན་དེའི་ཐད་པར་རིས་གནས་ཚུལ་སྤེལ་བར་གཤམ་འོག་གི་མཆན་ནང་། གྲོས་ཆོད་དེར་རྒྱབ་སྐྱོར་དང་རྒྱབ་སྐྱོར་མི་བྱེད་མཁན་རྣམས་ནས་དགོངས་ཚུལ་བཀོད་པའི་ཁྲོད། སྐྱོན་བརྗོད་བྱེད་མཁན་ཁག་གཅིག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོ་བོ་རེད་དམ། དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ཀྱི་བཅའ་ཡིག་གལ་ཆེ་བ་ཡིན་ནམ་ཞེས་པའི་གནད་དོན་གླེང་སློང་གནང་འདུག་པ་མ་ཟད། ཁག་གཅིག་གིས་ཆབ་སྲིད་ཀྱི་སྐྱབས་བཅོལ་དུ་གྱུར་བའི་སྤྱི་ཚོགས་ནང་རྒྱལ་ཁབ་དང་དེའི་རིག་གཞུང་གི་འཚོ་གནས་ཆགས་འཇིག་ཀྱི་གནས་སུ་ལྷུང་ཡོད་དུས། ཆབ་སྲིད་ནང་མཉམ་ཞུགས་ནི་ལས་འགན་ཞིག་ཆགས་ཀྱི་ཡོད་པ་བཀོད་འདུག ཡང་རྒྱབ་སྐྱོར་བྱེད་མཁན་ཁག་གཅིག་གིས་རྗེས་སུ་ཡི་རང་དང་འབྲེལ་ཆོས་བརྒྱུད་གཞན་ཚོས་ཀྱང་མིག་དཔེ་ལྟ་དགོས་ཚུལ་སོགས་དགོངས་ཚུལ་སྣ་མང་འགོད་མཁན་ཡང་འདུག




